༈ སྡེ་སྣོད་གསུམ།
༄༅།། ཁ་སང་འདིར་མ་ཡོང་གོང་དུ་ཞུས་པ་བཞིན་དེ་རིང་ང་ཚོའི་སློབ་ཚན་ནང་ཡོད་པའི་བརྗོད་བྱ་རྣམས་ཁྱེད་ཚོར་དེ་སྔ་ཕན་ལ་མ་བསླབས་པ་དང་གསར་པ་ཞིག་བཞག་མེད། འདི་ནི་མཁྱེན་པ་བསྐྱར་གསོ་དང་ལམ་སྟོན་བྱེད་པའི་དོན་དུ་བཞག་པ་ཞིག་རེད། གང་ལྟར་དེ་སྔ་སྦྱངས་པ་དང་། བསླབས་པ། ཤེས་ཟིན་པ་རྣམས་བསྡོམས་བརྒྱབས་ནས་རུག་རུག་བཟོས་ཏེ། བློ་ལ་གསལ་པོ་ངེས་རྒྱུ་དང་། རྗེས་སུ་ཕར་བཤད་དགོས་བྱུང་ནའང་ནོར་འཁྲུལ་མེད་པར་ཡག་པོ་བཤད་ཐུབ་ཐབས་སོགས་དམིགས་ཡུལ་ལ་བཞག་པ་རེད། དེས་ན་འདི་གསན་པའི་སྐབས་སུ་ང་ཚོར་བསླབས་ཚར་བ་རེད། འདི་ལ་གསར་པ་གང་ཡང་མི་འདུག་ཅེས་མ་གཡུག་པར་ཡག་པོ་གསན་དགོས།
སངས་རྒྱས་པའི་ཆོས་ལུགས་ཙམ་མ་ཡིན་པར་ཆོས་ལུགས་གང་འདྲ་ཞིག་ཡིན་ནའང་ཐོག་མར་དར་དུས་སྟོན་པ་གཅིག་ཡོང་གི་ཡོད། དེ་ཡང་ཕྱི་རོལ་པའི་སྟོན་པ་དང་། ནང་པའི་སྟོན་པ། གཅེར་བུ་པའི་སྟོན་པ། རིག་བྱེད་པའི་སྟོན་པ་སོགས་རེད། གང་ལྟར་ཆོས་ལུགས་དང་པོ་འཛུགས་མཁན་དེ་ལ་སྟོན་པ་ཞེས་ཟེར། སྟོན་པ་དེས་གསུངས་པའི་གཞུང་ལ་ལུང་ངམ་བཀའ་ཞེས་བརྗོད། དེ་ནི་ཆོས་ལུགས་དེའི་གཞི་རྩ་གཞག་ས་རེད། དེ་ནས་ཡར་རྒྱས་ཇི་ལྟར་འགྲོ་ཡང་རྩ་བའི་ལུང་ངམ་བཀའ་དེ་ལས་མ་འགལ་བར་དགོས་རྒྱུ་དེ་ཆོས་ལུགས་ཀྱི་སྤྱི་སྲོལ་རེད། དེའི་རྣམ་གཞག་ཆོས་ལུགས་ཚང་མར་མི་འདྲ་བ་རེད། འཛམ་བུ་གླིང་གི་ཆོས་ལུགས་ཕལ་ཆེ་བ་བསྡུས་ན། ལུང་གི་རྣམ་གཞག་འགྲོ་སྟངས་མི་འདྲ་བ་གཉིས་རེད། དེ་ནི་ཆོས་ལུགས་ཀྱི་འགག་སྡོམ་ཆེན་པོ་ཞིག་ཀྱང་རེད། ཆོས་ལུགས་མང་ཆེ་བའི་ལུང་གི་སྟོན་པ་ནི་ལུང་དེའི་རྩོམ་པ་པོ་དེ་མིན་ཞིང་། དེས་ལུང་དེ་འཁྱེར་ཡོང་བའམ། དེས་དངོས་སུ་ཉན་ནས་ལན་སྐྱེལ་བ་དེ་ལ་ཕོ་ཉ་ (Messenger) ཞེས་ཟེར། དེའི་ནང་ཁ་ཆེའི་ཆོས་ལུགས་དང་། ཡི་ཤུའི་ཆོས་ལུགས། དེ་བཞིན་ཆོས་ལུགས་གཞན་མང་པོ་ཡོད། དེ་ཚོ་ཚང་མས་གང་བསམ་གྱི་ཡོད་ཅེ་ན། གང་ཟག་ཕལ་པས་བསྙབ་ས་མེད་པའི་གཙོ་བོའམ། འཇིག་རྟེན་གྱི་བྱེད་པ་པོ། ཚངས་པ། God སོགས་ཀྱི་མིང་གིས་བཏགས་པ་དང་། ཁ་ཤས་ཀྱིས་གང་ཟག་དང་། ནུས་པ། ཡོན་ཏན་སོགས་ལ་འདོད་པ་གང་ཡིན་རུང་། དེ་ནི་འཇིག་རྟེན་ཐམས་ཅད་ཀྱི་བཀོད་པ་པོ་དང་། འཇིག་རྟེན་ཐམས་ཅད་ཀྱི་བྱེད་པ་པོ། ཚང་མ་ཤེས་མཁན། གང་དུ་ཡིན་ནའང་ཡོད་པ། བརྩེ་བའི་བདག་ཉིད་ཅན་ཞིག་ཏུ་བསམ་གྱི་ཡོད། དེ་དང་གང་ཟག་ཕལ་པ་གཉིས་ཀྱི་བར་ལ་ཐད་ཀར་འབྲེལ་བ་དེ་བཟོ་མ་ཐུབ་པ་ཡིན་ཙང་། འབྲེལ་བ་བཟོ་མཁན་ནམ་ལན་སྐྱེལ་མཁན་ཞིག་གོང་ནས་མར་གཏོང་བར་བསམ་གྱི་ཡོད། གང་ལྟར་ཡི་ཤུའི་སྟོན་པ་ཨཱིསཱ་མསཱིཧ་ཡིན་ནའང་རེད། དེ་བཞིན་ཁ་ཆེའི་སྟོན་པ་མུཧམྨད་ཡིན་ནའང་རེད། ཁོང་ཚོས་བསམ་བློ་བཏང་བའམ་ཉམས་མྱོང་ཐོག་ནས་ཚིག་གཅིག་ཀྱང་བརྗོད་ཀྱི་མེད། གོང་ནས་བཀའ་གཏང་ཡོང་རྒྱུ་དེ་རེད། ཡི་ཤུ་ལ་ཆ་བཞག་ན་ God དང་། ཁ་ཆེ་ལ་ཆ་བཞག་ན་ཁུདཱ་ཡིས་འདི་ཆོག་གི་རེད། འདི་ཆོག་གི་མ་རེད། འདི་ཡག་པོ་རེད། འདི་སྡུག་ཅག་རེད་ཅེས་གོང་ནས་གང་ཐག་བཅད་པ་དེ་རེད། གང་ལྟར་ཐག་གཅོད་བྱེད་པའི་རྣམ་དཔྱོད་དེ་ང་ཚོ་ལ་མེད་པར་ཐག་བཅད་དེ་དང་པོ་ནས་ཏག་ཏག་འགྲིགས་པ་ཞིག་ཡོང་བ་ལ་ཨིན་སྐད་དུ་ Revelation དང་ Message ཟེར་གྱི་རེད། ང་ཚོ་ནང་པ་ལའང་ Message of Buddha (སངས་རྒྱས་ཀྱི་འཕྲིན་) བཤད་རྒྱུ་དེ་ཨིན་སྐད་ནང་གོམས་པའམ། ཡང་ན་ God གིས་གོང་ནས་མར་ལན་བསྐུར་ཡོང་རྒྱུར་གོམས་པ་ཡིན་ཙང་རེད། གང་ལྟར་གཞན་ཞིག་ནས་ཐག་བཅད་དེ་ང་ཚོར་མར་ལན་བསྐྱལ་བའི་བསམ་ཚུལ་ཞིག་གི་ཐོག་ནས་གཞུང་གི་རྩ་བའི་ལུང་དེ་ཡོང་གི་ཡོད། དེ་ནི་ཀུ་རན་ (Quran) ཡིན་ནའང་རེད། བ་ཡི་བལ་ (Bible) ཡིན་ནའང་རེད། དེ་ཚོ་རིགས་གཅིག་རེད།
དེ་ནས་མི་འདྲ་བ་གཉིས་པ་ནི། ལུང་འདི་རྟག་པ་རེད་ཅེས་བསམ་མཁན་ཞིག་ཡོད། འདི་དང་འདི་ཞེས་མིང་འདོགས་དགོས་པ་མི་འདུག ཁྱེད་རང་ཚོས་ཤེས་གསལ་རེད། གང་ལྟར་སྡེ་ཚན་ཕྱེ་ཡོང་དུས་ལུང་རྟག་པ་རེད་བསམ་མཁན་ཞིག་ཡོད། དེ་ཡང་སྒྲ་རྟག་པ་དང་སྒྲ་འདི་ནམ་མཁའི་ཡོན་ཏན་ཡིན་ཙང་། སྒྲའི་ནང་དུ་ཆོག་དང་མ་ཆོག་གི་གདམས་ངག་མཐར་ཐུག་པའམ། རིག་བྱེད་ཀྱི་དངོས་པོ་གང་འདྲ་ཞིག་ཡོད་ནའང་། དེ་ནི་རང་བཞིན་གྱིས་སྒྲའི་ནང་དུ་གྲུབ་པ་ཞིག་ནམ་མཁའ་ལ་ཡོད་པ་དྲན་གྱི་ཡོད། དེ་འདྲ་ཡོད་པའང་དྲང་སྲོང་ཆེན་པོ་དེ་ཚོས་བསམ་གཏན་གྱི་ཐོག་ནས་ཏིང་ངེ་འཛིན་གྱི་སྣང་བ་ལ་སོགས་པའི་ཡོན་ཏན་ཁྱད་པར་ཅན་ཐོབ་ནས་ནམ་མཁའ་ལ་གནས་པའི་སྒྲ་རྣམས་བསྡུས་ནས་ཡོང་བའི་རིག་བྱེད་བཞི་ལ་སོགས་པ་འདི་དག་ཐོག་མ་མེད་པ་དང་། སྐྱེས་བུས་མ་བྱས་པ། ནམ་མཁའི་ཡོན་ཏན་ལ་ཡོད་པ། རྟག་པའི་ངོ་བོར་ཡོད་པ་ཞིག་ལ་འདོད། གང་ལྟར་ང་ཚོས་མ་གོ་བ་དེ་དྲང་སྲོང་ཆེན་པོ་དེ་ཚོས་ཐོས་ནས་རུག་རུག་བཟོས་ཏེ་ང་ཚོའི་སར་བསྐྱལ་ཡོང་བ་ལ་ལུང་དུ་ཆ་བཞག་པ་གཅིག་རེད། དེ་ཚོ་ཚང་མར་བརྟག་དཔྱད་དང་རྩོད་པ་བྱེད་པའི་ཐོབ་ཐང་དང་གོ་སྐབས་ནམ་ཡང་མེད། དེ་ལྟ་བུའི་ལུང་དེ་རིགས་ལ་བརྟག་དཔྱད་བྱེད་པའི་ཐོབ་ཐང་སུ་ལའང་མེད། དེ་ནི་མིའི་གཤིས་ཀ་དང་། མིའི་ལུས་ངག་ཡིད་གསུམ་གྱི་གནས་ཚུལ། དེ་བཞིན་མིའི་སེམས་རྒྱུད་ཀྱི་འགྲོ་སྟངས་དང་འཚམས་པ་ཞིག་མིན། གང་ལྟར་ཆོག་གི་རེད། ཡག་པོ་རེད། སྡུག་ཅག་རེད་ཅེས་ཐག་གཙང་མ་བཅད་ཚར་དུས་བསམ་བློ་གཏོང་བའི་གོ་སྐབས་མེད་ལ། བསམ་བློ་གཏོང་ཆོག་པའང་མེད། གལ་ཏེ་དེ་ལ་དྲི་བ་བྱེད་ན། ཡིད་ཆེས་ལ་གནོད་པ་རེད་ཅེས་ཆོས་ཀྱི་ཐོག་ནས་ཟག་པ་དང་། ཆོས་ལུགས་ནས་བུད་འགྲོ་བ་རེད། སྤྱིར་ཡིད་ཆེས་དང་དད་པ་གཉིས་གཅིག་པ་མིན། དད་པའི་ནང་ཡིད་ཆེས་ཀྱི་དད་པ་ཞེས་པ་ཞིག་ཡོད་ཀྱང་། དེ་ནི་རྒྱུ་མཚན་ཤེས་པའི་ཡིད་ཆེས་ཀྱི་དད་པ་རེད། God གིས་བཟོས་པ་ལ་དྲི་བ་གཏོང་མཁན་ཁྱེད་རང་སུ་ཡིན་ནམ། God དང་ Khuda ཡིས་བཟོས་པའམ། ཡང་ན་སྒྲ་ཡི་ནང་དུ་ཡོད་པ་འདི་ལ་ཁྱེད་རང་ལྟ་བུ་ཞིག་གིས་དྲི་བ་དང་བརྟག་དཔྱད་བཏང་བ་དེ་ཧ་ཅང་མ་འོས་པ་དང་རྫབ་ཆེན་རེད་མདོག་མདོག་བྱེད་ཀྱི་ཡོད། དེ་ལྟར་ཡིད་ཆེས་དེ་ཆོས་ཀྱི་རྩ་བ་ལ་བཞག་པ་ཡིན་ཙང་། དམར་པོའི་རིང་ལུགས་དང་གུང་ཁྲན་རིང་ལུགས་པ་དེ་ཚོས་ཆོས་ལ་རྨོངས་དད་རེད་ཅེས་བཤད་དགོས་པ་འདིར་ཐུག་པ་རེད། གལ་ཏེ་ཁོང་ཚོས་ཆོས་ཀྱི་ནང་དུ་བརྟག་དཔྱད་བྱེད་པའི་ཐོབ་ཐང་ཡོད་པ་དེ་ཤེས་ཡོད་ན། ཆོས་ཚང་མ་རྨོངས་དད་རེད་ཅེས་བཤད་ཀྱི་མ་རེད། སྤྱིར་བཏང་ནས་ཆོས་ལ་རྨོངས་དད་རེད་ཅེས་བཤད་དགོས་པ་དེ་ལ་རྒྱུ་མཚན་མང་པོ་ཡོད་རེད། ལར་ནས་ཆོས་ལུགས་རེ་རེ་བཞིན་དུ་དབྱེ་བ་མ་ཆོད་པའི་སྐྱོན་ཞིག་བྱུང་བ་རེད། རྩ་བའི་ཆོས་མང་པོའི་ནང་དུ་རྨོངས་དད་ཚུད་ཡོད། གང་ལྟར་ Revelation ཐོག་ནས་ལན་འཁྱེར་ཡོང་བའི་ Message (འཕྲིན་) གཅིག་དང་། ནམ་མཁའི་ཡོན་ཏན་ལ་གནས་པའི་རྟག་པའི་ངོ་བོར་སྐྱེས་བུས་མ་བྱས་པར་སྒྲའི་ནང་ནས་རུག་རུག་བཟོས་པ་གཉིས་རེད། ཆོས་ལུགས་མང་ཆེ་བ་ལ་དེ་འདྲ་ཞིག་གི་ལུང་ལ་གཞི་རྩ་བརྟེན་ནས་འགྲེལ་པ་བྲིས་པ་དང་འགྲེལ་བཤད་བརྒྱབས་པ་སོགས་དེ་ལྟར་བྱས་ནས་ཆོས་ལུགས་དར་ཡོང་བ་རེད།
ནང་པ་དང་གཅེར་བུ་པ་སོགས་འཇིག་རྟེན་བཀོད་པ་པོ་མི་འདོད་པའི་ཆོས་ལུགས་ལ་བཀའ་དང་ལུང་གི་རྣམ་གཞག་དེ་དང་མི་འདྲ་ཞིང་། སྔ་མ་ཡོད་པ་ཞིག་ནམ་མཁའི་ཡོན་ཏན་ནས་རུག་རུག་བཟོས་ནས་འཁྱེར་ཡོང་བ་མིན་ལ། ཡང་ན་གཞན་ཞིག་གིས་བཀའ་བཏང་ནས་ལན་སྐྱེལ་དུ་ཡོང་མཁན་གྱི་མགྲོན་གཉེར་ལྟ་བུའང་མིན། རང་ཅག་ནང་པར་མཚོན་ནའང་སངས་རྒྱས་ནི་ཐོག་མར་ང་ཚོ་བཞིན་འདོད་ཆགས་ཞེ་སྡང་ཁོང་ཁྲོ་སོགས་ཡོད་པའི་འཁོར་བའི་སྡུག་བསྔལ་ནང་བྱིང་བའི་གང་ཟག་ཕལ་པ་ཞིག་ཡིན་པ་དང་། དེ་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་རྒྱལ་སྲས་ཀྱི་སྤྱོད་པ་ལ་བསླབས་ཏེ་རིམ་པས་སྤང་བྱ་ཐམས་ཅད་སྤངས་པ་དང་། འཐོབ་དགོས་པ་ཆ་ཚང་ཐོབ་ནས་ཆོས་ཐམས་ཅད་ལག་མཐིལ་དུ་སྐྱུ་རུ་ར་བཞག་པ་ལྟ་བུ་གཟིགས་པ་བྱུང་། དེས་ན་གང་ཉིད་ལ་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ལམ་དེ་ཐུགས་རྒྱུས་ཡོད་པར་བརྟེན། རང་ཉིད་གང་ནས་གཤེགས་པའི་ལམ་འདི་མ་ནོར་བར་མཁྱེན་གྱི་ཡོད། གང་ལྟར་བླང་བྱ་དང་འདོར་བྱ་གང་ཡིན་པ་དང་། དགེ་བ་དང་མི་དགེ་བ་གང་ཡིན་པ་རྣམས་ཀྱི་གནས་ལུགས་ཕྱིན་ཅི་མ་ལོག་པར་ཚུལ་བཞིན་དུ་གཟིགས་པ་རེད། དེ་ཡང་སྒྲིབ་པ་སྤངས་པའི་ཆ་ནས་གཟིགས་པ་མ་གཏོགས། གཞན་ཞིག་གིས་རོགས་ལ་བརྟེན་ནས་གཟིགས་པ་མ་རེད། དེ་བཞིན་གཟིགས་པ་དེ་ཚོ་ཚང་མ་དོན་ལའང་གནས་པ་རེད། དངོས་པོ་སྟོབས་ཤུགས་ཀྱི་རིགས་པ་དང་། གྲགས་པའི་རིགས་པ་དང་། ཡིད་ཆེས་པའི་རིགས་པ་སོགས་གང་ཞིག་གིས་བརྟག་དཔྱད་བྱེད་ནའང་འཁྲུལ་པ་མེད། དེ་ལྟར་སངས་རྒྱས་ཀྱིས་གང་མཁྱེན་པ་དེ་གསུངས་པ་མ་གཏོགས། ཚོད་ཚོད་བྱས་ནས་གསུང་གི་མེད། དེ་བཞིན་གཤེགས་པ་ལ་མཁྱེན་པ་དང་། བརྩེ་བ། ནུས་པ་བཅས་གསུམ་ག་ཡོད་ཙང་། གང་གསུངས་པ་རྣམས་གདུལ་བྱའི་དོན་དུ་མི་འགྱུར་བ་ཞིག་མེད། དཔེར་ན། ལམ་བཤད་མཁན་ལྟ་བུ་ལ་མཚོན་ན། བྱ་རྒོད་ཕུང་པོའི་རི་འཛེགས་ས་དེ་གང་ནས་འགྲོ་དགོས་ཞེས་དྲིས་ན། གལ་ཏེ་ཁྱེད་རང་གིས་ལམ་དེ་མ་ཤེས་ན་བཤད་རྒྱུ་གང་ཡང་མེད། འོན་ཀྱང་མ་ཤེས་བཞིན་དུ་བཤད་ན་རྫུན་ཆགས་རྒྱུ་རེད་ལ། ཕྱིན་པ་ཡིན་ནའང་སླེབས་རྒྱུ་མེད། དེས་ན་ལམ་གཞན་ལ་སྟོན་པ་ལ་ཐོག་མར་ལམ་དེ་རང་གིས་ཤེས་དགོས་ལ། རང་ཉིད་དེའི་ནང་འགྲོ་མྱོང་བ་ཞིག་དགོས། གལ་ཏེ་ཁྱེད་རང་གིས་མི་གཞན་ལས་གོ་ནས་འདི་འདྲ་རེད་ཅེས་བཤད་ན། དེ་ལའང་ངེས་པ་གང་ཡང་མེད། དེས་ན་ཁྱེད་རང་འགྲོ་མྱོང་བ་དང་ཤེས་དགོས་པ་དེ་གལ་ཆེན་པོ་རེད། དེ་ནས་ཁྱེད་རང་གིས་ལམ་དེ་ཤེས་ཀྱི་ཡོད་ནའང་ལམ་འདྲི་མཁན་དེ་ལ་བརྩེ་བ་མེད་ན། ལམ་ནོར་བ་ཞིག་ལ་གཏང་རྒྱུའི་ཉེན་ཁ་ཡོད། གང་ལྟར་ལམ་རྒྱུས་ཡོད་པ་དང་། འདྲི་མཁན་ལ་བརྩེ་བའང་ཡོད་པ་བཅས་གཉིས་ཚོགས་བྱུང་ན། ལམ་དེ་ཡང་དག་པ་ཞིག་བསྟན་ཐུབ། དེ་གཉིས་ཡོད་པའི་ཐོག་ཏུ་ཇི་ལྟ་བ་བཞིན་བསྟན་པའི་ནུས་པའང་དགོས། དཔེར་ན་བོད་སྐད་མ་གཏོགས་མི་ཤེས་མཁན་ཞིག་ལ་བོད་སྐད་ཀྱི་ཐོག་ནས་བསྟན་ཐུབ་པའམ་གསལ་བར་བྱེད་པའི་ནུས་པ་དེ་དགོས། དེ་ལྟར་བྱས་ནས་བསྟན་པའི་སྐབས་སུ་དངོས་གནས་ཡིད་ཆེས་བྱེད་ཆོག་པ་ཞིག་རེད། དེ་ལྟར་སངས་རྒྱས་ལ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་། བརྩེ་བ་སྙིང་རྗེ་ཆེན་པོ་དང་ཡང་དག་པར་ལྡན་པ་ཡིན་ཙང་། ཆོས་ཀྱི་འཁོར་ལོ་སྣ་ཚོགས་ཤིག་བསྐོར་བ་རེད། དེ་ཡང་ཐེག་པ་དང་། ལྟ་བ་དང་། གྲུབ་མཐའ་སོགས་མི་འདྲ་བ་སྣ་ཚོགས་ཤིག་གསུངས་པ་ནི་གདུལ་བྱའི་ཁམས་དང་བསམ་པ་དང་བག་ལ་ཉལ་ཚང་མ་གསལ་བར་མཁྱེན་གྱི་ཡོད་པའི་དབང་གིས་རེད། དེས་ན་ཆོས་ལུགས་ཚང་མའི་ནང་དུ་གཞི་རྩ་གཞག་སའི་བཀའམ་ལུང་འདི་མང་ཉུང་བསྡུར་ན། ནང་པ་མང་ཤོས་ཆགས་པའི་རྒྱུ་མཚན་དེ་ལྟར་རེད། དེ་ནི་སྦྲག་པ་ལྟ་བུ་ཞིག་གིས་ Message འཁྱེར་ནས་ལམ་སེང་རྒྱུགས་ཡོང་བ་མིན་ཞིང་། ཤེས་བྱ་ཐམས་ཅད་ལག་མཐིལ་དུ་སྐྱུ་རུ་ར་བཞག་པ་བཞིན་མངོན་སུམ་དུ་གཟིགས་པ་ཡིན་ཙང་། གདུལ་བྱའི་ཁམས་དང་བསམ་པ་དང་བག་ལ་ཉལ་སྣ་ཚོགས་བཞིན་གསུངས་པ་རེད། དེས་ན་ནང་པ་སངས་རྒྱས་པའི་ལུང་གི་བསྟན་པ་དེ་ཧ་ཅང་རླབས་ཆེན་པོ་རེད།
ད་ལྟ་ང་ཚོར་འཐོབ་རྒྱུ་ཡོད་པའི་བཀའ་འགྱུར་ནི་དེ་བཞིན་གཤེགས་པས་གསུངས་པའི་ཆོས་ཀྱི་ཕུང་པོའི་ནང་གི་ཧ་ཅང་ཉུང་ངུ་ལྷག་པ་དེ་རེད། བྱེ་བྲག་སྨྲ་བ་ཁ་ཤས་ཀྱིས་གླང་པོ་ཆེ་ས་ལ་རབ་བརྟན་གྱིས་ཁུར་བར་འོས་པའི་སྣག་ཚས་བྲིས་པའི་གསུང་རབ་ལ་ཆོས་ཀྱི་ཕུང་པོ་གཅིག་གི་ཚད་ཡིན་གསུང་གི་ཡོད། གླང་པོ་ཆེ་ས་ལ་རབ་བརྟན་ནི་གླང་ཆེན་ཧ་ཅང་ཆེན་པོ་ཞིག་ཡིན་ཞིང་། དེས་རྒྱབ་ཏུ་འཁུར་ཐུབ་པའི་སྣག་ཚས་བྲིས་པའི་གསུང་རབ་མང་ཉུང་ལ་ཆོས་ཀྱི་ཕུང་པོ་གཅིག་གི་ཚད་ཡིན་པ་དང་། དེ་འདྲའི་བརྒྱད་ཁྲི་བཞི་སྟོང་ལ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་རེད། དེ་ནི་ཧ་ཅང་མང་པོ་རེད། ང་ཚོའི་དཔེ་མཛོད་ཁང་གི་ནང་དུ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་རྣམས་ Microfiche བཟོས་ནའང་ཤོང་ཐབས་མེད། སྤྱིར་གླང་པོ་ཆེ་ས་ལ་རབ་བརྟན་གྱིས་ཁུར་བར་འོས་པའི་སྣག་ཚས་བྲིས་པའི་གསུང་རབ་ལ་ཆོས་ཕུང་གཅིག་གི་ཚད་ཟེར་བ་དེ་ཁ་ཅིག་གི་འདོད་པ་ཡིན་མོད། འོན་ཀྱང་སྣང་མེད་འཇོག་རྒྱུ་ཞིག་མིན། བསམ་ཚུལ་འདིས་གང་མཚོན་གྱི་ཡོད་ཅེ་ན། ང་ཚོའི་ལུང་གི་ཆོས་དེ་ཇི་ཙམ་རྒྱ་ཆེན་པོ་ཡིན་པ་བསྟན་པ་ཡིན། དེ་བཞིན་སྔགས་ཀྱི་ནང་དུ་རྣལ་འབྱོར་མ་རྒྱུད་དུང་ཕྱུར་ཕྲག་དྲུག་དང་བྱེ་བ་ཕྲག་བརྒྱད་སོགས་གསུངས་པ་རྣམས་ཉུང་ངུ་ཞིག་རྩ་བ་ནས་མིན། དེ་ལྟར་སངས་རྒྱས་ཀྱི་ལུང་གི་བསྟན་པ་འདི་ཧ་ཅང་རྒྱ་ཆེན་པོ་རེད། རྫ་དཔལ་དགེ་རིན་པོ་ཆེས། དྲང་སྲོང་ཆེན་པོ་ཐུབ་དབང་ལྷའི་ཡང་ལྷས། །དྲང་སྲོང་ལམ་ནས་དྲང་པོའི་གོ་འཕང་བརྙེས། །དྲང་པོའི་ལམ་བཟང་འགྲོ་ལ་དྲང་པོར་སྟོན། །དེ་སླད་དྲང་སྲོང་ཆེ་ཞེས་གྲགས་མིན་ནམ། །ཞེས་དྲང་པོའི་ལམ་ནས་དྲང་པོའི་གོ་འཕང་བརྙེས་པ་དེ་དྲང་པོའི་སྒོ་ནས་གདུལ་བྱ་ལ་བསྟན་པ་ཡིན་ཙང་དྲང་སྲོང་ཆེན་པོ་ཞེས་གྲགས་པ་མིན་ནམ་ཞེས་གསུངས་པ་རེད། དྲང་པོའི་སྒོ་ནས་གདུལ་བྱ་ལ་བསྟན་པ་ཟེར་བ་ནི་ཐབས་ལ་མཁས་པ་སྟེ་གདུལ་བྱའི་ཁམས་དང་བསམ་པ་དང་བག་ལ་ཉལ་ཇི་ལྟར་ཡོད་པ་བཞིན་བསྟན་པ་དེ་ལ་བརྗོད། གདུལ་བྱ་བློ་གྲོས་དམན་པ་ཚོས་དེ་ལྟ་བུའི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ལྟ་ཞོག ཆོས་ཀྱི་ཕུང་པོ་གཅིག་ཀློག་པ་ལའང་མི་ཚེ་ཁ་ཤས་ཤིག་གཏོང་དགོས་ཆགས་རྒྱུ་རེད།
འོན་ཀྱང་ཆོས་ཀྱི་ཕུང་པོ་ཚང་མའི་སྙིང་པོ་བསྡུས་ཏེ་ང་ཚོས་སློབ་སྦྱོང་ངམ་བློ་ཡུལ་དུ་ཆུད་ཐབས་སུ་གནས་ཚུལ་མང་པོའི་ཐོག་ནས་རུག་རུག་བཟོ་རྒྱུ་ཇི་ལྟར་ཡོད་དམ་ཞེ་ན། ཆེད་དུ་བྱ་བའི་གདུལ་བྱའི་སྒོ་ནས་བསྡུ་ན། ཆེད་དུ་བྱ་བའི་གདུལ་བྱ་ཐེག་ཆེན་གྱི་རིགས་ཅན་ལ་གསུངས་པ་རྣམས་ཐེག་ཆེན་གྱི་སྡེ་སྣོད་དང་། ཆེད་དུ་བྱ་བའི་གདུལ་བྱ་ཐེག་དམན་གྱི་རིགས་ཅན་ལ་གསུངས་པ་རྣམས་ཐེག་དམན་གྱི་སྡེ་སྣོད་བཅས་ཐེག་ཆེན་དང་ཐེག་དམན་གྱི་སྡེ་སྣོད་གཉིས་སུ་བསྡུས།
ཉོན་མོངས་པའི་གཉེན་པོ་སྟོན་ཚུལ་གྱི་སྒོ་ནས་དབྱེ་ན། མཛོད་ལས། སྤྱོད་པ་རྣམས་ཀྱི་གཉེན་པོར་ནི།། ཆོས་ཀྱི་ཕུང་པོ་མཐུན་པར་གསུངས།། ཞེས་ཉོན་མོངས་ལ་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་གི་དབྱེ་བ་ཕྱེ་སྟངས་ལ་མི་འདྲ་བ་མང་པོ་ཡོད་རུང་། ང་ཚོའི་བློ་ལ་ངེས་བདེ་བའི་དབང་དུ་བྱས་ན། འདོད་ཆགས་གཙོ་བོར་སྤྱོད་པ་ཉོན་མོངས་པ་ཆིག་ཁྲི་ཆིག་སྟོང་གི་གཉེན་པོ་ལ་ཆོས་ཀྱི་ཕུང་པོ་ཆིག་ཁྲི་ཆིག་སྟོང་དང་། ཞེ་སྡང་གཙོ་བོར་སྤྱོད་པ་ཉོན་མོངས་པ་ཆིག་ཁྲི་ཆིག་སྟོང་གི་གཉེན་པོ་ལ་ཆོས་ཀྱི་ཕུང་པོ་ཆིག་ཁྲི་ཆིག་སྟོང་། གཏི་མུག་གཙོ་བོར་སྤྱོད་པའི་ཉོན་མོངས་པ་ཆིག་ཁྲི་ཆིག་སྟོང་གི་གཉེན་པོ་ལ་ཆོས་ཀྱི་ཕུང་པོ་ཆིག་ཁྲི་ཆིག་སྟོང་། དུག་གསུམ་ཆ་མཉམ་དུ་སྤྱོད་པའི་ཉོན་མོངས་པ་ཆིག་ཁྲི་ཆིག་སྟོང་གི་གཉེན་པོ་ལ་ཆོས་ཀྱི་ཕུང་པོ་ཆིག་ཁྲི་ཆིག་སྟོང་བཅས་རེད།
དེ་ལ་ངོ་བོ་དང་བྱེད་ལས། ཡང་ན་ཚིག་གི་འགྲོས་ནས་གསུང་རབ་ཡན་ལག་བཅུ་གཉིས་སུ་ཕྱེ་བ་དང་། གསུང་རབ་ཡན་ལག་དགུར་ཕྱེ་བ་བཅས་གཉིས་རེད།
བརྗོད་བྱ་བསྟན་ཚུལ་གྱི་སྒོ་ནས་ཕྱེ་ན། དྲང་དོན་དང་། ངེས་དོན་གྱི་མདོ་གཉིས་རེད། རྩ་བའི་དབྱེ་བ་ཕྱེ་སྟངས་མང་པོ་ཡོད་ཀྱང་། དེ་དག་གནད་འགག་ཆེ་བ་རྣམས་རེད། མདོར་ན། ཆེད་དུ་བྱ་བའི་གདུལ་བྱའི་སྒོ་ནས་ཕྱེ་ན་གཉིས། གཉེན་པོའི་སྒོ་ནས་ཕྱེ་ན་བརྒྱད་ཁྲི་བཞི་སྟོང་། ངོ་བོ་དང་བྱེད་ལས་ཚིག་འགྲོས་ཅི་རིགས་པའི་སྒོ་ནས་ཕྱེ་ན་ཡན་ལག་བཅུ་གཉིས་སམ་ཡན་ལག་དགུ། བརྗོད་བྱ་བསྟན་ཚུལ་གྱི་སྒོ་ནས་ཕྱེ་ན་དྲང་དོན་དང་ངེས་དོན་གཉིས་བཅས་རེད།
དེ་དག་ལས་ཀྱང་གཙོ་ཆེ་བའི་ཕྱེ་ཚུལ་གཞན་ཞིག་ནི་བརྗོད་བྱའི་སྒོ་ནས་ཕྱེ་བ་དེ་རེད། བརྗོད་བྱའི་སྒོ་ནས་ཕྱེ་བའི་སྐབས་སུ་སྡེ་སྣོད་གསུམ་ཞེས་བརྗོད། སྡེ་སྣོད་གསུམ་པོ་དེ་ང་ཚོས་ཧ་ཅང་གིས་ཡག་པོ་ཤེས་དགོས་པ་དང་། ག་དུས་ཡིན་ནའང་ལབ་ཆོག་ཆོག་ཅིག་ནང་པའི་སློབ་སྦྱོང་བྱེད་མཁན་ཚང་མར་དགོས་པ་ཞིག་རེད། དེས་ན་སངས་རྒྱས་ཀྱི་བཀའ་སྡེ་སྣོད་གསུམ་པོ་གཞི་རྩ་ལ་བཞག་པའི་ཐོག་ནས་སངས་རྒྱས་ཀྱི་བསྟན་པ་ཡོངས་སུ་རྫོགས་པ་ལ་རྒྱ་ཁྱབ་ཐོག་ནས་སློབ་སྦྱོང་བྱེད་རྒྱུ་དང་། ཡང་ན་སློབ་སྦྱོང་གང་བྱས་པ་རྣམས་སྡེ་སྣོད་གསུམ་པོ་གང་རུང་ནང་བསྡུ་དགོས། གལ་ཏེ་སྡེ་སྣོད་གསུམ་ལས་གཞན་པའི་བརྗོད་བྱ་སྟོན་མཁན་གྱི་ལུང་ཞིག་བྱུང་ན། སངས་རྒྱས་ཀྱི་བཀའ་མ་ཡིན་པ་དང་། གཞི་རྩ་འཇོག་སའི་སངས་རྒྱས་ཀྱི་ལུང་གི་ཆོས་མ་ཡིན་པ་ལ་བསམ་བློ་གཏང་དགོས། དེས་ན་སྡེ་སྣོད་གསུམ་ཞེས་བརྗོད་བྱའི་སྒོ་ནས་ཕྱེ་སྐབས། དེ་ལས་མང་ཉུང་འགྲོ་ས་མེད། དཔེར་ན་གསུང་རབ་ཡན་ལག་བཅུ་གཉིས་ལ་ཆ་བཞག་ན། གྲངས་ངེས་པ་དེ་ཙམ་མེད་ཀྱང་། གསུང་རབ་དེ་གཞི་རྩར་བཞག་ནས་ཇི་ལྟར་ཡོད་པ་བཞིན་སྡེ་ཚན་ཕྱེ་བ་མ་གཏོགས། དེ་ལས་བཅུ་གསུམ་མམ་བཅུ་གཅིག་ལ་ཆགས་མི་ཆོག་ཅེས་བཤད་ཐབས་མེད། འོན་ཀྱང་བརྗོད་བྱའི་སྒོ་ནས་སྡེ་སྣོད་གསུམ་ལ་ཕྱེ་སྐབས་གཉིས་ཆགས་ཐབས་མེད་ལ། བཞི་དགོས་དོན་ཡང་མེད། དེ་ནི་མང་ན་མི་དགོས། ཉུང་ན་མི་འདུ་ཟེར་བ་དེ་རེད། གལ་ཏེ་དབྱེ་བ་གཞན་མི་ཤེས་ནའང་སྡེ་སྣོད་གསུམ་གྱི་དབྱེ་བ་དེ་ཤེས་ན། ནང་པའི་གཞི་རིམ་དེ་ཤེས་ཀྱི་མི་འདུག་སྙམ་ངོ་ཚ་པོ་འདི་མི་ཡོང་།
སྡེ་སྣོད་ཞེས་པར་པཱ་ལི་དང་སཾསྐྲྀཏའི་སྐད་དུ་པིཊཀ་ཞེས་བརྗོད། ཨིན་སྐད་དུ་ Basket ཞེས་བསྒྱུར་འདུག ཚིག་དེ་ཧ་ཅང་སྐྱོ་པོ་ལྟ་བུ་ཡོད་ཀྱང་། དེ་ལས་ཐབས་གཞན་མེད། སྤྱིར་བཏང་ Basket ཟེར་བ་དེས་ལམ་སེང་བསམ་བློའི་ནང་དོན་སྤྱི་ཅི་འདྲ་ཤར་གྱི་ཡོད་ཅེ་ན། ཤོག་སྙིགས་སམ་ཁ་ཟས་བཟའ་འཕྲོ་སོགས་གཡུག་ས་ལྟ་བུ་ཞིག་ཤར་གྱི་ཡོད། ཕལ་ཆེར་སྡེ་སྣོད་ཟེར་བའི་ཚིག་དེ་པིཊཀ་ཞེས་པ་ལས་ཀྱང་ནུས་པ་ཆེ་བ་དང་ཡག་པོ་ཡོད། བོད་སྐད་དུ་རྗེས་སྒྲུབ་ཀྱི་སྒོ་ནས་བཟོས་པའི་མིང་ཚིག་མང་པོ་སཾསྐྲྀཏའི་སྐད་ལས་ཡག་ཏུ་ཕྱིན་པ་ཡོད། གལ་ཏེ་སཾསྐྲྀཏའི་སྒྲ་དེ་ཐད་བསྒྱུར་བྱས་ན་སྣོད་རྐྱང་པ་ལ་གོ་ཞིང་། དེའི་ནང་སྡེ་ཟེར་བའི་ནུས་པ་དེ་ཚིག་ཧ་ཅང་ཕར་འཐེན་ཚུར་འཐེན་གྱིས་འཐོན་གྱི་ཡོད་འགྲོ་མ་གཏོགས། ཁ་ཐུག་ལ་མི་ཡོང་། དེས་ན་སྡེ་དང་སྣོད་གཉིས་བསྡོམས་ནས་ཚིག་གཅིག་ཏུ་བཟོས་པ་འདིས་གོ་བ་བླང་རྒྱུར་ད་དུང་རླབས་ཆེ་བ་རེད། སྡེ་ཞེས་པས་དེ་གསུམ་པོ་ནང་གསེས་མ་འདྲེས་པར་སོ་སོ་ལ་སྡེ་ཚན་རང་རྐྱ་བ་ཞིག་ཡོད་པ་དང་། འདིར་རང་རྐྱ་བ་ཟེར་དུས་གསུམ་པོ་དེ་འགལ་བ་ཡིན་པའི་དོན་མིན། སྤྱིར་སྡེ་སྣོད་གསུམ་འགལ་བར་འདོད་མཁན་ཡང་ཡོད། འགལ་བར་འདོད་མ་ཆོག་པའང་མིན། སྤྱིར་བཏང་སྡེ་སྣོད་གཉིས་ཀ་ཡིན་པ་མང་པོ་རེད། མདོ་གཅིག་ལའང་མངོན་པའི་སྡེ་སྣོད་ནང་བགྲང་ཆོག་པ་དང་། མདོ་སྡེ་སྣོད་ལའང་བགྲང་ཆོག་པ་མང་པོ་རེད། འོན་ཀྱང་འདུལ་བའི་སྡེ་སྣོད་དེ་སྡེ་སྣོད་གཞན་དང་མ་འདྲེས་པ་མང་བ་རེད། དེས་ན་སྡེ་སྣོད་ཟེར་བའི་ཚིག་དེ་ཧ་ཅང་གོ་རྒྱུ་ཆེན་པོ་རེད། བརྗོད་བྱའི་སྡེ་ཚན་མ་འདྲེས་པ་ཡོད་པའི་ཆ་ནས་སྡེ་ཞེས་དང་། དེ་ལྟར་སྟོན་པའི་ལུང་ཐམས་ཅད་ཀྱི་སྣོད་ཡིན་པའི་ཆ་ནས་སྣོད་ཞེས་ཟེར། སྡེ་ཞེས་པས་རང་གི་བརྗོད་བྱའི་སྡེ་ཚན་མ་འདྲེས་པའི་ངོ་བོ་མཚོན་རྒྱུ་དང་། སྣོད་ཞེས་པས་བརྗོད་བྱ་དེ་ལྟར་སྟོན་པའི་ལུང་ཐམས་ཅད་རུག་རུག་བཟོས་པའི་སྣོད་དེ་ཆགས་པ་ཡིན་ཙང་། སྡེ་སྣོད་ཅེས་ཚིག་གཉིས་བཞག་པ་དེ་གལ་ཆེན་པོ་རེད། སྡེ་སྣོད་གསུམ་ནི་འདུལ་བའི་སྡེ་སྣོད་དང་། མདོ་སྡེའི་སྡེ་སྣོད། མངོན་པའི་སྡེ་སྣོད་བཅས་རེད།
སྡེ་སྣོད་གསུམ་གྱི་གྲངས་ལ་ཐེག་པ་ཆེ་ཆུང་བར་ལ་རྩོད་པ་གང་ཡང་མེད། ཐེག་དམན་པས་ཐེག་ཆེན་སངས་རྒྱས་ཀྱི་བཀའ་མ་རེད་ཅེས་ཟེར་དུས་སྡེ་སྣོད་གསུམ་གྱི་ནང་འདུ་གི་མི་འདུག་ཟེར་གྱི་ཡོད། མི་འདུ་བའི་རྒྱུ་མཚན་ནི་སྡེ་ཅན་གྱི་ཕུག་ཏུ་བཀའ་བསྡུ་དང་པོ་མཛད་པའི་སྐབས་སུ་ཐེག་ཆེན་གྱི་མདོ་རྣམས་བསྡུས་མི་འདུག་ཟེར་གྱི་ཡོད།
སྡེ་སྣོད་གསུམ་གྱི་དབྱེ་བ་ཕྱེ་སྟངས་འདི་ནི་གང་ཟག་གཅིག་ལས་དང་པོ་བ་ནས་སངས་རྒྱས་ཀྱི་སའི་བར་དུ་འགྲོ་ནའང་རེད། དེ་བཞིན་ལས་དང་པོ་བ་ནས་ཉན་ཐོས་དགྲ་བཅོམ་པའི་གོ་འཕང་བར་དུ་འགྲོ་ནའང་རེད། ལམ་བསླབ་པ་གསུམ་པོ་ཆ་ཚང་བ་ཉམས་སུ་མ་བླངས་པར་འགྲོ་ས་མེད། གང་ལྟར་ཉན་ཐོས་དགྲ་བཅོམ་པའི་གོ་འཕང་དང་། རང་རྒྱལ་དགྲ་བཅོམ་པའི་གོ་འཕང་། སངས་རྒྱས་ཀྱི་གོ་འཕང་བཅས་ལྷག་པའི་བསླབ་པ་རྣམ་པ་གསུམ་ལ་མ་བརྟེན་པར་བསླབ་པ་གཅིག་གམ་བསླབ་པ་གཉིས་ཀྱིས་འཐོབ་མི་ཐུབ། ཆོས་ལུགས་གཞན་དུ་དད་པའི་ལམ་མམ་བྷཀྟི་མཱརྒ་དང་། ཤེས་རབ་ཀྱི་ལམ་མམ་ཉྫཱན་མཱརྒ་ཟེར་བ་སོགས་ཡོད་ཅིང་། གཅིག་རྐྱང་པས་སླེབས་རྒྱུ་ཡོད་པ་ལྟ་བུ་གསུང་གི་ཡོད། འོན་ཀྱང་ང་ཚོར་དེ་འདྲའི་ཚུལ་ཁྲིམས་ཀྱི་ལམ་དང་། ཏིང་ངེ་འཛིན་གྱི་ལམ། ཤེས་རབ་ཀྱི་ལམ་ཞེས་ལོགས་སུ་ཕྱེ་རྒྱུ་མེད། དེ་གསུམ་གཅིག་ལ་གཅིག་ལྟོས་དང་། གཅིག་ལ་གཅིག་བརྟེན་རེད། རིམ་བཞིན་དང་པོ་ཚུལ་ཁྲིམས་དང་། དེ་ནས་ཏིང་ངེ་འཛིན། མཐའ་མ་ཤེས་རབ་དབང་གིས་སྤང་བྱ་རྣམས་སྤངས་ནས་འབྲས་བུ་འཐོབ་དགོས་པ་དེ་ངེས་པ་ཞིག་རེད། དེས་ན་སྡེ་སྣོད་གསུམ་ལས་ཉུང་ན་མི་འགྲིག་པ་དང་། གསུམ་ལས་མང་ན་མི་དགོས་པའི་དོན་ཡང་དེ་རེད།
ང་ཚོ་འཁོར་བ་ལ་འཁོར་བ་དེ་གཞན་སུ་གང་གིས་འཁོར་བཅུག་མེད། དེ་བཞིན་འཁོར་བ་ལས་ཐར་བར་བྱེད་རྒྱུའང་མི་གཞན་ཞིག་གིས་བྱེད་རྒྱུ་གང་ཡང་མེད། བདག་ཉིད་བདག་གི་མགོན་ཡིན་པར་བརྟེན། སོ་སོའི་ལག་པ་ལ་ཡོད་རེད། ང་ཚོ་ཅིའི་ཕྱིར་འཁོར་བ་ལ་འཁོར་གྱི་ཡོད་ཅེ་ན། གཞིའི་གནས་ལུགས་ཇི་ལྟར་ཡོད་པ་བཞིན་ང་ཚོས་མཐོང་གི་མེད། དཔེར་ན། སྨྱུ་གུ་དང་ཤོག་བུ་ཞིག་ཡིན་ནའང་། སྨྱུ་གུ་དང་ཤོག་བུའི་གནས་ལུགས་དེ་ང་ཚོས་མཐོང་གི་མེད། གནས་ལུགས་ཀྱི་དོན་ལ་སྒྲོ་བཏགས་པའམ། ཡང་ན་སྐུར་བ་བཏབ་པ་ཡིན། གང་ལྟར་ཏོག་ཙམ་མང་དུ་བཏང་བའམ། ཡང་ན་ཏོག་ཙམ་ཉུང་དུ་བཏང་ནས་ལྟ་གི་ཡོད། དེ་ནི་གནས་ལུགས་ལ་འཁྲུལ་བའི་མ་རིག་པ་རེད། དེའི་དབང་གིས་གང་ཡོད་པ་དེ་ཡོད་སྟངས་ཀྱི་གནས་ལུགས་བཞིན་མ་བཞག་པར། སྒྲོ་འདོགས་དང་སྐུར་འདེབས་དབང་གིས་རང་ཕྱོགས་ལ་ཆགས་པ་དང་། གཞན་ཕྱོགས་ལ་སྡང་བ་དེ་ཡོང་། དབུ་མ་འཇུག་པ་ལས། དང་པོ་ང་ཞེས་བདག་ལ་ཞེན་གྱུར་ཅིང་། །བདག་གི་འདི་ཞེས་དངོས་ལ་ཆགས་སྐྱེད་པ། །ཟོ་ཆུན་འཕྱན་ལྟར་རང་དབང་མེད་པ་ཡི། །འགྲོ་ལ་སྙིང་རྗེར་གྱུར་གང་དེ་ལ་འདུད། །ཅེས་ཟོ་ཆུན་འཕྱན་ལྟར་རང་དབང་མེད་པར་འཁོར་བའི་ནང་འཁོར་རྒྱུ་དེ་མ་རིག་པ་ལ་ཐུག་པ་རེད། དེས་ན་གནས་ལུགས་རྟོགས་པའི་ཤེས་རབ་ལ་བརྟེན་ནས་མ་རིག་པ་དེའི་གཉེན་པོ་བྱེད་དགོས། གནས་ལུགས་ལ་འཁྲུལ་བའི་བློ་དེ་གནས་ལུགས་རྟོགས་པའི་ཤེས་རབ་ཀྱིས་མེད་པར་བཟོ་དགོས་རེད་མ་གཏོགས། བྱམས་པ་དང་སྙིང་རྗེ་སྒོམ། ཕྱག་འཚལ། གསོལ་བ་བཏབ་པ་སོགས་ཀྱིས་ཕན་ཐོགས་རྒྱུ་མེད། དེ་དག་གིས་བསོད་ནམས་བསགས་པ་དང་ཕན་ཡོན་ཡོད་རེད་མ་གཏོགས། ང་འཁོར་བ་ལས་གྲོལ་བར་ཤོག་ཅེས་ཕྱག་རྐྱང་རྐྱང་འཚལ་བ་དང་། སྦྱིན་པ་རྐྱང་རྐྱང་གཏོང་བས་ཕན་ཐོགས་མེད། རྣམ་འགྲེལ་ལས། བྱམས་སོགས་རྨོངས་དང་འགལ་མེད་ཕྱིར། །ཤིན་ཏུ་ཉེས་པ་ཚར་གཅོད་མིན། །ཞེས་གསུངས་པ་བཞིན་བྱམས་པ་དང་སྙིང་རྗེ་སོགས་བསྒོམས་ཀྱང་། གནས་ལུགས་ལ་རྨོངས་པའི་མ་རིག་པ་དེ་ཚར་གཅོད་མི་ཐུབ། ཚར་གཅོད་མི་ཐུབ་པ་དེ་གང་རེད་ཅེ་ན། དེ་དང་འཛིན་སྟངས་དངོས་སུ་འགལ་མེད། གལ་ཏེ་རྟག་པ་འཛིན་པའི་བློ་མེད་པར་བཟོ་དགོས་ན། མི་རྟག་པ་རྟོགས་པའི་ཤེས་རབ་དེ་དགོས་ཀྱི་ཡོད། དེ་བཞིན་བདག་ཏུ་འཛིན་པའི་བློ་མེད་པར་བཟོ་དགོས་ན། བདག་མེད་རྟོགས་པའི་ཤེས་རབ་དེ་དགོས་ཀྱི་ཡོད། གང་ལྟར་དེ་དང་ཏག་ཏག་འཛིན་སྟངས་དངོས་སུ་འགལ་བའི་བློ་ཞིག་དགོས་ཤིང་། དེའང་རྟོག་པ་དང་མ་འདྲེས་པར་མངོན་སུམ་དུ་གནས་ལུགས་མཐོང་བའི་བློ་ཞིག་སྐྱེ་དགོས་ཀྱི་ཡོད། དེ་འདྲའི་གནས་ལུགས་མངོན་སུམ་དུ་མཐོང་བའི་བློ་ཞིག་མ་སྐྱེ་བར་འཁོར་བ་ལས་ཐར་བའི་ཐབས་ཤེས་མེད། འཁོར་བ་ལས་གྲོལ་བ་ལ་དེའི་རྒྱུ་ལས་དང་ཉོན་མོངས་པའི་ཀུན་འབྱུང་རྣམས་མེད་པར་བཟོ་དགོས། དེའི་ཆེད་དུ་དེའི་རྩ་བ་གནས་ལུགས་ལ་རྨོངས་པའི་མ་རིག་པ་དེ་མེད་པར་བཟོ་དགོས། རྨོངས་པ་མ་རིག་པ་དེ་མེད་པར་བཟོ་བ་ལ་གནས་ལུགས་མངོན་སུམ་དུ་མཐོང་བའི་ཤེས་རབ་དེ་སྐྱེ་དགོས་ཀྱི་ཡོད། དེ་ལྟ་བུའི་གནས་ལུགས་མངོན་སུམ་དུ་མཐོང་བའི་ཤེས་རབ་ལ་ལྷག་པ་ཤེས་རབ་ཀྱི་བསླབ་པ་ཞེས་བརྗོད། དེའི་ཆེད་སེམས་དམིགས་ཡུལ་ལ་རྩེ་གཅིག་ཏུ་གནས་པའི་ཏིང་ངེ་འཛིན་བརྟན་པོ་ཞིག་མ་ཐོབ་ན། གནས་ལུགས་ཀྱི་དོན་ལ་དཔྱད་པ་བྱེད་ཐུབ་པ་དང་། སྒོམ་ཐུབ་པ། བསྒོམས་བྱུང་གི་ཤེས་རབ་སྐྱེས་ནས་མངོན་སུམ་གྱི་ངོ་བོར་འགྲོ་ཐུབ་ཐབས་རྩ་བ་ནས་མེད། དེས་ན་གནས་ལུགས་རྟོགས་པའི་ཤེས་རབ་དེ་སྐྱེ་བ་ལ། དེའི་ཐབས་སམ་རྒྱུ་ཏིང་ངེ་འཛིན་བརྟན་པོ་ཞིག་མེད་ཐབས་མེད། དེ་ལྟ་བུའི་སེམས་རྩེ་གཅིག་ཏུ་གནས་པའི་ཏིང་ངེ་འཛིན་ལ་ལྷག་པ་བསམ་གཏན་གྱི་བསླབ་པའམ་ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་ཞེས་བརྗོད། དེ་ལྟར་ཤེས་རབ་ཡོང་བ་ལ་ཏིང་ངེ་འཛིན་དེ་མེད་དུ་མི་རུང་བ་ཡིན། དེ་འདྲའི་ཏིང་ངེ་འཛིན་དེ་གང་རེད་ཅེ་ན། ནང་སེམས་ཀྱི་གཡེང་བ་ཕྲ་མོ་ལྡོག་པ་དེ་རེད། དེ་ལྟ་བུའི་ཏིང་ངེ་འཛིན་སྐྱེ་བ་ལ། སེམས་ཕྱི་རོལ་ལ་གཡེང་བ་རགས་པ་ལས་ལྡོག་པ་དང་། གཞན་གནོད་གཞི་དང་བཅས་པ་ལས་ལྡོག་པའི་ཚུལ་ཁྲིམས་ཤིག་མེད་ན། སེམས་རྩེ་གཅིག་ཏུ་གནས་ཐུབ་ཐབས་མེད། གང་ལྟར་ཚུལ་ཁྲིམས་ཀྱི་གཞི་རྩ་གང་ཡང་རུང་བའི་ཚུལ་ཁྲིམས་ཀྱི་བསླབ་པ་ཞིག་མེད་ན། ལོ་བརྒྱ་ཐམ་པར་བསྒོམ་ནའང་ཕན་ཐོགས་གང་ཡང་མེད།
ཕྱི་རོལ་པའི་བསམ་གཏམ་སྒོམ་མཁན་ཞིག་ཡིན་ནའང་ཡམ་དང་ནིཡམ་སོགས་ཚུལ་ཁྲིམས་ཀྱི་གཞི་རྩ་ཞིག་ལ་ངེས་པར་དུ་བསྟེན་དགོས། ཚུལ་ཁྲིམས་དེ་ལའང་རིགས་མི་འདྲ་བ་མང་པོ་ཡོད་ཀྱང་། ཚུལ་ཁྲིམས་ཀྱི་གཞི་གཅིག་ལ་མ་བསྟེན་ཐབས་མེད་རེད། དེས་ན་འཁོར་བའི་རྩ་བ་མ་རིག་པའི་གཉེན་པོར་འགྲོ་བའི་ཤེས་རབ་ཀྱི་རྒྱུ་བྱེད་ཐུབ་མཁན་གྱི་ཏིང་ངེ་འཛིན་སྒྲུབ་པ་ལ། གཞན་གནོད་གཞི་དང་བཅས་པ་ལས་ལྡོག་པའི་ཚུལ་ཁྲིམས་ཡང་དག་པ་ཞིག་མེད་ན། ཏིང་ངེ་འཛིན་དེ་སྐྱེ་མི་ཐུབ། དེར་བརྟེན་བསླབ་པ་དང་པོར་ཚུལ་ཁྲིམས་ཀྱི་བསླབ་པ་དེ་དགོས་པ་ཆགས་པ་རེད། དེ་དག་ཚང་མའི་མཐའ་མའི་དམིགས་ཡུལ་ནི་རྟེན་འབྲེལ་བསྟོད་པ་ལས། ཁྱོད་ཀྱིས་ཇི་སྙེད་བཀའ་སྩལ་པ། །རྟེན་འབྲེལ་ཉིད་ལས་བརྩམས་ཏེ་འཇུག །དེ་ཡང་མྱ་ངན་འདའ་ཕྱིར་ཏེ། །ཞི་གྱུར་མིན་མཛད་ཁྱོད་ལ་མེད། །ཅེས་གསུངས་པ་བཞིན་སངས་རྒྱས་ཀྱིས་ཆོས་ཚིག་གཅིག་བསྟན་ནའང་གདུལ་བྱ་ཐར་པ་ལ་འགོད་པའི་ཆེད་དུ་རེད། སྤྱིར་མངོན་མཐོའི་གོ་འཕང་ཐོབ་པའི་ཐབས་དང་། གནས་སྐབས་ཚེ་རིང་པོ་དང་བར་ཆད་སེལ་བའི་ཐབས་སོགས་གསུངས་ཡོད་ཀྱང་། དེ་དག་ཚང་མ་ཐར་པར་འགྲོ་བའི་ཆ་རྐྱེན་དུ་གསུངས་པ་ཤ་སྟག་རེད། དེ་ལྟར་སངས་རྒྱས་ཀྱིས་གསུངས་པ་ཐམས་ཅད་ཞི་བར་གྱུར་པ་མ་ཡིན་པའི་མཛད་པ་གཅིག་ཀྱང་མེད། དེས་ན་ཞི་བ་སྒྲུབ་པའི་ཐབས་ལ་ཤེས་རབ་མ་གཏོགས་མེད། དེ་ལྟ་བུའི་ཤེས་རབ་སྒྲུབ་པ་ལ་ཏིང་ངེ་འཛིན་དགོས་པ་དང་། དེ་ནས་ཏིང་ངེ་འཛིན་སྒྲུབ་པ་ལ་ཚུལ་ཁྲིམས་དགོས་པ་ཡིན། དེར་བརྟེན་དེ་དག་མེད་ན་མི་འབྱུང་བའི་འབྲེལ་བ་དེ་ལྟར་གྲུབ་པར་བརྟེན། དེ་གསུམ་པོ་མ་ཚང་ཐབས་མེད་རེད།
སྡེ་སྣོད་གསུམ་པོ་འདིའི་གྲངས་ངེས་ནི་གདུལ་བྱ་ཐར་པར་བགྲོད་པའི་ལམ་གྱི་རིམ་པའི་དབང་དུ་བྱས་པ་རེད། ལམ་གྱི་རིམ་པ་དེ་བསླབ་པ་གསུམ་ལ་གཏན་འཁེལ་བ་དང་། བསླབ་པ་གསུམ་གྱི་ལམ་གྱི་རིམ་པ་ནི་ཐར་པའི་གོ་འཕང་བསྒྲུབ་རྒྱུ་ཙམ་ལ་མིན་པར། རྒྱུན་ལྡན་གྱི་བྱ་བ་གང་ཡིན་རུང་། དེ་དང་ཕྱོགས་མཚུངས་པ་ཞིག་དགོས་ཤིང་། དཔེར་ན་གཏོང་ཡིག་ཅིག་འབྲི་དགོས་ནའང་། བསླབ་པ་གསུམ་དང་མཚུངས་པའི་ཐབས་ཤིག་མེད་ན། གཏོང་ཡིག་ཡག་པོ་ཞིག་འབྲི་མི་ཐུབ། དེ་ཡང་གཏོང་ཡིག་འབྲི་བ་ལ་ཐོག་མར་འབྲི་ཤེས་པའི་ཤེས་རབ་ཤིག་དགོས། གལ་ཏེ་ཡི་གེ་འབྲི་ཤེས་པའི་ཤེས་རབ་ཅིག་མེད་ན། ཡི་གེ་འབྲི་ཐབས་མེད། དེ་འདྲའི་ཡི་གེ་ཞིག་འབྲི་ཤེས་ནའང་། ཡི་གེ་འབྲི་བཞིན་པའི་སྐབས་སུ་བསམ་བློ་དེ་རང་ལ་གཏད་དེ་འབྲི་དགོས། གང་ལྟར་ཡི་གེའི་ཐོག་ཏུ་སེམས་རྩེ་གཅིག་པའམ་ཏིང་ངེ་འཛིན་དང་ཆ་འདྲ་བ་ཞིག་དགོས། དེ་འདྲའི་སེམས་རྩེ་གཅིག་པ་ཞིག་ཡོང་བ་ལ་སྒྲིག་ལམ་ཞིག་དགོས་ཤིང་། དཔེར་ན་སྨྱུ་གུ་འཛིན་སྟངས་ཡིན་ནའང་གང་དུ་གོམས་པ་དེར་འཛིན་དགོས་མ་གཏོགས། སྨྱུ་གུ་ལག་པ་གཡོན་པའམ་རྐང་པས་འཛིན་པ་ལྟ་བུ་བྱེད་ན། དེ་ལ་སྒྲིག་ལམ་མམ་ཚུལ་ཁྲིམས་ཀྱི་གཞི་རྩ་མེད། དེ་བཞིན་ཇ་ཞིག་འཐུང་བ་དང་། ཁྲུས་ཤིག་བརྒྱབ་པ་སོགས་ཚང་མ་ལ་ལས་ཀ་དེ་བྱེད་ཤེས་པའི་ཤེས་རབ་དང་། ལས་ཀ་དེ་དངོས་སུ་བྱེད་དུས་ཀྱི་བློ་རྩེ་གཅིག་པའམ་ཏིང་ངེ་འཛིན། ལས་ཀ་དེ་བྱེད་དུས་ཀྱི་སྒྲིག་ལམ་མམ་ཚུལ་ཁྲིམས་བཅས་གསུམ་པོ་ཚང་དགོས། གལ་ཏེ་དེ་གསུམ་པོ་མེད་ན། ཧ་ལམ་ཇ་འཐུང་མི་ཐུབ་ལ། ཁྲུས་ཀྱང་བརྒྱབ་མི་ཐུབ། དེར་བརྟེན་ཐར་པའི་ལམ་སྒྲུབ་པ་ལ་དེ་གསུམ་མེད་པ་ལ་བྱེད་ཐབས་རྩ་བ་ནས་མེད།
སྤྱིར་བཏང་ཚུལ་ཁྲིམས་ཙམ་དང་། ཏིང་ངེ་འཛིན་ཙམ། ཤེས་རབ་ཙམ་ནི་ཕྱི་རོལ་པ་དང་ཐུན་མོང་བ་རེད། འོན་ཀྱང་འདིར་ཨདྷི་སྟེ་ལྷག་པ་ཞེས་སྦྱར་དགོས་དོན་ནི་ཕྱི་རོལ་པ་ལས་ཟུར་དུ་འབྱེད་པའི་དོན་དུ་རེད། དཔེར་ན་ཚུལ་ཁྲིམས་དེ་ཕྱི་རོལ་པ་ལས་ལྷག་ཚུལ་ནི་ངེས་འབྱུང་གི་བསམ་པས་དྲངས་པའི་ཚུལ་ཁྲིམས་ཤིག་ཡིན་པས་སོ།། དེ་ནི་འཁོར་བ་ལ་ངེས་པར་འབྱུང་ནས་དེ་ལས་འགྲོལ་འདོད་ཀྱི་བསམ་པས་དྲངས་པའི་ཚུལ་ཁྲིམས་ཤིག་ཡིན་ཙང་ལྷག་པ་རེད། ནང་པས་འཁོར་བའི་མངོན་མཐོའི་བདེ་བ་རྐྱང་པའི་དོན་དུ་ཚུལ་ཁྲིམས་སྲུང་གི་མེད། གལ་ཏེ་དེའི་ཆེད་དུ་ཚུལ་ཁྲིམས་བསྲུང་ན། ཚུལ་ཁྲིམས་ལ་ལྷག་རྒྱུ་གང་ཡང་མེད། དེས་ན་ངེས་འབྱུང་གི་བསམ་པས་དྲངས་པ་ཡིན་ཙང་ལྷག་པའི་ཚུལ་ཁྲིམས་རེད། ཡང་བཤད་ཚུལ་གཞན་ཞིག་བྱས་ན། སྐྱབས་འགྲོས་ཟིན་པ་ཡིན་ཙང་ལྷག་པའི་ཚུལ་ཁྲིམས་ཡིན་པ་དང་། བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་ན་ནི་དེ་བས་ཀྱང་ལྷག་པའི་ཚུལ་ཁྲིམས་རེད།
དེ་བཞིན་ཏིང་ངེ་འཛིན་དང་ཤེས་རབ་ལའང་སྐྱབས་འགྲོ་དང་། ངེས་འབྱུང་དང་། བྱང་ཆུབ་སེམས་ཀྱིས་ཟིན་ཚུལ་གྱི་དབང་གིས་ལྷག་པ་ཡིན་ཞིང་། སྐྱབས་འགྲོས་ཟིན་པའི་ཏིང་ངེ་འཛིན་དང་ཤེས་རབ་ནི་ཕྱི་རོལ་པའི་ཏིང་ངེ་འཛིན་དང་ཤེས་རབ་ལས་ལྷག་པ་དང་། ངེས་འབྱུང་གི་སེམས་ཀྱིས་ཟིན་པའི་ཏིང་ངེ་འཛིན་དང་ཤེས་རབ་ནི་སྐྱེས་བུ་ཆུང་ངུའི་ཏིང་ངེ་འཛིན་དང་ཤེས་རབ་ལས་ལྷག་པ། བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པའི་ཏིང་ངེ་འཛིན་དང་ཤེས་རབ་ནི་སྐྱེས་བུ་འབྲིང་གི་ཏིང་ངེ་འཛིན་དང་ཤེས་རབ་ལས་ལྷག་པ་དང་། ཐེག་པ་དམན་པའི་ཏིང་ངེ་འཛིན་དང་ཤེས་རབ་ལས་ལྷག་པ་རེད། དེ་དག་ལྷག་ཚུལ་ཡང་རིམ་བཞིན་སྐས་ལྟ་བུ་འགྲོ་བ་རེད། དེས་ན་སྡེ་སྣོད་གསུམ་པོ་དེ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། སྡེ་སྣོད་གསུམ་བརྗོད་བྱའི་སྒོ་ནས་ཕྱེ་བ་དེ་ལྟར་རེད།
ང་ཚོ་བོད་པའི་བཀའ་འགྱུར་གྱི་དཀར་ཆག་འབྲི་བའི་སྐབས་སུ་སྡེ་སྣོད་གསུམ་སྡེ་ཚན་ཕྱེ་ནས་བྲིས་ཡོད་དམ་ཞེ་ན། དེ་ལྟར་བྲིས་མེད་ཅིང་། སྡེ་ཚན་འབྱེད་སྟངས་དེ་ཕྲན་བུ་མི་འདྲ་བ་རེད། རྩ་བའི་ལུང་གི་ཆོས་ཚང་མ་སྡེ་སྣོད་གསུམ་ནང་ཡོད་ཀྱང་། མི་གཅིག་གིས་གློ་བུར་དུ་ཡུམ་རྒྱས་འབྲིང་བསྡུས་གསུམ་སྡེ་སྣོད་གསུམ་གྱི་ནང་ནས་གང་དུ་ཡོད་ཅེས་དྲིས་ན། ང་ཚོའི་བཀའ་འགྱུར་དཀར་ཆག་ནང་ཤེས་ཕྱིན་ཞེས་ལོགས་སུ་དང་། དེ་བཞིན་ཕལ་ཆེན་དང་། དཀོན་བརྩེགས་སོགས་ལོགས་སུ་ཡོད། འདུལ་བ་རྐྱང་པ་ལོགས་སུ་ཡོད་པ་ལས། མངོན་པ་དང་མདོ་སྡེ་ཞེས་ལོགས་སུ་མེད།
སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་གསུང་ཚུལ་བཞིན་ཤེས་རབ་འདི་ལའང་ཀུན་རྫོབ་ཀྱི་ཤེས་རབ་དང་། དོན་དམ་པའི་ཤེས་རབ་ཅེས་དང་། ཡང་ན་གནས་ལྔ་རིག་པ་ཀུན་རྫོབ་རྟོགས་པའི་ཤེས་རབ་དང་། གནས་ལུགས་རིག་པ་དོན་དམ་རྟོགས་པའི་ཤེས་རབ་ཅེས་ཕྱེ། དེ་ལྟར་ཤེས་རབ་ལ་ཆ་གཉིིས་སུ་ཕྱེ་ནས་ཐེག་པ་ཐུན་མོང་བའི་མངོན་པ་དང་། ཐེག་ཆེན་པའི་ཀུན་རྫོབ་ཀྱི་མངོན་པ་དང་། ཤེར་ཕྱིན་གྱི་མདོ་སྡེ་ཡུམ་རྒྱས་འབྲིང་བསྡུས་གསུམ་སོགས་དོན་དམ་པའི་མངོན་པའི་སྡེ་སྣོད་བཅས་མངོན་པའི་སྡེ་སྣོད་ནང་བསྡུས། དེ་ནས་ཨབ་ཏཾསཀ་སོགས་ནི་མདོ་སྡེའི་ནང་འགྲོ་དགོས་མཁན་དང་། མངོན་པ་ནང་འགྲོ་དགོས་མཁན། ཁ་ཤས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་བསླབ་པ་བསྟན་པ་ཡིན་ཙང་འདུལ་བ་ནང་འགྲོ་དགོས་མཁན་ཅི་རིགས་ཡོད། ད་ལྟ་ང་ཚོའི་འདུལ་བ་པུ་ཏི་བཅུ་གཉིས་ནང་སོ་ཐར་གྱི་འདུལ་བ་རྐྱང་པ་མ་གཏོགས། སྔགས་དང་བྱང་སེམས་ཀྱི་འདུལ་བ་ཚུད་མེད།
ང་ཚོའི་སྔགས་ཀྱི་རྒྱུད་འདི་དག་ནི། དཔུང་བཟང་གིས་ཞུས་པའི་མདོ་ལས། གསང་སྔགས་མདོ་སྡེའི་ཚུལ་དུ་བཤད་ཀྱིས་ཉོན། །ཞེས་པའི་རྒྱུད་ཀྱི་ཁུངས་དྲངས་ནས། གསང་སྔགས་ཀྱི་རྒྱུད་རྣམས་མདོ་སྡེའི་སྡེ་སྣོད་ཀྱིི་ནང་བསྡུས་པའི་བཤད་ཚུལ་ཞིག་ཡོད། དེ་མིན་གསང་སྔགས་ཀྱི་མདོ་སྡེ་དང་། གསང་སྔགས་ཀྱི་མངོན་པ། གསང་སྔགས་ཀྱི་འདུལ་བ་ཞེས་ཕྱེ། གང་ལྟར་གསང་སྔགས་ཀྱི་ནང་གི་ཚུལ་ཁྲིམས་ཀྱི་ཆ་བསྟན་པ་རྣམས་གསང་སྔགས་ཀྱི་འདུལ་བ་དང་། གསང་སྔགས་ཀྱི་ནང་ཆོས་ཀྱི་རྣམ་གྲངས་དང། དཀྱིལ་འཁོར་སོགས་ཀྱི་རྣམ་གྲངས། དེ་བཞིན་འོད་གསལ་ལ་སོགས་པའི་ཤེས་རབ་ཀྱི་ཆ་བསྟན་པ་རྣམས་གསང་སྔགས་ཀྱི་མངོན་པ། དེ་ནས་གསང་སྔགས་ཀྱི་སྒྲུབ་ཐབས་དང་ཏིང་ངེ་འཛིན་སྒོམ་སྟངས་བསྟན་པ་རྣམས་གསང་སྔགས་ཀྱི་མདོ་སྡེ་ལ་བཞག་པའང་ཡོད། གང་ལྟར་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པའི་བརྗོད་བྱ་གཙོ་བོར་བསྟན་པ་ལ་འདུལ་བའི་སྡེ་སྣོད་དང་། ལྷག་པའི་ཏིང་ངེ་འཛིན་གྱི་བསླབ་པའི་བརྗོད་བྱ་གཙོ་བོར་བསྟན་པ་ལ་མདོ་སྡེའི་སྡེ་སྣོད། ལྷག་པའི་ཤེས་རབ་ཀྱི་བསླབ་པའི་བརྗོད་བྱ་གཙོ་བོར་བསྟན་པ་ལ་མངོན་པའི་སྡེ་སྣོད་བཅས་བརྗོད་བྱའི་སྒོ་ནས་སྡེ་སྣོད་གསུམ་འཇོག་སྟངས་དེ་ལྟར་རེད།
གལ་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་མཁས་པ་ཞིག་གི་མཉམ་དུ་ནང་པའི་ཆོས་ཀྱི་སྐད་ཆ་བཤད་དགོས་བྱུང་ན། ཚུལ་ཁྲིམས་ཀྱི་བསླབ་པ་དང་། ཏིང་ངེ་འཛིན་གྱི་བསླབ་པ། ཤེས་རབ་ཀྱི་བསླབ་པ་གསུམ་ཇི་ལྟར་བསྟན་ཡོད་ཅེ་ན། ཚིག་གཅིག་གི་ནང་རྡོག་རྡོག་བཤད་ན། གང་ཟག་ཕལ་པ་དང་དམའ་ཤོས་ཀྱི་ཚོར་བ་དང་ཉམས་མྱོང་ལ་གཞི་རྩ་བཞག་པའི་བླང་དོར་གྱི་གནས་ལུགས་ཤིག་ལ་ནང་པའི་ཆོས་ཀྱི་སྡེ་སྣོད་ཅེས་བརྗོད། དེ་ལྟ་བུའི་ནང་པའི་ཆོས་དེ་སྤྱི་ཚོགས་ཀྱི་ལམ་སྲོལ་དང་ཚན་རིག་གི་ལམ་སྲོལ་གང་འདྲ་ཞིག་གི་ནང་ཕྱིན་ནའང་མེད་ཐབས་མེད་པ་དང་། མཁོ་གལ་ཆེན་པོ་ཡིན་པ། འབྲེལ་བ་ཡོད་པ་ཞིག་ཡིན་པ་ཧ་གོ་རྒྱུ་རེད། གང་ལགས་ཤེ་ན། ཚང་མ་གོང་ནས་བྱེད་ཀྱི་ཡོད་ཅེས་ཡར་བསྐྱལ་མེད། དེ་ཡང་། ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུ་ཞིང་། །འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ། །ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་མིན་ཏེ། །ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་མཛད། །ཅེས་གསུངས་པ་བཞིན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གང་བརྙེས་པའི་རྟོགས་པ་རྣམས་ང་ཚོར་སྤོ་ཐབས་མེད་པ་དང་། འགྲོ་བའི་སྡིག་པ་རྣམས་སངས་རྒྱས་ཀྱིས་ཕྱག་གིས་བཀྲུས་ནས་གཙང་མ་བཟོ་མི་ཐུབ་པ། འགྲོ་བའི་སྡུག་བསྔལ་རྣམས་ཚེར་མ་བཏོན་པ་བཞིན་སངས་རྒྱས་ཀྱིས་ཕྱག་གིས་སེལ་ཐབས་མེད་པར་བརྟེན། ཆོས་ཉིད་བདེན་པའི་གནས་ཚུལ་ཏེ་བདེན་པ་འདི་རེད། བདེན་པ་མ་ཡིན་པ་འདི་རེད་ཅེས་བསྟན་ནས་གྲོལ་བར་བྱེད་དགོས། དེས་ན་སངས་རྒྱས་ཀྱི་གསུང་ཚང་མ་སྤོབས་པ་བཞི་ལྡན་ཞེས་པ་དེ་ཆགས་ཤིང་། རྒྱུད་བླ་མ་ལས། གང་ཞིག་དོན་ལྡན་ཆོས་དང་ཉེར་འབྲེལ་ཞིང་། །ཁམས་གསུམ་ཀུན་ནས་ཉོན་མོངས་སྤོང་བྱེད་གསུངས། །ཞི་བའི་ཕན་ཡོན་སྟོན་པར་བྱེད་པ་གང་། །དེ་ནི་དྲང་སྲོང་གསུང་ཡིན་ལྡོག་པ་གཞན། །ཞེས་ལུང་གང་འདྲ་ཞིག་སངས་རྒྱས་ཀྱི་གསུང་རེད། ལུང་གང་འདྲ་ཞིག་སངས་རྒྱས་ཀྱི་གསུང་མ་རེད་ཅེས་དབྱེ་བ་ཕྱེ་ན། དེའི་ཆེད་མཛད་བྱང་འདུག་གམ། མགོ་ལ་འདི་སྐད་བདག་ཐོས་སོགས་བལྟ་དགོས་མེད། གཞུང་གི་བརྗོད་བྱའི་ནང་དོན་དང་ལྡན་པའི་བརྗོད་བྱ་སྟོན་པ་དང་། ཚིག་འབྲེལ་ཆགས་པ། ཁམས་གསུམ་གྱི་ཉོན་མོངས་སྤོང་བར་བྱེད་པ་ཡིན་པ། ཞི་བ་མྱ་ངན་ལས་འདས་པའི་ཕན་ཡོན་སྟོན་པ་བཅས་ཁྱད་ཆོས་བཞི་ཚང་ན། དེ་ལ་ནང་པ་སངས་རྒྱས་པའི་ལུང་ཞེས་བརྗོད། དེ་ལྟ་བུའི་ལུང་དེ་སྡེ་སྣོད་གསུམ་གང་རུང་གི་ནང་རག་རྒྱུ་རེད། དེ་བཞིན་རྒྱུད་བླ་མ་ལས། གང་ཞིག་རྒྱལ་བའི་བསྟན་པ་འབའ་ཞིག་གི །དབང་བྱས་རྣམ་གཡེང་མེད་ཡིད་ཅན་གྱིས་བཤད། །ཐར་པ་ཐོབ་པའི་ལམ་དང་རྗེས་མཐུན་པ། །དེ་ཡང་དྲང་སྲོང་བཀའ་བཞིན་སྤྱི་བོས་བླངས། །ཞེས་པ་དེས་བསྟན་བཅོས་ཀྱི་རྣམ་གཞག་བསྟན་པ་རེད། རྩོད་པ་ལ་སོགས་པའི་རྣམ་པར་གཡེང་བའི་བློ་སྤངས་ནས་སངས་རྒྱས་ཀྱི་བསྟན་པ་འབའ་ཞིག་གི་དབང་དུ་བྱས་ནས་སྡེ་སྣོད་དེ་དག་གི་འགྲེལ་པ་ལ་བྲིས་པའི་སངས་རྒྱས་ཀྱི་རྗེས་སུ་བྱུང་བའི་བསྟན་བཅོས་དེ་ཚོའང་སྡེ་སྣོད་གསུམ་པོའི་ཁོངས་སུ་གཏོགས་པ་ཡིན། སྡེ་སྣོད་གསུམ་ནི་བཀའ་རྐྱང་པ་རེད། བསྟན་བཅོས་རྣམས་སྡེ་སྣོད་གསུམ་གྱི་ཁོངས་སུ་གཏོགས་པ་རེད། དཔེར་ན། རྩ་བ་ཤེས་རབ་ནི་ཤེར་ཕྱིན་གྱི་མདོའི་འགྲེལ་པ་ལ་བྲིས་པའི་མངོན་པའི་སྡེ་སྣོད་ཀྱི་ཁོངས་གཏོགས་ཀྱི་བསྟན་བཅོས་ཤིག་ཡིན་རུང་། མངོན་པའི་སྡེ་སྣོད་མིན། སྡེ་སྣོད་ཅེས་པ་ནི་སངས་རྒྱས་ཀྱི་བཀའ་ལ་གོ་དགོས། དེ་བཞིན་མངོན་རྟོགས་རྒྱན་ནི་ཏིང་ངེ་འཛིན་གྱི་བསླབ་པ་དང་ཤེས་རབ་གྱི་བསླབ་པ་གཙོ་བོར་བསྟན་པའི་མདོའི་དགོངས་པ་འགྲེལ་པ་ཡིན་ཙང་། མདོ་སྡེའི་སྡེ་སྣོད་དང་མངོན་པའི་སྡེ་སྣོད་ཀྱི་ཁོངས་གཏོགས་ཀྱི་བསྟན་བཅོས་རེད། དེས་ན་སྡེ་སྣོད་གསུམ་གྱི་རྣམ་གཞག་ཅིག་བཤད་དགོས་བྱུང་ན། རྡོག་རྡོག་ལྟ་བུ་དེ་ལྟར་རེད།
(༡༩༩༠ ཕྱི་ཟླ་ ༢ ཚེས་ ༢ ཉིན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་སློབ་ཕྲུག་བདེ་དོན་ལྷན་ཚོགས་ཀྱི་གོ་སྒྲིག་འོག་རྒྱལ་པོའི་ཁབ་ཀྱི་གཞོན་ནུ་དོན་གྲུབ་མགྲོན་ཁང་དུ་སློབ་གཉེར་བ་རྒན་པ་རྣམས་ཀྱི་དགུན་ཆོས་སུ་གསུངས་པ་ཞིག་ཡིན།)