༈ ཐེག་པ་གསུམ།

༄༅།། ཐེག་པ་གསུམ་དེ་གཅིག་བྱས་ན་ལས་སླ་པོ་རེད། གཅིག་བྱས་ན་དཀའ་ལས་ཁག་པོ་རེད། དེར་བརྟེན་ཇི་ལྟར་བཤད་དགོས་མིན་ཧ་གོ་གི་མི་འདུག ཐེག་པ་ཞེས་པ་དེ་ལམ་ལ་གོ་ནའང་འགྲིགས་ཀྱི་རེད། བཞོན་པ་ལ་གོ་ནའང་འགྲིགས་ཀྱི་རེད། ཐེག་པ་ལ་ལེགས་སྦྱར་སྐད་དུ་ཡཱན་ཞེས་པ་ནི་ས་ཆ་གཅིག་ནས་གཅིག་ཏུ་འཁྱེར་ནས་འགྲོ་མཁན་དེ་ལ་ཟེར། ལམ་མ་ཞུགས་པའི་ས་ནས་མི་སློབ་པའི་ལམ་གྱི་བར་དུ་འཁྱེར་བའི་བཞོན་པ་ལྟ་བུ་དེ་ལ་ཐེག་པ་ཟེར། དེས་ན་ཡཱན་ཞེས་པ་དེ་ང་ཚོ་བོད་པས་ཐེག་པ་ལ་བསྒྱུར་བ་དེ་ཧ་ཅང་ཡག་པོ་བྱུང་ཡོད། གང་ལགས་ཤེ་ན། རྟ་དང་འཁོར་ལོ་སོགས་ལ་བཞོན་པ་ཞེས་ལོགས་སུ་བྱས་ཏེ། ཐེག་པ་ཞེས་པ་དེ་ཆོས་ཀྱི་ཚིག་བླ་དྭགས་སུ་བཏགས་པར་བརྟེན་གོ་བདེ་པོ་ཡོད། དེས་ན་ཐབས་གང་ལ་བརྟེན་ནས་ཐར་པ་གང་དུ་བགྲོད་པར་བྱེད་པའི་ལམ་མམ་ཐབས་གང་གི་ནང་དུ་ཞུགས་ནས་ཐར་པ་གང་དུ་བགྲོད་པར་བྱེད་པའི་བཞོན་པའམ་འཁོར་ལོ་ལྟ་བུ་དེ་ལ་ཐེག་པ་ཞེས་བརྗོད།
དེ་ལ་ཐེག་པ་རྣམ་པ་གསུམ་ཡོད་ཅིང་། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ། ཐེག་པ་ཆེན་པོའམ་བྱང་ཆུབ་སེམས་དཔའི་ཐེག་པ་བཅས་རེད། ཉན་ཐོས་ཀྱི་ཐེག་པ་དང་རང་སངས་རྒྱས་ཀྱི་ཐེག་པ་གཉིས་རང་དོན་ཡིད་བྱེད་ཀྱི་བློ་དང་འབྲེལ་བ་ཡིན་ཙང་ཐེག་པ་དམན་པ་དང་། བྱང་ཆུབ་སེམས་དཔའི་ཐེག་པ་ནི་གཞན་དོན་དོན་གཉེར་གྱི་བློ་དང་འབྲེལ་བ་ཡིན་ཙང་ཐེག་པ་ཆེན་པོ་ཞེས་བརྗོད།
ཉན་ཐོས་ཀྱི་ཐེག་པས་ནི་གང་ཟག་དེ་ལམ་མ་ཞུགས་པ་ནས་ཉན་ཐོས་དགྲ་བཅོམ་པའི་གོ་འཕང་བར་དུ་འཁྱེར་ཐུབ་པ་དང་། རང་སངས་རྒྱས་ཀྱི་ཐེག་པས་ནི་གང་ཟག་དེ་ལམ་མ་ཞུགས་པ་ནས་རང་བྱང་ཆུབ་ཀྱི་བར་དུ་འཁྱེར་ཐུབ་པ། བྱང་ཆུབ་སེམས་དཔའི་ཐེག་པས་ནི་གང་ཟག་དེ་སངས་རྒྱས་ཀྱི་སའི་བར་འཁྱེར་ཐུབ།
ཉན་ཐོས་ཞེས་པའི་སྒྲ་བཤད་ཐེག་དམན་པས་བཤད་ཚུལ་ལྟར་ན་སངས་རྒྱས་ཀྱི་དྲུང་ནས་ཆོས་ཉན་པ་དེ་གཞན་ལ་འཆད་པ་ཡིན་ཙང་ཐོས་སྒྲོགས་ཞེས་བརྗོད། གང་ལྟར་ཆོས་ཉན་པ་དང་འཆད་པ། རང་ཉིད་བླ་མ་ལ་བརྟེན་དགོས་པ། རང་གི་སློབ་མའང་སྐྱོང་མཁན་ཞིག་ལ་ཉན་ཐོས་ཞེས་བཤད། ང་ཚོའི་ཡོངས་གྲགས་བོད་སྐད་ནང་ཉན་ཐོས་ཞེས་པ་དེས་ཉན་པ་དང་ཐོས་པ་གཉིས་གཅིག་པ་ལྟ་བུ་མ་གཏོགས། སྒྲོགས་ཞེས་པའི་དོན་དེ་མེད། འོན་ཀྱང་བོད་ཀྱི་འགྱུར་འགའ་ཞིག་ནང་ཉན་ཐོས་ལ་ཐོས་སྒྲོགས་ཞེས་བྱུང་། ལེགས་སྦྱར་སྐད་དུ་ཤྲཱབཀ་ཞེས་པའི་ནང་ཐོས་པ་དང་སྒྲོགས་པ་གཉིས་ཀ་ཡོང་། དེས་ན་ཐོས་པ་དང་སྒྲོགས་པ་གཉིས་ཀ་ཡོད་པ་དེ་རང་སངས་རྒྱས་ཀྱི་ཟླས་དྲངས་ནས་བརྗོད། གང་ལགས་ཤེ་ན། རང་སངས་རྒྱས་རང་བྱང་ཆུབ་ཐོབ་པའི་སྐབས་སུ་རང་ལས་གཞན་པའི་བླ་མ་ལས་ཆོས་མི་ཉན་པ་དང་། དེ་བཞིན་སྒྲ་མེད་ལུས་ཀྱི་རྣམ་འགྱུར་གྱི་སྒོ་ནས་ཆོས་བསྟན་པ་ལས། ངག་གི་སྒོ་ནས་གཞན་ལ་ཆོས་མི་བསྟན། དེས་ན་འབྲས་བུ་ཉོན་སྒྲིབ་སྤངས་པའི་སྤངས་པ་ཐོབ་པ་གཅིག་པ་ཡིན་པ་ལ། གཅིག་གིས་ཆོས་ཚུར་ཉན་པ་དང་ཕར་ཡང་ཆོས་བཤད་པ་ཡིན་ཙང་ཉན་ཐོས་སམ་ཐོས་སྒྲོགས་རེད། གཅིག་གིས་ཚུར་ཡང་ཆོས་མི་ཉན་ལ་ཕར་ཡང་ཆོས་མི་བཤད་པ་ཡིན་ཙང་རང་སངས་རྒྱས་རེད།
རང་སངས་རྒྱས་དང་ཉན་ཐོས་གཉིས་ཀྱི་འཐོབ་བྱའི་འབྲས་བུར་ཁྱད་པར་མེད། དེ་ཡང་འཐོབ་བྱའི་འབྲས་བུ་ནི་ཉོན་སྒྲིབ་ཟད་པར་སྤངས་པའི་སྤངས་པ་དེ་རེད། ལས་ཀྱི་ཀུན་འབྱུང་དང་ཉོན་མོངས་པའི་ཀུན་འབྱུང་གཉིས་ས་བོན་དང་བཅས་པ་སྤངས་པའི་སྤངས་པ་དེ་ལ་ཐེག་དམན་གྱི་བྱང་ཆུབ་ཅེས་བརྗོད། དེ་ལྟ་བུའི་ཐེག་པ་དམན་པའི་བྱང་ཆུབ་དེ་མངོན་དུ་བྱེད་པའི་སྐབས་སུ་བྱེད་ཚུལ་མི་འདྲ་བའི་དབང་གིས་ཉན་ཐོས་དང་རང་སངས་རྒྱས་སུ་འགྱུར་བ་མ་གཏོགས། དེ་གཉིས་ཀྱི་སྤངས་རྟོགས་ཀྱི་ཡོན་ཏན་ལ་དེ་ཙམ་ཁྱད་པར་མེད་ཅིང་། ཉན་ཐོས་དགྲ་བཅོམ་པས་གང་སྤངས་པ་དེ་རང་རྒྱལ་དགྲ་བཅོམ་པས་སྤང་རྒྱུ་དང་། རང་རྒྱལ་དགྲ་བཅོམ་པས་གང་སྤངས་པ་དེ་ཉན་ཐོས་དགྲ་བཅོམ་པས་སྤང་རྒྱུ་རེད། དེ་བཞིན་རང་རྒྱལ་དགྲ་བཅོམ་པས་གང་ཐོབ་པ་དེ་ཉན་ཐོས་དགྲ་བཅོམ་པས་འཐོབ་རྒྱུ་དང་། ཉན་ཐོས་དགྲ་བཅོམ་པས་གང་ཐོབ་པ་དེ་རང་རྒྱལ་དགྲ་བཅོམ་པས་འཐོབ་རྒྱུ་རེད། སྤངས་རྟོགས་ཀྱི་ཡོན་ཏན་ལ་ཁྱད་པར་མེད་ནའང་། དབང་པོ་རྣོ་རྟུལ་དང་བསོད་ནམས་ཀྱི་ཚོགས་ཆེ་ཆུང་གི་ཁྱད་པར་ཡོད། དེར་བརྟེན་ཉན་ཐོས་དང་རང་རྒྱལ་གྱི་ཁྱད་པར་བཞག་པ་རེད། རང་རྒྱལ་དེ་ཕྲན་བུ་དབང་པོ་རྣོ་བ་དང་། བསྐལ་པ་བརྒྱ་ལ་སོགས་པའི་ཚོགས་ཀྱང་བསགས་པ་རེད།
བླ་མ་མཆོད་པའི་ཆོ་ག་ལས། ཟབ་མོ་རྟེན་འབྲེལ་བཅུ་གཉིས་ལེགས་བསྒོམས་པས།། རང་བྱུང་རང་སངས་རྒྱས་ཀྱི་ཡེ་ཤེས་ནི།། བརྟེན་པ་མེད་པའི་ཚུལ་གྱིས་ཐུགས་ཆུད་པའི།། འཕགས་པ་རང་རྒྱལ་རྣམས་ལ་ཕྱག་འཚལ་ལོ།། ཞེས་དང་པོ་ནས་གཞན་དག་ནས་ཆོས་མི་ཉན་པ་ལ་ཟེར་གྱི་མེད། དགྲ་བཅོམ་པའི་གོ་འཕང་རྟེན་གང་དུ་ཐོབ་པའི་སྲིད་པ་ཐ་མ་པའི་ཚེ་ན་སངས་རྒྱས་མ་བྱུང་བའམ་སངས་རྒྱས་ཀྱི་བསྟན་པ་མེད་པའི་ས་ཕྱོགས་སུ་སྐྱེས་ནས་ཕྱིའི་སྣོད་ཀྱི་འཇིག་རྟེན་ལ་དཔེ་བལྟས་ཏེ་རྟེན་འབྲེལ་བཅུ་གཉིས་ཀྱི་རྣམ་གཞག་དྲན་ནས་རང་བྱང་ཆུབ་ཀྱི་གོ་འཕང་མངོན་དུ་བྱེད་པ་ཡིན། སངས་རྒྱས་ཀྱི་བསྟན་པ་འཇིག་རྟེན་དུ་ཡོད་པའི་སྐབས་སུ་དགེ་བའི་བཤེས་གཉེན་གྱི་དྲུང་ནས་ཆོས་ཉན་པ་དང་། དེ་ནས་བདེན་པ་བཞིའི་རྣམ་གཞག་བསྒོམས་ནས་ཉོན་སྒྲིབ་སྤངས་པའི་སྤངས་པ་ཙམ་ཐོབ་པ་དེ་ལ་ཉན་ཐོས་ཞེས་ཟེར།
ཉན་ཐོས་དང་རང་རྒྱལ་གཉིས་ལ་ཐོག་མར་སེམས་བསྐྱེད་ཚུལ་ལའང་ཁྱད་པར་གང་ཡང་མེད་ཅིང་། ངེས་འབྱུང་རྣམ་དག་གིས་བསམ་པས་དྲངས་ཏེ་རང་གཅིག་པུའི་དོན་དུ་འཁོར་བ་ལས་ཐར་པའི་ཐར་པ་ཙམ་དོན་དུ་གཉེར་བའི་བློ་དེ་རེད། དེ་ལྟ་བུའི་སེམས་བསྐྱེད་དེ་འབྲས་བུ་ཐོབ་པའི་སྐབས་སུ་རང་དབང་དུ་ཐོབ་པའི་འདོད་པ་བྱེད་མཁན་དང་། དགེ་བའི་བཤེས་གཉེན་གཞན་ལ་བརྟེན་ནས་ཐོབ་པའི་འདོད་པ་བྱེད་མཁན་གཉིས་ཀྱི་ཁྱད་པར་གྱི་དབང་གིས་ཉན་ཐོས་དང་རང་རྒྱལ་ལ་ཁྱད་པར་སོང་བ་མ་གཏོགས། ཐོག་མར་སེམས་བསྐྱེད་ཚུལ་རང་གཅིག་པུའི་དོན་དུ་ཉོན་སྒྲིབ་སྤངས་པའི་སྤངས་པ་དོན་དུ་གཉེར་བ་ལ་ཁྱད་པར་མེད། དེས་ན་སྐབས་མང་པོར་ཐེག་པ་ཆེན་པོ་དང་ཐེག་པ་དམན་པ་ཞེས་གཉིས་འཇོག་དུས་ཐེག་པ་དམན་པའི་ནང་ཉན་ཐོས་དང་རང་རྒྱལ་གཉིས་ཀ་འདུས་པ་དང་། དེ་བཞིན་ཉན་ཐོས་ཀྱི་ཐེག་པའི་ནང་རང་སངས་རྒྱས་ཀྱི་ཐེག་པའང་འདུས་པའི་སྐབས་ཡོད།
ཉན་ཐོས་དེ་ཇི་ལྟར་ཡིན་ཞེ་ན། ཉན་ཐོས་ཀྱི་ཐེག་པའི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་དེ་འབར་མ་ (Burma) དང་། ཤྲཱི་ལངྐཱ་། (Sri Lanka) ཐ་ཡི་ལེན་ (Thailand) སོགས་ཀྱིས་ཧ་ཅང་ཡག་པོ་ཤེས་དགོས་ཀྱང་། ཉན་ཐོས་ཀྱི་ལམ་སྒོམ་སྟངས་དང་འབྲས་བུ་ཐོབ་སྟངས་ང་ཚོ་བོད་པ་ཚོས་ཤེས་པ་བཞིན་ཁོང་ཚོས་ཤེས་ཀྱི་མེད། ཕལ་ཆེར་བསྟན་པ་ཉམས་ཚར་བ་རེད། དེར་བརྟེན་ཐེག་དམན་པ་ཚོ་ལའང་ཐེག་དམན་པའི་ས་ལམ་ཆ་ཚང་བོད་པ་ཚོས་བསླབ་དགོས་པ་བྱེད་ཀྱི་རེད། ཁོང་ཚོའི་ས་ནས་ཚུར་ལ་བསླབ་རྒྱུ་མང་པོ་ཞིག་ལྷག་མེད།
ཐེག་དམན་པའི་མངོན་པ་རྒྱ་ཆེན་པོ་ཡོད་ཀྱང་། ང་ཚོའི་མངོན་པ་ཀུན་བཏུས་དང་མངོན་པ་མཛོད་གཉིས་ཀྱི་ནང་དུ་མ་འདུས་པ་མེད། གལ་ཏེ་མངོན་པ་ཀུན་བཏུས་དང་མངོན་པ་མཛོད་ཡག་པོ་ཤེས་མཁན་ཡིན་ན་ཐེག་དམན་གྱི་མངོན་པ་ཧ་ལམ་ཆ་ཚང་བལྟས་པ་ལྟ་བུ་རེད། འདུལ་བ་ལ་མཚོན་ན། ཐེག་དམན་གྱི་ལུང་པའི་ནང་འདུལ་བའི་ལག་ལེན་ཡག་པོ་ཡོད་ཀྱང་། ང་ཚོ་བོད་པས་འདུལ་བ་རྒྱ་ཆེན་པོ་བལྟས་པ་བཞིན་ཁོང་ཚོས་དགག་སྒྲུབ་གནང་གསུམ་གྱི་བཅས་མཚམས་ཕྲ་ཞིང་ཕྲ་བ་ཚོ་ཤེས་ཀྱི་མེད། དེ་ལྟར་སློབ་སྦྱོང་གི་གནས་མང་པོ་ཞིག་ཉམས་ཚར་བ་རེད། མདོ་སྡེ་ལ་མཚོན་ན། ཏིང་ངེ་འཛིན་གྱི་སྒོམ་ཚུལ་རྣམས་ཀྱང་ང་ཚོས་ཕར་ལ་རོགས་རམ་བྱེད་ན་མ་གཏོགས། ཐེག་དམན་ལ་ད་ལྟ་ཡོད་བཞིན་པ་དེ་ཚོའི་ནང་ལམ་གྱི་བགྲོད་ཚུལ་གྱི་རྣམ་གཞག་ཆ་ཚང་བ་ཞིག་མེད།
ང་ཚོས་ཉན་ཐོས་ཀྱི་ལམ་དེ་ཇི་ལྟར་ཤེས་དགོས་ཞེ་ན། རྩ་བའི་ཐེག་པ་གསུམ་གྱི་རྣམ་གཞག་བཤད་སྐབས་སུ་ཐེག་པ་གསུམ་པོ་དེ་ལམ་གྱི་ངོ་བོའི་ཐོག་ནས་ལམ་ལྔའི་ནང་བསྡུས་ཤིང་། དེ་ཡང་ཚོགས་ལམ་དང་། སྦྱོར་ལམ། མཐོང་ལམ། སྒོམ་ལམ། མི་སློབ་ལམ་བཅས་རེད། ལམ་དང་པོ་བཞི་ནི་སློབ་པའི་ལམ་དང་། མཐའ་མ་མི་སློབ་པའི་ལམ་ནི་སློབ་པ་མཐར་ཕྱིན་ཟིན་པའི་དོན་རེད། ཐེག་པ་གང་དུ་སྦྱར་ནའང་ལམ་དེ་ལྔ་མ་གཏོགས་མེད། དཔེར་ན་ཉན་ཐོས་ལ་སྦྱར་བའི་སྐབས་སུ་ཉན་ཐོས་ཀྱི་ཚོགས་ལམ་དང་། ཉན་ཐོས་ཀྱི་སྦྱོར་ལམ། ཉན་ཐོས་ཀྱི་མཐོང་ལམ། ཉན་ཐོས་ཀྱི་སྒོམ་ལམ། ཉན་ཐོས་ཀྱི་མི་སློབ་ལམ་བཅས་དང། དེ་ནས་རང་རྒྱལ་ལ་སྦྱར་བའི་སྐབས་སུ་རང་རྒྱལ་གྱི་ཚོགས་ལམ་དང་། རང་རྒྱལ་གྱི་སྦྱོར་ལམ། རང་རྒྱལ་གྱི་མཐོང་ལམ། རང་རྒྱལ་གྱི་སྒོམ་ལམ། རང་རྒྱལ་གྱི་མི་སློབ་ལམ་བཅས། དེ་བཞིན་ཐེག་ཆེན་ལ་སྦྱར་བའི་སྐབས་སུ་བྱང་སེམས་ཀྱི་ཚོགས་ལམ་དང་། བྱང་སེམས་ཀྱི་སྦྱོར་ལམ། བྱང་སེམས་ཀྱི་མཐོང་ལམ། བྱང་སེམས་ཀྱི་སྒོམ་ལམ། བྱང་སེམས་ཀྱི་མི་སློབ་ལམ་བཅས་ཡིན།
ཐེག་པ་གསུམ་གྱི་ཚོགས་ལམ་དེ་ཇི་ལྟར་ཡིན་ཞེ་ན། ཐོག་མར་སེམས་བསྐྱེད་ནས་བསྒོམ་བྱའི་གཙོ་བོ་ཤེས་རབ་དེ་མ་རྙེད་ཀྱི་བར་དུ་ཚོགས་ལམ་དང་། དེ་ནི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་སེམས་དེ་བསྒོམས་པ་ལ་བརྟེན་ནས་སྟོང་ཉིད་རྟོགས་པའི་ལྷག་མཐོང་མ་སྐྱེས་ཀྱི་བར་དེ་ལ་བྱང་ཆུབ་སེམས་དཔའི་ཚོགས་ལམ་རེད། དེ་ནི་ངས་དཔེ་ཆ་མི་ལྟ་མཁན་ཚོར་གོ་དོན་གཙོ་བོར་བྱས་ནས་ཧ་ཅང་རགས་པའི་ཚུལ་དུ་བཤད་ཀྱི་ཡོད། གང་ལྟར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་སྟོང་ཉིད་དོན་སྤྱི་ཚུལ་གྱིས་རྟོགས་པའི་ལྷག་མཐོང་མ་སྐྱེས་ཀྱི་བར་ཙམ་ལ་ཚོགས་ལམ་ཟེར། ཚོགས་ལམ་ལ་དབྱེ་ན་ཆེ་འབྲིང་ཆུང་གསུམ་ཡོད། ཚོགས་ལམ་ཆེ་འབྲིང་ཆུང་གསུམ་དུ་དབྱེ་བ་དེ་ཐེག་པ་གསུམ་གར་མཚུངས་པ་རེད། ཉན་ཐོས་ལ་མཚོན་ན། ངེས་འབྱུང་རྣམ་པར་དག་པ་བསྐྱེད་པ་ནས་གང་ཟག་གི་བདག་མེད་རྟོགས་པའི་ལྷག་མཐོང་མ་སྐྱེས་ཀྱི་བར་ཙམ་གྱི་ལམ་ལ་ཉན་ཐོས་ཀྱི་ཚོགས་ལམ་ཟེར། རང་རྒྱལ་ལ་མཚོན་ན། རང་རྒྱལ་རིགས་ཅན་གྱི་གང་ཟག་ངེས་འབྱུང་རྣམ་དག་སྐྱེས་ནས་གང་ཟག་གི་བདག་མེད་རྟོགས་པའི་ལྷག་མཐོང་མ་སྐྱེས་ཀྱི་བར་ཙམ་གྱི་ལམ་ལ་རང་རྒྱལ་གྱི་ཚོགས་ལམ་ཟེར། གང་ཟག་གི་བདག་མེད་ནི་ཉན་ཐོས་དང་རང་རྒྱལ་གཉིས་ཀྱི་བསྒོམ་བྱའི་གཙོ་བོ་དང་། ཆོས་ཀྱི་བདག་མེད་ནི་ཐེག་ཆེན་བྱང་ཆུབ་སེམས་དཔའ་ཚོའི་བསྒོམ་བྱའི་གཙོ་བོ་རེད། གང་ལགས་ཤེ་ན། འཁོར་བ་སྤངས་པ་ཙམ་ལ་གང་ཟག་གི་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་འགྲིགས་པ་དང་། ཤེས་སྒྲིབ་སྤངས་པ་ལ་ཆོས་ཀྱི་བདག་མེད་རྟོགས་པའི་ཤེས་རབ་མེད་ན་མི་འགྲིགས། དེ་ནི་ངས་གྲུབ་མཐའ་བཞིའི་དབྱེ་བ་མ་ཕྱེ་བར་བཤད་པ་རེད། ནམ་རྒྱུན་འཆར་ཅན་སྤྱི་བཤད་ལ་གང་ཟག་གི་བདག་མེད་དེ་ཐེག་དམན་གྱི་བསྒོམ་བྱའི་གཙོ་བོ་དང་། ཆོས་ཀྱི་བདག་མེད་དེ་ཐེག་ཆེན་གྱི་བསྒོམ་བྱའི་གཙོ་བོ་ཡིན་པ་བཤད་ཀྱི་ཡོད། དེ་ནས་དབྱེ་བ་ཕྱེ་བའི་སྐབས་སུ་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་བ་དང་། རྟག་གཅིག་རང་དབང་ཅན་གྱི་བདག་གིས་སྟོང་བ་བཅས་གང་ཟག་གི་བདག་མེད་འཇོག་ཚུལ་ལ་བྱེ་བྲག་སྨྲ་བ་དང། མདོ་སྡེ་པ། སེམས་ཙམ་པ། རང་རྒྱུད་པ་རྣམས་མི་འདྲ་བ་རེད། ཐལ་འགྱུར་བས་ནི་གང་ཟག་གི་བདག་མེད་དང་ཆོས་ཀྱི་བདག་མེད་གཉིས་སྟོང་གཞིའི་ཁྱད་པར་མ་གཏོགས་སྟོང་རྒྱུའི་བདག་ལ་ཁྱད་པར་མི་བཞག་པར་བརྟེན། སྟོང་གཞི་གང་ཟག་གི་སྟེང་དུ་སྟོང་ཉིད་རྟོགས་པའི་བློ་དེ་གང་ཟག་གི་བདག་མེད་རྟོགས་པའི་བློ་དང་། སྟོང་གཞི་ཆོས་ཀྱི་སྟེང་དུ་སྟོང་ཉིད་རྟོགས་པའི་བློ་དེ་ཆོས་ཀྱི་བདག་མེད་རྟོགས་པའི་བློ་ཡིན། དབུ་མ་འཇུག་པ་ལས། བདག་མེད་འདི་ནི་འགྲོ་བ་རྣམ་གྲོལ་ཕྱིར།། ཆོས་དང་གང་ཟག་དབྱེ་བས་རྣམ་གཉིས་གསུངས།། ཞེས་རྣམ་པར་གྲོལ་བའི་ཆེད་དུ་གསུངས་པའི་བདག་མེད་དེ་ལ་སྟོང་གཞི་ཆོས་ཅན་གྱི་ཆ་ནས་དབྱེ་བ་མ་གཏོགས། དགག་བྱའི་ཆ་ནས་དབྱེ་བ་མི་ཕྱེ་བར་བརྟེན། ཉན་ཐོས་འཕགས་པས་བསྒོམ་བྱ་དང་བྱང་ཆུབ་སེམས་དཔས་བསྒོམ་བྱའི་སྟོང་ཉིད་ལ་ཕྲ་རགས་ཀྱི་དབྱེ་བ་མེད། ཡིན་ནའང་ཐལ་འགྱུར་བའི་ལུགས་ལ་ཉན་ཐོས་ཀྱི་རིགས་ཅན་གྱིས་གང་ཟག་ལ་དམིགས་པའི་བདག་མེད་དེ་བསྒོམ་བྱའི་གཙོ་བོ་མ་གཏོགས། ཆོས་ལ་དམིགས་པའི་བདག་མེད་དེ་བསྒོམ་བྱའི་གཙོ་བོར་མི་བྱེད། བྱང་ཆུབ་སེམས་དཔའ་ཚོས་བདག་མེད་གཉིས་ཀ་བསྒོམས་ཀྱང་། ཆོས་ཀྱི་བདག་མེད་དེ་བསྒོམ་བྱའི་གཙོ་བོར་བྱེད། དེས་ན་སྤྱི་ཡོངས་ནས་གང་ཟག་གི་བདག་མེད་དེ་ཉན་རང་འཕགས་པའི་བསྒོམ་བྱའི་གཙོ་བོ་དང་། ཆོས་ཀྱི་བདག་མེད་དེ་ཐེག་ཆེན་འཕགས་པའི་བསྒོམ་བྱའི་གཙོ་བོ་རེད་ཅེས་བརྗོད་ན་སྐྱོན་མེད། དེས་ན་ཐལ་འགྱུར་བས་ཉན་རང་འཕགས་པས་ཆོས་ཀྱི་བདག་མེད་རྟོགས་པ་ཞེས་ཉན་རང་འཕགས་པས་སྟོང་ཉིད་རྟོགས་ན་མ་གཏོགས་ཉོན་སྒྲིབ་སྤོང་མི་ཐུབ་པ་གསུངས། རང་རྒྱུད་པ་ཁ་ཤས་ཀྱིས་ཀྱང་དེ་འདྲ་གསུང་མཁན་ཡོད། རང་རྒྱུད་པ་དང་སེམས་ཙམ་པ་མན་ཆད་ཀྱིས་གང་ཟག་གི་བདག་མེད་དེ་ལོགས་སུ་འཇོག་པ་རེད། དཔེར་ན། སེམས་ཙམ་པས་གཟུང་འཛིན་རྫས་གཞན་གྱིས་སྟོང་པ་དེ་ཆོས་ཀྱི་བདག་མེད་ལ་འཇོག་པའི་སྐབས་སུ་གང་ཟག་གི་བདག་མེད་རྟོགས་པའི་བློ་དེས་གཟུང་འཛིན་རྫས་གཞན་གྱིས་སྟོང་པ་དེ་མི་རྟོགས་པ་རེད། དེར་བརྟེན། ཚད་མ་རྣམ་འགྲེལ་ལས། རྟོག་པའི་དྲྭ་བ་རྣམ་བསལ་ཅིང་།། ཟབ་ཅིང་རྒྱ་ཆེའི་སྐུ་མངའ་བ།། ཞེས་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་དུ་མ་གྱུར་པའི་གཉིས་སྟོང་གི་དེ་ཁོ་ན་ཉིད་ནི་ཟབ་མོ་ཡིན་ཞེས་བརྗོད་དགོས་པ་དེ་ཉན་ཐོས་དང་རང་སངས་རྒྱས་ཀྱིས་གཉིས་སྟོང་གི་དེ་ཁོ་ཉིད་མི་རྟོགས་པ་དང་། གཉིས་སྟོང་གི་དེ་ཁོ་ན་ཉིད་རྟོགས་མཁན་ནི་བྱང་ཆུབ་སེམས་དཔའ་མ་གཏོགས་མེད། ཉན་ཐོས་དང་རང་སངས་རྒྱས་ཀྱིས་རྟག་གཅིག་རང་དབང་ཅན་གྱིས་སྟོང་པའི་གང་ཟག་གི་བདག་མེད་ཙམ་མ་གཏོགས་མི་རྟོགས། དེས་ན་གང་ཟག་གི་བདག་མེད་བསྒོམས་ནས་ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་འཐོབ་དགོས་པ་དང་། ཆོས་ཀྱི་བདག་མེད་བསྒོམས་ནས་ཐེག་པ་ཆེན་པོའི་བྱང་ཆུབ་འཐོབ་དགོས།
ཚོགས་ལམ་ལ་ཐེག་ཆེན་གྱི་ཚོགས་ལམ་དང་། རང་སངས་རྒྱས་ཀྱི་ཚོགས་ལམ། ཉན་ཐོས་ཀྱི་ཚོགས་ལམ་བཅས་འགྲོ་སྟངས་གཅིག་པ་ཡིན་ཞིང་། ཐེག་ཆེན་སེམས་བསྐྱེད་སྐྱེ་དུས་ཐེག་ཆེན་གྱི་ཚོགས་ལམ་ཐོབ་པ་དང་། འཁོར་བ་ལ་ངེས་པར་འབྱུང་ནས་ཞི་བ་དོན་གཉེར་གྱི་བློ་ལའང་ཐེག་དམན་སེམས་བསྐྱེད་ཅེས་བརྗོད་ཆོག ངེས་འབྱུང་ཡིན་ན་ཐེག་དམན་སེམས་བསྐྱེད་ཡིན་མི་དགོས། འཁོར་བ་ལ་ཡིད་འབྱུང་བའི་བློ་བཅོས་མ་མ་ཡིན་པ་སྐྱེས་ནས་རང་ཉིད་གཅིག་པུའི་དོན་དུ་དེ་ལྟ་བུའི་འཁོར་བ་ལས་འགྲོལ་བའི་ཐར་པ་འཐོབ་འདོད་ཀྱི་སེམས་ཞིག་སྐྱེ་ན་དེ་ལ་ཉན་ཐོས་སུ་སེམས་བསྐྱེད་པ་དང་རང་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཞེས་བཤད།
དེ་ནས་སྦྱོར་ལམ་གྱི་དབྱེ་བ་ནི་དྲོད་རྩེ་མོ་བཟོད་པ་ཆོས་མཆོག་ཅེས་བཞི་པོ་ཐེག་པ་གསུམ་ག་ལ་གཅིག་པ་རེད། སྦྱོར་ལམ་དང་པོ་ཐོབ་པའི་སྐབས་སུ་ཉན་རང་ཡིན་ན་གང་ཟག་གི་བདག་མེད་དོན་སྤྱི་ཚུལ་གྱིས་རྟོགས་པའི་ལྷག་མཐོང་སྐྱེ་བ་དང་། བྱང་ཆུབ་སེམས་དཔའ་ཡིན་ན་སྟོང་ཉིད་དོན་སྤྱི་ཚུལ་གྱིས་རྟོགས་པའི་ལྷག་མཐོང་སྐྱེ་བ་ན་དེ་ལ་སྦྱོར་ལམ་དྲོད་ཅེས་ཟེར། དེ་ལ་དྲོད་ཅེས་པ་ནི་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཀྱིས་མེ་དེའི་དྲོད་དེ་ཤེས་པར་འགྱུར་བའོ།། དཔེར་ན་མེ་ཆེན་པོ་ཞིག་བཏང་ཡོད་ན་ཐག་ཉེར་འབྱོར་སྐབས་དྲོད་དེ་ལ་བརྟེན་ནས་ཤེས་པ་ལྟ་བུའོ།། དེ་བཞིན་ཤེས་རབ་ཀྱི་མེ་ཆེན་པོ་ཞིག་འབར་བ་དེའི་དྲོད་དེ་ཤེས་པའི་མཚམས་སུ་སླེབས་པར་བརྟེན། སྦྱོར་ལམ་དེ་ལ་དྲོད་ཅེས་བརྗོད། སྦྱོར་ལམ་རྩེ་མོ་ཞེས་པ་ནི་ཧ་ལམ་མེ་ལྕེའི་རྩེ་མོ་མཐོང་བ་ལྟ་བུ་རེད། དེ་ལྟ་བུ་སྦྱོར་ལམ་རྩེ་མོ་ཐོབ་པའི་གང་ཟག་གིས་སྟོང་ཉིད་དམ་གང་ཟག་གི་བདག་མེད་རྟོགས་པའི་དབང་གིས་ཁོང་ཁྲོ་མངོན་གྱུར་བ་རྣམས་འགགས་པ་རེད། དེས་ན་སྦྱོར་ལམ་རྩེ་མོ་ཐོབ་པ་ཡན་ཆད་ལ་དགེ་བའི་རྩ་བ་བཅོམ་པ་མེད། གང་ལྟར་དགེ་རྩ་རྣམས་ཁོང་ཁྲོས་འཇོམས་པ་མེད། དེ་ནས་སྦྱོར་ལམ་བཟོད་པ་ཐོབ་པའི་སྐབས་སུ་ངན་འགྲོའི་སྐྱེ་བ་འགོག་པའི་སོ་སོ་བརྟགས་མིན་གྱི་འགོག་པ་ཐོབ་ཅིང་། ངན་འགྲོའི་སྐྱེ་བ་འཕེན་བྱེད་ཀྱི་ལས་ཡོད་ནའང་སྟོང་ཉིད་དོན་སྤྱི་ཚུལ་གྱིས་རྟོགས་པའི་ཤེས་རབ་དགའ་རབ་འཕེལ་བར་བརྟེན། ལས་ལ་གསོས་བཏབ་པའི་སྲེད་ལེན་སྲིད་པ་རྣམས་མངོན་གྱུར་དུ་སྐྱེ་རུ་མ་བཅུག་པར་མགོ་ནོན་པ་ཡིན་ཙང་། སྦྱོར་ལམ་བཟོད་པ་ཐོབ་པའི་སྐབས་སུ་ངན་སོང་དུ་མི་འགྲོ་བ་ཡིན། ངན་སོང་དུ་འགྲོ་བའི་ལས་ཟད་པ་མིན་ནའང་། ངན་སོང་དུ་འགྲོ་བའི་ལས་ལ་གསོས་འདེབས་བྱེད་ཀྱི་སྲེད་ལེན་སྲིད་པ་གསུམ་མངོན་གྱུར་དུ་སྐྱེ་མ་བཅུག་པ་ཡིན་ཙང་ངན་སོང་དུ་མི་འགྲོ་བ་ཡིན། དེ་ནས་སྦྱོར་ལམ་ཆོས་མཆོག་ནི་འཇིག་རྟེན་པའི་ལམ་གྱི་མཆོག་ཏུ་གྱུར་པ་ཡིན་ཞིང་། སྐབས་དེར་འཕགས་པའི་ལམ་ཐོབ་ལ་ཉེ་བ་རེད། སྟོང་ཉིད་དམ་བདག་མེད་དོན་སྤྱི་ཚུལ་གྱིས་རྟོགས་པའི་བློ་དེ་བདག་མེད་མངོན་སུམ་དུ་རྟོགས་པའི་བློ་ཡི་ངོ་བོར་འགྱུར་ཆོག་ཆགས་པ་རེད། དེ་དག་ནི་སྦྱོར་ལམ་རྣམ་པ་བཞི་རེད། སྦྱོར་ལམ་གྱི་སྐབས་སུ་བདག་མེད་དོན་སྤྱི་ཚུལ་གྱིས་རྟོགས་པའི་བློ་མ་གཏོགས་མེད་པ་ཡིན་སྟབས། སྤང་བྱ་གང་ཡང་སྤོང་མི་ནུས་པའམ་སྤང་བྱ་གང་གིའང་དངོས་གཉེན་མི་བྱེད་ཅིང་། སྤངས་པ་ཐམས་ཅད་མངོན་གྱུར་བ་མགོ་ནོན་ནས་གནས་སྐབས་སྐྱེ་རུ་མ་བཅུག་པ་ཙམ་རེད།
སྦྱོར་ལམ་ཆོས་མཆོག་ནས་མཐོང་ལམ་དུ་འཕོ་སྐབས་བདག་མེད་དོན་སྤྱི་ཚུལ་གྱིས་རྟོགས་པའི་ལྷག་མཐོང་དེ་བདག་མེད་མངོན་སུམ་དུ་རྟོགས་པའི་ལྷག་མཐོང་གི་ངོ་བོར་འགྱུར་བ་དང་ཆབས་ཅིག་ཏུ་འཕགས་པའི་ལམ་ཐོབ་པ་དང། གལ་ཏེ་ཐེག་ཆེན་པ་ཡིན་ན་ས་དང་པོ་ཐོབ། དེ་ནི་བདག་མེད་མངོན་སུམ་དུ་མཐོང་བ་ཡིན་ཙང་མཐོང་བའི་ལམ་ཞེས་བརྗོད། དེ་ནས་རང་གི་ངོ་སྐལ་དུ་གྱུར་པའི་མཐོང་སྤང་གི་ཉོན་མོངས་རྣམས་ཀྱི་དངོས་གཉེན་བྱེད་པ་ཡིན། བདག་མེད་མངོན་སུམ་དུ་རྟོགས་པའི་བློ་སྐྱེ་བ་དང་ཆབས་ཅིག་ཏུ་མཐོང་ལམ་གྱི་ངོ་སྐལ་གྱི་སྤང་བྱ་རྣམས་སྤང་རྒྱུ་མགོ་ཚུགས་པ་རེད། མཐོང་ལམ་གྱི་ངོ་སྐལ་གྱི་སྤང་བྱར་ཉོན་མོངས་རགས་པ་མ་གཏོགས་ལྷན་སྐྱེས་ཀྱི་ཉོན་མོངས་ཕྲ་བ་རྣམས་སླེབས་མི་ཐུབ་ཅིང་། ཡོངས་གྲགས་སུ་མཐོང་སྤང་ཀུན་སྦྱོར་གསུམ་ཞེས་མཐོང་སྤང་ལ་གསུམ་བཞག་པ་རེད། དེ་ནས་མཐོང་ལམ་གྱི་རྣམ་གྲོལ་ལམ་ཐོབ་པ་ན་མཐོང་སྤང་རྣམས་སྤངས་ནས་སླེབས་ས་ཞིག་ལ་སླེབས་ཚར་བ་རེད། འཕགས་པ་ཆགས་པར་བརྟེན་དེ་ནས་ནམ་ཡང་ཟག་རྒྱུ་མེད།
མཐོང་ལམ་ནས་སྒོམ་ལམ་ལ་འཕོ་སྐབས་བདག་མེད་རྟོགས་པའི་ཤེས་རབ་ཀྱི་ངོ་བོ་ལ་ཁྱད་པར་མེད་ཅིང་། བདག་མེད་མངོན་སུམ་དུ་མཐོང་ཟིན་པ་དེ་ཡང་ནས་ཡང་དུ་སྒོམ་པར་བྱེད་པ་ཡིན་ཙང་། ཉོན་མོངས་པའི་གཉེན་པོ་འགྲོ་སྟངས་ལ་ཤུགས་ཆེ་ཆུང་གི་ཁྱད་པར་འགྲོ་བ་རེད། དཔེར་ན་ང་ཚོས་སྨན་ཞིག་ཐུན་དང་པོ་བཟའ་དུས་ན་ཚ་མངོན་གྱུར་བ་བཅོམ་ནས་ཧ་ཅང་ཟུག་གཟེར་ཡོད་པ་དེ་ལྷོད་ཤིག་གེར་ཆགས་པ་དང་། དེ་ནས་སྨན་དེ་ཉིན་གྲངས་བདུན་ཙམ་བཟས་ན་ན་ཚ་ལྷག་མ་རྣམས་རིམ་པས་དག་པ་བཞིན་རེད། དེ་ལྟ་བུའི་སྒོམ་ལམ་ལ་སྐོར་དགུ་རེད། དེ་ཡང་སྒོམ་ལམ་ཆུང་ངུ་དང་། སྒོམ་ལམ་འབྲིང་། སྒོམ་ལམ་ཆེན་པོ་བཅས་ལ་གསུམ་གསུམ་དུ་ཕྱེ་དགོས་ཤིང་། དང་པོ་སྒོམ་ལམ་ཆུང་ངུ་ལ་སྒོམ་ལམ་ཆུང་ངུའི་ཆུང་ངུ་། སྒོམ་ལམ་ཆུང་ངུའི་འབྲིང་། སྒོམ་ལམ་ཆུང་ངུའི་ཆེན་པོ། གཉིས་པ་སྒོམ་ལམ་འབྲིང་ལ་སྒོམ་ལམ་འབྲིང་གི་ཆུང་ངུ་། སྒོམ་ལམ་འབྲིང་གི་འབྲིང་། སྒོམ་ལམ་འབྲིང་གི་ཆེན་པོ། གསུམ་པ་སྒོམ་ལམ་ཆེན་པོ་ལ་སྒོམ་ལམ་ཆེན་པོའི་ཆུང་ངུ་། སྒོམ་ལམ་ཆེན་པོའི་འབྲིང་། སྒོམ་ལམ་ཆེན་པོའི་ཆེན་པོ་བཅས་རེད།
སྒོམ་ལམ་ཆུང་ངུའི་ཆུང་ངུ་ཐོབ་པ་ན་སྒོམ་སྤང་ཉོན་མོངས་སྐོར་དགུའི་ནང་ནས་སྒོམ་སྤང་ཆེན་པོའི་ཆེན་པོ་སྤོང་བ་དང་། དེ་ལྟར་སྤང་བྱ་ཆེ་རིམ་དང་གཉེན་པོ་ཆུང་རིམ་ནས་ཐོབ་དགོས། འདིའི་སྐབས་སུ་ཆེ་ཆུང་ནི་ཕྲ་རགས་ཀྱི་ཁྱད་པར་རེེད། དེས་ན་སྒོམ་སྤང་ཆུང་ངུའི་ཆུང་ངུ་ནི་མཐའ་མར་སླེབས་པ་རེད། དེ་ལྟར་སྒོམ་ལམ་གྱིས་སྤང་བྱའི་ཉོན་མོངས་ཆ་ཚང་སྤངས་ནས་རྫོགས་པའི་སྐབས་སུ་དགྲ་བཅོམ་པའི་གོ་འཕང་ཐོབ་པ་ཡིན། ཉན་ཐོས་ཡིན་ན་ཉན་ཐོས་དགྲ་བཅོམ་པ་དང་། རང་རྒྱལ་ཡིན་ན་རང་རྒྱལ་དགྲ་བཅོམ་པའི་གོ་འཕང་ཐོབ། བྱང་ཆུབ་སེམས་དཔའ་ཡིན་ན་སྒོམ་སྤང་གི་ཉོན་མོངས་རྣམས་སྤངས་པའི་རྗེས་སུ་ས་བརྒྱད་པ་ནས་ཤེས་སྒྲིབ་སྤང་རྒྱུ་མགོ་ཚུགས་ཤིང་། དཔེར་ན་སྒོམ་ལམ་ཆེན་པོའི་སྐོར་གསུམ་ནི་དག་པ་ས་གསུམ་ལ་བཞག་པ་རེད། སྒོམ་ལམ་ཆེན་པོའི་སྐོར་གསུམ་གྱིས་དངོས་གཉེན་བྱས་ནས་སྤང་བྱའི་ཉོན་སྒྲིབ་མེད་ཅིང་། སྒོམ་ལམ་འབྲིང་གི་སྐོར་གསུམ་དང་ཆུང་ངུའི་སྐོར་གསུམ་གྱི་སྐབས་སུ་ཉོན་སྒྲིབ་མཐའ་དག་སྤངས་ཟིན་པ་རེད། དེ་ནས་སྒོམ་ལམ་མཐའ་མ་གསུམ་གྱིས་ཤེས་སྒྲིབ་རྐྱང་པ་སྤང་རྒྱུ་རེད། དེ་དག་ནི་རྩ་བའི་ལམ་གྱི་རྣམ་གཞག་རགས་རིམ་ཙམ་རེད།
ལམ་ལྔ་པོ་རྣམས་ས་ལ་སྦྱར་བའི་སྐབས་སུ་ཐེག་པ་དམན་པ་ལ་ས་བརྒྱད་དང་། ཐེག་པ་ཆེན་པོ་ལ་ས་བཅུ་བཤད། ཐེག་པ་དམན་པའི་ས་བརྒྱད་ནི་རིགས་ཀྱི་ས་དང་། བརྒྱད་པའི་ས། མཐོང་བའི་ས། བསྲབས་པའི་ས། འདོད་ཆགས་དང་བྲལ་བའི་ས། བྱས་པ་རྟོགས་པའི་ས། ཉན་ཐོས་ཀྱི་ས། རང་སངས་རྒྱས་ས་བཅས་ཡིན། སྤྱིར་དམན་པའི་ས་བརྒྱད་ཅེས་བཤད་རུང་། དངོས་སུ་བདུན་མ་གཏོགས་མེད། གལ་ཏེ་ཉན་ཐོས་ཡིན་ན་ཉན་ཐོས་ཀྱི་ས་ཐོབ་སྐབས་མི་སློབ་ལམ་ཐོབ་ཟིན་པ་དང་། རང་རྒྱལ་ཡིན་ན་རང་རྒྱལ་གྱི་ས་ཐོབ་སྐབས་མི་སློབ་ལམ་ཐོབ་ཟིན་པ་རེད། སྐབས་འདིར་ཐེག་ཆེན་དང་མི་འདྲ་བ་གང་ཡོད་ཅེ་ན། ཐེག་ཆེན་ལ་མཐོང་ལམ་ཐོབ་པ་ན་ས་དང་པོར་བརྩི་ཞིང་། ཉན་ཐོས་དང་རང་རྒྱལ་ནི་སྦྱོར་ལམ་ནས་ས་དེ་བརྩི་བ་རེད། དེ་ཡང་སྦྱོར་ལམ་དྲོད་རྩེ་མོ་བཟོད་པ་ཆོས་མཆོག་བཞི་ལ་རིགས་ཀྱི་ས་དང་། བརྒྱད་པའི་ས། མཐོང་བའི་ས། བསྲབས་པའི་ས་བཅས་བཞི་དང་། མཐོང་ལམ་ལ་འདོད་ཆགས་དང་བྲལ་བའི་ས། སྒོམ་ལམ་ལ་བྱས་པ་རྟོགས་པའི་ས། མི་སློབ་ལམ་ལ་ཉན་ཐོས་ཡིན་ན་ཉན་ཐོས་ཀྱི་ས་དང་རང་སངས་རྒྱས་ཡིན་ན་རང་རྒྱས་ཀྱི་ས་བཅས་འཇོག ཐེག་ཆེན་ལ་ས་བཅུའི་རྣམ་གཞག་ནི་ཡོངས་གྲགས་ཡིན་པས་དུས་ཚོད་མེད་པར་བརྟེན་འདིར་བཤད་མི་དགོས་པ་བྱ་རྒྱུ་ཡིན།
ཉན་ཐོས་ལ་དབྱེ་ན་མཐར་ཐུག་ཐེེག་པ་གསུམ་དུ་འདོད་པའི་ལུགས་ལ་ཞི་བ་བགྲོད་པ་གཅིག་པུ་བའི་ཉན་ཐོས་དང་། བྱང་ཆུབ་ཡོངས་སྦྱོང་གི་ཉན་ཐོས་བཅས་གཉིས་རེད། མཐར་ཐུག་ཐེག་པ་གསུམ་དུ་འདོད་མཁན་དང་། མཐར་ཐུག་ཐེག་པ་གཅིག་ཏུ་འདོད་མཁན་ག་ཚོད་ཡོད་དམ་ཞེ་ན། ལུང་གི་རྗེས་འབྲངས་ཀྱི་སེམས་ཙམ་པ་དང་། ལུང་གི་རྗེས་འབྲངས་ཀྱི་མདོ་སྡེ་པ། བྱེ་བྲག་སྨྲ་བ་ཕལ་ཆེ་བ་བཅས་ཀྱིས་མཐར་ཐུག་ཐེག་པ་གསུམ་དུ་འདོད་ཅིང་། མཐར་ཐུག་གི་ཐེག་པ་གསུམ་ཞེས་པ་ནི་གང་ཟག་དེ་དག་རིགས་གསུམ་དུ་ངེས་པ་དང་། དེ་ཡང་ཉན་ཐོས་ཀྱི་རིགས་དང་། རང་སངས་རྒྱས་ཀྱི་རིགས། བྱང་ཆུབ་སེམས་དཔའི་རིགས་བཅས་རེད། བྱང་ཆུབ་སེམས་དཔའི་རིགས་ཀྱིས་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་དང། ཉན་ཐོས་ཀྱི་རིགས་དང་རང་སངས་རྒྱས་ཀྱི་རིགས་ཀྱིས་སངས་རྒྱས་ཀྱི་གོ་འཕང་མི་ཐོབ་པར་བཤད། གལ་ཏེ་སངས་རྒྱས་ཀྱི་གོ་འཕང་མི་ཐོབ་ན་གང་བྱེད་ཅེ་ན། ཉན་ཐོས་དགྲ་བཅོམ་པའི་གོ་འཕང་ཐོབ་པའམ་རང་རྒྱལ་གྱི་དགྲ་བཅོམ་པའི་གོ་འཕང་ཐོབ་པ་དང། དགྲ་བཅོམ་པའི་གོ་འཕང་ཐོབ་ནས་ཕུང་པོ་དོར་བ་དང་ཆབས་ཅིག་རིག་པ་རྒྱུན་ཆད་ཅིང་། རིག་པ་ལ་ཡ་མཐའ་མེད་ཀྱང་མ་མཐའ་ཡོད་པར་བརྟེན། ལྷག་མེད་དགྲ་བཅོམ་དུ་སོང་བའི་ཚེ་མར་མེ་ཤི་བ་བཞིན་རིག་པའི་རྒྱུན་ཆད་པར་བཤད། ཆེད་དུ་བརྗོད་པའི་ཚོམས་ལས། ལུས་ཞིག་ཚོར་བ་བསིལ་བར་གྱུར།། འདུ་ཤེས་འགགས་ཤིང་འདུ་བྱེད་ཞི།། རྣམ་པར་ཤེས་པ་ནུབ་གྱུར་པ།། ཞེས་མཆོད་མེ་ཤི་བ་བཞིན་ནག་འཐོམ་མེར་འགྲོ་ནས་གང་ཡང་མི་ལྷག་པར་བཤད། ལྷག་མ་མེད་ཅེས་པ་ནི་རིག་པའི་རྒྱུན་ལྷག་མ་མེད་པའི་དོན་རེད། དགྲ་བཅོམ་པ་ཐོབ་པའི་གང་ཟག་གི་རྒྱུད་ཀྱི་ཕུང་པོ་དེ་སྔ་མའི་ལས་ཉོན་གྱིས་འཕངས་པ་ཡིན་ཙང་སྡུག་བསྔལ་བདེན་པ་དང་། དེ་འདྲ་བའི་སྡུག་བསྔལ་བདེན་པའི་ཕུང་པོ་དེ་འཇིག་པའི་སྐབས་སུ་ལྷག་རྒྱུ་གང་ཡང་མེད་པར་བཤད། དེ་བཞིན་དུ་སངས་རྒྱས་ལའང་སྦྱར། མཐར་ཐུག་ཐེག་པ་གསུམ་དུ་འདོད་མཁན་གྱིས་སངས་རྒྱས་ཤཱཀྱ་ཐུབ་པའང་མྱ་ངན་ལས་འདས་པའི་སྐབས་སུ་མར་མེ་ཤི་བ་བཞིན་རིག་པའི་རྒྱུན་དེ་ཆད་ཚུལ་བཤད། དེ་ནི་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་ཏེ་བསྟན་པ་འཇིག་རྟེན་དུ་གནས་པ་དེ་རང་མ་གཏོགས། མྱ་ངན་ལས་འདས་པའི་སྐབས་སུ་ལྷག་མ་མེད་པར་འགྲོ་བར་བཤད། དེས་ན་མཐར་ཐུག་ཐེག་པ་གསུམ་འདོད་མཁན་ཚོས་གང་ཟག་དེ་དག་རིགས་ཀྱིས་དབྱེ་བ་རེད། ཉན་ཐོས་ཀྱི་རིགས་ལ་ངེས་པ་དང་མ་ངེས་པ་གཉིས་རེད། རང་རྒྱལ་གྱི་རིགས་ལ་ངེས་པ་མ་གཏོགས་མེད། ཐེག་ཆེན་གྱི་རིགས་ལ་ངེས་པ་དང་མ་ངེས་པ་གཉིས་བཞག་ཆོག་ཀྱང་། སངས་རྒྱས་ཀྱི་སའི་བར་དུ་འགྲོ་བར་བརྟེན་རིགས་ཀྱིས་དབྱེ་བ་འབྱེད་དགོས་པ་མེད། ཉན་ཐོས་ཀྱི་རིགས་མ་ངེས་པ་དེ་དག་ནི་ཐོག་མ་ཉན་ཐོས་ཀྱི་ལམ་དུ་ཞུགས་ནས་དགྲ་བཅོམ་པའི་གོ་འཕང་ཐོབ། དེ་ནས་ཕུང་པོ་མ་དོར་བར་གནས་དབེན་པ་ཞིག་ཏུ་བཞག་ནས་ཡིད་ཀྱིི་རང་བཞིན་གྱི་ལུས་ཤིག་བླངས་ཏེ་སངས་རྒྱས་ལ་བརྟེན་ནས་ཐེག་ཆེན་གྱི་ལམ་དུ་ཞུགས་ནས་ཚོགས་བསགས་པ་དང་། སངས་རྒྱས་ཐོབ་ཁར་སྔར་གྱི་ཕུང་པོ་རྙིང་པར་ཞུགས་ནས་སངས་རྒྱས་པ་དང་ཆོས་ཀྱི་འཁོར་ལོ་བསྐོར་ནས་ལྷག་མེད་མྱང་འདས་སུ་འགྲོ་བ་ཡིན། གལ་ཏེ་ཕུང་པོ་དེ་རྒྱུན་ཆད་ནས་ཤི་རུ་བཅུག་ན་ཐེག་ཆེན་དུ་ཞུགས་པའི་རིག་པའི་རྒྱུན་དེ་མེད་པར་གྱུར། དེ་ནི་ཉན་ཐོས་དགྲ་བཅོམ་ཐོབ་ནས་ཐེག་ཆེན་གྱི་ལམ་དུ་ཞུགས་མཁན་གྱི་ཉན་ཐོས་དེ་ལ་ཉན་ཐོས་རིགས་མ་ངེས་པ་ཡིན་ཙང་། བྱང་ཆུབ་ཡོངས་སྦྱོང་གི་ཉན་ཐོས་ཞེས་བརྗོད། ཞི་བ་བགྲོད་པ་གཅིག་པུ་བའི་ཉན་ཐོས་ནི་ཉན་ཐོས་ཀྱི་དགྲ་བཅོམ་པའི་གོ་འཕང་ཐོབ་ནས་ཕུང་པོ་ལྷག་མ་མེད་པའི་དབྱིངས་སུ་ཞུགས་ནས་རིག་པའི་རྒྱུན་ཆད་པ་རེད།
རང་རྒྱལ་ལ་ཐེག་ཆེན་གྱི་ལམ་དུ་ཞུགས་རྒྱུ་མེད་པ་ནི་རང་རྒྱལ་ལ་ཆོས་སྟོན་མཁན་གྱི་བླ་མ་མེད་པར་བརྟེན། རང་ཤུགས་ཀྱིས་ཐེག་ཆེན་གྱི་ལམ་དུ་ཞུགས་མི་ཐུབ་པ་རེད། དེས་ན་རང་རྒྱལ་གྱི་དགྲ་བཅོམ་པའི་གོ་འཕང་ཐོབ་ན་ངེས་པར་དུ་ཕུང་པོ་ལྷག་མ་མེད་པའི་དབྱིངས་སུ་འདས་རྒྱུ་རེད། དེས་ན་མཐར་ཐུག་ཐེེག་པ་གསུམ་དུ་འདོད་པའི་ལུགས་ལ་ཉན་ཐོས་ཀྱི་ཐེག་པའི་ནང་བྱང་ཆུབ་ཡོངས་སྦྱོང་གི་ཉན་ཐོས་དང་། ཞི་བ་བགྲོད་པ་གཅིག་པུ་བའི་ཉན་ཐོས་གཉིས་སུ་ཕྱེ་བ་དང་། རང་རྒྱལ་ལ་དེ་ལྟ་བུའི་དབྱེ་བ་མེད།
མཐར་ཐུག་ཐེག་པ་གཅིག་ཏུ་འདོད་པས་ནི་ཉན་ཐོས་དང་རང་རྒྱལ་གང་ཡིན་ནའང་ཕུང་པོ་ལྷག་མ་མེད་པའི་དབྱིངས་སུ་ཞུགས་ནའང་རིག་པ་རྒྱུན་མི་ཆད་པར་བརྟེན། ནམ་ཞིག་ཐེག་ཆེན་གྱི་དགེ་བའི་བཤེས་གཉེན་ལ་བརྟེན་ནས་ཐེག་ཆེན་གྱི་ལམ་དུ་ཞུགས་ཏེ་མཐར་སངས་རྒྱས་ཚུལ་བཤད། མངོན་རྟོགས་རྒྱན་ལས། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར།། རིགས་ནི་ཐ་དད་རུང་མ་ཡིན།། ཞེས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཁམས་བདེ་བར་གཤེགས་པའི་སྙིང་པོ་ཡོད་པ་དང་། གནས་སྐབས་རྒྱ་མཚོའི་ནང་ཐང་ཆད་པའི་མི་རྣམས་ལ་བར་དུ་ངལ་གསོ་བརྒྱབ་ས་ལྟ་བུའི་ཉན་རང་གི་ཐེེག་པ་བཤད་པ་མ་གཏོགས། མཐར་ཐུག་གི་ཐེག་པ་དེ་དག་མིན་ཚུལ་བཤད། དེས་ན་རིགས་པའི་རྗེས་འབྲངས་ཀྱི་སེམས་ཙམ་ཡན་ཆད་ཀྱིས་རིག་པའི་རྒྱུན་མི་ཆད་པ་དང་། རིག་པའི་མ་མཐའ་ཐོག་མེད་དུ་འདོད་པ་རེད།
ཉན་ཐོས་དགྲ་བཅོམ་ལ་རྒྱན་བཅས་དང་རྒྱན་མེད་ཀྱི་དབྱེ་བ་གཉིས་སུ་ཕྱེ་ཞིང་། བསམ་གཏན་གྱི་དངོས་གཞི་ཐོབ་ནས་མངོན་ཤེས་དང་རྫུ་འཕྲུལ་ལ་སོགས་པ་ཡོད་པ་ལ་དགྲ་བཅོམ་པ་རྒྱན་བཅས་དང་། བསམ་གཏན་གྱི་དངོས་གཞི་མ་ཐོབ་པར་ཉེར་བསྡོགས་མི་ལྕོགས་མེད་ལ་བརྟེན་ནས་འཇིག་རྟེན་ལས་འདས་པའི་ལམ་དུ་འགྲོ་བ་ལ་དགྲ་བཅོམ་པ་རྒྱན་མེད་ཅེས་བརྗོད།
རང་རྒྱལ་ལ་བསེ་རུ་ལྟ་བུའི་རང་སངས་རྒྱས་དང་། ཚོགས་ན་སྤྱོད་པའི་རང་སངས་རྒྱས་ཞེས་གཉིས་རེད། ཚོགས་ན་སྤྱོད་པའི་རང་སངས་རྒྱས་ནི་ཆོས་མི་གསུངས་པ་མ་གཏོགས་མི་གཞན་དང་ལྷན་དུ་འགྲོགས་ནས་སོ་སོའི་སློབ་མ་ལ་སྒྲ་མེད་ལུས་ཀྱི་རྣམ་འགྱུར་གྱི་སྒོ་ནས་ཆོས་བསྟན་ཅིང་། མངོན་རྟོགས་རྒྱན་ལས། གང་གང་དོན་ནི་གང་གང་ལ།། ཇི་ལྟ་ཇི་ལྟར་ཉན་འདོད་པ།། དེ་དེ་ལ་དོན་དེ་དང་དེ།། སྒྲ་མེད་ཀྱང་དེ་དེ་ལྟར་སྣང་།། ཞེས་གསུངས་པ་ལྟ་བུའོ།། བསེ་རུ་ལྟ་བུའི་རང་སངས་རྒྱས་ནི་སུ་ལའང་མཐོང་ས་མེད་པར་ཟུར་དུ་བསྡད་ཅིང་། སྒྲ་མེད་ལུས་ཀྱི་རྣམ་འགྱུར་གྱི་སྒོ་ནས་ཀྱང་ཆོས་མི་སྟོན་པ་ཡིན། བསེ་རུ་ཟེར་བའི་རི་དྭགས་དེ་གཅིག་པུ་བསྡད་པ་དང་མཚུངས་པ་རེད།
བྱང་ཆུབ་སེམས་དཔའ་ལ་དབང་པོ་རྣོ་རྟུལ་གྱི་ཁྱད་པར་ཡོད་ཅིང་། རྫུ་འཕྲུལ་གྱི་ཤུགས་ཀྱིས་འགྲོ་བ་ལྟ་བུ་དང་། ཤིང་རྟའི་ཤུགས་ཀྱིས་འགྲོ་བ་ལྟ་བུའི་ལམ་གྱི་མྱུར་ཁྱད་གསུངས་ཡོད། དེས་ན་བྱང་ཆུབ་སེམས་དཔའ་ལ་དབང་རྣོན་དང་། ཤིན་ཏུ་དབང་རྣོན། དབང་རྟུལ། དབང་འབྲིང་བཅས་ཀྱི་དབྱེ་བ་ཕྱེ་བ་མ་གཏོགས། ལམ་གྱི་ཆ་ནས་དབྱེ་བ་གང་ཡང་ཕྱེ་རྒྱུ་མེད། དེ་ལྟར་ཐེག་པ་གསུམ་གྱི་ལམ་གྱི་རྣམ་གཞག་རགས་རིམ་ཙམ་འགྲིགས་པའི་ཁུལ་ཡིན།
དེའི་ནང་ནས་་ཁྱེད་རང་ཚོས་གལ་ཆེ་ཤོས་རོབ་ཙམ་ཤེས་དགོས་པ་ཞིག་ནི་ཞུགས་གནས་བརྒྱད་ཀྱི་རྣམ་གཞག་དེ་རེད། དེ་ཡང་ཞུགས་པ་བཞི་དང་འབྲས་གནས་བཞི་བཅས་བརྒྱད་ཀྱི་རྣམ་གཞག་ནི་ཉན་ཐོས་ལ་མ་གཏོགས་རང་རྒྱལ་ལ་མེད། ཐེག་པ་ཆེན་པོ་ལ་ནི་དེ་བས་ཀྱང་མེད། དེ་ནས་ཞུགས་གནས་བརྒྱད་པོ་ལ་ནང་གསེས་ཀྱི་དབྱེ་བ་ཕྱེ་ན་ཉན་ཐོས་ཀྱི་དགེ་འདུན་ཉི་ཤུ་ཞེས་པ་དེ་ཆགས་རྒྱུ་རེད། དེས་ན་ཞུགས་གནས་བརྒྱད་ཀྱིི་རྣམ་གཞག་དེ་ཤེས་དགོས་པ་གང་རེེད་ཅེ་ན། དེང་སང་ཐེག་དམན་གྱིས་ལམ་གྱི་རྣམ་གཞག་བཤད་སྐབས་ཞུགས་གནས་བརྒྱད་ཀྱི་རྣམ་གཞག་དེ་ངེས་པར་དུ་བཤད་ཀྱི་རེད། དེ་ཡང་རྒྱུན་ཞུགས་དང་། ཕྱིར་འོང་། ཕྱིར་མི་འོང་། དགྲ་བཅོམ་པ་བཅས་བཞི་ལ་རྒྱུན་ཞུགས་ཞུགས་པ་དང་རྒྱུན་ཞུགས་འབྲས་གནས་གཉིས། ཕྱིར་འོང་ཞུགས་པ་དང་ཕྱིར་འོང་འབྲས་གནས་གཉིས། ཕྱིར་མི་འོང་ཞུགས་པ་དང་ཕྱིར་མི་འོང་འབྲས་གནས་གཉིས། དགྲ་བཅོམ་ཞུགས་པ་དང་དགྲ་བཅོམ་འབྲས་གནས་བཅས་བརྒྱད་རེད། འོན་ཀྱང་རྒྱུན་ཞུགས་དང་། ཕྱིར་འོང་། ཕྱིར་མི་འོང་། དགྲ་བཅོམ་པ་བཅས་བཞི་པོ་རིམ་པས་འགྲོ་དགོས་པའི་ངེས་པ་གང་ཡང་མེད། རྒྱུན་ཞུགས་ཀྱི་གོ་འཕང་མ་ཐོབ་པར་ཐད་ཀར་ཕྱིར་འོང་ལ་འགྲོ་བ་དང་། རྒྱུན་ཞུགས་དང་ཕྱིར་འོང་གི་གོ་འཕང་མ་ཐོབ་པར་ཐད་ཀར་ཕྱིར་མི་འོང་བ་ལ་འགྲོ་བ་བཅས་ནི་འབྲས་བུ་འཐོབ་ཚུལ་གྱི་དབང་དུ་བྱས་ན་འབྲས་བུ་ཐོད་བརྒལ་བ་དང་། སྤང་བྱ་སྤོང་ཚུལ་གྱི་དབང་དུ་བྱས་ན་སྤང་བྱ་ཅིག་ཅར་བ་ཞེས་བརྗོད། དེ་ལྟ་བུ་མིན་པར་ཐོག་མར་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་པ་དང་། དེ་ནས་ཕྱིར་འོང་། ཕྱིར་མི་འོང་བ། དགྲ་བཅོམ་པ་བཅས་རིམ་བཞིན་འགྲོ་བ་ལ་འབྲས་བུ་རིམ་གྱིས་པ་ཞེས་བཤད། རྒྱུན་ཞུགས་ཞེས་པ་གང་དུ་བརྗོད་ཅེ་ན། ཉན་ཐོས་ཀྱི་མཐོང་ལམ་ཐོབ་པ་དང་། ཉན་ཐོས་ཀྱི་མཐོང་ལམ་གྱི་ངོ་སྐལ་དུ་གྱུར་པའི་མཐོང་སྤང་ཀུན་སྦྱོར་གསུམ་སྤོང་བ། འཇིག་རྟེན་པའི་ལམ་གྱི་བསམ་གཏན་དང་གཟུགས་མེད་ཀྱི་དངོས་གཞི་སྒྲུབ་སྐབས་སྤང་རྒྱུའི་ཉོན་མོངས་དེ་ལ་སྐོར་དགུ་རྩ་བ་ནས་མ་སྤངས་པའམ་ཡང་ན་ལྔ་པ་མན་ཆད་སྤངས་པ་ཞིག་ལ་བརྗོད། དེས་འཇིག་རྟེན་ལས་འདས་པའི་ལམ་གྱི་མཐོང་སྤང་གི་ངོ་སྐལ་དུ་གྱུར་པའི་ཉོན་མོངས་སྤངས་ཀྱང་། འདོད་པ་དང་གཟུགས་ཀྱི་ཉོན་མོངས་སྤངས་མེད། དེ་ནི་བསམ་གཏན་དང་གཟུགས་མེད་ཀྱི་དངོས་གཞི་ལ་བརྟེན་ནས་སྤང་དགོས་པའི་ཉོན་མོངས་རགས་པ་དེ་སྤངས་མེད་པར་བརྟེན། འདོད་པའི་ནང་བསྐྱར་དུ་སྐྱེ་བ་བླང་དགོས་པ་ཡིན། རྩ་བའི་དགྲ་བཅོམ་པ་ལ་འགྲོ་བའི་འཇིག་རྟེན་ལས་འདས་པའི་ལམ་གྱི་རྒྱུན་གྱི་ནང་ཞུགས་ཟིན་ཡང་། ད་དུང་སྐྱེ་བ་མང་པོ་བླང་དགོས་པ་ཡིན་ཙང་རྒྱུན་ཞུགས་སུ་གྱུར། དེ་ནས་འདོད་པའི་ཉོན་མོངས་ཆུང་ངུ་གསུམ་དང་འབྲིང་གསུམ་སྤངས་པ་དང་། དེ་བཞིན་འདོད་པའི་ཉོན་མོངས་ཆེན་པོ་གསུམ་གྱི་ནང་ནས་ཆེན་པོའི་ཆེན་པོ་དང་ཆེན་པོའི་འབྲིང་གཉིས་སྤངས་ནས་དགུ་པོ་ཆེན་པོའི་ཆུང་ངུ་མ་སྤངས་པ་དེ་ལ་ཕྱིར་འོང་བའམ་ལན་ཅིག་ཕྱིར་འོང་བ་དང་། འདོད་པའི་ཉོན་མོངས་སྐོར་དགུ་ཆ་ཚང་སྤངས་ནས་མཐོང་ལམ་ཐོབ་པ་ན་ཕྱིར་མི་འོང་བ་ཞེས་བརྗོད། ངས་བཤད་པ་དེ་དག་ཚིག་སྐྱོན་མ་བཅད་པར་རྡོག་རྡོག་བཤད་ཀྱི་ཡོད།
འཇིག་རྟེན་པའི་ལམ་གྱི་ངོ་སྐལ་དུ་གྱུར་པའི་སྤང་བྱ་ཞེ་ན། བསམ་གཏན་གྱི་དངོས་གཞི་དང་གཟུགས་མེད་ཀྱི་དངོས་གཞི་ལ་བརྟེན་ནས་ཞི་རགས་ཀྱི་རྣམ་ཅན་གྱིས་སྤང་དགོས་པའི་ཉོན་མོངས་རགས་པ་རྣམས་ལ་ཟེར། དཔེར་ན་ཉན་ཐོས་ཀྱི་མཐོང་ལམ་མ་ཐོབ་གོང་ནས་ཕྱི་རོལ་པ་དང་ཐུན་མོང་བའི་བསམ་གཏན་གྱི་དངོས་གཞི་དང་གཟུགས་མེད་ཀྱི་དངོས་གཞི་སོགས་བསྒྲུབས་ནས་འདོད་པ་དང་གཟུགས་ཀྱི་ཉོན་མོངས་ཆ་ཚང་སྤངས་པ་ལ་ཆགས་བྲལ་སྔོན་སོང་ཟེར་བ་དང་། དེ་ལྟ་བུའི་ཉོན་མོངས་སྤངས་པའི་གང་ཟག་ཅིག་གིས་འཇིག་རྟེན་ལས་འདས་པའི་ལམ་ལ་ཞུགས་ནས་མཐོང་སྤང་ཀུན་སྦྱོར་གསུམ་སྤོང་བ་ན་འདོད་པ་ལ་བསྐྱར་དུ་སྐྱེ་བ་བླང་དགོས་པ་མེད་པར་བརྟེན། ཕྱིར་མི་འོང་བ་ལ་ཞུགས་པ་ཡིན། དེ་ལ་འབྲས་བུ་ཐོད་བརྒལ་བ་ཞེས་བརྗོད། འོག་གི་སྐས་ལ་མི་འཛེགས་པར་ཧོབ་སྟེ་ཐོག་ཏུ་མཆོངས་པ་དང་མཚུངས། དེས་ན་འཇིག་རྟེན་ལས་འདས་པའི་ལམ་གྱི་ངོ་སྐལ་གྱི་སྤང་བྱར་གྱུར་པའི་ཉོན་མོངས་རྣམས་རིམ་བཞིན་སྤང་རྒྱུ་མ་གཏོགས། སྔ་རྗེས་སུ་སྤང་རྒྱུ་མེད། འོན་ཀྱང་འཇིག་རྟེན་པའི་ལམ་གྱི་ངོ་སྐལ་དུ་གྱུར་པའི་སྤང་བྱའི་ཉོན་མོངས་རྣམས་བསམ་གཏན་གྱི་དངོས་གཞི་ནམ་ཐོབ་པ་ན་སྤང་བ་ཡིན། གལ་ཏེ་བསམ་གཏན་དང་པོའི་དངོས་གཞི་ཐོབ་ན་འདོད་པའི་ཉོན་མོངས་ཆ་ཚང་སྤངས་པ་དང་། བསམ་གཏན་གཉིས་པའི་དངོས་གཞི་ཐོབ་ན་བསམ་གཏན་དང་པོ་མན་ཆད་ཀྱི་ཉོན་མོངས་སྤངས་པ། བསམ་གཏན་གསུམ་པའི་དངོས་གཞི་ཐོབ་ན་བསམ་གཏན་གཉིས་པ་མན་ཆད་ཀྱི་ཉོན་མོངས་སྤངས་པ་ཡིན། སྐབས་འདིར་ཉོན་མོངས་སྤངས་པ་ཞེ་ན། གནས་སྐབས་སམ་མངོན་གྱུར་བ་མགོ་ནོན་པའི་ཚུལ་གྱིས་སྤངས་པ་མ་གཏོགས། ས་བོན་དང་བཅས་པ་སྤངས་པ་མིན། ཡིན་ནའང་འཇིག་རྟེན་པའི་ལམ་གྱིས་སྤངས་པའི་ཉོན་མོངས་དེའི་རྩ་བ་དེ་འཇིག་རྟེན་ལས་འདས་པའི་ལམ་གྱིས་སྤངས་པ་རེད། དེས་ན་འཇིག་རྟེན་པའི་ལམ་གྱིས་སྤོང་ཚུལ་དེས་སླར་མི་སྐྱེ་བའི་ཆོས་ཅན་དུ་མི་སྤངས་ཀྱང་། འཇིག་རྟེན་ལས་འདས་པའི་ལམ་གྱིས་དེའི་ས་བོན་སྤངས་པར་བརྟེན་ཕྱིར་མི་ལོག་པ་རེད། དེ་ལྟར་དེ་གཉིས་ཀྱི་དབྱེ་བ་ཕྱེ་ཤེས་དགོས།
བསམ་གཏན་དང་གཟུགས་མེད་ཀྱི་དངོས་གཞི་ཐོབ་ཚུལ་གྱི་ཆ་ནས་ཉན་ཐོས་ལ་ཞུགས་གནས་བརྒྱད་ཀྱི་རྣམ་གཞག་དེ་བྱུང་། དེ་ལྟ་བུའི་ཞུགས་གནས་བརྒྱད་ནི་མཐོང་ལམ་བར་ཆད་མེད་ལམ་ལ་གནས་པའི་ཉན་ཐོས་དེ་རྒྱུན་ཞུགས་ཞུགས་པ་དང་། མཐོང་ལམ་རྣམ་གྲོལ་ལམ་ཡན་ལ་གནས་པའི་ཉན་ཐོས་དེ་རྒྱུན་ཞུགས་འབྲས་གནས། སྒོམ་ལམ་སྐོར་དགུའི་ནང་འདོད་པའི་ཉོན་མོངས་དྲུག་པའི་དངོས་གཉེན་བྱེད་པ་ན་ཕྱིར་འོང་ཞུགས་པ། འདོད་པའི་ཉོན་མོངས་དྲུག་པ་སྤངས་པའི་རྣམ་གྲོལ་ལམ་ཐོབ་པ་ན་ཕྱིར་འོང་འབྲས་གནས། འདོད་ཉོན་དགུ་པའི་དངོས་གཉེན་དུ་གྱུར་པའི་བར་ཆད་མེད་ལམ་ཐོབ་པ་ན་ཕྱིར་མི་འོང་ཞུགས་པ། དེ་ལས་གྲོལ་བའི་རྣམ་གྲོལ་མ་ཐོབ་པ་ན་ཕྱིར་མི་འོང་འབྲས་གནས། ཁམས་གསུམ་གྱི་ཉོན་མོངས་ཡོངས་རྫོགས་ཀྱི་དངོས་གཉེན་དུ་གྱུར་པའི་བར་ཆད་མེད་ལམ་ཐོབ་པ་ན་དགྲ་བཅོམ་ཞུགས་པ། དེ་ལས་གྲོལ་བའི་རྣམ་གྲོལ་ལམ་ཐོབ་པ་ན་དགྲ་བཅོམ་འབྲས་གནས་ཞེས་བརྗོད་པ་རེད།
ཐེག་པ་ཆེན་པོའི་ལམ་ལ་སྒོམ་ལམ་དང་མཉམ་དུ་ས་བཅུའི་རྣམ་གཞག་དེ་སྦྱར་ན་སྒོམ་ལམ་གྱི་ངོ་སྐལ་དུ་གྱུར་པའི་ཉོན་སྒྲིབ་དང་ཤེས་སྒྲིབ་ཀྱི་དབྱེ་བ་ཕྱེ་ནས་དག་པ་ས་གསུམ་གྱི་གནས་སྐབས་ལ་སྒོམ་ལམ་གྱི་མཐའ་མའི་སྐབས་སུ་ཤེས་སྒྲིབ་སྤང་རྒྱུ་རེད། དེས་ན་ཐེག་པ་དམན་པའི་མངོན་པ་བས་རྒྱུན་ཞུགས་དང་། ཕྱིར་འོང་། ཕྱིར་མི་འོང་གི་སྐད་ཆ་མང་པོ་བཤད་ཀྱི་ཡོད། འོན་ཀྱང་ང་ཚོ་བཞིན་ཞིབ་ཚགས་པོས་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་མེད། དེས་ན་ཁོང་ཚོས་ཕྱིར་འོང་དང་ཕྱིར་མི་འོང་གི་སྤང་བྱར་གྱུར་པའི་ངོ་སྐལ་གྱི་ཉོན་མོངས་རྣམས་ཞིབ་ཕྲ་ཤེས་མཁན་དཀོན།
སྤྱིར་བཏང་དེ་ཚོ་ངས་སྐར་མ་ཁ་ཤས་ནང་རྡོག་རྡོག་བཤད་པ་ཡིན་རུང་། གདན་སར་དགེ་འདུན་ཉི་ཤུ་དེ་ལོ་གཅིག་ཏག་ཏག་ལྟ་གི་རེད། དེ་ལ་རྙོག་ཁྲ་མང་པོ་རེད། དེ་ལྟ་བུའི་ཞུགས་གནས་བརྒྱད་པོ་ལ་དབང་པོ་རྣོ་རྟུལ་དང་། སྐྱེ་བ་ལེན་ཚུལ། ཉོན་མོངས་སྤོང་ཚུལ་སོགས་མི་འདྲ་བའི་དབང་གིས་ཉན་ཐོས་ཀྱི་དགེ་འདུན་ལ་རྣམ་པ་ཉི་ཤུ་ཕྱེ་ཞིང་། དེ་ཡང་མངོན་རྟོགས་རྒྱན་ལས། དབང་པོ་རྟུལ་དང་རྣོན་པོ་དག།། དད་དང་མཐོང་ཐོབ་རིགས་ནས་རིགས།། བར་ཆད་གཅིག་བར་སྐྱེས་ནས་དང་།། བྱེད་དང་བྱེད་མིན་འོག་མིན་འགྲོ། འཕར་གསུམ་སྲིད་རྩེ་མཐར་ཐུག་འགྲོ། གཟུགས་ཀྱི་ཆགས་བཅོམ་མཐོང་བ་ཡི།། ཆོས་ལ་ཞི་ལུས་མངོན་སུམ་བྱེད།། བསེ་རུ་དང་ནི་ཉི་ཤུ་འོ།། ཞེས་དབང་པོ་རྟུལ་པོ་དང་། དབང་པོ་རྣོན་པོ། དད་པས་ཐོབ་པ། མཐོང་བས་ཐོབ་པ། རིགས་ནས་རིགས་སུ་སྐྱེས་པ། བར་ཆད་གཅིག་པ། བར་འདའ་བ། སྐྱེས་འདའ་བ། མངོན་པར་འདུ་བྱེད་དང་བཅས་པས་འདའ་བ། འདུ་བྱེད་མེད་པས་འདའ་བ། འོག་མིན་མཐར་ཐུག་འགྲོ འཕར་བ། ཕྱེད་འཕར་བ། གནས་ཐམས་ཅད་དུ་འཆི་འཕོ་བ། སྲིད་རྩེ་མཐར་ཐུག་འགྲོ གཟུགས་ཀྱི་ཆགས་བཅོམ། མཐོང་ཆོས་ཞི། ལུས་མངོན་བྱེད། བསེ་རུ་ལྟ་བུའི་རང་རྒྱལ་ཏེ་ཉི་ཤུའོ།། རྣམ་པ་ཉི་ཤུ་པོ་སོ་སོའི་ཉོན་མོངས་སྤོང་ཚུལ་དང་སྐྱེ་བ་ལེན་ཚུལ་རྣམས་ཧ་ཅང་རྒྱ་ཆེ་གཏིང་ཟབ་ཡོད་པ་རྣམས་མི་དགོས་པར་ཤིན་ཏུ་བསྡུས་ན་འཇིག་རྟེན་ལས་འདས་པའི་ལམ་དང་འཇིག་རྟེན་པའི་ལམ་གྱི་སྤང་བྱའི་ཉོན་མོངས་གཉིས་པོའི་སྤོང་ཚུལ་མི་འདྲ་བའི་ཁྱད་པར་གྱི་དབང་གིས་རྒྱུན་ཞུགས་དང་། ཕྱིར་འོང་། ཕྱིར་མི་འོང་། དགྲ་བཅོམ་པ་བཅས་འཇོག་པ་རེད།

དྲི་བ་དྲིས་ལན།
དྲི་བ། སེམས་དང་སེམས་བྱུང་གི་ཁྱད་པར་ཇི་ལྟར་འཇོག་དགོས་སམ།
ལན། སེམས་དང་སེམས་བྱུང་གི་ཁྱད་པར་དེ་གཞུང་ཞིག་གཞིར་བཞག་གིས་བསླབ་དགོས་པ་ཞིག་རེད། འོན་ཀྱང་ཚིག་སྐྱོན་མ་བཅད་པར་གོ་དོན་རགས་པ་ཙམ་བཤད་ན། ཡུལ་ལ་འཇུག་པའི་བྱ་བ་ཁྱད་པར་བ་མི་བྱེད་པའི་གསལ་རིག་གི་ཆ་ཙམ་ལ་གཙོ་སེམས་དང་། ཡིན་ནའང་གཙོ་སེམས་ཀྱིས་ཡུལ་ལ་འཇུག་པའི་བྱ་བ་མི་བྱེད་དམ་ཞེ་ན། དེ་ནི་བྱེད་ཀྱི་རེད་ཅེས་བརྗོད་དགོས། འོན་ཀྱང་ཡུལ་ལ་འཇུག་པའི་བྱ་བ་བྱེད་པའི་ཆ་ནས་བཞག་པ་མིན་པར། གསལ་རིག་ཙམ་གྱི་ཆ་ནས་བཞག་པ་ཡིན་པ། དེའི་མཉམ་དུ་ཡུལ་གྱི་སྤུ་རིས་འབྱེད་པའི་སེམས་བྱུང་གི་རྣམ་གཞག་གཞན་མང་པོ་དང་མཉམ་དུ་འགྲོ་མཁན་ཞིག་ལ་སེམས་ཞེས་ཟེར། སེམས་བྱུང་ནི་སེམས་དེའི་འཁོར་དུ་བྱུང་བའམ་མཉམ་དུ་འགྲོ་མཁན་གྱི་ཀུན་འགྲོ་ལྔ་དང་ཡུལ་ངེས་ལྔ་སོགས་པ་རེད། དེའི་ནང་ནས་ཀུན་འགྲོའི་འགྲོ་སྟངས་ཐ་དད་རེད། དེ་བཞིན་ཡུལ་ངེས་ཀྱི་འགྲོ་སྟངས་ཐ་དད་རེད། དེ་མ་ཡིན་པའི་རྩ་ཉོན་དང་ཉེ་ཉོན་སོགས་ཀྱི་ལས་ཀ་བྱེད་སྟངས་ཐ་དད་རེད། སེམས་དང་སེམས་བྱུང་གི་རྣམ་གཞག་སྐོར་ཁྱེད་རང་ཚོས་ཤེས་འདོད་ན། བློ་རིག་བསྡུས་པ་ཞིག་བལྟ་དགོས།
དྲི་བ། དགེ་འདུན་ཉི་ཤུ་ལ་གྲངས་འདྲེན་བྱེད་ཚུལ་གཉིས་ཙམ་འདུག དེ་གང་འདྲ་ཡིན་ནམ།
ལན། དགེ་འདུན་ཉི་ཤུ་ལ་གྲངས་འདྲེན་བྱེད་ཚུལ་མི་འདྲ་བ་མང་པོ་རེད། དེ་ཡང་རྒྱུན་ཞུགས་དང་། ཕྱིར་འོང་། ཕྱིར་མི་འོང་བཅས་ཀྱི་ནང་གསེས་བརྩི་ཚུལ་ལ་འཕགས་ཡུལ་གྱི་སློབ་དཔོན་ཚོའི་བཞེད་ཚུལ་མི་འདྲ་བ་ཡོད། དེ་ཚོ་འདིར་ད་ལྟ་བཤད་ན་མགོ་སྦོས་རྒྱུ་ལས་གསལ་པོ་ཡོང་ཁག་པོ་རེད།
དྲི་བ། ལྷག་མེད་མྱང་འདས་དང་མི་གནས་པའི་མྱང་འདས་ཞེས་པ་དེ་གང་ཡིན་ནམ།
ལན། ལྷག་མེད་མྱང་འདས་ནི་གསུམ་གར་ཡོད། དེ་ནི་ཕུང་པོ་ལྷག་མ་མེད་པར་མྱ་ངན་ལས་འདས་པའམ་སྔ་མའི་ལས་ཉོན་གྱིས་འཕངས་པའི་ཕུང་པོའི་ལྷག་མ་དེ་ཟད་པ་ལ་བརྗོད། མི་གནས་པའི་མྱང་འདས་ནི་སངས་རྒྱས་ཀྱི་ས་ལ་མ་གཏོགས་མེད། དེ་ལ་སྲིད་ཞིའི་མཐའ་ལ་མི་གནས་པའི་མྱང་འདས་ཞེས་བརྗོད་ཅིང་། དེ་ནི་ཤེས་རབ་ཀྱི་ཆ་ནས་སྲིད་པ་ལ་མི་གནས་པ་དང་། སྙིང་རྗེའི་དབང་གིས་ཞི་བ་ལ་མི་གནས་པ་ཡིིན།
དྲི་བ། རང་རྒྱལ་སྲིད་པ་ཐ་མ་པས་དགེ་བའི་བཤེས་གཉེན་ཅིའི་ཕྱིར་མི་བསྟེན་པ་ཡིན།
ལན། རང་རྒྱལ་གྱི་ཐུན་མོང་མ་ཡིན་པའི་ཐུགས་བསྐྱེད་ཚུལ་ནི་སངས་རྒྱས་འཇིག་རྟེན་དུ་མ་བྱོན་པའི་སྐབས་སུ་སེམས་ཅན་དོན་བྱེད་མཁན་མེད་པར་བརྟེན། རང་རྒྱལ་གྱིས་གཞན་དོན་རླབས་ཆེ་གནང་མི་ཐུབ་ཀྱང་། ཕྲན་བུ་སེམས་ཅན་ལ་ཕན་ཐོགས་ན་སྙམ་པ་དེའི་དབང་གིས་སངས་རྒྱས་འབྱུང་བ་མེད་པའི་ས་ཕྱོགས་སུ་སྐྱེ་བའི་སྨོན་ལམ་བཏབ་པ་རེད། དེ་ལ་སངས་རྒྱས་ཀྱི་ཆོས་དང་བསྟན་པ་སོགས་མེད་ནའང་རང་གི་རྫུ་འཕྲུལ་བསྟན་པའི་ཐོག་ནས་སམ། ཡང་ན་རྫུ་འཕྲུལ་མི་བསྟན་ནའང་ས་གཞི་བྱིན་གྱིས་བརླབས་ནས་རང་རྒྱལ་ཡོད་པ་ཙམ་གྱིས་ས་གཞི་དེས་སེམས་ཅན་ལ་ཕན་ཐོགས་པར་བརྟེན། སེམས་ཅན་ལ་དོན་རྒྱ་ཆེན་པོ་གནང་མི་ཐུབ་ནའང་སངས་རྒྱས་མ་བྱུང་བའི་སྐབས་སུ་བྱང་ཆུབ་མངོན་དུ་བྱེད་པའི་དགོངས་པ་བཞེས་པ་རེད། དེས་ན་ཉན་ཐོས་ལས་རང་རྒྱལ་རིགས་ཅན་གྱི་གང་ཟག་དེ་དག་གཞན་དོན་གྱི་འདུན་པ་ཆེ་བ་རེད། རང་རྒྱལ་གྱིས་བསྐལ་པ་བརྒྱར་ཚོགས་བསགས་ནས་དགེ་བའི་བཤེས་གཉེན་ལ་མ་བསྟེན་པར་རང་ཉིད་ཀྱིས་ཞི་བ་མྱང་འདས་མངོན་དུ་བྱེད་ཐུབ་མིན་ཡང་གཟིགས་ཀྱི་ཡོད། སངས་རྒྱས་ཀྱི་བསྟན་པ་མེད་པའི་སྐབས་སུ་རང་རྒྱལ་བྱོན་པར་བརྟེན་ང་ཚོས་མཇལ་ཐབས་མེད།
དྲི་བ། ཐེག་པ་གསུམ་ལ་ལྟ་བའི་ཁྱད་པར་མེད་པ་ཡིན་ནམ།
ལན། ཐེག་པ་གསུམ་ལ་ལྟ་བའི་ཁྱད་པར་མེད་ཅེས་ངས་བཤད་རྒྱུ་མ་བྱུང་། དེ་འདྲ་འདོད་མཁན་གྱི་གྲུབ་མཐའ་སྨྲ་བ་ཡོད་རེད། དེ་ཡང་ཐེག་དམན་གྱི་བསྒོམ་བྱའི་གཙོ་བོ་ལ་གང་ཟག་གི་བདག་མེད་དང་། ཐེག་ཆེན་གྱི་བསྒོམ་བྱའི་གཙོ་བོ་ལ་ཆོས་ཀྱི་བདག་མེད་བཞག་པ་རེད། ཐལ་འགྱུར་བས་ཆོས་དང་གང་ཟག་གི་བདག་མེད་ཀྱི་དབྱེ་བ་སྟོང་གཞི་ཆོས་ཅན་སྒོ་ནས་ཕྱེ་བ་མ་གཏོགས། དགག་བྱའི་ངོས་ནས་མ་ཕྱེ་བར་བརྟེན། ཉན་ཐོས་དང་ཐེག་ཆེན་པ་གཉིས་ཀར་བསྒོམ་བྱའི་གཙོ་བོ་ལྟ་བའི་ཆ་ནས་ཕྲ་རགས་ཀྱི་ཁྱད་པར་མེད་ཅེས་ཞུས་པ་ཡིན། ཕྲ་རགས་མེད་ནའང་དེ་གཉིས་ཀྱི་བསྒོམ་བྱ་གཅིག་པ་ཡིན་ཞེས་མི་བཤད་ཅིང་། ཉན་ཐོས་ཀྱི་སྒོམ་ཚུལ་དང་བྱང་ཆུབ་སེམས་དཔའི་སྒོམ་ཚུལ་གཉིས་མི་འདྲ་བ་རེད། གང་ལགས་ཤེ་ན། གང་བསྒོམ་བྱའི་གཙོ་བོ་བྱེད་པའི་གཞིའམ་ལྡོག་ཆ་མི་འདྲ་བ་ཆགས་པ་རེད།
དྲི་བ། ཉན་ཐོས་དང་ཐེག་ཆེན་སྟོང་གཞི་ཆོས་ཅན་མ་གཏོགས། ཡུལ་ཅན་ལ་ཁྱད་པར་མེད་དམ།
ལན། ཡུལ་ཅན་ལ་ཁྱད་པར་མེད་ཅེས་མི་བརྗོད། དགག་བྱ་ལ་ཁྱད་པར་མེད་པར་བཤད། ཡུལ་ཅན་ལ་ཁྱད་པར་ཡོད་དགོས་བྱུང་།
དྲི་བ། དགག་བྱ་ལ་ཁྱད་པར་མེད་པར་བརྟེན། ཉན་ཐོས་ཀྱིས་རང་གི་གང་ཟག་གི་བདག་མེད་རྟོགས་དུས་ཐེག་ཆེན་གྱི་གང་ཟག་གི་བདག་མེད་ཀྱང་རྟོགས་ཐུབ་ཀྱི་རེད་དམ།
ལན། ཐེག་ཆེན་གྱི་གང་ཟག་གི་བདག་མེེད་ཅེས་བརྗོད་ན་ཚིག་སྐྱོན་ཡོད། བདག་མེད་ལ་ཐེག་པ་ཆེ་ཆུང་ཕྱེ་རྒྱུ་མེད། ཉན་ཐོས་ཀྱིས་གང་ཟག་གི་བདག་མེད་རྟོགས་ཚུལ་ཐེག་ཆེན་པས་རྟོགས་ཚུལ་དང་གཅིག་པ་རེད་དམ་ཞེས་འདྲི་ན་གཅིག་པ་མ་རེད། ཐེག་པ་ཆེན་པོས་གང་ཟག་གི་བདག་མེད་རིགས་པའི་རྣམ་གྲངས་མཐའ་ཡས་པའི་སྒོ་ནས་སྒོམ་པའམ་རྟོགས་པ་དང་། ཉན་རང་གིས་གང་ཟག་བདག་མེད་རིགས་པའི་རྣམ་གྲངས་ཉི་ཚེ་བའི་ཐོག་ནས་སྒོམ་པའམ་རྟོགས་ཐུབ་ཙམ་གྱིས་འགྲིགས། དེས་ན་རིགས་པའི་རྣམ་གྲངས་མང་ཉུང་གི་ཆ་ནས་རྟོགས་ཚུལ་དང་སྒོམ་ཚུལ་མི་འདྲ་བ་རེད། ཉན་རང་གི་བསྒོམ་བྱར་གྱུར་པའི་བདག་མེད་ཀྱི་དགག་བྱ་དང་། བྱང་ཆུབ་སེམས་དཔའི་བསྒོམ་བྱར་གྱུར་པའི་བདག་མེད་ཀྱི་དགག་བྱ་གཉིས་ལ་ཁྱད་པར་མེད། འོན་ཀྱང་སྒོམ་པའི་བློ་ཡུལ་ཅན་ལ་བསོད་ནམས་ཀྱི་ཚོགས་ཀྱི་རྒྱབ་རྟེན་ཆེ་ཆུང་གི་ཁྱད་པར་ཡོད། སྒོམ་ཚུལ་ལ་རིགས་པའི་རྣམ་གྲངས་མཐའ་ཡས་པ་ཡིན་མིན་གྱི་ཁྱད་པར་ཡོད།
དྲི་བ། སེམས་དང་སེམས་བྱུང་ཡུལ་ལ་འཇུག་སྐབས་དུས་སྔ་ཕྱིའི་ཁྱད་པར་ཡོད་དམ།
ལན། སེམས་དང་སེམས་བྱུང་ཡུལ་ལ་འཇུག་པའི་སྐབས་སུ་དུས་སྔ་ཕྱིའི་ཁྱད་པར་མེད། སེམས་བྱུང་ཡུལ་ལ་འཇུག་པའི་བྱ་བ་བྱེད་པ་དང་། དེའི་དབང་གིས་སེམས་དེའང་ཡུལ་ལ་འཇུག་ཅེས་བརྗོད་དགོས། སེམས་ནི་སྤྱི་ལྡོག་ཅིག་ལ་བསམ་དགོས། སེམས་བྱུང་ནི་གཙོ་འཁོར་ལྟ་བུ་རེད། དེའི་ལྡོག་ཆ་ཕྱེ་ནས་བྱ་བ་བྱེད་སྟངས་ཀྱི་རྣམ་གྲངས་ཤིག་གི་ཐོག་ནས་འཇོག སེམས་དང་སེམས་བྱུང་སྐོར་མཁྱེན་འདོད་ཡོད་ན་ཟུར་དུ་དུས་ཚོད་བཏང་ནས་བགྲོ་གླེང་བྱེད་ན་འགྲིགས་ཀྱི་རེད། སེམས་དང་སེམས་བྱུང་གི་རྣམ་གྲངས་ཕྲ་བ་མ་བྱུང་ཡང་། ཀུན་འགྲོ་ལྔ་དང་ཡུལ་ངེས་ལྔ་པོས་བྱ་བ་བྱེད་ཚུལ་མཁྱེན་ན་དེའི་རིགས་ལམ་རོབ་ཙམ་འཆར་གྱི་རེད། ད་དུས་ཚོད་རྫོགས་སོང་། ཞེས་གསུངས།། །།
(༡༩༩༠ ཕྱི་ཟླ་ ༢ ཚེས་ ༩ ཉིན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་སློབ་ཕྲུག་བདེ་དོན་ལྷན་ཚོགས་ཀྱི་གོ་སྒྲིག་འོག་རྒྱལ་པོའི་ཁབ་ཀྱི་གཞོན་ནུ་དོན་གྲུབ་མགྲོན་ཁང་དུ་སློབ་གཉེར་བ་རྒན་པ་རྣམས་ཀྱི་དགུན་ཆོས་སུ་བསྟན་པ་སྤྱིའི་རྣམ་གཞག་ཁོངས་གསུངས་པ་ཞིག་ཡིན།)