སྔགས་ཀྱི་མཁས་པའི་བགྲོ་གླེང་དེང་རབས་ཤེས་ཡོན་ལམ་སྲོལ་དང་མཐུན་པ་ཚད་ལྡན་ཡོང་ཐབས་བཅས་ཀྱི་ཐོག་གནང་བའི་གསུང་བཤད།

༈ ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༢༢ ཉིན་གྱི་སྔ་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེས་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་“རྗེ་རིན་པོ་ཆེས་འགྲེལ་པ་བཞི་སྦྲགས་མཛད་ནས་ལོ་ ༦༠༠ འཁོར་བའི་དུས་ཚིགས་རྗེས་དྲན་གྱི་དགོས་དམིགས་དང་། དེ་བཞིན་ཟླ་དེའི་ཕྱི་ཚེས་ ༢༩ ཉིན་ཚོགས་འཆར་སྔགས་ཀྱི་མཁས་པའི་བགྲོ་གླེང་དེང་རབས་ཤེས་ཡོན་ལམ་སྲོལ་དང་མཐུན་པ་ཚད་ལྡན་ཡོང་ཐབས་”བཅས་ཀྱི་ཐོག་གནང་བའི་གསུང་བཤད།

Gurto-Monastery-2014.11.24-1༄༅།། གང་གི་དྲིན་གྱིས་བདེ་ཆེན་ཉིད།། སྐད་ཅིག་ཉིད་ལ་འཆར་བ་གང་།།
བླ་མ་རིན་ཆེན་ལྟ་བུའི་སྐུ།། རྡོ་རྗེ་ཅན་ཞབས་པད་ལ་འདུད།།
དེ་རིང་འདིར་ཚོགས་འདུར་ཕེབས་པའི་༸སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་དང་། བླ་མ་དབུ་མཛད་མཆོག དེ་བཞིན་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་ལས་སྣེ་དབུ་ཆོས། དགེ་བཤེས། བསྐྱེད་རིམ་པ། དགེ་འདུན་བགྲེས་གཞོན་ཚང་མར་ཞུ་རྒྱུ། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་འགྲེལ་པ་བཞི་སྦྲགས་ལྗགས་རྩོམ་གནང་སྟེ་འཆད་ཉན་གྱི་སྲོལ་བཙུགས་ནས་ལོ་ ༦༠༠ འཁོར་བའི་རྗེས་དྲན་གྱི་ཆེད་དུ་གྲྭ་ཚང་གིས་ཐུགས་འགན་བཞེས་ཏེ་མཁས་པའི་བགྲོ་གླེང་དང་། ༸གོང་ས་མཆོག་གི་གསུང་ཆོས་ཀྱི་རིམ་པ་སོགས་མཛད་འཆར་ཇི་སྙེད་ཅིག་གོ་སྒྲིག་གནང་བཞིན་པ་དང་། དེའི་ཆ་ཤས་སུ་ད་ལམ་ངོས་ལ་བརྗོད་གཞི་གཉིས་ཀྱི་ཐོག་གཏམ་བཤད་མདོར་བསྡུས་ཤིག་བྱ་དགོས་གསུངས་པའི་བརྗོད་གཞི་དང་པོ། འགྲེལ་པ་བཞི་སྦྲགས་མཛད་ནས་ལོ་ ༦༠༠ འཁོར་བའི་རྗེས་དྲན་ཞུ་དགོས་པའི་དགོས་དམིགས་དང་། གཉིས་པ། སྔགས་ཀྱི་མཁས་པའི་བགྲོ་གླེང་དེ་དེང་རབས་ཀྱི་བགྲོ་གླེང་དང་མཐུན་པ་ཚད་ལྡན་ཡོང་ཐབས་ཀྱི་སྐོར་བཅས་ཡིན། བརྗོད་གཞི་དང་པོ་ཧ་ཅང་རྒྱ་ཆེན་པོ་ཡིན་སྟབས། ངས་ཞིབ་ཅིང་ཕྲ་བ་ཞུ་ཐུབ་པའི་རེ་བ་མེད། ལྷག་པར་འདིར་རྒྱུད་གྲྭའི་ནང་སློབ་གཉེར་གནང་མཁན་དགེ་བཤེས་རྣམས་ལ་མཚོན་ན་ཕ་རོལ་ཏུ་ཕྱིན་པའི་ཐེག་པར་གསན་བསམ་ཡོངས་སུ་རྫོགས་ནས་སྔགས་ཀྱི་ཐེག་པར་གསན་བསམ་གནང་བཞིན་པའི་སྐབས་ཡིན་པས། ཁྱེད་རྣམས་ཀྱིས་མ་མཁྱེན་པ་ཞིག་དང་མ་གསན་པ་ཞིག་ངས་གསར་པ་གང་ཡང་ཞུ་རྒྱུ་མེད་པ་དེ་ཧ་ཅང་གསལ་པོ་རེད། འོན་ཀྱང་ལྷན་རྒྱས་ཚོས་སྔགས་ཀྱི་བགྲོ་གླེང་འཚོགས་པའི་དུས་ཚེས་ལ་ང་དྷརྨ་ཤཱ་ལཱར་མེད་པའི་སྐབས་སུ་འཁེལ་བས། ངའི་སྐལ་བའི་ཁྲལ་གྱི་ཚོད་དེ་སྔོན་དུ་འཇལ་དགོས་པར་དགོངས་པ་འདྲ། དེའི་རྐྱེན་གྱིས་དེ་རིང་འདིར་བཅར་དགོས་བྱུང་བ་ཡིན།
ཐོག་མར་རྗེས་དྲན་ཞུ་བའི་དགོས་པ་གང་ཡིན་ཞེ་ན། སངས་རྒྱས་ཀྱི་མཛད་པ་འཕྲིན་ལས་དང་། དགྲ་བཅོམ་པ་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་སྐྱེས་བུ་དམ་པ་རྣམས་ཀྱི་མཛད་པ་འཕྲིན་ལས་དེ་དག་རྗེས་དྲན་ཞུ་དགོས་པ་དང་། རྗེས་དྲན་གྱི་དུས་སྟོན་ཞུ་དགོས་པར་སངས་རྒྱས་རང་གིས་འདུལ་བ་གཞི་ལ་སོགས་པའི་མདོ་རྒྱུད་མང་པོའི་ནང་དུ་ཡང་ཡང་གསུངས་ཡོད། སྟོན་པ་ཞལ་བཞུགས་པའི་སྐབས་ནས་སྟོན་པའི་མཛད་ཆེན་བཞི་བསྐྱངས་པའི་གནས་ཆེན་རྣམས་སུ་རྗེས་དྲན་གྱི་མཆོད་རྟེན་བརྩིགས་པ་དང་། རྗེས་དྲན་གྱི་དུས་སྟོན་འཚོགས་པའི་ལམ་སྲོལ་དར་ཡོད། སྟོན་པའི་མཛད་ཆེན་བཞི་སྟེ་སྐུ་འཁྲུངས་པའི་མཛད་པ་དང་། མངོན་པར་རྫོགས་པར་སངས་རྒྱས་པའི་མཛད་པ། ཆོས་ཀྱི་འཁོར་ལོ་བསྐོར་བའི་མཛད་པ། མྱ་ངན་ལས་འདས་པའི་མཛད་པ་བཅས་ཡིན། དེ་བཞི་གནས་མི་འདྲ་བ་བཞི་ལ་གནང་བ་ཡིན། དེར་བརྟེན་ལུམྦིནཱིར་སྐུ་བལྟམས་པའི་རྗེས་དྲན་གྱི་མཆོད་རྟེན། རྗེས་དྲན་གྱི་དུས་སྟོན། རྡོ་རྗེ་གདན་དུ་མངོན་པར་རྫོགས་པ་སངས་རྒྱས་པའི་རྗེས་དྲན་གྱི་མཆོད་རྟེན། རྗེས་དྲན་གྱི་དུས་སྟོན། ཝཱ་རཱ་ཎ་སཱིར་ཆོས་ཀྱི་འཁོར་ལོ་བསྐོར་བའི་རྗེས་དྲན་གྱི་མཆོད་རྟེན་དང་རྗེས་དྲན་གྱི་དུས་སྟོན། ཐེག་པ་ཐུན་མོང་བའི་ལུགས་ལྟར་ན། ཆོས་ཀྱི་འཁོར་ལོ་གཅིག་ལས་མེད། ཉན་ཐོས་སྡེ་པས་ཝཱ་རཱ་ཎ་སཱིར་ཆོས་ཐོག་མར་གསུངས་པའི་སྐབས་གནོད་སྦྱིན་རྣམས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་རོ་ཞེས་སྒྲ་བསྒྲགས་པ་ཡིན་པས་དེ་ལ་ཆོས་འཁོར་ཞེས་ཟེར། གཞན་རྣམས་ཆོས་འཁོར་གྱི་མཇུག་སྐྱོང་ངམ། འགྲེལ་བརྗོད་ལྟ་བུ་མ་གཏོགས་གསར་པ་སྟོན་པ་ཞིག་མིན་པར་འདོད། འཁོར་ལོ་འཁོར་ཞེས་པ་གང་ཟག་གཅིག་གི་རྒྱུད་ནས་གང་ཟག་གཞན་གྱི་རྒྱུད་ལ་ལུང་དང་རྟོགས་པའི་བསྟན་པ་གསར་དུ་སྐྱེ་བ་དེ་འཁོར་བའི་དོན་ཡིན།
ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་ལུགས་ལ་འཁོར་ལོ་གསུམ་གྱི་རྣམ་གཞག་མཛད་པ་དང་། འཁོར་ལོ་བཞིའི་རྣམ་གཞག་མཛད་པའང་ཡོད། འཁོར་ལོ་གསུམ་གྱི་རྣམ་གཞག་དེ་ཡོངས་གྲགས་ལྟ་བུ་ཡིན། མྱ་ངན་ལས་འདས་པའི་གནས་རྩྭ་མཆོག་གྲོང་དུ་རྗེས་དྲན་གྱི་མཆོད་རྟེན་དང་རྗེས་དྲན་གྱི་དུས་སྟོན་མཛད་པ་དང་། གནས་བཞི་པོ་དེ་དག་མཇལ་ན་ཕན་ཡོན་ཡོད་པ། གནས་ཀྱིས་གང་ཟག་ལ་བྱིན་གྱིས་བརླབས་པའི་སྐོར་མདོ་རྒྱུད་མང་པོའི་ནང་གསུངས་ཡོད། དེར་བརྟེན་སྐྱེས་བུ་དམ་པའི་མཛད་པ་འཕྲིན་ལས་ལ་རྗེས་དྲན་ཞུ་རྒྱུ་དེ་ནུབ་ཕྱོགས་པར་དཔེ་བལྟས་པ་ཞིག་མ་ཡིན། ང་ཚོས་སྔོན་ནས་གནང་སྲོལ་ཡོད་པ་ཞིག་ཡིན། བོད་ནང་དུའང་རྗེས་དྲན་གྱི་དུས་སྟོན་ལ་མཆོད་པ་ཆེན་པོ་ཞེས་བརྗོད་སྲོལ་བྱུང་ཡོད། དཔེར་ན་མུ་ནེ་བཙན་པོའི་སྐབས་ལྷ་ས་འདུལ་བའི་མཆོད་པ། ཁྲ་འབྲུག་མངོན་པའི་མཆོད་པ། བསམ་ཡས་མདོ་སྡེ་དང་བྱང་ཆུབ་ཀྱི་མཆོད་པ་ཆེན་པོ་གནང་སྲོལ་བཙུགས། རྗེ་བདག་ཉིད་ཆེན་པོས་ལྷ་ལྡན་སྨོན་ལམ་ཆེན་མོ་གསར་འཛུགས་གནང་བ་དེའང་སྟོན་པ་རྣམ་འདྲེན་བཞི་པ་ཟས་གཙང་སྲས་ཀྱིས་མཉན་ཡོད་དུ་ཆོ་འཕྲུལ་བསྟན་པའི་དུས་ཆེན་གྱི་རྗེས་དྲན་ཡིན། དེའི་ཕྱིར་རྗེས་དྲན་ཞེས་པ་དེ་གལ་ཆེན་པོ་ཡིན།
སྐུ་བལྟམས་པའི་ཚེས་གྲངས་དང་མྱ་ངན་ལས་འདས་པའི་ཚེས་གྲངས། དེ་བཞིན་མཛད་པ་ཆེན་པོ་གཞན་དག་མཛད་པའི་ཚེས་དང་དུས་ཚོད་དེའི་སྐབས་སུ་རྗེས་དྲན་གནང་ན་ཕན་ཡོན་དང་། དགོས་པ་ཡོད་པ་རྒྱུད་རྒྱ་གཞུང་མང་པོ་ནས་གསུངས་ཡོད། དེ་ནས་སངས་རྒྱས་ཀྱི་མཛད་ཆེན་བརྒྱད་ལ་མཚོན་ནའང་གོང་དུ་ཞུས་པའི་བཞི་པོ་དེའི་ཐོག་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་བའི་དུས་སྟོན་དང་། ཆོ་འཕྲུལ་གྱི་དུས་སྟོན། ལྷ་བབས་ཀྱི་དུས་སྟོན། དེ་བཞིན་ཆོས་ཀྱི་འཁོར་ལོ་གསུམ་པ་བསྐོར་བའི་དུས་སྟོན་ལ་སོགས་པ་ཡོད། གནས་ཆེན་བརྒྱད་བརྩིས་པའི་སྐབས་རྒྱལ་པོའི་ཁབ་ཀྱི་བྱ་རྒོད་ཕུང་པོའི་རི་འཁོར་ལོ་བར་པ་བསྐོར་བའི་གནས་དང་། མཉན་ཡོད་ཆོ་འཕྲུལ་སྟོན་པའི་གནས། ལྷག་པར་སངས་རྒྱས་མངོན་པར་རྫོགས་པ་སངས་རྒྱས་ནས་རྒྱུན་རིང་ཤོས་བཞུགས་ཡུལ་དེ་མཉན་ཡོད་ཡིན། མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ཞེས་ཡོངས་གྲགས་དེའི་ནང་ཡིན། བཀའ་འགྱུར་ནང་གཟིགས་དང་མདོ་ཕལ་ཆེ་བའི་ནང་བཅོམ་ལྡན་འདས་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བར་བཞུགས་སོ་ཞེས་གསལ་ཡོད། སྟོན་པ་མངོན་པར་རྫོགས་པར་སངས་རྒྱས་ནས་ལོ་བཞི་བཅུ་ལྷག་བཞུགས་པའི་རིང་དབྱར་ཉི་ཤུ་རྩ་གཉིས་མཉན་ཡོད་ལ་གནང་ཡོད། ཆོ་འཕྲུལ་བསྟན་པའི་གནས་ཀྱང་དེ་ཡིན། དེ་ནས་ཡུལ་ཡངས་པ་ཅན་དེང་སྐབས་ཡོངས་གྲགས་དེ་ཙམ་མིན་ཡང་། ཆོས་ཀྱི་འཁོར་ལོ་གསུམ་པ་བསྐོར་བའི་གནས་ཡིན། དེ་ཚོ་ཐམས་ཅད་དུ་རྗེས་དྲན་གྱི་མཆོད་རྟེན་བཞེངས་པ་དང་རྗེས་དྲན་གྱི་དུས་སྟོན་གནང་བའི་སྲོལ་བྱུང་ཡོད།
རྗེས་དྲན་བྱེད་པའི་དམིགས་ཡུལ་དང་དགོས་པ་གང་ཡིན་ཞེ་ན། རྗེས་དྲན་བྱེད་པའི་དགོས་པ་དང་དམིགས་ཡུལ་དང་དགོས་པ་མང་པོ་ཡོད་ཆོག་ཀྱང་། དེའི་ནང་ནས་གནད་འགག་ཆེ་བ་རྣམས་བསྡོམས་བརྒྱབ་ན་དོན་ཚན་བཞིའི་ནང་དུ་འདུས་ཀྱི་ཡོད། དང་པོ། དད་པ་སྦྱོང་བའི་ཆེད་དུ་ཡིན། དད་པ་སྔོན་འགྲོ་མ་ལྟར་བསྐྱེད་པ་སྟེ།། ཡོན་ཏན་ཐམས་ཅད་སྲུང་ཞིང་སྤེལ་བར་བྱེད།། ཅེས་གསུངས་པ་ལྟར་ཆོས་ཐམས་ཅད་ཀྱི་གཞི་རྩ་བསྟན་པ་ལ་འཇུག་པའི་སྒོ་སྐྱབས་འགྲོ་ཡིན། སྐྱབས་འགྲོ་ཞེས་པ་དད་པའི་ངོ་བོ་ཞིག་ཡིན། དེ་ལྟར་དད་པ་སྦྱོང་དགོས་པ་ཧ་ཅང་གལ་ཆེན་པོ་ཡིན། ལྷག་པར་དུ་བླ་མར་སངས་རྒྱས་སུ་བལྟ་བའི་དད་པ་སྦྱོང་བ་དེ་ཉིད་ལམ་ཐམས་ཅད་ཀྱི་རྩ་བ་ལྟ་བུ་ཞིག་ཡིན། དེར་བརྟེན་སངས་རྒྱས་ཀྱི་མཛད་པ་རྗེས་སུ་དྲན་པ། རང་གི་རྩ་བའི་བླ་མའི་མཛད་པ་རྗེས་སུ་དྲན་པ། བརྒྱུད་པའི་བླ་མ་རྣམས་ཀྱི་མཛད་པ་རྗེས་སུ་དྲན་པ་དེ་དག་གི་དགོས་པ་དང་དམིགས་ཡུལ་ནི་དད་པ་བསྐྱེད་པའི་ཆེད་དུ་ཡིན།
Gurto-Monastery-2014.11.24-2གཉིས་པ། དད་པ་བསྐྱེད་པ་ཙམ་མ་ཟད། བཀའ་དྲིན་རྗེས་སུ་དྲན་པ་དེའང་གལ་ཆེན་པོ་ཡིན། རྗེ་བདག་ཉིད་ཆེན་པོས་ལམ་རིམ་ཆེ་ཆུང་གི་ནང་བཤེས་གཉེན་བསྟེན་ཚུལ་ཉམས་སུ་ལེན་པའི་གདམས་ངག་རྣམས་ས་བཅད་བཀྲམ་པའི་སྐབས་རྩ་བ་དད་པ་སྦྱང་བ་དང་། བཀའ་དྲིན་རྗེས་སུ་དྲན་པའི་གུས་པ་བསྐྱེད་པའོ་ཞེས་བསམ་པའི་བསྟེན་ཚུལ་ནང་དང་པོ་དད་པ་སྦྱང་བ་དང་། གཉིས་པ་བཀའ་དྲིན་རྗེས་སུ་དྲན་པའི་གུས་པ་བསྐྱེད་པ་པ་ཞེས་བཀོད་ཡོད། བདག་ཉིད་ཆེན་པོ་དེ་རྣམས་ཀྱི་མཛད་པ་འཕྲིན་ལས་དག་ལ་ཡང་ཡང་རྗེས་དྲན་བྱེད་པ་དང་བསམ་བློ་བཏང་བའི་སྐབས་སོ་སོའི་བློའི་ནང་བཀའ་དྲིན་རྗེས་སུ་དྲན་པའི་གུས་པ་རང་ཤུགས་ཀྱིས་འཕེལ་འགྲོ་བ་ཡིན། ལྷག་པར་འཆད་རྩོད་རྩོམ་གསུམ་གྱི་ནང་ནས་རྩོམ་པའི་མཛད་པ་དེ་གལ་ཆེ་ཤོས་ཡིན་པ་དང་། དེ་རྗེས་དྲན་ཞུ་བའི་སྐབས་རྗེས་དྲན་ཞུ་རྒྱུའི་གསུང་རབ་རྣམས་ལ་དངོས་སུ་སློབ་སྦྱོང་བྱེད་རྒྱུ་ཡོད་པ་འདི་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན། རྗེ་བདག་ཉིད་ཆེན་པོ་འདི་ལྟ་བུའི་མཁས་པ་ཆེན་པོ་ཞིག་བྱུང་། གདུལ་བྱ་སྟོང་ཕྲག་མང་པོར་ཆོས་གསུངས། ཕས་ཀྱི་རྒོལ་བ་དེ་དག་ཚར་བཅད་པའི་འཆད་རྩོད་ཀྱི་མཛད་པ་མང་པོ་མཛད་ནས་རྩོམ་པའི་མཛད་པ་དེ་དག་མ་མཛད་ན། ད་ལྟ་རྗེ་རིན་པོ་ཆེ་དགོངས་པ་མྱ་ངན་ལས་འདས་ནས་ལོ་དྲུག་བརྒྱར་ཉེ་བ་ཞིག་སླེབས་ཡོད། ཕྱི་ལོ་ ༢༠༡༩ ལོར་ལོ་དྲུག་བརྒྱ་ཟིན་པ་ཡིན། དེའི་བར་གཅིག་བྱས་ན་རྗེ་རིན་པོ་ཆེའི་མཚན་ཙམ་ཡང་བརྗེད་ཟིན་པ་ཡོང་སྲིད། རྩོམ་གྱི་ཡིག་འཇོག་མེད་པའི་མཁས་པ་དང་གྲུབ་པའི་སྐྱེས་བུ་ཇི་སྙེད་ཅིག་ཕེབས་ཡོད་པ་དེ་རྣམས་དེང་སྐབས་མཚན་ཙམ་ཡང་མི་ཤེས་པ་དེ་ནི་ཁོང་ཚོས་སྐབས་དེར་དངོས་སུ་ཞལ་མཇལ་མཁན་གྱི་གདུལ་བྱ་དེ་ཚོའི་དོན་མང་པོ་མཛད་ཡོད་ངེས་ཀྱང་རྩོམ་པའི་ཡིག་འཇོག་མཛད་མེད་སྟབས། འུ་ཅག་རྣམས་ལ་འཕྲིན་ལས་མི་འཇུག་པ་ལྟ་བུ་ཞིག་ཡིན། དེར་བརྟེན་རྩོམ་པའི་ཆོས་རྗེས་དྲན་ཞུ་རྒྱུ་དེ་ནི་ཧ་ཅང་གལ་ཆེན་པོ་ཡིན།
གསུམ་པ། རྣམ་ཐར་དེ་དག་གི་རྗེས་སུ་སློབ་པའི་ཆེད་དུ་ཡིན། རྗེས་དྲན་ཞེས་པ་མཛད་སྒོ་ལྟ་བུ་ཞིག་འཚོགས། དུས་སྟོན་ཙམ་བྱས་པས་མི་ཕན། སྔོན་བྱོན་སྟོན་པའི་རྣམ་ཐར། རྗེས་འཇུག་གདུལ་བྱའི་ཉམས་ལེན་ཞེས་བོད་ཀྱི་གཏམ་དཔེར་ཡོད། སྔོན་བྱོན་སྟོན་པའི་རྣམ་ཐར། རྗེས་འཇུག་གདུལ་བྱའི་ཉམས་ལེན་དུ་འཁྱེར་དགོས་ཀྱི་ཡོད་ན་སྔོན་ལ་རྣམ་ཐར་ཤེས་དགོས་པ་ཡིན། རྣམ་ཐར་དེ་དག་ཤེས་པར་བྱས་ནས་རྗེས་སུ་དྲན་པ་དང་། རྗེས་སུ་དྲན་པའི་ཐོག་ནས་རང་ཉིད་ཀྱང་དེར་སློབ་པའི་འདོད་པ་བསྐྱེད་ནས། དེའི་རྗེས་སུ་ཡང་དག་པར་བསླབས་ཏེ་ཉམས་ལེན་ལ་འཁྱེར་དགོས། དུས་ཐམས་ཅད་དུ་སངས་རྒྱས་དང་སྐྱེས་བུ་དམ་པ་ཚོའི་མཛད་པ་རྗེས་དྲན་བྱེད་པའི་སྐབས་སེམས་ནང་དད་པ་སྐྱེ་ཞིང་བཀའ་དྲིན་དྲན་གྱི་ཡོད། དེ་དང་མཉམ་དུ་རང་ཉིད་ཀྱང་དེར་བསླབ་པའི་འདུན་པ་སྐྱེ་བ་ཡིན། མདོ་སྡེ་བསྐལ་བཟང་ནང་གཟིགས་ན་སངས་རྒྱས་སྟོང་གིས་ཐོག་མར་ཐུགས་བསྐྱེད་པའི་སྐབས། མང་པོ་ཞིག་སངས་རྒྱས་གཞན་གྱི་ཡོན་ཏན་གཟིགས་ནས་དེས་ཐུགས་འཕྲོགས་ཏེ་ཐུགས་བསྐྱེད་པ་གསུངས་ཡོད། སྤྱིར་སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་ཏེ་ཐུགས་བསྐྱེད་དགོས་པ་ཞིག་ཡིན་ཡང་། སྟོན་པ་གཞན་གྱི་རྣམ་ཐར་གཟིགས་པའི་རྐྱེན་བྱས་ནས་ཐུགས་བསྐྱེད་པའང་མང་པོ་ཞིག་ཡོང་གི་ཡོད། དེར་བརྟེན་རྗེས་སུ་བསླབ་པ་དེ་རྗེས་དྲན་གྱི་དགོས་པ་གསུམ་པ་ཡིན།
བཞི་པ། རྣམ་ཐར་ལ་རྗེས་སུ་ཡི་རངས་བསྒོམ་རྒྱུ་དེ་ཡིན། རང་གི་དགེ་བ་དང་གཞན་གྱི་དགེ་བ་གང་ཡིན་ཡང་དེ་ཉིད་ཡང་ཡང་དྲན་ནས་རྗེས་སུ་ཡི་རངས་བསྒོམ་ན་དེས་བསོད་ནམས་ཀྱི་ཚོགས་རླབས་པོ་ཆེ་བསགས་ཀྱི་ཡོད། འབད་པ་ཆུང་ངུས་རླབས་ཆེན་ཚོགས་སྡུད་ལ།། དགེ་ལ་རྗེས་སུ་ཡི་རངས་མཆོག་ཏུ་གསུངས།། ཞེས་རྗེ་རིན་པོ་ཆེས་གསུངས་ཡོད། རྗེ་གུང་ཐང་པས། ཉལ་ནས་དགེ་ཆེན་ཞིག་བསྒྲུབ་ན།། རྗེས་སུ་ཡི་རངས་རང་སྒོམས་ཤིག།། ཅེས་གསུངས་པ་དེ་དོན་ལ་གནས་པ་ཡིན། རྗེས་སུ་ཡི་རངས་སྒོམ་ཚུལ་དེ་ཡང་བཟང་པོ་སྤྱོད་པའི་སྨོན་ལམ་ལྟར་བྱས་ན་གང་ཟག་ལྔའི་དགེ་བ་ལ་རྗེས་སུ་ཡི་རངས་པ་སྟེ། ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས།། རང་རྒྱལ་རྣམས་དང་སློབ་དང་མི་སློབ་དང་།། འགྲོ་བ་ཀུན་གྱི་བསོད་ནམས་གང་ལ་ཡང་།། དེ་དག་ཀུན་གྱི་རྗེས་སུ་བདག་ཡི་རངས།། ཞེས་སེམས་ཅན་ཐམས་ཅད་འགྲོ་བ་ལྔའི་ནང་བསྡུས་ནས་དེའི་དགེ་བའི་རྩ་བ་ཡོངས་སུ་རྫོགས་པར་རྗེས་སུ་ཡི་རངས་བསྒོམ་དགོས་པ་ཡིན། དེར་བརྟེན་སངས་རྒྱས་དང་སྔོན་གྱི་སྐྱེས་བུ་དམ་པ་རྗེ་རིན་པོ་ཆེ་ལ་སོགས་པ་དེ་རྣམས་ཀྱི་མཛད་པ་རྣམ་ཐར་རྗེས་སུ་དྲན་ནས་རྗེས་སུ་ཡི་རངས་བསྒོམ་ན་དམིགས་བསལ་གྱིས་འབད་པ་ཆུང་ངུས་བསོད་རྣམས་རླབས་པོ་ཆེ་འགྲུབ་ཐུབ་པ་ཡིན། བཟང་སྤྱོད་ཀྱི་འགྲེལ་པ་ཚོའི་ནང་རང་ལས་རྒྱུ་ཚོད་མཐོ་བའི་དགེ་བ་ལ་རྗེས་སུ་ཡི་རངས་བྱས་ན་དགེ་བའི་ཆ་ཤས་ཐོབ་པ་དང་། རང་དང་རྒྱུ་ཚོད་མཉམ་པར་རྗེས་སུ་ཡི་རངས་བྱས་ན་དགེ་བ་གཅིག་གྱུར་ཐོབ་པ། རང་ལས་རྒྱུ་ཚོད་དམའ་བ་ལ་རྗེས་སུ་ཡི་རངས་བྱས་ན་དེའི་དགེ་བ་ལས་ཀྱང་ལྷག་པར་ཐོབ་པ་གསུངས་ཡོད། དེར་བརྟེན་སངས་རྒྱས་དང་བྱང་སེམས་ཀྱི་སྐྱེས་བུ་དམ་པའི་མཛད་འཕྲིན་ལ་རྗེས་སུ་ཡི་རངས་བྱེད་པ་དེ་དོན་དམ་གྱིས་ཚོགས་རླབས་ཆེན་པོ་སྡུད་པར་བྱེད་པའི་ཐབས་ལམ་ཞིག་ཡིན། དེ་ལྟར་རྗེས་དྲན་བྱེད་པའི་དགོས་པ་དད་པ་སྦྱོང་བ་དང་། བཀའ་དྲིན་རྗེས་སུ་དྲན་པ། རྣམ་ཐར་ལ་རྗེས་སུ་སློབ་པ། དགེ་བ་ལ་རྗེས་སུ་ཡི་རངས་སྒོམ་པ་དེ་བཞི་པོའི་ཆེད་དུ་རྗེས་དྲན་ཞུས་པ་ཡིན་ན་ཟང་ཟིང་གི་ཡོ་ལང་ལྟ་བུ་ཞིག་མ་ཡིན་པར། དོན་དམ་གྱིས་ཚོགས་གཉིས་རླབས་པོ་ཆེ་བསྡུ་ཐུབ་པའི་ཐབས་ལམ་ཞིག་ཏུ་འགྱུར་ཐུབ། རྗེས་དྲན་ཞུ་བའི་སྐབས་ཐོག་མར་དགོས་དམིགས་རྣམས་མཁྱེན་པའི་ཀུན་སློང་བཟང་པོས་གནང་ན་མཆོག་ཏུ་གྱུར་པ་ཡིན།
སྤྱིར་སངས་རྒྱས་ཀྱི་ཐེག་པ་ཆེ་ཆུང་གི་མདོ་མང་པོའི་ནང་ནས་རྗེས་དྲན་དྲུག་ཅེས་པ་དེ་ཡང་ཡང་གསུངས་ཡོད། རྒྱལ་བས་སངས་རྒྱས་ཆོས་དང་དགེ་འདུན་དང་།། གཏོང་དང་ཚུལ་ཁྲིམས་ལྷ་རྗེས་དྲན་པ་དྲུག།།རབ་ཏུ་བཀའ་སྩལ་དེ་དག་སོ་སོ་ཡི།། ཡོན་ཏན་ཚོགས་ཀྱིས་རྗེས་སུ་དྲན་པར་བགྱི།། ཞེས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་རྒྱལ་པོ་ལ་རྗེས་དྲན་དྲུག་གི་གདམས་ངག་གནང་བའི་སྐབས་རྒྱལ་པོར་སངས་རྒྱས་ཀྱིས་ཡང་ཡང་བཀའ་སྩལ་ཡོད་ཅེས་གསུངས། སངས་རྒྱས་རྗེས་སུ་དྲན་པ་དང་། ཆོས་རྗེས་སུ་དྲན་པ། དགེ་འདུན་རྗེས་སུ་དྲན་པ། དེ་བཞིན་གཏོང་བ་རྗེས་སུ་དྲན་པ། ཚུལ་ཁྲིམས་རྗེས་སུ་དྲན་པ། ལྷ་རྗེས་སུ་དྲན་པ་བཅས་དྲུག་དང་། ལྷ་རྗེས་སུ་དྲན་པ་ཞེས་པ་དེ་མདོ་སྔགས་སོ་སོའི་ཁྱད་པར་ཡོང་སྲིད། སྔགས་ལུགས་ལྟར་ན་ལྷའི་རྣལ་འབྱོར་དང་འབྲེལ་བའི་གདམས་པ་ཡིན་པས་སོ་སོའི་ཡི་དམ་གྱི་ལྷ་ང་རྒྱལ་དང་གསལ་སྣང་གིས་རྗེས་སུ་དྲན་པ་གལ་ཆེན་པོ་ཡིན། ཐེག་པ་ཐུན་མོང་བའི་དབང་དུ་བྱས་ན། དཀར་ཕྱོགས་སྐྱོང་བའི་ལྷ་དང་། ལྷག་པར་དུ་སངས་རྒྱས་ཀྱི་སྲས་སུ་འདུས་པའི་ཉེ་བའི་སྲས་ཆེན་བརྒྱད་ལ་སོགས་པ་ལྷའི་ལུས་ཅན་ཤ་སྟག་ཡིན། སངས་རྒྱས་འཇིག་རྟེན་དུ་བྱོན་སྐབས་སྤྲུལ་པའི་ཉན་ཐོས་མང་པོ་ཡོད་མོད། མིའི་གདུལ་བྱ་ཕལ་ཆེ་བ་ཉན་ཐོས་ཐེག་པའི་རིགས་ཅན་དང་། ཉན་ཐོས་ཐེག་པའི་ལམ་དུ་ཞུགས་པ་མང་བ་ཡོད། ཐེག་པ་ཆེན་པོའི་གདུལ་བྱ་ཕལ་ཆེ་བ་ཞིག་ལྷའི་རྟེན་ཅན་ཡིན་པས་དེ་དག་གི་རྗེས་དྲན་ལ་ལྷ་རྗེས་སུ་དྲན་པ་ཞེས་གསུངས། ཡང་མདོ་ཁ་ཤས་ནང་རྗེས་དྲན་དྲུག་གི་ཐོག་རྗེས་དྲན་གཞན་བཞི་བསྣན་ནས་རྗེས་དྲན་བཅུ་ཞེས་པའང་ཡོད། རྗེས་དྲན་བཅུ་བརྩིས་པའི་སྐབས་དྲན་པ་ཉེར་གཞག་མཉམ་དུ་བསྡོམས་པ་ལྟ་བུ་ཞིག་ཡིན། དབུགས་ཕྱི་ནང་དུ་རྒྱུ་བ་རྗེས་སུ་དྲན་པ་དང་། སྐྱོ་བ་རྗེས་སུ་དྲན་པའམ་མི་སྡུག་པ་རྗེས་སུ་དྲན་པ། འཆི་བ་རྗེས་སུ་དྲན་པ། ལུས་ཀྱི་རྣམ་པ་རྗེས་སུ་དྲན་པ་བཅས་རྗེས་དྲན་བཅུ་ཞེས་གསུངས་ཡོད། རྗེས་དྲན་ཞེས་པ་རང་རེའི་ཉམས་ལེན་གྱི་ཆ་ཤས་ཤིག་ཡིན་པ་མ་གཏོགས། གསར་པ་ལྟ་བུ་སྔོན་ཆད་བྱས་མ་མྱོང་བའི་རིགས་ཤིག་གཏན་ནས་མིན། དེར་བརྟེན་ང་ཚོའི་སྲོལ་རྒྱུན་ནང་རྗེས་དྲན་གྱི་གདམས་པ་གང་ཡོད་པ་དང་། དེའི་དགོས་པ་རྒྱུ་མཚན་གང་ཞིག་ཡོད་པ་དེ་དག་ལ་བསམ་གཞིགས་གནང་བ་ཡིན་ན་རྗེས་དྲན་གྱི་དམིགས་ཡུལ་དང་དགོས་པ་དེ་ཡང་དག་པ་ཞིག་འགྲུབ་ཀྱི་ཡོད། ཡིན་ནའང་དེང་སྐབས་དེང་རབས་དང་ནུབ་ཕྱོགས་པའི་ཡུལ་གོམས་གཤིས་ལུགས་ཀྱི་ནང་རྗེས་དྲན་བྱེད་ཚུལ་མིང་མི་འདྲ་བ་བཏགས་ནས། ལོ་ ༢༥ དང་། ལོ་ ༥༠ ལོ་ ༡༠༠ འཁོར་བའི་རྗེས་དྲན་སོ་སོར་དངུལ་གྱི་དགའ་སྟོན་ (Silver Jubilee) དང་། གསེར་གྱི་དགའ་སྟོན། (Golden Jubilee) ཕ་ལམ་གྱི་དགའ་སྟོན་ (Diamond Jubilee) ཞེས་པ་ལྟ་བུ་དུས་ཁྱད་པ་ཅན་རེ་རེར་མིང་མི་འདྲ་བ་རེ་བཏགས་ནས་བྱེད་སྲོལ་ཞིག་ཡོད་ཀྱང་། ང་ཚོ་ཤར་ཕྱོགས་པ་དང་ནང་པའི་སྲོལ་རྒྱུན་དུ་དེ་འདྲ་གང་ཡང་མེད། འོན་ཀྱང་དེ་ཚོར་དཔེ་བླང་བ་ཡིན་ན་ལེན་མི་ཆོག་པའང་མིན། དེང་རབས་ཀྱི་ལེགས་པའི་ཆ་མང་པོ་ང་ཚོས་བླང་བ་ཡིན་ན་ལེན་ཆོག་པའང་ཡོད། གང་ལྟར་གོང་སྨོས་ཀྱི་མིང་དེ་ཚོ་བཏགས་མིན་ལ་མ་བལྟོས་པར་རྗེས་དྲན་ཞུ་བའི་ལམ་ལུགས་ང་ཚོའི་སྲོལ་རྒྱུན་དུ་ཡོད་པ་ཡིན། ལྷག་པར་དུ་ང་ཚོར་རྗེས་དྲན་ཞུ་འོས་པའི་དངོས་པོ་དང་བྱུང་རབས་བློ་ཡུལ་ལས་འདས་པ་ཇི་སྙེད་ཅིག་ཡོད། བོད་མི་རིགས་ཀྱིས་སྔོན་བྱས་ཀྱི་མཛད་རྗེས་དང་། སྙིང་སྟོབས་ལ་རྗེས་སུ་ཡི་རངས་བྱེད་དགོས་པ་ཧ་ཅང་མང་པོ་ཡོད། ང་ཚོར་འཇིག་རྟེན་སྤྱིའི་གནས་བབ་གཞན་དང་མི་འདྲ་བའི་རྗེས་དྲན་བྱ་འོས་པའི་གནས་ཚུལ་མང་པོ་ཞིག་བོད་ཀྱི་བྱུང་བའི་ལོ་ཡུན་ཐུང་ངུ་ཞིག་གི་ནང་བྱུང་ཡོད་པ་དེ་དག་ང་ཚོས་དྲན་གསོ་བྱེད་དགོས་པ་གལ་ཆེན་པོ་ཡིན། དེ་སྔོན་ང་ཚོ་བོད་ལ་ཡོད་སྐབས་དོ་སྣང་དེ་ཙམ་སླེབས་ཀྱི་མེད། ཡིན་པ་རེད། ཡིན་པ་རེད་བསམས་པ་ཙམ་མ་གཏོགས། དངོས་སུ་བོད་མི་རིགས་འདིའི་ཆེ་བ་ཞིག་ཡིན་པའི་ཚོར་སྣང་ཤུགས་ཆེན་པོ་ཡོང་གི་མེད། དེ་སྐབས་ང་ཚོར་འཇིག་རྟེན་སྤྱིའི་གནས་བབ་མཐོང་ཐོས་དེ་ཙམ་མེད། དེང་སྐབས་སའི་གོ་ལ་ཤར་ནུབ་ཀྱི་ཡུལ་གྲུ་ཚང་མར་སྐོར་བ་བརྒྱབས་ནས་འགྲོ་བའི་སྐབས་འདིར། གཞི་ནས་བོད་པ་དེ་ཧ་ཅང་བསོད་ནམས་ཆེན་པོ་ཡིན་པ་དང་ཧ་ཅང་སྐལ་བ་བཟང་པོ་ཡིན་པ། དོན་དངོས་དལ་བརྒྱད་འབྱོར་བཅུ་ཚང་བའི་མི་ལུས་ཞེས་པ་ཕལ་ཆེར་བོད་པ་ལ་མ་གཏོགས་མེད་པ་ལྟ་བུ་ཞིག་ཡང་ཡང་ངོས་ཟིན་གྱི་འདུག དེ་ཡང་གནས་ཚུལ་ཁྱད་པར་བ་ཞིག་གི་ཐོག་ནས་སྟོན་པ་རྣམ་འདྲེན་བཞི་པའི་ཐེག་པ་གསུམ་དང་རྒྱུད་སྡེ་བཞིས་བསྡུས་པའི་ལུང་རྟོགས་ཀྱི་བསྟན་པ་ཚང་ལ་མ་ནོར་བ་རྒྱ་གར་གྱི་ཕྱི་ལོགས་སུ་བོད་དང་མཚུངས་པ་ཞིག་དར་ཁྱབ་བྱུང་བ་ཕལ་ཆེར་དཀོན་པོ་རེད།
རྒྱ་གར་དུ་བསྟན་པ་ཉམས་པའི་རྗེས་སུ་ད་ལྟ་སྤྱིར་ནང་པའི་བསྟན་པ་དར་བའི་ས་གནས་མང་པོ་ཡོད། འོན་ཀྱང་ས་གནས་དེ་རྣམས་བོད་དང་བསྡུར་ན་གཏན་ནས་བསྡུར་ཐབས་མེད། བོད་བརྒྱུད་ནང་བསྟན་ལྟ་བུ་ཆ་ཚང་བ་དང་མ་ནོར་བ་ཞིག་བོད་ལས་གཞན་པ་གང་དུའང་རྙེད་རྒྱུ་མེད། དེར་བརྟེན་ད་ལྟའི་ང་ཚོ་བོད་མི་རིགས་དང་བོད་རྒྱལ་ཁབ་ཀྱིས་རྣམ་འདྲེན་བཞི་པའི་ལུང་རྟོགས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་སྟངས་ལ་བསམ་བློ་ཞིག་བཏང་ན། འཇིག་རྟེན་ཁྱོན་ཡོངས་ཀྱི་ནང་ནས་མི་འདྲ་བ་ཞིག་དང་དམིགས་བསལ་གྱི་གོ་སྐབས་བཟང་པོ་ང་ཚོར་བྱུང་ཡོད་པ་དང་། དེང་སང་ང་ཚོས་རྒྱ་མིས་བསྟན་པ་རྩ་མེད་བཏང་སོང་ཞེས་ཁག་བཞག་གི་ཡོད་ཀྱང་། རང་གི་ནུས་པས་ལྕོགས་ན་ད་ལྟའི་གནས་སྐབས་སུའང་བོད་ཕྱི་ནང་གཉིས་ཀའི་ནང་དོན་དམ་གྱིས་ཚེ་བློས་བཏང་ནས་ཆོས་རྣམ་དག་གི་སྒྲུབ་པ་ཉམས་ལེན་བྱ་རྒྱུའི་འདུན་པ་ཡོད་པ་ཞིག་ཡིན་ན། ཆོས་དང་བླ་མ། སྒྲུབ་པའི་གོ་སྐབས་ཚང་མ་ཡོད་པ་དངོས་དོན་རེད། ཅུང་ཟད་མཐུན་རྐྱེན་འཛོམས་མིན་གྱི་ཁྱད་པར་ཡོང་སྲིད། དེ་འདྲའི་ང་ཚོའི་ཐུན་མོང་མ་ཡིན་པའི་གནས་སྟངས་དེ་དངོས་གནས་རྗེས་དྲན་བྱ་འོས་པ་ཞིག་དང་སྤོབས་པ་བྱ་འོས་པ་ཞིག་ཡིན་པར་ངོས་འཛིན་གནང་དགོས་པ་དེ་གལ་ཆེན་པོ་ཡིན་པར་སེམས།
རྗེ་བདག་ཉིད་ཆེན་པོས་འགྲེལ་པ་བཞི་སྦྲགས་བརྩམས་པ་དེ་རྨད་དུ་བྱུང་བའི་མཛད་འཕྲིན་རླབས་པོ་ཆེ་ཡིན་པ་ངོ་ཤེས་པ་ལ། སངས་རྒྱས་ཀྱི་བསྟན་པ་འཇིག་རྟེན་དུ་དར་ཚུལ་གྱི་བྱུང་བ་རགས་པ་ཙམ་ཞིག་མཁྱེན་དགོས། དེ་མ་མཁྱེན་ན་རྗེ་ཡབ་སྲས་ཀྱི་མཛད་པ་དེ་དག་ཇི་ཙམ་གྱི་གལ་གནད་ཆེན་པོ་ཡིན་པ་དང་། ཇི་ཙམ་གྱི་ངོ་མཚར་ཅན་ཞིག་ཡིན་པ་རྟོགས་དཀའ། འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ།། བདེ་བ་ཐམས་ཅད་འབྱུང་བའི་གནས།། བསྟན་པ་་་་་་་་་་་་་་།། ཞེས་རྒྱལ་སྲས་ཞི་བ་ལྷས་གསུངས་པ་བཞིན་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་སེལ་བ་དང་བདེ་བ་སྒྲུབ་པའི་རྒྱུ་སངས་རྒྱས་ཀྱི་བསྟན་པ་ལས་གཞན་དུ་མེད་པ་ཞིག་ཡིན། དེར་བརྟེན་རྣམ་འདྲེན་བཞི་པའི་བསྟན་པ་འཇིག་རྟེན་དུ་དར་བའི་སྐབས་སུ་བར་ཆད་དང་དཀའ་ངལ་གང་ཡང་མེད་པར་དར་བ་ཞིག་མིན། བསྟན་པ་འཛིན་པའི་སྐྱེས་བུ་དམ་པ་དེ་དག་གིས་སྐུ་ངལ་སྟོང་ཕྲག་ཁྱད་དུ་བསད་ནས་དེའི་ཆེད་དུ་འབད་བརྩོན་གནང་ཡོད། དེའི་སྐོར་ལ་སྔོན་བྱོན་གྱི་སྐྱེས་བུ་དམ་པ་དེ་རྣམས་ཀྱི་རྣམ་པ་ཐར་པ་རྗེས་སུ་དྲན་དགོས་ངེས་ཤིག་ཡིན། དེ་དག་ལ་བལྟས་ན་རྗེ་ཡབ་སྲས་ཀྱི་མཛད་པ་རྣམས་ཇི་ཙམ་གྱི་ངོ་མཚར་བའི་གནས་ཡིན་པ་དེ་གསལ་པོར་ར་འཕྲོད་ཐུབ།
སངས་རྒྱས་ཀྱི་བསྟན་པའི་བྱུང་རིམ་སྤྱི་ཡོངས་ལ་རགས་ཙམ་བསམ་གཞིགས་བྱེད་ན། སྟོན་པས་མཆོག་གི་སྤྲུལ་སྐུའི་མཛད་པ་བསྟན་ནས་འཇིག་རྟེན་དུ་བྱོན་ཞིང་། སངས་རྒྱས་པའི་མཛད་པ་བསྟན་པའི་རྗེས་སུ་ལོ་བཞི་བཅུ་ལྷག་གི་རིང་རྒྱ་གར་དབུས་ཏེ་མ་ག་དྷ་དང་ཉི་འོག་གི་ས་ཁྱོན་ཡོངས་ (ད་ལྟའི་བི་ཧཱར་ (Bihar) དང་། ཨུཏྟར་པྲ་དེཤ།(Uttar Pardesh) མདྷྱ་པྲ་དེཤ (Madhya Pradesh) བངྒཱལ་ (Bengal) སོགས་ཀྱི་སའི་ཆ་ཤས་མང་པོ་ཚུད་ཡོད།) དང་། དེ་བཞིན་ལྷོ་ཕྱོགས་ཀྱི་དཔལ་ལྡན་འབྲས་སྤུངས་སོགས་ཀྱང་སྟོན་པས་ཞབས་ཀྱིས་བཅགས་པའི་གནས་ཡིན། བོད་ལ་མཚོན་ནའང་གངས་ཏི་སེ་དང་། མཚོ་མ་དྲོས་པ་དེ་དག་སྟོན་པ་སུམ་ཅུ་རྩ་གསུམ་དུ་དབྱར་གནས་སུ་བཞུགས་པའི་སྐབས་ཡང་ཡང་ཞབས་ཀྱིས་བཅགས་པའི་གནས་ཡིན། ཞབས་ཀྱིས་བཅགས་ཏེ་མུ་མཐུད་ནས་ཆོས་བསྟན་ཡོད། དེ་དག་གི་སྐབས་གདུལ་བྱ་ཐུན་མོང་བའི་སྣང་ངོར་གྲུབ་པའི་ཆོས་ཉན་མཁན་ཕལ་ཆེ་བ་ཉན་རང་གི་རིགས་ཅན་ཤ་སྟག་ལྟ་བུ་ཡིན། ཐེག་པ་ཆེན་པོའི་ཆེད་དུ་བྱ་བའི་གདུལ་བྱ་དང་། ཐེག་པ་ཆེན་པོའི་ཆོས་ཉན་པ་པོ་ཉེ་བའི་སྲས་ཆེན་བརྒྱད་ཀྱིས་མཚོན་པའི་བྱང་ཆུབ་སེམས་པ་དེ་རྣམས་ལྷའི་ལུས་ཅན་དང་། འཇིག་རྟེན་གཞན་དང་ཡང་ན་སངས་རྒྱས་ཀྱི་ཞིང་གཞན་ནས་ཕེབས་པ་ཕལ་ཆེ་བ་ཡིན། དེར་བརྟེན་སྟོན་པ་མྱ་ངན་ལས་འདས་པའི་རྗེས་སུ་བཀའ་བསྡུ་དང་པོ་དང་གཉིས་པ་གཉིས་ཀའི་སྐབས་ཐེག་ཆེན་གྱི་མདོ་ཧ་ལམ་གཅིག་ཀྱང་སྡེ་སྣོད་ཀྱི་ནང་བསྡུས་མེད། བཀའ་བསྡུ་མཛད་མཁན་རྣམས་དང་། བཀའ་བསྡུ་གཙོ་སྐྱོང་གནང་མཁན་ཕལ་ཆེ་བ་ཉན་ཐོས་དགྲ་བཅོམ་པ་ཡིན་པས། དེ་རྣམས་ཀྱིས་ཐེག་པ་ཆེན་པོའི་མདོ་གཏན་ནས་མ་ཐོས་པ་ཡིན་མི་སྲིད་ཀྱང་། ཐེག་པ་ཆེན་པོའི་མདོ་འཛིན་ཅིང་ཀུན་ཆུབ་པར་བྱེད་པ་མེད་པས། ཐེག་ཆེན་བཀའ་བསྡུ་གནང་བའི་ནུས་པ་མེད། དེར་བརྟེན་སྟོན་པ་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ལྷག་ཙམ་གྱི་བར་དུ་ཉན་རང་གི་སྡེ་སྣོད་མ་གཏོགས་པའི་ཐེག་པ་ཆེན་པོའི་སྡེ་སྣོད་རྒྱ་གར་ནང་ཧ་ལམ་མ་གྲགས་པ་ལྟ་བུར་གྱུར། ཉན་ཐོས་འཕགས་པ་དང་སོ་སྐྱེས་དེ་དག་གིས་སངས་རྒྱས་ཀྱི་གསུང་ཡིག་ཐོག་ཏུ་འགོད་སྟངས་དང་། ཁ་སློབ་བྱེད་སྟངས། ལུང་འབོགས་སྟངས། ཁ་ཏོན་དུ་བྱེད་སྟངས་རྣམས་རིམ་བཞིན་མི་འདྲ་བ་སྣ་ཚོགས་དར། ཡིག་ཐོག་ཏུ་བཀོད་པ་ཉུང་ཤས་ལས་མེད། སྤྱིར་སངས་རྒྱས་ཀྱི་གསུང་ཡིག་ཐོག་ཏུ་བཀོད་པའི་བྱ་བ་སངས་རྒྱས་ཞལ་བཞུགས་པའི་སྐབས་ནས་ཡོད་པ་འདུལ་བའི་ལུང་དུ་གསལ། མདོ་ཕལ་ཆེ་བ་ཉན་ཐོས་འཕགས་པ་རྣམས་ཀྱིས་མི་བརྗེད་པའི་གཟུངས་ལ་བརྟེན་ནས་ཐུགས་ལ་བཟུང་བ་ཤ་སྟག་ཡིན། དེ་གཅིག་ནས་གཅིག་ལ་བརྒྱུད་དེ་ལུང་འབོགས་པ་དང་ཁ་ཏོན་དུ་བྱེད་པའི་སྐབས་འདོན་ཚུལ་མི་འདྲ་མི་འདྲ་བར་ཆགས་ནས་ཉན་ཐོས་སྡེ་པ་བཅོ་བརྒྱད། ནང་གསེས་ཕྱེ་ན་བཅུ་དགུའམ་ཉི་ཤུ་རྩ་གསུམ་ཙམ་དུ་གྱུར། སྡེ་པ་དེ་དག་ནང་ཕན་ཚུན་ཡང་སངས་རྒྱས་ཀྱི་གསུང་ངོ་མ་གང་ཡིན་ལ་རྩོད་པ་སོགས་དཀའ་ངལ་ཇི་སྙེད་བྱུང་རུང་བཀའ་བསྡུ་གསུམ་པའི་སྐབས་རྩོད་པ་ཆོས་ཕྱོགས་སུ་ཞི་ཞིང་སྡེ་སྣོད་གསུམ་ཡིག་ཐོག་ཏུ་བཀོད་པར་གྲགས།
སངས་རྒྱས་ཀྱིས་ཐེག་པ་ཆེན་པོའི་ཤིང་རྟའི་སྲོལ་འབྱེད་དུ་ལུང་བསྟན་པའི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་འཇིག་རྟེན་དུ་བྱོན་པའི་རྗེས་སུའང་ཀླུ་སྒྲུབ་ཀྱིས་ཤེར་མདོ་གདན་དྲངས་པ་དང་། ཐེག་པ་ཆེན་པོའི་མདོ་རྒྱུད་རྣམས་འཇིག་རྟེན་དུ་གསལ་བར་མཛད་ཀྱང་འཕྲལ་དུ་ཐམས་ཅད་ཀྱིས་བཀའ་ཡང་དག་པ་ཡིན་པར་ཁས་བླངས་མེད། ཐེག་པ་ཆེན་པོ་སངས་རྒྱས་ཀྱི་བཀའ་མ་ཡིན་པ་ཉན་ཐོས་སྡེ་པ་ཚོ་ཕལ་ཆེར་མགྲིན་གཅིག་དབྱངས་གཅིག་ཡིན། དེས་ན་དཔལ་མགོན་འཕགས་པ་ཀླུ་སྒྲུབ་དང་། རྗེ་བཙུན་བྱམས་པ་མགོན་པོ། ཐོགས་མེད་སྐུ་མཆེད། ཀླུ་སྒྲུབ་ཀྱི་རྒྱུད་འཛིན་སློབ་དཔོན་ལེགས་ལྡན་འབྱེད། དེ་བཞིན་དུས་ཕྱིས་ཀྱི་མཁས་པ་སློབ་དཔོན་ཞི་བ་ལྷ་སོགས་ཁོང་རྣམས་ཀྱིས་མཛད་པའི་བསྟན་བཅོས་ཁག་ཏུ་ཐེག་ཆེན་བཀའ་སྒྲུབ་ཀྱི་རིགས་པ་ཆེས་མང་པོ་བཀོད་ནས་ཐེག་པ་ཆེན་པོའི་བཀའ་ཡིན་པར་དཀའ་ཚེགས་ཆེན་པོའི་སྒོ་ནས་བསྒྲུབ་དགོས་པ་བྱུང་ཡོད།
བོད་ལ་སངས་རྒྱས་ཀྱི་བསྟན་པ་དར་བའི་སྐབས་རྒྱ་གར་ནང་ཐེག་པ་ཆེན་པོ་བཀའ་ཡིན་མིན་དང་། སྡེ་པ་བཅོ་བརྒྱད་ནང་ཁུལ་གྱི་རྩོད་པ་སོགས་ལྷིང་འཇགས་ཀྱིས་སངས་རྒྱས་ཀྱི་བསྟན་པ་དར་རྒྱས་ཀྱི་རྩེ་མོར་སོན་པའི་སྐབས་ཤིག་དང་། པཎ་གྲུབ་བཅུ་བདུན་ལ་སོགས་པ་མཁས་པ་ཕལ་ཆེ་བས་བཀའ་ཡི་དགོངས་འགྲེལ་གྱི་བསྟན་བཅོས་རྣམས་བརྩམས་ཟིན་པའི་སྐབས་ཤིག་ཡིན་སྟབས། རྒྱ་གར་ནས་བོད་དུ་སངས་རྒྱས་ཀྱི་བསྟན་པ་གདན་འདྲེན་པའི་སྐབས་སུའང་དམིགས་བསལ་གྱིས་སྟབས་བདེ་པོ་བྱུང་ཡོད། དཔེར་ན་སངས་རྒྱས་ཀྱི་བསྟན་པ་བོད་དུ་མ་དར་སྔོན་ཕལ་ཆེར་ཕྱི་ལོའི་སྔོན་གྱི་བརྒྱ་ཕྲག་དང་པོའི་ནང་ཙམ་ནས་རྒྱ་ནག་ཏུ་སངས་རྒྱས་ཀྱི་ཆོས་ཀྱི་གནས་ཚུལ་ཤེས་མཁན་ཁ་ཤས་བྱུང་ཟིན་ཚོད་དང་། ཕྱི་ལོ་བརྒྱ་ཕྲག་དང་པོ་གཉིས་པའི་ནང་སངས་རྒྱས་ཀྱི་གསུང་རབ་རྒྱ་སྐད་དུ་བསྒྱུར་མགོ་བཙུགས་ཤིང་། ཕྱི་ལོ་བརྒྱ་ཕྲག་གཉིས་པའི་ནང་བཀའ་བསྟན་གང་འཚམས་ཤིག་རྒྱ་སྐད་དུ་བསྒྱུར་ཟིན། འོན་ཀྱང་བོད་དུ་ཇི་ཙམ་གྱི་ཚང་ལ་མ་ནོར་བའི་བསྟན་པ་དར་བ་བཞིན་རྒྱ་ནག་ཏུ་དར་ཐུབ་མེད། བོད་དུ་སངས་རྒྱས་ཀྱི་བསྟན་པ་དབུ་བརྙེས་པ་ནས་བཟུང་ད་ལྟའི་བར་རྒྱལ་ཁབ་གཞན་སུ་དང་མི་འདྲ་བའི་བསྟན་པ་ཡང་དག་པ་དང་ཆ་ཚང་བ་དར་བའི་རྒྱུ་མཚན་གང་ཡིན་ཞིབ་ཏུ་དཔྱད་ན། རྒྱུ་མཚན་གལ་ཆེ་བ་ཁ་ཤས་ཀྱི་ཐོག་ནས་རྟོགས་ཐུབ། དང་པོ་བོད་གངས་ཅན་གྱི་ལྗོངས་འདི་རྒྱལ་བ་ཀུན་གྱི་ཐུགས་རྗེའི་རང་གཟུགས་འཕགས་མཆོག་སྤྱན་རས་གཟིགས་ཀྱིས་གདུལ་ཞིང་དུ་བདག་གིར་བཟུང་བའི་དབང་གིས་བོད་ཀྱི་ཡུལ་ལུང་འདི་ཉིད་ཁྱད་པར་བ་ཞིག་ཏུ་གྱུར། གཉིས་པ་ས་ལ་གནས་པའི་བྱང་ཆུབ་སེམས་པ་མང་པོའི་ཐུགས་བསྐྱེད་དང་སྨོན་ལམ་གྱི་དབང་གིས་བོད་དུ་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་རྒྱུན་ཆགས་སུ་གནང་ཡོད་པ་དང་། དེ་ལས་གལ་ཆེ་བའི་རྒྱུ་མཚན་གསུམ་པ། བཀའ་དྲིན་ཅན་གྱི་མཁན་ཆེན་ཞི་བ་འཚོ་བོད་ལ་ཞབས་སོར་འཁོད་པའི་དབང་གིས་མཁན་སློབ་ཆོས་གསུམ་བཀའ་བགྲོས་ནས་བོད་དུ་སངས་རྒྱས་ཀྱི་བསྟན་པའི་གཞི་ཚུགས་སྟངས་ཀྱི་འཆར་གཞི་དེ་དམིགས་བསལ་བ་ཞིག་བྱུང་ཡོད། དེ་ལྟ་བུ་རྒྱལ་ཁབ་དང་མི་རིགས་གཞན་སུ་ལའང་བྱུང་མེད། རྒྱལ་པོས་རྒྱལ་ཁབ་ཀྱི་འགན་ཁུར་ཐོག་ནས་སངས་རྒྱས་ཀྱི་བསྟན་པའི་གཞི་མ་རབ་བྱུང་གི་སྡེ་བཙུགས་པ་དང་། གཙུག་ལག་ཁང་བཞེངས་པ། དེ་དག་ལ་མཐུན་རྐྱེན་སྦྱར་བ་དང་། དགེ་འདུན་གྱི་སྡེས་སངས་རྒྱས་ཀྱི་གསུང་རབ་མདོ་རྒྱུད་བསྟན་བཅོས་མན་ངག་དང་བཅས་པ་ཡོངས་སུ་རྫོགས་པ་རང་སྐད་དུ་བསྒྱུར་བའི་གཞི་རྒྱ་ཆེན་པོའི་འཆར་གཞིར་རྒྱལ་ཁབ་ཀྱི་མཐུན་འགྱུར་ལ་བརྟེན་ནས་ལོ་བརྒྱ་ཕྲག་ལྷག་ཙམ་རིང་སྒྲ་སྒྱུར་གྱི་ལས་དོན་མུ་མཐུད་ནས་གནང་བ་བཅས་ཡིན། དཔེར་ན་འཕགས་པ་གནས་བརྟན་སྡེ་པའི་བསྟན་རྒྱུན་དེ་རྒྱ་གར་ནས་ཐད་ཀར་མ་ཡན་མར་དང་། ཤྲཱི་ལངྐཱ་། སི་ཡམ་སོགས་སུ་དར་ཡོད་པ་དང་། གནས་བརྟན་ཀཱཏྱཱཡན་རང་ཉིད་ཤར་གླིང་དེ་དག་ལ་ཕེབས་མྱོང་ཡོད་པའི་བཤད་སྲོལ་ཡང་ཡོད། ཡུལ་ལུང་དེ་དག་ཏུ་བསྟན་པ་དར་བའི་སྐབས་སྡེ་སྣོད་གསུམ་ཡུལ་ལུང་སོ་སོའི་སྐད་དུ་བསྒྱུར་བའི་བཀའ་ཁྲོལ་གནང་མེད། དེར་བརྟེན་ས་གནས་སོ་སོའི་མི་དེ་དག་གིས་ཐོག་མ་པཱ་ལིའི་སྐད་ཡིག་བསླབ། དེ་མཐར་ཕྱིན་རྗེས་གཞི་ནས་ནང་ཆོས་ལ་སློབ་སྦྱོང་བྱེད་དགོས། པཱ་ལིའི་སྐད་ཡིག་སློབ་པ་གཅིག་པུར་ལོ་མང་འགོར་གྱི་ཡོད་ལ་མཐར་ཕྱིན་པ་ཞིག་ཤེས་པའང་ཁག་པོ་ཡིན། སོ་སོར་ཐར་པའི་མདོ་ཡུལ་སྐད་དུ་བསྒྱུར་ན་ནོར་འཁྲུལ་ཡོང་དྭོགས་ཀྱིས་བསྒྱུར་དུ་བཅུག་མེད། དེང་སྐབས་ཁོ་ཚོས་སོ་སོར་ཐར་པའི་མདོ་པཱ་ལིའི་སྐད་དུ་འདོན་གྱི་ཡོད། མཚམས་ཤིག་གི་ནང་དགེ་འདུན་གསོ་སྦྱོང་ལ་འདུ་བའི་སྐབས་པཱ་ལི་མཁྱེན་མཁན་ཉུང་ཉུང་ལས་མེད། ཚིག་ཀློག་མཁྱེན་ཡང་དོན་དག་མི་མཁྱེན་མཁན་མང་པོ་ཡོད། དེའི་ཕྱིར་གསོ་སྦྱོང་ཡང་ཉམས་སུ་མྱོང་བར་དཀའ་བའི་གནས་ཤིག་ཡིན། མཁན་ཆེན་ཞི་བ་འཚོས་སོ་སོར་ཐར་པའི་མདོ་ནས་བཟུང་སྟེ་མདོ་སྔགས་རྒྱུད་སྡེ་ཡོངས་སུ་རྫོགས་པ་བོད་སྐད་དུ་ངེས་པར་བསྒྱུར་དགོས་པའི་བཀའ་ནན་ཕེབས་པ་དེ་རླབས་ཆེན་གྱི་འཆར་གཞི་ཞིག་ཡིན།
བཞི་པ་བོད་ཀྱི་སྐད་ཡིག་དེ་དམིགས་བསལ་བ་ཞིག་ཡིན་པ་དེའི་དབང་གིས་ཡིན། དེ་ཡང་མཁན་ཆེན་ཞི་བ་འཚོའི་ལམ་སྟོན་འོག་སྒྲ་སྒྱུར་རྒྱ་གར་གླིང་དུ་ཡོད་པའི་རྒྱ་གར་གྱི་མཁས་དབང་རྣམས་དང་བོད་ཀྱི་ལོ་ཙཱ་བ་དག་གིས་ལོ་མང་རིང་སྐུ་ལས་བསྐྱོན་ནས་བཟོས་པའི་སྐད་ཡིག་ཅིག་ཡིན་པས། ལེགས་སྦྱར་གྱིས་མཚོན་པའི་རྒྱ་གར་གྱི་སྐད་ཕལ་ཆེ་བ་དང་མཉམ་དུ་འགྲོ་ཐུབ་པའི་སྐད་ཡིག་ཅིག་ཆགས་ཡོད། རྒྱ་ཡིག་ལྟ་བུ་ལ་མཚོན་ན་སངས་རྒྱས་ཀྱི་བསྟན་པ་རྒྱ་ནག་ཏུ་དར་བའི་སྐབས་ཡར་རྒྱས་ཀྱི་རྩེར་སོན་ཟིན་པའི་སྐད་ཡིག་ཅིག་ཡིན་པས། བཟོ་བཅོས་བརྒྱབ་ས་དེ་ཙམ་མེད་པ་མ་ཟད། སྐད་ཡིག་དེ་རྒྱ་གར་སྐད་སྤྱི་དང་། ལྷག་པར་དུ་ལེགས་སྦྱར་གྱི་སྐད་དང་རང་བཞིན་གཏན་ནས་མི་འདྲ་བ་ཡིན། བོད་ཀྱི་སྐད་ཡིག་རྒྱ་གར་གྱི་སྐད་ཡིག་དང་གཤིས་ཀ་ལོགས་སུ་ཡིན་པ་གང་ཞིག་ལ་གནས་ཚུལ་ཧ་ཅང་མང་པོ་ཞིག་རྒྱ་གར་གྱི་སྐད་དང་དོ་མཉམ་པ་སྔོན་གྱི་མཁས་པ་ཚོས་བཟོས་གནང་ཡོད། དེ་ནི་རླབས་ཆེན་གྱི་མཛད་པ་ཞིག་ཡིན། དཔེར་ན་རྒྱ་གར་གྱི་སྐད་དུ་དོན་གཅིག་ལ་མིང་གི་རྣམ་གྲངས་མང་པོ་ཡོད་པ་དང་། མིང་གཅིག་ལ་དོན་གྱི་རྣམ་གྲངས་མང་པོ་ཡོད་པ་དེ་འདྲ་ཡོད། ཉི་མ་ལྟ་བུ་ཞིག་ལ་མཚོན་ན་མིང་སུམ་ཅུ་སོ་གྲངས་ཤིག་ཡོད། འོད་སྟོང་ཅན་དང་རྟ་བདུན་བདག་པོ་ཞེས་པ་སོགས་མི་འདྲ་བ་ཇི་སྙེད་ཅིག་ཡོད། དེ་དག་སྐད་ཡིག་གཞན་པའི་ནང་དེ་དང་དོ་མཉམ་པའི་མིང་དེ་འདྲའི་མང་པོ་མེད་ཀྱང་། བོད་སྐད་ནང་ཚང་མ་ཡོད། ཨ་མར་སིངྷ་གིས་མཛད་པའི་ཨ་མར་ཀོཥ་ཚིག་མཛོད་བོད་སྐད་ནང་བསྒྱུར་ཡོད། དེར་བརྟེན་ལེགས་སྦྱར་གྱི་སྐད་དུ་ཡོད་པའི་དོན་གཅིག་མིང་གི་རྣམ་གྲངས་ཡོངས་སུ་རྫོགས་པ་བོད་སྐད་ནང་ཚང་ཡོད། དེའི་དབང་གིས་ལེགས་སྦྱར་སྐད་ཀྱི་མིང་དང་ཚིག་གི་རྣམ་གྲངས་གང་ཡོད་ཐམས་ཅད་བོད་སྐད་དུ་ཆ་ཚང་ཡོད་པས། སྤོམ་ཚོད་སྤོམ་ཚོད་ཀྱིས་བསྒྱུར་དགོས་མེད། ལྷག་པར་ཉེ་སྒྱུར་གྱི་རིགས་སྐད་ཡིག་གཞན་དག་གང་ལའང་མེད་པ་ཞིག་ཡིན། རྒྱ་གར་གྱི་སྐད་ཁ་ཤས་ནང་ལའང་ལེགས་སྦྱར་གྱི་ཉེ་སྒྱུར་ཚང་བ་མེད། ལེགས་སྦྱར་གྱི་སྐད་དང་། ཡུལ་མི་རང་བཞིན་པའི་སྐད། པཱ་ལིའི་སྐད་སོགས་གང་ནས་ཀྱང་སྐད་ཡིག་གཞན་ལ་སྒྱུར་བའི་སྐབས་སུ་ཧ་ཅང་ཁག་པོ་ཆགས་ཡོད། དཔེར་ན། དག་པ་ (ཤུདྡྷ་) ཞེས་པ་ལྟ་བུའི་ཚིག་གཅིག་ལ་ཡོངས་སུ་དག་པ། རྣམ་པར་དག་པ་ལ་སོགས་པ་དེ་རྣམས་ཉེ་སྒྱུར་གྱི་བྱེད་པ་ལ་བརྟེན་ནས་པ་རི་ཤུདྡྷ། བི་ཤུདྡྷ་ཞེས་པ་ལྟ་བུའི་ཁྱད་པར་སྦྱར་བ་ཡིན། བོད་སྐད་ནང་ཉེ་སྒྱུར་ཉི་ཤུ་རྩ་གཉིས་ཆ་ཚང་བ་ཡོད། དེའི་དབང་གིས་ལེགས་སྦྱར་ནས་བོད་སྐད་དུ་བསྒྱུར་བའི་སྒྲ་སྒྱུར་དེ་འཇིག་རྟེན་གྱི་སྒྲ་སྒྱུར་བྱུང་རབས་ནང་སྔར་མ་གྲགས་པའི་འགྱུར་གཙང་མ་དང་དག་པོ་ཞིག་བྱུང་ཡོད། རྒྱ་གར་ནས་སྐད་ཡིག་གཞན་པའི་ནང་འགྱུར་བ་དཔེར་ན་རྒྱ་སྐད་དུ་བཀའ་འགྱུར་བསྟན་འགྱུར་ཡོད་ཀྱང་བོད་སྐད་དུ་འགྱུར་བ་ལས་གྲངས་ཀ་ཉུང་བ་དང་། འགྱུར་ཧ་ཅང་ཐག་རིང་པོ་ཡིན་པར་བརྟེན། རྒྱ་སྐད་ནས་ཚུར་ལེགས་སྦྱར་གྱི་སྐད་དུ་བསྐྱར་གསོ་བྱེད་ཐུབ་ཐབས་མེད། བོད་སྐད་དུ་བསྒྱུར་བ་དེ་རྣམས་ལས་ལེགས་སྦྱར་སྐད་ཀྱི་མ་དཔེ་བརླགས་རུང་བསྐྱར་གསོ་གནང་ཐུབ། ང་ཚོར་དམིགས་བསལ་གྱིས་བྱུང་རབས་ནང་ཕུན་སུམ་ཚོགས་པ་གང་བྱུང་ཡོད་ཅེ་ན། རྒྱ་གར་གྱི་མཁས་པ་ཚད་ལྡན་མཁན་ཆེན་ཞི་བ་འཚོ་ནས་བཟུང་སྟེ་སློབ་དཔོན་ཀ་མ་ལ་ཤཱི་ལ་དང་། ཇོ་བོ་རྗེ། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི། སྨྲྀཏི་ཛྙཱན་ལ་སོགས་པ་གནམ་གྱིས་ས་བཀབ་པ་ལྟ་བུའི་མཁས་པ་མང་པོ་བོད་དུ་ཕེབས་ནས་རྒྱུན་རིང་པོ་བཞུགས་ཏེ་འཆད་ཉན་གནང་བའི་གོ་སྐབས་བྱུང་ཡོད། བོད་ཀྱི་ལོ་ཙཱ་བ་དང་མཁས་པ་རྒྱ་གར་ལ་ཕེབས་པ་ནི་གྲངས་ཀྱིས་མི་ཆོད་པ་ཞིག་ཡོད། དུས་རབས་བདུན་པ་ནས་བཟུང་སྟེ་རྒྱ་གར་དུ་སངས་རྒྱས་ཀྱི་བསྟན་པ་ཆ་ཚང་མ་ཉམས་པའི་བར་དུ་མུ་མཐུད་དེ་བོད་ཀྱི་སློབ་གཉེར་བ་ཧ་ཅང་མང་པོ་རྒྱ་གར་དུ་ཕེབས་ནས་སློབ་སྦྱོང་གནང་ཡོད། རྒྱ་གར་དུ་ཕེབས་སྟངས་དེ་ཡང་བོད་ལུང་པ་ཆུང་ཆུང་ཞིག་ཡིན་ཡང་བོད་རིགས་སློབ་གཉེར་བ་རྒྱ་གར་ཡོངས་ལ་ཁྱབ་པ་ལྟ་བུ་ཞིག་བྱུང་ཡོད། ཕལ་ཆེ་བ་བལ་ཡུལ་བརྒྱུད་ནས་རྒྱ་གར་དབུས་ཀྱི་ནཱ་ལནྡཱ་དང། བི་ཀྲམ་ཤཱི་ལར་ཕེབས་ཀྱི་ཡོད། དེ་ནས་ཨོདནྟ་པུ་རི་སོགས་སུ་ཕེབས་ཀྱི་ཡོད། ཡང་ཁ་ཤས་མངའ་རིས་བརྒྱུད་ནས་ལ་དྭགས་དང་། དེ་ནས་ཁ་ཆེའི་ཀ་ཤ་མཱིར་དང་ཏཀྵ་ཤིལ་ལ་སོགས་པར་ཕེབས་ནས་རྒྱ་གར་ནུབ་ཕྱོགས་ཀྱི་མཁས་པ་མང་པོ་དང་འབྲེལ་བ་བྱུང་ཡོད། ལོ་ཆེན་རིན་ཆེན་བཟང་པོས་གཙོས་ལོ་ཙཱ་བ་མང་པོ་ཞིག་གིས་རྒྱ་གར་ནུབ་ཕྱོགས་ཀྱི་གནས་ཚུལ་མཁྱེན་པ་དང་། དེ་བཞིན་རྒྱ་གར་ལྷོ་ཕྱོགས་ཀྱི་གནས་ཚུལ་མང་པོ་ཞིག་ཀྱང་ང་ཚོར་བསླེབས་ཡོད། བཀའ་དང་བསྟན་བཅོས་ལ་ཆ་མཚོན་ན། རྒྱ་གར་སྐད་ནས་སྐད་ཡིག་གཞན་ལ་བསྒྱུར་མང་ཤོས་དེ་བོད་སྐད་ནང་ཡོད་པ་ཡིན། ད་ལྟ་དེའི་སྐོར་རྩོད་པ་གང་ཡང་མེད། འཇིག་རྟེན་ཁྱོན་ཡོངས་སུ་གསུང་རབ་སྒྲ་སྒྱུར་བོད་སྐད་ལས་མང་བ་གཅིག་ཀྱང་མེད། བཀའ་འགྱུར་བསྟན་འགྱུར་གཉིས་ཀྱི་ནང་ཆོས་ཚན་ལྔ་སྟོང་ལས་བརྒལ་བ་ཡོད། དེ་བཞིན་བོད་ཀྱི་རང་སྐད་དུ་བརྩམས་པའི་འགྲེལ་པ་འགྲེལ་བཤད་ཀྱི་བསྟན་བཅོས་ནི་དེ་བས་ཧ་ཅང་མང་བ་ཡོད། བོད་དུ་ནང་པ་སངས་རྒྱས་ཀྱི་བསྟན་པ་དར་སྟངས་དེ་འཇིག་རྟེན་འདིའི་རྒྱལ་ཁབ་གཞན་གང་གི་ནང་དུའང་བསྟན་པ་དར་སྟངས་དང་མི་འདྲ་བ་ཕུན་སུམ་ཚོགས་པ་ཞིག་དར་ཡོད་པ་དང་། བོད་མི་རང་གི་ནང་ནས་ཆོས་རྒྱལ་སྐབས་ཀྱི་རྗེ་འབངས་ཉེར་ལྔ་ནས་བཟུང་སྟེ་ད་ལྟའི་བར་མཁས་པ་དང་གྲུབ་པ་ཐོབ་པའི་སྐྱེས་བུ་ཟམ་མ་ཆད་པ་ཕེབས་ཐུབ་པ་དང་། འཆད་རྩོད་རྩོམ་གསུམ་གྱི་མཛད་པ་ཟམ་མ་ཆད་པར་བསྐྱངས་པའི་དབང་གིས་བོད་བརྒྱུད་ནང་བསྟན་དེ་དངོས་གནས་དཔལ་ནཱ་ལནྡཱའི་སྲོལ་རྒྱུན་ཚང་ལ་མ་ནོར་བ་དེ་ཡིན་ཞེས་བརྗོད་པར་ཐེ་ཚོམ་དང་ནེམ་ནུར་གང་ཡང་བྱེད་མི་དགོས། ཡིན་ནའང་བོད་བརྒྱུད་ནང་བསྟན་གྱི་བྱུང་རབས་དེ་དཀའ་ཚེགས་རྩ་བ་ནས་མེད་པར་སྟབས་བདེའི་ངང་ནས་བྱུང་བ་ཡིན་ནམ་སྙམ་ན་དེ་ལྟར་མིན། བོད་བརྒྱུད་ནང་བསྟན་ལའང་ཕམ་ཁ་མང་པོ་བྱུང་ཡོད། ལྷག་པར་དུ་གླང་དར་གྱིས་བསྟན་པ་བསྣུབས་པའི་རྗེས་ཕལ་ཆེར་ལོ་དྲུག་ཅུ་ནས་བརྒྱད་ཅུའི་བར་དགེ་འདུན་གྱི་སྡེ་མེད་པར་གྱུར་ཡོད། དེ་ནས་སྨད་འདུལ་བླ་ཆེན་དགོངས་པ་རབ་གསལ་ནས་བརྒྱུད་པ་དང་། སྟོད་འདུལ་པཱ་ལ་རྣམ་གསུམ་ནས་བརྒྱུད་པའི་སྡོམ་རྒྱུན་གྱིས་བསྐྱར་དུ་བོད་དུ་དགེ་འདུན་གྱི་སྡེ་བསྐྱར་གསོ་བྱུང་ཡང་། བསྟན་པ་ཆ་ཚང་ཞིག་མ་ཚུགས་པར་དཔལ་མཉམ་མེད་ཇོ་བོ་རྗེ་བོད་ལ་མ་ཕེབས་བར་དུ་ལྷག་པ་ཡིན། བརྒྱ་ཕྲག་དགུ་པ་ནས་བརྒྱ་ཕྲག་བཅུ་གཅིག་བར་ཕལ་ཆེར་ལོ་བརྒྱ་དང་ལྔ་བཅུ་ཡས་མས་ཤིག་ལ་བསྟན་པ་ཉམས་ཉེས་ཆེན་པོ་བྱུང་། དེ་རྗེས་བསྟན་པ་ཕྱི་དར་གྱི་སྐབས་སུ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་དང་། འབྲོམ་ཡབ་སྲས་སོགས་ཀྱིས་བསྟན་པ་དག་ཐེར་ཆེན་པོ་མཛད་ནས་བསྐྱར་དུ་སངས་རྒྱས་ཀྱི་བསྟན་པ་དྲི་མ་མེད་པ་ཞིག་དར་ཁྱབ་ཐུབ་པ་བྱུང་ཡོད། འོན་ཀྱང་འཇམ་མགོན་ཙོང་ཁ་པ་ཆེན་པོ་ཡབ་སྲས་ཀྱིས་སངས་རྒྱས་ཀྱི་བསྟན་པ་ཇི་ལྟར་དག་ཐེར་མཛད་པ་བཞིན་དེའི་སྔོན་གྱི་མཁས་པ་མང་ཆེ་བས་མཛད་མེད། རང་བསྟོད་བྱས་པ་མིན་པར་བློ་གཟུ་བོར་གནས་པའི་ཐོག་ནས་བརྟག་པ་ཡིན་ན་དངོས་ཡོད་གནས་ཚུལ་དེ་འདྲ་ཡིན། དེའི་སྔོན་ལ་སྐྱེས་བུ་དམ་པ་མང་པོ་ཕེབས་ཡོད། ཆོས་བརྒྱུད་མང་པོ་བྱུང་ཡོད་ཀྱང་། རྙིང་མ་དང་། བཀའ་བརྒྱུད། ས་སྐྱ་ལ་སོགས་པ་རྣམས་ཀྱིས་ཆོས་བརྒྱུད་དར་སྟངས་ལ་ཞིབ་ཏུ་གཟིགས་པ་ཡིན་ན། ཡི་དམ་གྱི་ལྷ་བྱེ་བྲག་པ་ཞིག་དང་། རྒྱ་གར་གྱི་གྲུབ་ཆེན་བྱེ་བྲག་པ་ཞིག་གི་བརྒྱུད་པ། ཕ་རོལ་དུ་ཕྱིན་པའི་ཐེག་པའི་དབང་དུ་བྱས་པ་ཡིན་ནའང་གཞུང་བྱེ་བྲག་པ་འགའ་ཤས་གཙོ་བོར་བཟུང་ནས་བཤད་པ་མ་གཏོགས། ཐེག་པ་གསུམ་དང་རྒྱུད་སྡེ་བཞིས་བསྡུས་པའི་མདོ་སྔགས་ཀྱི་ཆོས་ཚན་ཡོངས་སུ་རྫོགས་པ་གང་ཟག་གཅིག་གིས་སྟན་ཐོག་གཅིག་ཏུ་བསྒྲིལ་ནས་ཉམས་སུ་ལེན་སྟངས་གསུང་མཁན་ཧ་ཅང་དཀོན་པོ་ཡིན། རང་རང་སོ་སོའི་ཆོས་བརྒྱུད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཟབ་པ་དང་རྩལ་རྣོ་བ་ཧ་ཅང་མང་པོ་གསུང་གི་ཡོད་ཀྱང་། བསྟན་པ་སྤྱིའི་རྣམ་གཞག་ཆ་ཚང་བ་དཔེར་ན་ཇོ་བོ་རྗེས་བྱང་ཆུབ་ལམ་གྱི་སྒྲོན་མེའི་སྒོ་ནས་གསར་གཏོད་གནང་བ་ཇི་བཞིན་ཁྱབ་ཆེན་པོ་ཞིག་རྗེ་རིན་པོ་ཆེ་མ་བྱོན་བར་དུ་ཕལ་ཆེར་བྱུང་མེད། རྗེ་བདག་ཉིད་ཆེན་པོས། དང་པོར་རྒྱ་ཆེན་ཐོས་པ་མང་དུ་བཙལ།། བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར།། ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས།། ཞེས་གསུངས་པ་དེ་ཧ་ཅང་གནད་ཆེན་པོ་ཞིག་ཡིན། རྗེ་རིན་པོ་ཆེས་སྐབས་དེར་བོད་དུ་ཡོད་པའི་ཐེག་པ་གསུམ་དང་རྒྱུད་སྡེ་བཞིས་བསྡུས་པའི་ཆོས་ཚུལ་ཡོངས་རྫོགས་ལ་གསན་བསམ་མཐར་ཕྱིན་པ་མཛད་པ་མ་ཟད། བོད་སྐད་དུ་མ་འགྱུར་བའི་ལེགས་སྦྱར་གྱི་སྐད་དུ་བཞུགས་པའི་རྒྱ་དཔེ་ཡང་མང་པོ་ཞིག་གཟིགས་ཡོད་ཚོད་འདུག རྗེ་རིན་པོ་ཆེས་ཐུན་མོང་རིག་གནས་སྐོར་ཡིག་འཇོག་དེ་ཙམ་མ་མཛད་པ་མ་གཏོགས། ནང་དོན་རིག་པ་ལས་གཞན་པའི་སྒྲ། སྙན་ངག། སྡེབ་སྦྱོར། སྐར་རྩིས། སྨན་དང་བཅས་པ་ཚང་མ་གསན་བཞེས་གནང་ཡོད། མདོར་ན་མདོ་སྔགས་རིག་གནས་དང་བཅས་པ་ཡོངས་སུ་རྫོགས་པར་གསན་བཞེས་མཐར་ཕྱིན་པ་གནང་མཁན་ཞིག་ཡིན། དེར་བརྟེན་ང་ཚོ་རྒྱུན་དུ་དགེ་ལུགས་པའི་ཁ་རྒྱུན་ལ་”འདུལ་བ་ཀ་རི་ཀ་ནས་རྒྱུད་རྒྱལ་གསང་བ་འདུས་པའི་བར་”ཞེས་སྨྲ་བཞིན་ཡོད། འདུལ་བ་ཀ་རི་ཀ་ཞེས་པ་འདུལ་བའི་ཚིགས་སུ་བཅད་པ་དགེ་ཚུལ་གྱི་བསླབ་བྱར་ཐེག་པ་ཐུན་མོང་བ་ཉམས་ལེན་བྱེད་མཁན་ཚོས་ཐོག་མར་ཉམས་ལེན་དེ་ནས་མགོ་བཙུགས་ཏེ་ཚེ་གཅིག་ལ་ཟུང་འཇུག་སྦར་བཅངས་སུ་གཏོད་པའི་རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་བར་ཆ་ཚང་ཚིག་གཅིག་ཀྱང་འདོར་དུ་མེད་པ། བཤད་སྒྲུབ་གཉིས་ཀའི་ཉམས་ལེན་བྱེད་སྲོལ་དེ་རྗེ་ཡབ་སྲས་ཀྱི་རྗེས་ལ་མ་གཏོགས་བྱུང་མེད་པ་ལྟ་བུ་ཡིན། དེར་བརྟེན་རྗེ་རིན་པོ་ཆེར། “གངས་ཅན་ཤིང་རྟའི་སྲོལ་འབྱེད་ཙོང་ཁ་པ།།” ཞེས་ཞུ་བ་དེ་སྙན་ངག་གིས་འུད་བརྗོད་ལྟ་བུ་མིན། དངོས་གནས་དོན་དང་མཐུན་པའི་གངས་ཅན་ཤིང་རྟའི་སྲོལ་འབྱེད་ཅིག་ཡིན་པར་ངོས་འཛིན་ཞུ་ཆོག་པ་ཡིན། གངས་ཅན་ཤིང་རྟའི་སྲོལ་འབྱེད་ཡིན་ན། ཤིང་རྟ་སྲོལ་འབྱེད་ཀྱི་སྐྱེས་བུ་ལ་ངེས་པར་དུ་རྒྱལ་བས་ལུང་བསྟན་པ་ཞིག་དགོས་པ་རྒྱ་བོད་ཀྱི་མཁས་གྲུབ་ཚང་མས་བཞེད་པ་ཡིན། དེ་ནི་སྤྱིར་ཐེག་པ་ཆེན་པོའི་ཤིང་རྟའི་སྲོལ་འབྱེད་དང་། དབུ་མ་པ་དང་སེམས་ཙམ་པའི་ཤིང་རྟའི་སྲོལ་འབྱེད་སྐོར་གསུངས་ཀྱི་ཡོད་ཀྱང་། དེ་རིགས་འདྲེ་གཏང་ཆོག རྗེ་བདག་ཉིད་ཆེན་པོ་ནི། སྟོན་པས་མདོ་སྡེ་གདམས་ངག་འབོགས་པའི་རྒྱལ་པོ་དང་། ལང་ཀར་གཤེགས་པའི་མདོ་ལ་སོགས་པའི་མདོ་དང་། འཇམ་དཔལ་རྩ་བའི་རྒྱུད་དང་། མཁའ་འགྲོ་གསང་བའི་རྒྱུད་ལ་སོགས་པའི་རྒྱུད་རྣམས་ནས་རྗེ་རིན་པོ་ཆེའི་མཚན་སྒྲ་དང་དགའ་ལྡན་གྱི་མཚན་སྒྲ་སོགས་གསལ་བར་ཞིབ་ཕྲ་ལུང་དུ་བསྟན་པ་ཡིན། ལུང་བསྟན་གཞན་བསྟན་བཅོས་ཁག་དང་། གསང་ལུང་ཁག གཏེར་མ་ལ་སོགས་པ་མང་པོ་ཡོད། དེ་དག་ཞར་བྱུང་ལྟ་བུ་ཡིན། དེས་ན་རྗེ་བདག་ཉིད་ཆེན་པོར་གངས་ཅན་ཤིང་རྟའི་སྲོལ་འབྱེད་ཞུ་བ་དེ་ལུང་གི་ཁུངས་དང་ལྡན་པ་ཡིན་པ་ཐག་གཅོད་གནང་ཆོག
རྗེ་བདག་ཉིད་ཆེན་པོས་ཐུགས་བསྐྱེད་ཚུལ་གྱི་དབང་དུ་བྱས་ནའང་། “སྔོན་ཚེ་དབང་པོའི་ཏོག་གི་སྤྱན་སྔ་རུ།། དམ་བཅས་ཚེ་ན་སྙིང་སྟོབས་ཆེན་པོ་ཞེས།།” ཞེས་གསུངས་པ་ལྟར་སངས་རྒྱས་དབང་པོ་ཏོག་གི་སྤྱན་སྔར་ཟབ་མོ་དབུ་མའི་ལྟ་བ་དང་འབྲེལ་བའི་སྔགས་ཀྱི་བསྟན་པ་ཕྱོགས་དུས་ཀུན་ཏུ་སྤེལ་བའི་ཐུགས་བསྐྱེད་ཆེན་པོ་མཛད་པར་སྙིང་སྟོབས་ཆེན་པོ་ཞེས་བསྔགས་བརྗོད་མཛད་པ་དང་། སྟོན་པ་རྣམ་འདྲེན་བཞི་པའི་སྐབས་སུའང་བྲམ་ཟེ་ཁྱེའུ་མཐོང་ན་དགའ་བས་སྟོན་པའི་དྲུང་དུ་ཤེལ་དཀར་གྱི་ཕྲེང་བ་ཕུལ་ནས། “ལྟ་སྤྱོད་གཙང་མའི་བརྒྱུད་པ་སྤེལ་བའི་ཕྱིར།། ཐུབ་པའི་དྲུང་དུ་ཤེལ་དཀར་འཕྲེང་བ་ཕུལ།། ཆོས་དུང་གནང་ཞིང་ལུང་བསྟན་བདེན་པའི་མཐུས།།” ཞེས་གསུངས་པ་ལྟར་མཆོག་གི་སྤྲུལ་སྐུའི་མཛད་པ་ཅན་གཉིས་ཀྱིས་ལུང་བསྟན་ཐོབ་པའི་སྐྱེས་བུ་ཞིག་ཡིན་པ་དང་། ཐུགས་བསྐྱེད་པའི་སྐབས་སུའང་བོད་གངས་ཅན་གྱི་ལྗོངས་སུ་ཟབ་མོ་དབུ་མའི་ལྟ་བ་དང་འབྲེལ་བའི་སྔགས་ཀྱི་བསྟན་པ་སྤེལ་བའི་ཐུགས་བསྐྱེད་ཡོད་པ་བཅས། དེ་འདྲའི་ཐུགས་བསྐྱེད་དང་སྨོན་ལམ་གྱི་མཐུ་གྲུབ་པའི་སྐྱེས་བུ་དམ་པ་ཞིག་ཡིན་པས་ང་ཚོས་ངེས་པར་རྗེས་དྲན་ཞུ་བར་འོས་ཤིང་འཚམས་པ་དང་། ང་ཚོ་ཙམ་དུ་མ་ཟད། འཇིག་རྟེན་གྱི་སྐྱེ་བོ་སུ་ཞིག་ཡིན་ནའང་རྗེས་དྲན་ཞུ་རྒྱུ་འོས་འཚམས་ཡིན། རྗེས་དྲན་ཞུ་ཡུལ་རྗེ་རིན་པོ་ཆེའི་སྐུ་གསུང་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའི་རྣམ་པ་ཐར་པ་ཧ་ཅང་མང་པོ་ཞིག་ཡོད། ཆོས་ཕྱོགས་ཀྱི་བྱ་བ་ལས་ཀྱི་འཁོར་ལོ་ལྟ་བུར་མཚོན་ན། རྗེ་རིན་པོ་ཆེའི་མཛད་ཆེན་བཞི་ཞེས་བཤད་སྲོལ་ཡོད། འོན་ཀྱང་རྗེ་རིན་པོ་ཆེ་རང་ཉིད་ཀྱིས་སངས་རྒྱས་ཀྱི་མཛད་པ་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ནི་གསུང་གི་མཛད་པ་ཡིན་ཞེས་གསུངས་ཡོད། གསུང་གི་མཛད་པ་ལའང་འཆད་རྩོད་རྩོམ་གསུམ་གྱི་ནང་ནས་རྩོམ་པའི་མཛད་པ་དེ་མཆོག་ཏུ་གྱུར་པ་ཡིན། རྗེ་རིན་པོ་ཆེས་འཆད་རྩོད་ཇི་ཙམ་ཞིག་གནང་ཡོད་པ་ཡིན་ནའང་རྩོམ་ཡིག་མེད་པ་ཡིན་ན། ད་ལྟ་ང་ཚོར་སྐལ་བ་ཆད་ཟིན་པ་ཡིན། ལྷག་པར་ལོ་མང་ཕྱིན་པའི་རྗེས་སུ་རྗེས་དྲན་ཞུ་འོས་པ་དེ་རྗེ་རིན་པོ་ཆེས་ཡིག་ཐོག་ཏུ་བཀོད་པའི་རྩོམ་ཡིག་རྣམས་ཡིན་པ་ཧ་ཅང་གསལ་པོ་ཡིན། རྗེ་རིན་པོ་ཆེའི་རྩོམ་ཡིག་ལྟ་བུར་མཚོན་ནའང་མང་པོ་ཡོད། ལྗགས་རྩོམ་གནང་སྟངས་དེ་ཡང་གཞུང་དོན་ལ་གོ་བ་རགས་པ་ཆགས་པ་ཙམ་གྱིས་ལྗགས་རྩོམ་གནང་བ་རྗེ་རིན་པོ་ཆེའི་གསུང་འབུམ་ནང་གཅིག་ཀྱང་མེད། “དང་པོར་རྒྱ་ཆེན་ཐོས་པ་མང་དུ་བཙལ།། བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར།། ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས།།” ཞེས་པ་འདི་ཉིད་ཁོང་གི་རྣམ་ཐར་གྱི་འགྲོས་དེ་ཡིན། ཐོས་བསམ་གཉིས་ཀྱིས་ཕུ་ཐག་ཆོད་ནས་སྒོམ་པའི་ཉམས་རྟོག་རྒྱུད་ལ་འཁྲུངས་པའི་རྗེས་ལ། གཞི་ནས་ལྗགས་རྩོམ་གནང་བ་ཤ་སྟག་ཡིན། མདོ་དང་སྔགས་གང་ལའང་འགྲོ་སྟངས་དེ་གཅིག་གྱུར་ཡིན་པར་སྙམ། སྤྱིར་རྒྱ་གཞུང་ནས་གསུངས་པ་ལྟར་ན། བསྟན་བཅོས་རྩོམ་པའི་རྒྱུ་གསུམ་ཡོད། རིག་པའི་གནས་ལྔ་ལ་མཁས་པ་དང་། རྒྱུད་པ་བར་མ་ཆད་དུ་ཡོད་པ། ཡི་དམ་ལྷ་ཡིས་གནང་བ་ཐོབ་པའམ་མ་བཀག་པ་བཅས་ཡིན་ན་མ་གཏོགས། བསྟན་བཅོས་རྩོམ་པའི་རྒྱུ་ཚོགས་ཚང་གི་མེད། རྗེ་རིན་པོ་ཆེ་ནི་རིག་པའི་གནས་ལྔ་ལ་མཁས་པ་དང་། རྒྱུད་པ་བར་མ་ཆད་པ་ཡོད་པ་བརྗོད་མི་དགོས། རྗེ་བདག་ཉིད་ཆེན་པོས་གསན་བསམ་གནང་བའི་སྐབས་བཀའ་གདམས་རྒྱུད་གསུམ་གྱི་རྒྱུད་པ་ཡོངས་རྫོགས་གསན་ནས་བཀའ་གདམས་པའི་བརྒྱུད་རིམ་གསུམ་པོ་དེ་རྒྱུད་པ་ཆུ་བོ་གཅིག་ཏུ་འདྲེས་ས་དེ་རྗེ་རིན་པོ་ཆེའི་སྐབས་ནས་ཡིན། དེ་བཞིན་ཟབ་མོ་ལྟ་རྒྱུད་དང་། རྒྱ་ཆེན་སྤྱོད་རྒྱུད། ཉམས་ལེན་བྱིན་རླབས་རྒྱུད་གསུམ་ག་ཡང་རྒྱུད་པ་ཆུ་བོ་གཅིག་ཏུ་འདུས་ས་དེ་རྗེ་བདག་ཉིད་ཆེན་པོའི་སྐབས་ནས་འདུས་ཡོད། དེར་བརྟེན་བླ་མ་དམ་པའི་རྒྱུད་པ་བར་མ་ཆད་པར་ཡོད་པ་གསལ་པོ་ཡིན། དེ་ནས་ལྗགས་རྩོམ་ཕལ་ཆེ་བ་ཞིག་ཡི་དམ་ལྷས་ཉམས་སྣང་ངམ་ཞལ་གཟིགས་ནས་བསྐུལ་བ་ཤ་སྟག་ཡིན། འདི་རྩོམ་ན་ལེགས། དེའི་བརྗོད་དོན་གྱི་ངོ་བོ་དང་གོ་རིམ་འདི་ལྟར་འདི་ལྟར་ཡིན། ཚིག་སྦྱོར་ཁྱེད་ཉིད་ཀྱིས་རྩོམས་ཤིག་གསུངས་ནས་འཇམ་པའི་དབྱངས་ཀྱིས་བསྐུལ་བ་མང་པོ་ཡོད། ཕྱག་ན་རྡོ་རྗེས་བསྐུལ་བའང་ཡོད། “བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ་དང་།། མི་ཕམ་མགོན་གྱི་ཡང་དག་དོན་བསྟོད་པ།། དོན་གྱི་ངོ་བོ་གོ་རིམ་འཇམ་དབྱངས་ཀྱིས།། གསལ་བར་གསུངས་ནས་ཚིག་སྦྱོར་ལེགས་སྦྱར་བ།།” ཞེས་ང་ཚོས་རྟག་པར་འདོན་གྱི་ཡོད་པ་ལྟར་ཡིན། དེ་ལྟར་རྗེ་རིན་པོ་ཆེའི་གསུང་རྩོམ་དེ་ཚོ་སྐུལ་བ་པོ་མེད་པ་དང་། ཆེད་དུ་བྱ་བའི་གདུལ་བྱ་མེད་པ། ཡི་དམ་གྱི་ལྷས་མ་བསྐུལ་བའམ་གནང་བ་མ་ཐོབ་པ་གཅིག་ཀྱང་མེད་པ་གསལ་པོ་ཡིན། “མདོ་སྔགས་མཐའ་དག་ཁྱད་པར་རྡོ་རྗེའི་ཐེག །རྒྱུད་སྡེ་མཐའ་དག་ཁྱད་པར་བླ་མེད་དོན།། རིམ་གཉིས་མཐའ་དག་ཁྱད་པར་སྒྱུ་ལུས་ལ།། སྔོན་མེད་ལེགས་བཤད་གཏེར་ཆེན་ཁྱེད་ལ་འདུད།།” ཅེས་སྟག་ཚང་ལོ་ཙཱ་བས་གསུངས་ཡོད། སྟག་ཚང་ལོ་ཙཱ་བ་ནི་ཐོག་མར་རྗེ་རིན་པོ་ཆེར་ཐུགས་དད་མེད་མཁན་གྱི་མཁས་པ་ཆེན་པོ་ཞིག་ཡིན། རྗེ་རིན་པོ་ཆེས་རྩ་ཤེས་ཊཱིཀ་ཆེན་དང་། དགོངས་པ་རབ་གསལ་མཛད་པའི་རྗེས་ལ་སྟག་ཚང་ལོ་ཙཱ་བས་དགག་པ་བརྩམས་ཤིང་འགལ་བའི་ཁུར་ཆེན་བཅོ་བརྒྱད་བཏང་སྟེ་རྩོད་པ་མང་པོ་མཛད་ཡོད། འོན་ཀྱང་རྗེས་སུ་ཁོང་ཐུགས་དད་ཆེན་པོ་འཁྲུངས་ཏེ་རྗེ་རིན་པོ་ཆེར་བསྟོད་པ་ཞིག་བརྩམས་ཤིང་། རྗེ་རིན་པོ་ཆེར་བསྟོད་པ་རྩོམ་མཁན་ཕལ་ཆེ་བའི་ནང་ནས་གནད་འགག་བསྒྲུགས་ནས་རྩོམ་མཁན་སྟག་ཚང་ལོ་ཙཱ་བ་ཡིན་པར་སྙམ། དེའི་ནང་རྗེ་རིན་པོ་ཆེའི་ཐུན་མོང་མ་ཡིན་པའི་མཛད་རྣམ་དེ་དག་དམིགས་བསལ་རྩལ་དུ་བཏོན་ཡོད། “རིམ་གཉིས་མཐའ་དག་ཁྱད་པར་སྒྱུ་ལུས་ལ།། སྔོན་མེད་ལེགས་བཤད་གཏེར་ཆེན་ཁྱེད་ལ་འདུད།།” ཅེས་སྔོན་མེད་པའི་ལེགས་བཤད་ཀྱི་གཏེར་ཆེན་པོ་ཞིག་གནང་མཁན་རྗེ་བདག་ཉིད་ཆེན་པོ་ཡིན་པར་གསལ་པོར་བསྟན་ཡོད།
ཐོག་མར་རྗེ་རིན་པོ་ཆེས་གཞུང་ལ་གསན་བསམ་གནང་བའི་སྐབས་སུ་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་མཆོག་གཉིས་ཀྱི་གཞུང་ལ། “གཞུང་ལ་ཕྱོགས་རེ་བ་དང་རགས་པ་རེས།། ཚིམས་པར་མ་བྱས་ཀུན་ལ་ཞིབ་ཏུ་སྦྱངས།།” ཞེས་གསུངས་པ་ལྟར་ཡིན། བོད་ཀྱི་མཁས་པའི་ནང་ནས་ཕལ་ཆེར་རྗེ་རིན་པོ་ཆེ་དང་། ཕྱིས་སུ་རྗེ་རིན་པོ་ཆེའི་རྣམ་ཐར་ལ་བསླབས་ནས་གཞུང་མཐའ་དག་ལ་སྦྱོང་མཁན་ཡོད་པ་མ་གཏོགས། དེ་མིན་གོང་གསལ་བཞིན་དམིགས་བསལ་གྱི་གཞུང་བྱེ་བྲག་པ་རེ་རེར་གཙོ་བོར་བཟུང་བའི་ཐོག་ནས་རང་གི་ཆོས་བརྒྱུད་སྤེལ་བར་མཛད་མཁན་མང་བ་ཆགས་ཡོད། རྗེ་རིན་པོ་ཆེས་རྒྱུན་དུ་རྗེ་བཙུན་འཇམ་པའི་དབྱངས་ལ་གསན་བསམ་གནང་ཕྱོགས་དང་གསུང་རབ་ཀྱི་གནད་ལ་སྒྲོ་འདོགས་གཅོད་ཚུལ་རྣམས་བཀའ་འདྲི་ཞུ་གནང་གི་ཡོད། ཐོག་མར་བླ་མ་དབུ་མ་པའི་བརྒྱུད་ནས་དང་། རྗེས་སུ་དགའ་གདོང་དུ་བཞུགས་སྐབས་ཐད་ཀར་རྗེ་རིན་པོ་ཆེར་ཞལ་གཟིགས་བྱུང་བ་རིམ་གྱིས་གསལ་དུ་གསལ་དུ་ཕྱིན་ནས་རྗེ་བཙུན་འཇམ་པའི་དབྱངས་མི་དང་མི་འཕྲད་པ་ལྟ་བུའི་བཀའ་བསྡུར་གནང་གི་ཡོད། རྗེ་རིན་པོ་ཆེས་གཞུང་གང་ལ་རྩལ་དུ་བཏོན་ནས་སྦྱང་ན་ལེགས་སམ་ཞུས་པའི་སྐབས་སུ་རྒྱལ་བའི་གསུང་རབ་མཐའ་དག་ལ་བཟང་ངན་གྱི་ཁྱད་པར་མེད་ཀྱང་ཁྱེད་རང་ལ་ལས་ཀྱི་འབྲེལ་བ་དབུ་མར་ཡོད་པས་དབུ་མའི་གཞུང་ལ་རྩལ་དུ་བཏོན་ནས་སྦྱོངས་ཞེས་གསུངས་པ་དང་། སྔགས་ཀྱི་གཞུང་གང་ལ་སྦྱང་ན་ལེགས་སམ་ཞེས་ཞུས་པའི་སྐབས་སྔགས་ཀྱི་གཞུང་ཟླ་བ་གྲགས་པའི་འགྲེལ་བཤད་ཡོད་པ་དེ་དག་སྦྱོངས་ཞེས་གསུངས་པ་ཡིན། དེ་ནི་འཇམ་པའི་དབྱངས་ཀྱི་དམིགས་བསལ་གྱིས་ལུང་བསྟན་ཁྱད་པ་བ་ཞིག་ཡིན་པར་མངོན། རྗེ་རིན་པོ་ཆེས་བསྐྱར་དུ་དཔལ་ལྡན་ཟླ་བ་གྲགས་པས་གང་གསུངས་པ་དེ་དག་ཐམས་ཅད་རྣམ་པ་ཀུན་ཏུ་ཚད་མར་བཟུང་ན་རུང་ངམ་ཞེས་ཞུས་པར། “བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེར་འཁྲུལ་པ་ག་ལ་མངའ།” ཞེས་ཟླ་བ་གྲགས་པར་མཐའ་གཅིག་ཏུ་ཚད་མར་གཟུང་ཆོག་ཅེས་འཇམ་པའི་དབྱངས་ཀྱིས་གསུངས་པ་ཡིན། འདི་ནི་ངོ་མཚར་བའི་རྣམ་ཐར་ཞིག་སྟེ། རྗེ་བདག་ཉིད་ཆེན་པོས་རྒྱ་གཞུང་ཡིན་པ་ཙམ་གྱིས་དག་པ་མི་སྟེར་བར་ལུང་རིགས་ཀྱི་དཔྱད་པ་མཐར་ཕྱིན་མཛད་དེ་མི་འཐད་པའི་རིགས་དགག་གཞག་གིས་ཐེར་འདོན་གནང་ཡོད་པས། ཟླ་གྲགས་ཀྱི་གཞུང་ལའང་དཔྱད་དགོས་པ་ཡོད་དམ་སྙམ་དུ་དགོངས་པར་སྣང་། སྔགས་ཀྱི་གསན་བཞེས་གནང་སྐབས་ཡི་དམ་གསང་བདེ་འཇིགས་གསུམ་རྩལ་དུ་བཏོན་ཅིང་། ལྷག་པར་དུ་གསང་བ་འདུས་པ་ཐུགས་དམ་གྱི་གཙོ་བོ་དང་། གསན་བསམ་གྱི་གཞི་མ་ལྟ་བུར་མཛད། སྤྱིར་གསང་བ་འདུས་པ་དེ་མཁན་རིན་པོ་ཆེས་བཀའ་སྩལ་པ་བཞིན་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ། མདོ་སྡེ་ཀུན་གྱི་ཟ་མ་ཏོག་ལྟ་བུ་ཡིན་སྟབས། སྔགས་ཀྱི་ཉམས་ལེན་བྱེད་མཁན་ཞིག་ཡིན་ཕྱིན་གསང་བ་འདུས་པའི་ལམ་ལ་སློབ་སྦྱོང་མ་བྱས་ཐབས་མེད་པ་ཡིན།
གསང་བ་འདུས་པའི་རྩ་རྒྱུད་ཀྱི་འགྲེལ་པ་སྒྲོན་གསལ་དཔལ་ལྡན་ཟླ་བ་གྲགས་པས་བརྩམས་གནང་བ་ཡིན། དེང་རབས་ཀྱི་མཁས་པ་ཚོའི་ནང་སྒྲོན་གསལ་རྩོམ་མཁན་ཟླ་བ་གྲགས་པ་དང་དབུ་མ་ཚིག་གསལ་རྩོམ་མཁན་ཟླ་བ་གྲགས་པ་ཐ་དད་ཡིན་པ་དང་། སྔགས་ཀྱི་ཀླུ་སྒྲུབ་དང་། དབུ་མའི་ཀླུ་སྒྲུབ། སྨན་གྱི་ཀླུ་སྒྲུབ་བཅས་ཐ་དད་ཡིན་པ་ལྟ་བུ་བཤད་མཁན་མང་པོ་ཡོད། དེ་རྣམས་གནས་ཚུལ་ཇི་བཞིན་མ་ཤེས་པར་ཚོད་དཔག་གིས་བཤད་པ་མ་གཏོགས་བྱུང་རབས་ཀྱི་ཁུངས་དང་ལུང་གང་ཡང་མེད། ཀླུ་སྒྲུབ་དང་ཟླ་བ་གྲགས་པ་གཉིས་ཀྱིས་སྔགས་དང་ཕ་རོལ་ཏུ་ཕྱིན་པའི་གཞུང་ཧ་ཅང་མང་པོ་མཛད་པ་དང་། དེ་དག་མཛད་མཁན་གྱི་ཀླུ་སྒྲུབ་དང་ཟླ་བ་གྲགས་པ་གཅིག་པ་ཡིན་མིན་དོགས་པ་བྱེད་དགོས་དོན་གང་ཡང་མེད། “དཔལ་ལྡན་འདུས་ནི་སྣོད་ཡིན་ཏེ།།” ཞེས་གསུངས་པ་བཞིན། རྒྱུད་ཐམས་ཅད་ཀྱི་སྣོད་དུ་གྱུར་པའི་འདུས་པའི་གཞུང་ལ་རྗེ་རིན་པོ་ཆེས་གསན་བསམ་གནང་བའི་སྐབས་དཔལ་ལྡན་ཟླ་བ་གྲགས་པས་མཛད་པའི་རྩ་རྒྱུད་ཀྱི་འགྲེལ་པ་སྒྲོན་གསལ་གཙོ་བོར་བཟུང་ནས་གསན་བཞེས་མཛད་ཡོད། དེ་བཞིན་སློབ་དཔོན་ཀླུ་བྱང་དང་འཕགས་པ་ལྷ་ལ་སོགས་པ་འཕགས་པ་ཡབ་སྲས་ལྔའི་གཞུང་ཆ་ཚང་གསན་བཞེས་མཛད་ཅིང་། གཙོ་བོ་དཔལ་ལྡན་ཟླ་བའི་གཞུང་ལ་ཚད་འཛིན་མཛད་དོ།།
རྗེ་བཙུན་རེ་འདའ་བའི་བཀའ་མངགས་ཇི་ཕེབས་ལྟར་རྗེ་རིན་པོ་ཆེས་འཇམ་པའི་དབྱངས་ལ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ཆེས་མྱུར་དུ་འཐོབ་པའི་ཐབས་གང་ཡིན། ཚེ་གཅིག་ལུས་གཅིག་ལ་རྡོ་རྗེ་འཆང་གི་གོ་འཕང་འཐོབ་པའི་ཐབས་བཟང་ཤོས་གང་ཡོད་ཅེས་ཞུས་པའི་ལན་དུ། འཇམ་པའི་དབྱངས་ཀྱིས། “བླ་མའི་རྣལ་འབྱོར་ལམ་གྱི་སྲོག་ཏུ་བྱེད། ཡི་དམ་གསང་བདེ་འཇིགས་གསུམ་ཡ་མ་བྲལ་བ་ཉམས་སུ་ལོངས།” ཞེས་གསུངས་པ་བཞིན། དེ་ལྟར་ཉམས་སུ་བླངས་ནས་ཟུང་འཇུག་བདེ་བླག་ཏུ་སྒྲུབ་པའི་ཐབས་ཀྱི་གདམས་ངག་ནི་འཇམ་མགོན་སྙན་བརྒྱུད་ཞུ་བ་དེ་ཡིན། འཇམ་མགོན་སྙན་བརྒྱུད་ཅེས་པའི་དོན་གང་ཡིན་ཞེ་ན། རྒྱལ་བ་རྡོ་རྗེ་འཆང་གིས་རྗེ་བཙུན་འཇམ་པའི་དབྱངས་ལ་གསུངས། རྗེ་བཙུན་འཇམ་པའི་དབྱངས་ཀྱིས་བླ་མ་དབུ་མ་པར་གསུངས། བླ་མ་དབུ་མ་པས་རྗེ་རིན་པོ་ཆེར་གསུངས་ཏེ་སྙན་ནས་སྙན་དུ་བརྒྱུད་པས་སྙན་བརྒྱུད་དང་། བྱིན་རླབས་ཉེ་བརྒྱུད་ཅེས་བརྗོད་པ་ཡིན། སྐབས་ཤིག་ནས་བླ་མ་དབུ་མ་པ་མེད་པར་རྡོ་རྗེ་འཆང་དང་། འཇམ་པའི་དབྱངས། རྗེ་རིན་པོ་ཆེ། དེ་ནས་རིམ་པར་བརྒྱུད་པ་དེར་དགེ་ལྡན་སྙན་བརྒྱུད་ཀྱི་བྱིན་རླབས་ཉེ་བརྒྱུད་ཞུ་བའི་བརྒྱུད་པ་དེ་ཡིན། དེ་ལྟ་བུའི་བྱིན་རླབས་ཉེ་བརྒྱུད་དེའི་སྲོལ་རྒྱུན་དུ་གསང་བདེ་འཇིགས་གསུམ་ཡ་མ་བྲལ་བ་དང་། དེའི་ནང་ནས་ཡི་དམ་གསང་བ་འདུས་པ་གཙོ་བོར་བྱེད། འོན་ཀྱང་གསང་འདུས་རྩ་རྒྱུད་དེ་མཐའ་དྲུག་དང་ཚུལ་བཞིའི་རྒྱས་བཏབ་པ་ཡིན་སྟབས། སྟོན་པས་རྒྱུད་གསུང་བའི་སྐབས་ཀྱི་ཆེད་དུ་བྱ་བའི་གདུལ་བྱ་དེ་དག་གིས་ཀྱང་བཤད་རྒྱུད་ལ་མ་བརྟེན་པར་རྩ་རྒྱུད་ཁོ་ནའི་ཐོག་ནས་དོན་རྟོགས་མི་ཐུབ་ན། ཕྱི་རབས་ཀྱི་གདུལ་བྱ་ཚོས་འགྲེལ་པ་ཞིག་ལ་མ་བརྟེན་པར་དོན་རྟོགས་མི་ཐུབ་པ་གསལ་པོ་ཡིན། ལྷག་པར་རྗེ་རིན་པོ་ཆེའི་སྐུ་དུས་སུ་བོད་དུ་འདུས་པའི་འཆད་ཉན་ཕལ་ཆེར་ཉམས་ཟིན་པ་དང་། ཡོད་ཀྱང་ཐ་ཐོར་ལས་མེད། རྗེ་རིན་པོ་ཆེར་གསང་བ་འདུས་པའི་འཆད་ཉན་རྒྱ་ཆེར་སྤེལ་བར་བཀའ་བབ་དང་ལུང་བསྟན་ཡོད་པ། དཔེར་ན་རིམ་ལྔ་གསལ་སྒྲོན་ལྗགས་རྩོམ་མ་གནང་གོང་། བྱཱ་གྷྲའི་གོང་གི་ཙནྡྲ་ནི།། མིག་དང་ཟླ་བའི་གྲངས་གསུམ་ལ།། ཞེས་སོགས་གསང་བའི་རྣམ་ཐར་ཚིགས་བཅད་མའི་ནང་དུ་བྱུང་བ་བཞིན་ཡི་དམ་ལྷས་གནང་བ་ཡོད་པ་ཤིན་ཏུ་གསལ། གཞན་ཡང་། རིན་ཆེན་དུ་མས་སྤྲས་པའི་ཁྲི་སྟེང་ན།། ཐམས་ཅད་མཁྱེན་པ་བུ་སྟོན་རིན་ཆེན་གྲུབ།། འདུས་པ་རྩ་བའི་རྒྱུད་ཀྱི་གླེགས་བམ་ནི།། གནང་ནས་འདི་ཡི་བདག་པོ་གྱིས་ཞེས་གསུངས།། ཞེས་གསང་རྣམ་གསོལ་འདེབས་ཀྱི་ནང་གསལ་བ་བཞིན་ཐམས་ཅད་མཁྱེན་པ་བུ་སྟོན་རིན་ཆེན་གྲུབ་ཀྱིས་འདུས་པ་རྩ་རྒྱུད་ཀྱི་གླེགས་བམ་ཞིག་རྗེ་རིན་པོ་ཆེར་གནང་ནས་འདི་ཡི་བདག་པོ་བྱེད་དགོས་གསུངས་པའི་ཉམས་སྣང་བྱུང་བ་སོགས་གསང་བ་བསམ་གྱིས་མི་ཁྱབ་པའི་རྣམ་ཐར་གྲངས་ལས་འདས།
གཞན་ཡང་ཤིན་ཏུ་ངོ་མཚར་ཆེ་བའི་གནས་ཚུལ་གཞན་ཞིག་ནི། རྗེ་བདག་ཉིད་ཆེན་པོས་འདུས་པ་རྩ་རྒྱུད་ལ་ཐུགས་གཉེར་མཐར་ཕྱིན་པ་ཡོང་བའི་ཆེད་དུ་ཐོག་མ་རྩ་རྒྱུད་ཀྱི་འགྱུར་དག་པོ་དགོས་པ་གལ་ཆེན་པོར་གཟིགས་ནས། དེང་སྐབས་དཔེ་ཆའི་ཚིག་འབྲུ་ལ་ཉམས་ཞིབ་བྱེད་མཁན་ཚོའི་ལུགས་སྲོལ་བཞིན་རྒྱ་སྐད་ནས་བོད་སྐད་དུ་བསྒྱུར་བའི་སྐབས་འགྱུར་མ་དག་པ་བྱུང་ཡོད་མེད་དཔྱད་ཞིབ་མཛད་དེ། རྩ་རྒྱུད་ལེའུ་བཅུ་བདུན་བར་དུ་རྗེ་རིན་པོ་ཆེས་འགྱུར་བཅོས་མང་པོ་གནང་ཡོད། བར་སྐབས་ཡོངས་གྲགས་མིན་ཡང་། ཉེ་ཆར་ལོ་ཤས་སྔོན་བོད་ནས་དཔེ་རྙིང་འཚོལ་སྒྲུབ་བྱེད་མཁན་གྱི་སྡེ་ཚན་ཞིག་གིས་འཚོལ་སྒྲུབ་བྱས་ཏེ་དཔེ་ཆ་རྙིང་པ་རྙེད་སོན་བྱུང་བའི་གྲས་ནས་རྗེ་རིན་པོ་ཆེས་ཞུ་དག་འགྱུར་བཅོས་གནང་བའི་གསང་འདུས་རྩ་རྒྱུད་ཀྱི་ཕྱག་དཔེ་དེ་ད་ལྟ་རྒྱ་ནག་ནས་དཔེ་གཟུགས་སུ་པར་དུ་བསྐྲུན་པ་རྗེ་རིན་པོ་ཆེའི་གསུང་འབུམ་ནང་ཚུད་ཡོད་པར་གོ་ཐོས་བྱུང། ངས་དངོས་སུ་མ་མཇལ་ཡང་གནས་ཚུལ་དངོས་བདེན་ཡིན་འདུག དེའི་འགྱུར་བྱང་དཔེ་གཞན་ཞིག་གི་ནང་ལུང་དྲངས་པ་འདི་ལྟར། “འདུས་པའི་རྩ་རྒྱུད་ལ་ལོ་ཆེན་གྱིས་བསྒྱུར་བ་མང་དུ་སྣང་ནའང་འགོས་ཀྱིས་འགྱུར་བཅོས་མཛད་པ་ཉུང་བར་སྣང་ལ། འགྲེལ་པའི་བཤད་པ་འགོས་འགྱུར་གྱི་སྟེང་ནས་བྱེད་པ་ལ། རྒྱུད་ཀྱི་འགོས་འགྱུར་གལ་ཆེ་བར་མཐོང་ནས། འགྱུར་རྙིང་གི་རྒྱུད་མང་པོ་ལ་གཏུགས་ཤིང་། འགྲེལ་པ་ལ་བརྟེན་ནས་དཔལ་གསང་བ་འདུས་པའི་རྣལ་འབྱོར་པ་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས་འབྲོག་རི་བོ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་དག་ཏེར་བྱས་པའོ།།” ཞེས་གསལ། དེའི་དགོངས་དོན་ནི། འདུས་པའི་རྩ་རྒྱུད་ལོ་ཆེན་རིན་ཆེན་བཟང་པོས་བསྒྱུར་བ་མང་པོ་འདུག་ཀྱང་། འགོས་ལོ་ཙཱ་བས་འགྱུར་བཅོས་མཛད་པ་ཉུང་ངུ་ལས་མ་རྙེད་པས། འགྲེལ་པ་སྒྲོན་གསལ་འགོས་ལོ་ཙཱ་བས་བསྒྱུར་བའི་ཐོག་ནས་འཆད་ཉན་མཛད་སྐབས། རྩ་བའི་རྒྱུད་ཀྱང་འགོས་ལོ་ཙཱ་བས་བསྒྱུར་བ་དང་བསྟུན་དགོས་པ་གལ་ཆེན་པོར་གཟིགས་ནས། འགྱུར་རྙིང་པ་མང་པོར་བསྡུར་ནས་རྩ་རྒྱུད་འགོས་འགྱུར་འདི་དཔལ་གསང་བ་འདུས་པའི་རྣལ་འབྱོར་པ་ཤར་ཙོང་ཁ་པ་བློ་བཟང་གྲགས་པ་དཔལ་གྱིས་འབྲོག་རི་བོ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་དག་ཐེར་བྱས་པའོ།། ཞེས་གསུངས་པ་ཡིན། འགྱུར་གྱི་དག་ཐེར་མཛད་ཚུལ་ཡང་ལེགས་སྦྱར་གྱི་སྐད་དང་ཐད་ཀར་བསྡུར་ཏེ་རྩ་རྒྱུད་ཀྱི་ལོ་ཆེན་གྱི་འགྱུར་དང་འགོས་ཀྱི་འགྱུར་གཉིས་ལ་ཁྱད་པར་གང་ཡོད། འགོས་ཀྱི་འགྱུར་ལ་ཡང་བསྐྱར་བཅོས་དགོས་པ་གང་ཡོད་པ་རྣམས་ཞིབ་ཏུ་གཟིགས་ཏེ་དག་ཐེར་མཛད་པ་དང་། རྩ་རྒྱུད་ཀྱི་འགྱུར་ལ་ཞུ་དག་གནང་བ་མ་ཟད། སྒྲོན་གསལ་ལའང་ཞུ་དག་ཧ་ཅང་ནན་འདྲོང་ཡོད་པས། མཆན་འགྲེལ་གྱི་མཇུག་ཏུ། “རྗེ་རིན་པོ་ཆེ་འགོས་ཀྱིས་དང་པོར་ལོ་ཆེན་གྱིས་བསྒྱུར་བའི་སྒྲོན་གསལ་ལ་བཤད་པ་མང་དུ་མཛད། དེའི་རྗེས་ཁོང་རང་གིས་ཛྙཱནཀར་ལ་བརྟེན་ནས་འགྱུར་བཅོས་མཛད་པ་ལ་བཤད་པ་མང་དུ་མཛད། དེའི་རྗེས་སུ་ཁོང་རང་གིས་ནག་པོ་དམ་ཚིག་རྡོ་རྗེ་ལ་བརྟེན་ནས་འགྱུར་བཅོས་མཛད་པའི་སྒྲོན་གསལ་ལ་བཤད་པ་མང་དུ་མཛད་པའི་གནད་ཀྱིས་འགོས་འགྱུར་རང་ལའང་དཔེ་མི་མཐུན་པ་དུ་མ་ཡོད་ནའང་། འགྱུར་རིམ་པ་གསུམ་པ་དག་པར་བླ་མ་གོང་མ་རྣམས་མཛད་པར་འདུག་པས། འགྱུར་གསུམ་པ་ལ་གཞི་བྱས་ནས་འགོས་འགྱུར་གྱི་སྒྲོན་གསལ་མང་དུ་བསགས་ཏེ། དོན་ལ་ཞིབ་ཏུ་དཔྱད་ཅིང་འགོས་འགྱུར་གྱི་ཆ་འགའ་ཞིག་མི་བཅོས་སུ་མི་རུང་བ་རྣམས་ལ་འགྱུར་གསར་པས་སྐྱེད་ཐོན་པ་རྣམས་འགྱུར་མཆན་དུ་བཀོད་པའི་ཞུས་དག་ཡིད་ཆེས་པའི་གནས་སུ་རུང་བར་དཔལ་གསང་བ་འདུས་པའི་རྣལ་འབྱོར་པ་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས་འབྲོག་རི་བོ་ཆེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་དག་གཏེར་བྱས་པའོ།།” ཞེས་གསུངས་པ་ལྟར་ལོ་ཙཱ་བ་གྲགས་ཅན་འགོས་ཁུག་པ་ལྷས་བཙས་ཀྱིས་ཐོག་མར་ལོ་ཆེན་རིན་བཟང་གིས་བསྒྱུར་ཟིན་པའི་སྒྲོན་གསལ་ལ་བཤད་པ་མང་དུ་མཛད་སྐབསའགྱུར་བཅོས་དགོས་པར་གཟིགས་ནས། འགོས་རང་ཉིད་ཀྱིས་རྒྱ་གར་གྱི་པཎ་ཆེན་ཛྙཱན་ཀ་ར་ལ་བརྟེན་ནས་འགྱུར་བཅོས་དང་། དེའི་རྗེས་པཎ་ཆེན་ནག་པོ་དམ་ཚིག་རྡོ་རྗེ་ལ་བརྟེན་ནས་ཡང་བཅོས་མཛད་པས། འགོས་འགྱུར་རང་ལའང་མི་མཐུན་པ་མང་པོ་ཡོད་ནའང་། འགྱུར་རིམ་པ་གསུམ་པ་ནག་པོ་དམ་ཚིག་རྡོ་རྗེའི་མཉམ་མཛད་པ་དེ་དག་པར་བླ་མ་གོང་མ་རྣམས་ཀྱིས་བཞེད་པ་ལྟར། རྗེ་བདག་ཉིད་ཆེན་པོས་ཀྱང་དེ་ལ་གཞིར་བཞག་མཛད། སྐབས་དེར་ཕྱག་དཔེ་བྲིས་མ་མ་གཏོགས་པར་མའི་སྲོལ་དེ་ཙམ་མ་དར་གཤིས། བྲིས་མ་སོ་སོར་ཡིག་ནོར་ཅི་རིགས་ཡོང་སྲིད་པས། ཕྱག་དཔེ་མང་དུ་བསགས་ཏེ། ཚིག་ལ་མཚུངས་བསྡུར་དང་། ལྷག་པར་དོན་ལ་ཞིབ་ཏུ་དཔྱད་ནས། འགོས་འགྱུར་ལའང་མ་བཅོས་སུ་མི་རུང་བ་རྣམས་རྗེ་ཙོང་ཁ་པ་རང་ཉིད་ཀྱིས་བཅོས་ཏེ་དག་ཐེར་མཐིལ་ཕྱིན་པར་མཛད་པའི་སྒྲོན་གསལ་གྱི་མ་དཔེ་ལ་མཆན་འགོད་མཛད་པ་ཡིན། འགྱུར་དག་མིན་རྒྱ་དཔེ་དང་བསྡུར་རྒྱུ་དང་། བོད་དཔེ་དག་མིན་དཔེ་ཆ་འདྲ་མིན་མང་པོ་མཚུངས་བསྡུར་གནང་རྒྱུ་དུས་གྲོན་དང་སྐུ་ངལ་ཆེན་པོ་ཡོད། དེང་སང་རྒྱུད་སྟོད་གྲྭ་ཚང་གིས་ཕྱག་དཔེ་མང་པོ་མཚུངས་བསྡུར་དང་ཞུ་དག་མཛད་ནས་པར་སྐྲུན་གནང་གི་ཡོད། དཀའ་ལས་ཇི་ཙམ་ཡོད་པ་མཚུངས་བསྡུར་དང་ཞུ་དག་གནང་མཁན་ཚོས་མཁྱེན་གྱི་རེད། མཚུངས་བསྡུར་བྱེད་སྐབས་ཐག་ཆོད་དཀའ་བའང་མང་པོ་ཡོང་སྲིད། རྗེ་རིན་པོ་ཆེས་ “ཡིད་ཆེས་པའི་གནས་སུ་རུང་བར་”ཞེས་གསུངས་པ་དེས་དག་ཐེར་རྨད་དུ་བྱུང་བ་མཛད་པའི་གདེང་སྤོབས་ཀྱིས་གསུངས་པ་ཡིན། ད་དུང་རྗེའི་གསུང་གསང་བ་འདུས་པའི་ཆོས་སྐོར་འདི་དག་ལ་དམིགས་བསལ་གྱིས་ཐུགས་སྣང་གནང་དགོས་པ་ཞིག་ནི། རྗེ་རིན་པོ་ཆེའི་ལྗགས་རྩོམ་གཞན་པ་ཚོའི་མཛད་བྱང་དུ་དེ་ཙམ་གྱིས་བརྗོད་ཚིག་ནན་པོ་གསུངས་མེད་ཀྱང་། རྩ་རྒྱུད་དང་སྒྲོན་གསལ་མཆན་གྱི་མཇུག་བྱང་གོང་དུ་དྲངས་ཟིན་པ་དེ་དག་དང་། ལྷག་པར་མཐའ་དཔྱོད་མྱུ་གུའི་མཛད་བྱང་དུ། རྗེ་རིན་པོ་ཆེས་ཇི་ཙམ་ཞིག་ཐུགས་གདེང་ཚོད་དང་སྤོབས་པའི་ཐོག་ནས་གསུངས་པ་དེ་གང་གི་དོན་དུ་གསུངས་པ་ང་ཚོས་མཁྱེན་དགོས། དེ་ཡང་འདི་ལྟར། “རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྒྱ་ཆེར་བཤད་པ་སྒྲོན་མ་གསལ་བའི་དཀའ་བའི་གནད་ཀྱི་མཐའ་གཅོད་རིན་པོ་ཆེའི་མྱུ་གུ་ཞེས་བྱ་བ་འདི་ནི། དཔལ་གསང་བ་འདུས་པའི་རྣལ་འབྱོར་པ་མང་དུ་ཐོས་པའི་དགེ་སློང་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས་འཕགས་པ་ཡབ་སྲས་ལྔའི་སྔགས་དང་ཕ་རོལ་ཏུ་ཕྱིན་པའི་གཞུང་ཀུན་ལ་རིང་དུ་ལེགས་པར་སྦྱངས་ཤིང་། ཁྱད་པར་དུ་གསང་བ་འདུས་པ་འཕགས་པའི་སྐོར་བོད་དུ་འགྱུར་རོ་ཅོག་དང་། མར་འགོས་ཀྱི་ལུགས་ཀྱི་བཤད་པ་དང་གདམས་ངག་རྣམས་ལའང་འདྲིས་པར་བྱས་ནས། རྩ་བ་དང་བཤད་པའི་རྒྱུད་རྣམས་ལེགས་པར་སྦྱོར་བའི་ཚུལ་ལ་མི་འཇིགས་པའི་སྤོབས་པ་རྙེད་པའི་ཚེ། འབྲོག་རི་བོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་སྦྱར་བའོ།།” ཞེས་འཕགས་པ་ཡབ་སྲས་ལྔའི་སྔགས་དང་ཕ་རོལ་ཏུ་ཕྱིན་པའི་གཞུང་ཀུན་ལ་ཇི་ལྟར་རིང་དུ་ལེགས་པར་གསན་སྦྱོང་གནང་ཚུལ། ཁྱད་པར་འདུས་པ་འཕགས་ལུགས་ཀྱི་གཞུང་བོད་དུ་འགྱུར་རོ་ཅོག་གསན་བསམ་མཛད་པ་མ་ཟད། མར་པ་དང་འགོས་ལུགས་ཀྱི་བཤད་པ་དང་གདམས་ངག་རྣམས་ལའང་ཐུགས་འདྲིས་མཛད་དེ། རྩ་བ་དང་བཤད་པའི་རྒྱུད་རྣམས་སྦྱར་ཏེ་གོ་བ་བཞེས་ཚུལ་ལ་ཐུགས་མི་འཇིགས་པའི་སྤོབས་པ་རྙེད་པའི་ཚེ་ལྗགས་རྩོམ་གནང་བ་ཡིན་ཞེས་གསུངས་འདུག་གོ།
དེ་ལྟར་རྩ་རྒྱུད་དང་། སྒྲོན་གསལ་མཆན་གྱི་ཡང་འགྲེལ། ས་བཅད་བསྡུས་དོན། མཐའ་གཅོད་མྱུ་གུ་བཅས་སྦྲགས་ཏེ་འཆད་ཉན་གནང་སྲོལ་དེ་ལ་འགྲེལ་པ་བཞི་སྦྲགས་ཞེས་སྔར་རྒྱ་བོད་དུ་མ་གྲགས་ཤིང་། ཕྱིས་ཀྱང་འབྱུང་དཀའ་བ་དེའི་ལམ་སྲོལ་གསར་བཏོད་གནང་བ་དེ་ནི་ས་གསུམ་དུ་རྙེད་པར་དཀའ་བའི་ཟབ་གསང་རྡོ་རྗེ་ཐེག་པའི་ཆོས་ཀྱི་སྐྱེས་བཟང་ངོ་མཚར་རྨད་དུ་བྱུང་བ་ཞིག་གོ།
རྗེ་བདག་ཉིད་ཆེན་པོས་གསང་བ་འདུས་པའི་སྐོར་གྱི་གསུང་གི་མཛད་པར་ཆ་མཚོན་ན། ཐོག་མར་རྩ་རྒྱུད་དང་འབྲེལ་བ་གསང་འདུས་རྩ་རྒྱུད་ལེའུ་བཅུ་བདུན་གྱི་བར་དུ་འགྱུར་ལ་དག་ཐེར་དཔྱིས་ཕྱིན་པར་མཛད། དེ་ནས་རྩ་བ་དང་འགྲེལ་པ་གཉིས་ཀྱི་ཚིག་དང་དོན་ཕྱོགས་རེ་བ་དང་རགས་པ་རེ་ཙམ་མ་ཡིན་པར་མཐའ་ཆོད་པ་དང་དཔྱིས་ཕྱིན་པར་བཤད་པའི་སྒྲོན་གསལ་གྱི་མཆན་འགྲེལ། ལེའུ་སོ་སོ་དང་། གཞུང་སྤྱིའི་དཀའ་གནད་རྣམས་ཟུར་དུ་རིགས་པས་དཔྱད་དེ་ཐག་བཅད་པ་མཐའ་གཅོད་རིན་པོ་ཆེའི་མྱུ་གུ། དེའི་ཐོག་དོན་ཚན་སོ་སོ་དམིགས་འབྱེད་པའི་ས་བཅད་བསྡུས་དོན་བཅས་ཡོད། གཞུང་ལུགས་ཆེན་པོ་རྣམས་ལ་ས་བཅད་དང་བསྡུས་དོན་ནི་ཧ་ཅང་གལ་ཆེན་པོ་ཡིན། བསྡུས་དོན་ནི་སྔོན་ནས་རྒྱ་གར་དུའང་བརྩམས་པའི་ལུགས་སྲོལ་ཡོད། ཤེར་ཕྱིན་བསྡུས་དོན་ལྟ་བུ་མང་པོ་ཡོད། མདོར་བསྟན་ནམ་དོན་བསྡུས་ལྟ་བུ་བཤད་ཐབས་ཡན་ལག་ལྔའི་ནང་ཚན་བསྡུས་དོན་ཟེར་བ་ཞིག་ཀྱང་ཡོད། འོན་ཀྱང་ས་བཅད་ནི་བོད་པའི་ཐུན་མོང་མ་ཡིན་པའི་བརྩམས་སྲོལ་ཞིག་ཡིན། རྒྱ་གཞུང་རྣམས་སུ་གཞུང་གཞན་གྱི་འགྲེལ་པ་འགྲེལ་བཤད་དམ། གཞུང་རང་ཚན་པ་གང་ཞིག་བརྩམས་ཀྱང་། ས་བཅད་བཀྲམས་པའི་སྲོལ་མེད། ལེའུ་དང་། སརྒཿ རབ་བྱེད་སོགས་དབྱེ་བ་ཕྱེ་བ་དང་མ་ཕྱེ་བའང་ཡོད། འོན་ཀྱང་བོད་པའི་གཞུང་ལུགས་རྩོམ་ཚུལ་བཞིན་གཞུང་སྤྱིའི་ཁོག་འབུབས་པའི་ས་བཅད་བཀྲམས་ནས་བཤད་སྲོལ་རྒྱ་གར་དུ་མ་དར། ལམ་སྲོལ་འདི་བོད་ཀྱི་མཁས་པ་ཚོའི་ཐུན་མོང་མ་ཡིན་པའི་གཞུང་ལུགས་ཀྱི་ཞབས་འདེགས་ལྟ་བུ་ཡིན། དེ་ལྟར་ས་བཅད་ཀྱི་སྒོ་ནས་ལེའུ་སོ་སོའི་དོན་བསྡུས་པའི་ས་བཅད་བསྡུས་དོན་ཞེས་པ་བཅས་གསུམ་ནི་རྩ་རྒྱུད་དང་ཐད་ཀར་འབྲེལ་བ་ཡོད་པའི་རྗེ་རིན་པོ་ཆེའི་གསུང་རྩོམ་ཡིན།
དེ་ནས་བཤད་རྒྱུད་དང་འབྲེལ་བ་ལྷ་མོ་བཞིས་ཞུས་ཀྱི་རྒྱ་ཆེར་བཤད་པ། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་ཊཱིཀཱ། རྡོ་རྗེ་འཕྲེང་བའི་ཟིན་བྲིས་བཅས་གསུམ་ནི་བཤད་རྒྱུད་དང་འབྲེལ་བ་ཡོད་པའི་རྗེ་རིན་པོ་ཆེའི་ལྗགས་རྩོམ་གསུམ་ཡིན། དེ་རྣམས་བརྩམས་པའི་དུས་ཕལ་ཆེར་འགྱངས་ཁྱད་ཆེན་པོ་མེད་པར་མངོན། ཁ་ཤས་ལོ་དྲུག་བརྒྱ་ཟིན་ཚར་བ་དང། ཁ་ཤས་ལོ་དྲུག་བརྒྱ་ཟིན་ལ་ཉེ་བ་དེ་འདྲ་ཡིན་སྲིད། ངས་དེ་དག་རེ་རེ་བཞིན་བརྩམས་པའི་དུས་ཚོད་གང་ཡིན་དཔྱད་རྒྱུ་མ་བྱུང་།
དེ་ནས་གཙོ་བོ་རྫོགས་རིམ་དང་འབྲེལ་ཞིང་། གསང་འདུས་འཕགས་ལུགས་དང་ཡེ་ཤེས་ཞབས་ལུགས་གཉིས་ཀའི་གཞུང་གི་གནད་ཡོངས་སུ་རྫོགས་པ་ཕྱོགས་གཅིག་ཏུ་བསྡུས་ནས་དཀའ་བའི་གནད་གསལ་བར་བྱེད་པ་རིམ་ལྔ་གསལ་སྒྲོན་ཡིན། རིམ་ལྔ་གསལ་སྒྲོན་ནི་སྔགས་རིམ་ཆེན་མོའི་རྗེས་སུ་སྔགས་ཀྱི་གཞུང་རྒྱ་ཆེ་ཤོས་དང་གལ་གནད་ཆེ་ཤོས་ཤིག་ཡིན། དེ་བཞིན་དཀྱིལ་ཆོག་དང་། ཟིན་བྲིས། རྣམ་བཤད། སྒྲུབ་ཐབས། ཡིག་ཆུང་། སྨོན་ཤིས། དྲིས་ལན་སོགས་གསང་བ་འདུས་པ་དང་འབྲེལ་བའི་གཞུང་ཚན་ཆེ་ཆུང་བཞི་བཅུར་ཉེ་བ་རྗེའི་གསུང་འབུམ་དུ་བཞུགས།
དེ་ལྟར་རྗེ་བདག་ཉིད་ཆེན་པོའི་མདོ་སྔགས་སྤྱི་དང་། ཁྱད་པར་སྔགས་ཕྱོགས་ཀྱི་གདམས་པ་རྣམས་ཕྱི་རབས་ཀྱི་གདུལ་བྱར་རིམ་བཞིན་བརྒྱུད་པའི་རྒྱུད་པ་ལ་གཙོ་ཆེ་བ་སྲད་རྒྱུད་དང་། དབེན་ས་སྙན་རྒྱུད་གཉིས་སུ་བཞུགས། སྲད་རྒྱུད་ནི་ཕལ་ཆེར་རྒྱུད་ཆེན་སྦྱིན་པ་དཔལ་བའི་བར་དུ་མན་ངག་དང་ཕྱག་ལེན་རྣམས་ཡིག་ཐོག་ཏུ་མེད་པར་སྙན་ནས་སྙན་དུ་བརྒྱུད་པ་ཤ་སྟག་ཡིན། དབེན་ས་སྙན་རྒྱུད་ཀྱང་དབེན་ས་པ་བློ་བཟང་དོན་གྲུབ་དང་། མཁས་གྲུབ་སངས་རྒྱས་ཡེ་ཤེས། པཎ་ཆེན་བློ་བཟང་ཆོས་རྒྱན་སོགས་ཀྱི་སྐབས་ཡིག་ཐོག་ཏུ་བཀོད་པ་མ་གཏོགས། གཞན་ཕལ་ཆེ་བ་སྙན་རྒྱུད་མན་ངག་གཙོ་བོར་བཞུགས་ཚོད། དབེན་ས་སྙན་རྒྱུད་ཀྱི་ནང་སྙན་རྒྱུད་སྤྲུལ་པའི་གླེགས་བམ་ཞེས་པ་ཞིག་ཡོད་པ་དང་། དེ་ནི་གླེགས་བམ་དེའི་བཀའ་བབས་པའི་བདག་པོ་མ་གཏོགས། གང་ཟག་ཚང་མས་མཇལ་མི་ཐུབ་པ་ཞིག་ཡིན་པར་གྲགས། སྲད་རྒྱུད་ལ་སྤྲུལ་པའི་གླེགས་བམ་ཞེས་པ་ཞིག་ཟུར་དུ་མ་གྲགས་ཀྱང་། ངས་དཔག་ན་འགྲེལ་པ་བཞི་སྦྲགས་དེ་སྲད་རྒྱུད་ཀྱི་སྤྲུལ་པའི་གླེགས་བམ་གྱི་དོད་ཡིན་ཞེས་བརྗོད་ཀྱང་རུང་ངམ་སྙམ། རྗེ་རིན་པོ་ཆེས་ཡིག་ཐོག་ཏུ་བཀོད་ནས་གང་ཟག་ཐམས་ཅད་ཀྱི་མཐུན་སྣང་དུ་གྲུབ་ཐུབ་པའི་གླེགས་བམ་ཞིག་ཡིན་སྟབས། སྲད་རྒྱུད་ཀྱི་རྒྱུད་པ་འཛིན་པར་མན་ངག་གཙོ་བོ་འགྲེལ་པ་བཞི་སྦྲགས་འདི་ལ་ངོས་འཛིན་གནང་ན་མ་འོས་པར་མ་མཐོང་།
དེ་ལྟ་བུའི་བསྟན་བཅོས་ཁྱད་པར་ཅན། དངོས་དོན་དུ་རྒྱ་གར་གྱི་མཁས་པ་ཚོས་ཀྱང་མ་ཐོན་པའི་མན་ངག་ལེགས་བཤད་རྨད་བྱུང་འགྲན་བྲལ་ཞིག་ཡིན་པར་ཚད་འཛིན་བྱེད་ཆོག “གཞུང་ལུགས་མང་ཐོས་རིགས་པའི་ལམ་དུ་ཡང་།། ངལ་བ་མང་བསྟེན་མངོན་པར་རྟོགས་པ་ཡི།། ཡོན་ཏན་ཚོགས་ཀྱིས་མི་དམན་དུ་མས་ཀྱང་།། འབད་ཀྱང་རྟོགས་པར་མ་གྱུར་གནས་དེ་ནི།།” ཞེས་གསུངས་པ་དེ་སྐབས་འདིར་ཡང་སྦྱར་ཆོག་པར་སྣང་། དེ་འདྲའི་ཁྱད་ཆོས་ལྡན་པའི་ལེགས་བཤད་རྨད་དུ་བྱུང་བ་འདིའི་འཆད་ཉན་གྱི་རྒྱུན་ཚུགས་ནས་ལོ་དྲུག་བརྒྱ་འཁོར་བའི་རྗེས་དྲན་དེ་ངེས་པར་དུ་ཞུ་དགོས་པ་ཞིག་དང་། ཞུ་འོས་པ་ཞིག ཞུས་ན་དོན་དང་ལྡན་པ་ཞིག་ཡིན་པ་སྨོས་མ་དགོས།
ང་ཚོ་ཤར་ཕྱོགས་པར་ལོ་དྲུག་བརྒྱ་བདུན་བརྒྱ་བརྗོད་དུས་དེ་ཙམ་དུས་ཡུན་རིང་པོ་ཡིན་པར་ངོས་འཛིན་གྱི་མེད་ཀྱང་། ཨ་མི་རི་ཀ་ལྟ་བུར་མཚོན་ན་དངོས་པོ་གང་ཡང་ལོ་ཉིས་བརྒྱ་སྔོན་ནས་རེད་ཅེས་བརྗོད་ན་ཧ་ཅང་རྙིང་པ་དང་གནའ་རབས་སུ་བརྩིས་ཀྱི་ཡོད། ནུབ་ཕྱོགས་པའི་བྱུང་རབས་སྨྲ་བ་ཕལ་ཆེ་བ་ཞིག་གིས་ཤར་ཕྱོགས་ཀྱི་བྱུང་རབས་ལ་བཟོ་བཅོས་བཏང་ནས་བྱུང་བ་རྣམས་ཕྱི་ལོ་འགོ་ཚུགས་པའི་རྗེས་ལ་འཇོག་པའི་ཐབས་ཤེས་བྱེད་ཀྱི་ཡོད་ཀྱང་བྱེད་ཐུབ་ཐབས་མེད། ད་ལྟ་སྟོན་པ་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་ལྔ་བཅུ་ང་བདུན་ཕྱིན་པར་བརྩི་ཚུལ་དེ་འཕགས་པ་གནས་བརྟན་པའི་བརྩི་ཚུལ་ཡིན་པ་མ་གཏོགས། བརྩི་ཚུལ་གཞན་པའི་ནང་སྟོན་པ་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་བདུན་བརྒྱ་ཕྱིན་པ་དང་ལོ་ཉིས་སྟོང་བརྒྱད་བརྒྱ་ཕྱིན་པ་དེ་ལྟ་བུའི་ལུགས་མང་པོ་ཡོད། དེ་རྣམས་གང་དག་པ་དང་གང་མ་དག་པ་ཡིན་པ་བརྗོད་དཀའ། འོན་ཀྱང་འཕགས་པ་གནས་བརྟན་པའི་བརྩི་ཚུལ་དེ་ཕལ་ཆེར་དག་པ་ཡིན་ནམ་སྙམ། ཁོང་ཚོས་དགོན་པ་ཁག་གི་ནང་ལོ་ཚད་བརྩི་བའི་ཤིང་གི་ཕྲེང་བ་ཞིག་གཏོང་གི་ཡོད་པས་ངེས་གཏན་ཡིན་ནམ་སྙམ། ད་ལྟ་ང་ཚོས་གཞི་འཛིན་བཞིན་པ་དེ་ཡིན། འོན་ཀྱང་བོད་པའི་ལོ་ཐོ་ནང་བོད་ཀྱི་བསྟན་རྩིས་ཀྱི་ཐོག་ནས་སྟོན་པ་མྱ་ངན་ལས་འདས་པའི་ལོ་འདྲ་མིན་སྣ་ཚོགས་འདོད་ཀྱི་ཡོད།
ཞར་བྱུང་། འགྲེལ་པ་བཞི་སྦྲགས་བརྩམས་ནས་ལོ་དྲུག་བརྒྱ་འཁོར་བའི་དུས་སྟོན་སྲུང་རྩི་ཞུ་རྒྱུ་རྒྱུད་གྲྭ་གཉིས་ལ་དམིགས་བསལ་འོས་བབ་ཡོད། གང་ལགས་ཤེ་ན། སྔགས་ཀྱི་བསྟན་པའི་རྒྱུད་འཛིན་བྱེད་པོ་རྗེ་རིན་པོ་ཆེས་ཆེད་དམིགས་ཀྱིས་རྗེ་བཙུན་ཤེས་རབ་སེངྒེ་ལ་བཀའ་བབ་ཡོད། ཕྱི་ལོ་ ༡༤༡༣ དང་ ༡༤༡༤ ནང་དགའ་ལྡན་དུ་སྒྲོན་གསལ་མཆན་དང་། མཐའ་དཔྱོད་མྱུ་གུ ས་བཅད་བསྡུས་དོན་བཅས་ལྗགས་རྩོམ་གྲུབ་སྟེ་འགྲེལ་པ་བཞི་སྦྲགས་ཀྱི་འཆད་ཉན་ཐེངས་ཁ་ཤས་གནང་ཡོད་པར་སྙམ། དེ་ནས་རྗེ་བདག་ཉིད་ཆེན་པོ་དགོངས་པ་མྱ་ངན་ལས་འདའ་བར་ཉེ་བ་ན། ཕྱི་ལོ་ ༡༤༡༩ ལོ་རྗེ་རིན་པོ་ཆེ་དགུང་ལོ་ ༦༣ མམ། ནུབ་ཕྱོགས་པའི་རྩི་སྟངས་བྱས་ན་ ༦༢ ལ་ཕེབས་པའི་སྐབས་དགོངས་པ་གཞན་དོན་དུ་གཏད་ནས། སྐབས་རེ་སྐུ་གཟུགས་ཕྲན་བུ་མི་བདེ་བ་ཡོད་པའི་རྣམ་པ་བསྟན་པས། སློབ་མ་ཚོས་སྟོད་ལུང་ཆུ་ཚན་དུ་ཕེབས་ན་ཕན་རེའི་ཞུ་བ་ཕུལ་བར་བརྟེན། སྟོད་ལུང་ཆུ་ཚན་ལ་ཕེབས་རྒྱུ་ཞལ་བཞེས་གནང་ནས་ཕེབས། ཕལ་ཆེར་དབྱར་སྟོན་གཉིས་ཀྱི་མཚམས་སུ་དགའ་ལྡན་ནས་ལྷ་སར་ཕེབས། ལྷ་སར་གཙུག་ལག་ཁང་དང་ར་མོ་ཆེ་ལ་སོགས་པར་མཆོད་འབུལ་དང་སྨོན་ལམ་རྒྱ་ཆེན་པོ་གནང་། དེ་ནས་སྟོད་ལུང་ཆུ་ཚན་ལ་ཕེབས། སྐྱེ་འགྲོ་མང་པོར་ཆོས་འབྲེལ་དང་མཇལ་ཁ་གནང་། སྤྱིར་ཆུ་ཚན་ལ་ཕེབས་པ་ཡིན་ཡང་ཞབས་བཅུག་པ་ཙམ་མ་གཏོགས། ཆུ་ཚན་ལ་ཐུགས་སྣང་ཆེན་པོ་གནང་མེད་པར་མཁས་གྲུབ་རྗེའི་རྣམ་ཐར་དད་པའི་འཇུག་ངོགས་སུ་གསལ་བ་ལྟར། ཕྱོགས་ཕེབས་ཀྱི་ཁག་འཇོག་ས་ཙམ་ལས་ཆུ་ཚན་གྱིས་ཐུགས་ཕན་གསོས་རེ་དང་ཆེད་དུ་དེར་ཕེབས་པ་ལྟ་བུའི་ཚུལ་མ་གནང་། དེ་ནས་ཡར་ཕེབས་སྐབས་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་གྱིས་གདན་འདྲེན་ཞུས་པ་ལྟར་འབྲས་སྤུངས་སུ་ཆིབས་བསྒྱུར་གནང་སྟེ་ཆོས་མང་པོ་གསུངས། དེ་སྐབས་གསང་བ་འདུས་པའི་རྩ་རྒྱུད་ཀྱི་བཤད་ཁྲིད་འཕྲོ་བཞག་གནང་། སྤྱིར་སྟངས་སྔགས་ཀྱི་རྒྱུད་སྡེའི་ཟབ་ཁྲིད་འཕྲོ་བཞག་པའི་སྲོལ་མེད་པ་འདྲ། འཕྲོ་བཞག་ནས་དོ་ནུབ་ཡར་ཕེབས་ཀྱི་ཡིན་གསུངས་པར། བདུན་ཕྲག་ཁ་ཤས་བཞུགས་ནས་དེའི་འཕྲོ་སྐྱོང་ཡོང་བར་ཞུས་སྐབས། འཕྲོ་གཞག་རྒྱུ་དེ་ཁ་སང་ནས་ཐག་བཅད་ཟིན་པ་ཡིན་གསུངས་ཏེ་ལྷ་སར་ཕེབས། དེ་ནས་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་ཀྱིས་གདན་འདྲེན་ཞུས་པ་བཞིན་སེ་ར་ཆོས་སྡིངས་སུ་ཕེབས། སེ་ར་ཆོས་སྡིངས་ནི་སྔོན་ནས་ཡུན་རིང་བཞུགས་མྱོང་བའི་གནས་ཤིག་ཡིན། དེར་བཞུགས་སྐབས་སླར་ཡང་འགྲེལ་པ་བཞི་སྦྲགས་དང་རྒྱུད་ཀྱི་འཆད་ཉན་གནང་ཞིང་། བྱམས་ཆེན་ཆོས་རྗེ་ལ་སྔགས་ཀྱི་རྒྱུད་གྲྭ་ཞིག་བཙུག་དགོས་པ་དང་དེའི་མཐུན་རྐྱེན་སྦྱོར་དགོས་པའི་བཀའ་མངགས་གནང་། གསུང་ཆོས་གྲུབ་པའི་མཇུག་ཏུ། ཁྱེད་རྣམ་པས་ཡོངས་གྲགས་མཁྱེན་གསལ་བཞིན། རྗེ་རིན་པོ་ཆེས་འགྲེལ་པ་བཞི་སྦྲགས་ཀྱི་གླེགས་བམ་ཕྱག་ཏུ་བསྣམས་ནས་སློབ་འཁོར་རྣམས་ལ་འདིའི་འཆད་ཉན་རྒྱུད་འཛིན་བྱེད་རྒྱུ་སུས་ཁུར་དུ་བླང་རྒྱུ་ཡིན་ཞེས་བཀའ་འདྲི་གནང་། བཀའ་འདྲི་ལན་གཉིས་གནང་བ་དང་། ལན་གསུམ་གནང་བ་ཡིན་ཞེས་བྱུང་རབས་རྣམས་སུ་འདྲ་མིན་བཀོད་ཡོད། དང་པོ་དེར་ཕལ་ཆེར་ལན་འབུལ་མཁན་མ་བྱུང་བ་ཡིན་པར་སྙམ། མཐའ་མ་རྗེ་བཙུན་ཤེས་རབ་སེངྒེ་ཡར་བཞེངས་ནས་སྐུ་ཕྱག་གསུམ་ཕུལ་ཏེ་དེའི་ཁུར་ལེན་ངས་ཞུ་རྒྱུ་ཡིན་ཞེས་གསུངས་པས། རྗེ་རིན་པོ་ཆེ་དགྱེས་ཚོར་ཆེན་པོ་བྱུང་ནས་འགྲེལ་པ་བཞི་སྦྲགས་ཀྱི་པོ་ཏི་དང་། གསང་བ་འདུས་པའི་གསེར་སྐུ། དམ་ཅན་ཆོས་རྒྱལ་གྱི་ཞལ་འབག ཕྱག་མཚན་དབྱུག་ཏོ་དང་ཞགས་པ། འཆམ་གོས་སོགས་གསོལ་རས་གནང་ནས་ཁྱེད་རང་བློ་འཚབ་དང་ཞུམ་པ་བྱེད་མི་དགོས། ངས་ཆོས་རྒྱལ་ལ་རྩིས་སྤྲད་ཡོད། ཁྱེད་རང་གཙང་ལ་ཕྱིན་ནས་རྒྱུད་ཀྱི་འཆད་ཉན་ཚུགས་པ་ཡིན་ན། གནོད་སྦྱིན་དང་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པ་དེ་ཚོས་གྲོགས་བྱེད་ཡོང་། ཁྱེད་རང་ཡར་སླེབས་ན་མཁྱེན་གྱི་རེད་ཅེས་གསུངས་ཡོད། དེ་ལྟར་རྗེ་བཙུན་ཤེས་རབ་སེངྒེ་ལ་རྒྱུད་ཀྱི་འཆད་ཉན་གྱི་བཀའ་བབ་ནས་གླེགས་བམ་རྩིས་སྤྲོད་གནང་བ་བཞིན་འཆད་ཉན་མཛད་པ་ལས་རྒྱུད་གྲྭ་སྨད་སྟོད་ཀྱི་གྲྭ་ཚང་རིམ་པར་བྱུང་བ་མ་ཟད། སྲད་རྒྱུད་ཀྱི་བརྒྱུད་པའང་རྗེ་བཙུན་ཤེས་རབ་སེངྒེ་ནས་བྱུང་བ་ཡིན་ནོ།།
དུས་ཕྱིས་ཀྱི་ཆོས་འབྱུང་འབྲི་མཁན་ཁ་ཤས་ཀྱིས་རྗེ་བཙུན་ཤེས་རབ་སེངྒེས་རྒྱུད་ཀྱི་འཆད་ཉན་གྱི་ཁུར་ངས་བྱ་རྒྱུ་ཡིན་ཞེས་ཞུས་པའི་སྐབས། མཁས་གྲུབ་རྗེས་ཐུགས་མ་རངས་ནས་ཁྲེལ་དགོད་གནང་བ་རེད་ཅེས་བྲིས་ཡོད། དེ་དངོས་དོན་མིན། དགེ་ལུགས་པའི་ཡིག་ཆ་གང་དུའང་དེ་ལྟར་མི་གསལ། ལྷག་པར་དུ་རྗེ་བཙུན་ཤེས་རབ་སེངྒེ་དང་མཁས་གྲུབ་ཐམས་ཅད་མཁྱེན་པ་གཉིས་ཕན་ཚུན་ཐུགས་དད་ཆེ་ཞིང་དམ་གཙང་གི་རྡོ་རྗེའི་སྤུན་གྲོགས་ཡིན་པ་ཡོངས་གྲགས་ཡིན་པས། གོང་གསལ་གྱི་གནས་ཚུལ་དེ་མ་དག་རྒྱུན་འབྱམས་ཤིག་ཡིན། ཡིན་ནའང་བྱུང་རབས་ལ་སློབ་སྦྱོང་བྱེད་མཁན་ཁ་ཤས་མགོ་འཁོར་སྲིད་པ་ཡིན་པས། འདིར་གསལ་བཤད་ཞུས་པ་ཡིན། རྗེ་བཙུན་ཤེས་རབ་སེངྒེ་རྗེ་རིན་པོ་ཆེའི་སློབ་མའི་ནང་སྡེ་ཚན་ཕྱེ་སྐབས་འཕྲིན་ལས་ནམ་མཁའ་དང་མཉམ་པའི་བུ་ཆེན་བཞི་ཞེས་པའི་ནང་གི་གཅིག་ཡིན། འཕྲིན་ལས་ནམ་མཁའ་དང་མཉམ་པའི་བུ་ཆེན་བཞི་ནི་དང་པོ་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་དང་། གཉིས་པ་གུང་རུ་རྒྱལ་མཚན་བཟང་པོ། གསུམ་པ་རྗེ་བཙུན་ཤེས་རབ་སེངྒེ། བཞི་པ་རྗེ་དགེ་འདུན་གྲུབ་པ་བཅས་ཡིན།
མདོར་བསྡུས་ན། དེ་ལྟར་རྗེ་བཙུན་ཤེས་རབ་སེངྒེས་ཁས་ལེན་ཞུས་ནས་གཙང་དུ་ཕེབས། གཙང་གི་ཤར་སྟོད་ལྷུན་པོའི་རྩེའི་སི་ཏུ་བསོད་ནམས་དཔལ་དང་དེའི་བདག་མོ་ཤཱཀྱ་དཔལ་མོས་སྦྱིན་བདག་ཞུས་ཏེ་རྒྱུད་ཀྱི་འཆད་ཉན་དབུ་འཛུགས་ཀྱིས་ལོ་ཁ་ཤས་བཞུགས། དེ་ནས་སྲད་ཀྱི་རྫོང་དཔོན་རིན་ཆེན་རྩེ་པས་སྦྱིན་བདག་ཞུས་ནས་སྲད་གཞུང་ཞེས་པའི་གནས་དེར་དགའ་ལྡན་ཕོ་བྲང་ཞེས་པའི་གྲྭ་ཚང་ཕྱག་བཏབ། རྒྱུད་པ་གྲྭ་ཚང་དང་པོ་དེ་ཡིན། དེར་གཙང་གི་རྒྱུད་སྟོད་དང་གཙང་གི་སྲད་རྒྱུད། རྒྱུད་སྟོད་རྙིང་པ་ཞེས་པ་ལྟ་བུ་དཔེ་ཆའི་ནང་མཚན་མི་མཐུན་པ་ཡོང་གི་ཡོད། གང་ལྟར་གཙང་ལ་ལོ་གང་འཚམས་ཤིག་བཞུགས་ནས་འགྲེལ་པ་བཞི་སྦྲགས་གཙོ་བོར་གྱུར་པའི་གསང་བ་འདུས་པའི་རྩ་འགྲེལ་དང་འབྲེལ་ཡོད་ཀྱི་གཞུང་རྣམས་ལ་འཆད་ཉན་གནང་ཡོད། དེའི་རྗེས་རྗེ་རིན་པོ་ཆེ་དགོངས་པ་གཞན་དོན་དུ་གཤེགས་ནས་ལོ་བཅུ་བཞི་བཅོ་ལྔའི་མཚམས་སུ་སྲད་ཀྱི་རྒྱུད་སྟོད་རྙིང་པའམ་སྲད་རྒྱུད་པ། ཡང་ན་གཙང་གི་རྒྱུད་སྟོད་རྙིང་པ་ཞེས་པ་དེའི་འཆད་ཉན་གྱི་ཁུར་འདུལ་ནག་པ་དཔལ་ལྡན་བཟང་པོར་རྩིས་སྤྲོད་གནང་། ཁོང་ལ་འགྲེལ་པ་བཞི་སྦྲགས་ཀྱི་གླེགས་བམ་དེ་གནང་ནས་འདིའི་འཆད་ཉན་ཁྱེད་ཀྱིས་མུ་མཐུད་དུ་བྱོས་ཞེས་བཀའ་སྩལ། འདུལ་ནག་པ་དཔལ་ལྡན་བཟང་པོ་ནས་བརྒྱུད་པའི་གཙང་གི་སྲད་རྒྱུད་ཀྱི་བརྒྱུད་རིམ་རིང་པོ་ཡོད། ཕྱི་ལོ་ ༡༤༣༣ ལོར་རྗེ་བཙུན་ཤེས་རབ་སེངྒེ་དབུས་སུ་ཕེབས་ནས་དགའ་ལྡན་དུ་བཞུགས་པས། རྒྱུད་སྨད་ཐོག་མར་རྒྱུན་རིང་ཙམ་དགའ་ལྡན་གྱི་ཆ་ཤས་ལྟ་བུ་ཞིག་ཡིན། ཕྱི་ལོ་ ༡༤༣༣ ནས་ཕལ་ཆེར་ ༡༥༡༢ དང་ ༡༥༡༣ བར་དུ་གཏན་བཞུགས་གནང་ཡུལ་དེ་དགའ་ལྡན་དུ་རྒྱུད་ཁང་ཞེས་པ་དེར་བཞུགས་ནས་ཆོས་ཐོག་ཕན་ཚུན་དུ་ཕེབས་ཀྱི་ཡོད། ཆོས་ཐོག་ཕེབས་སྲོལ་དུས་ཕྱིས་ཀྱང་ཕལ་ཆེར་གཅིག་པ་ཡིན་པར་སྙམ། རྒྱུད་སྨད་ཐོག་མ་ནས་ལྷ་སར་གཞིས་ཆགས་མེད། དགའ་ལྡན་ལ་རྒྱུད་ཀྱི་འཆད་ཉན་གནང་བ་ནས་བཟུང་དབུས་ཀྱི་རྒྱུད་སྨད་ཞེས་པ་དེ་བྱུང་ནས་དབྱར་ཆོས་སྐབས་སུ་རྒྱུད་འགྲེལ་འགྲེལ་པ་བཞི་སྦྲགས་དང་། སྟོན་ཆོས་སྐབས་ལ་རིམ་ལྔ་གདན་རྫོགས་དང་། སྦྱོར་བ་ཡན་ལག་དྲུག ནཱ་རོ་ཆོས་དྲུག བདེ་མཆོག་གི་རྫོགས་རིམ་རྣལ་འབྱོར་ཆེན་པོ། བདེ་མཆོག་གི་རྫོགས་རིམ་གྱི་རིམ་ལྔ། འཇིགས་བྱེད་ཀྱི་རྫོགས་རིམ་རྣལ་འབྱོར་བཅས་ལ་ཁྲིད་ཆེན་དྲུག་ཟེར། རྒྱུད་པའི་འཆད་ཉན་གྱི་གཙོ་བོ་འགྲེལ་པ་བཞི་སྦྲགས་དང་། ཁྲིད་ཆེན་དྲུག་ཡིན། རྗེས་སུ་ཁྲིད་ཆེན་དྲུག་གི་ཐོག་ཕྱག་རྡོར་འཁོར་ལོ་ཆེན་པོའི་རྫོགས་རིམ་དང་། གསང་འདུས་ཡེ་ཤེས་ཞབས་ལུགས་ཀྱི་རིམ་གཉིས་བསྣན་ནས་ཁྲིད་ཆེན་བརྒྱད། ཡང་སྐབས་རེ་ཁྲིད་ཆེན་བརྒྱད་ཀྱི་ཐོག་དབུ་མའི་ལྟ་ཁྲིད་དང་ལམ་རིམ་གྱི་ཁྲིད་བསྣན་ནས་ཁྲིད་ཆེན་བཅུ་ལ་སོགས་པ་གསུངས་སྲོལ་འདུག གང་ལྟར་རྒྱུད་གྲྭའི་གསན་བསམ་གཙོ་བོ་འགྲེལ་པ་བཞི་སྦྲགས་དང་། དེའི་ཞལ་སྐོང་དང་ལྷན་ཐབས་ཀྱི་ཚུལ་དུ་ཁྲིད་ཆེན་ཁྲིད་ཆེན་དྲུག་གམ་བརྒྱད་ལ་སོགས་པ་གནང་སྲོལ་བྱུང་།
ལོ་བཅུ་གསུམ་གྱི་བར་དུ་རྗེ་བཙུན་ཤེས་རབ་སེངྒེས་དགའ་ལྡན་དུ་རྒྱུད་སྨད་པ་བསྐྱངས་གནང་བའི་རྗེས་རྒྱུད་ཆེན་སྦྱིན་པ་དཔལ་གྱིས་འཆད་ཉན་གནང་ནས་ལོ་གཅིག་ཡས་མས་ཤིག་མ་གཏོགས་བཞུགས་མེད་པར་སྙམ། དེའི་རྗེས་རྒྱུད་ཆེན་གྲགས་པ་བཟང་པོ་ཡང་རྒྱུན་ཐུང་ཐུང་ཞིག་མ་གཏོགས་བཞུགས་མེད། རྗེ་བཙུན་ཤེས་རབ་སེངྒེས་རྒྱུད་ཀྱི་འཆད་ཉན་མ་བཞག་ཙམ་གྱི་གོང་རྒྱུད་ཆེན་ཀུན་དགའ་དོན་གྲུབ་དགའ་ལྡན་རྒྱུད་སྨད་ནང་ཞུགས་ནས་གསན་བསམ་གནང་བཞིན་ཡོད། རྗེ་བཙུན་ཤེས་རབ་སེངྒེའི་སྐུ་མདུན་ནས་འགྲེལ་པ་བཞི་སྦྲགས་ཀྱིས་མཚོན་པའི་རྒྱུད་ཀྱི་འཆད་ཉན་ཆ་ཚང་གསན། རྒྱུད་ཆེན་གྲགས་པ་བཟང་པོ་གཤེགས་པའི་རྗེས་འཆད་ཉན་གྱི་མཛད་ཁུར་རྗེ་བཙུན་ཀུན་དགའ་དོན་གྲུབ་ལ་བབ་དགོས་པ་ལྟ་བུ་ཞིག་ཡོད་ཀྱང་། སྐབས་དེར་དེང་སྲོལ་བཞིན་རྒྱུད་པའི་མཁན་པོ་དང་བླ་མ་དབུ་མཛད་སོགས་བསྐོ་གཞག་གནང་སྲོལ་མེད་པར། གྲྭ་ཚང་རང་གི་ནང་ནས་སུ་ལ་ཞུས་ན་དེས་གནང་སྲོལ་ཡོད་པ་བཞིན་སྐབས་དེར་ཚང་མ་ཞལ་མཐུན་པོ་ཞིག་མ་བྱུང་བའི་དབང་གིས་རྗེ་བཙུན་ཀུན་དགའ་དོན་གྲུབ་ལ་འཆད་ཉན་གྱི་མཛད་ཁུར་ཞུ་རྒྱུའི་གསོལ་འདེབས་ཞུས་མེད། དེ་ཙམ་མ་ཟད་སྲད་རྒྱུད་རང་གི་ནང་དུའང་རྗེ་རིན་པོ་ཆེའི་གསུང་ཚུལ་དང་ཕྱག་ལེན་མི་འདྲ་བ་མང་པོ་ཞིག་ཡོད་པ་དེ་དག་ཚང་མ་མི་ཉམས་པར་གནས་པའི་ཆེད་རྒྱུད་པ་གྲྭ་ཚང་གཉིས་པ་ཞིག་ཟུར་དུ་འཛུགས་རྒྱུར་དགོངས་པ་བཞེས་ནས་རྗེ་བཙུན་ཀུན་དགའ་དོན་གྲུབ་དབུས་སྟོད་ཀྱི་ཕྱོགས་སུ་ཕེབས་ཏེ་དབུས་སྟོད་བྱམས་པ་གླིང་དུ་ལོ་བཅུ་ཙམ་བཞུགས། ཕྱི་ལོ་ ༡༤༧༤ ལོར་གྲྭ་གྲངས་ ༣༢ མཉམ་དུ་འཚོགས་ནས་དབུས་སྟོད་ལོར་རྒྱུད་ཀྱི་འཆད་ཉན་ཚུགས་ནས་ད་ལྟ་རྒྱུད་སྟོད་ཅེས་པའི་གྲྭ་ཚང་འདི་ཉིད་དབུ་བརྙེས་པ་ཡིན།
དེ་ལྟར་བརྒྱུད་རིམ་ཡོང་སྟངས་ལ་གཟིགས་ན། འགྲེལ་པ་བཞི་སྦྲགས་ཀྱི་སློབ་གཉེར་དང་རྒྱུད་འཛིན་གནང་རྒྱུའི་ཁུར་དེ་རྒྱུད་གྲྭ་གསུམ་གྱི་དགེ་འདུན་པ་ཚོར་བབས་པ་དང་། དེའི་རྗེས་དྲན་ཡང་རྒྱུད་གྲྭ་རྣམ་པས་གནང་དགོས་པའི་ཐུགས་འགན་དེ་རང་བཞིན་གྱིས་བབས་པ་དངོས་གསལ་དུ་སྣང་། དེར་བརྟེན་ད་ལམ་ཁྱེད་རང་ཚོས་རྗེས་དྲན་གནང་རྒྱུའི་དགོངས་པ་འཁོར་བ་དང་ཐག་གཅོད་གནང་བ་དེ་ཧ་ཅང་ཡག་པོ་བྱུང་འདུག དེ་ཡན་ཆད་འགྲེལ་པ་བཞི་སྦྲགས་ལྗགས་རྩོམ་གནང་ནས་ལོ་དྲུག་བརྒྱ་འཁོར་བའི་རྗེས་དྲན་དང་དུས་སྟོན་གནང་དགོས་པའི་དགོས་པ་དང་དམིགས་ཡུལ་ཞེས་པའི་བརྗོད་གཞི་དང་པོ་དེ་ཙམ་གྱིས་འཐུས་པ་ཞུས།
བརྗོད་གཞི་གཉིས་པ། རྒྱུད་སྟོད་གྲྭ་ཚང་གིས་ཟླ་བ་འདིའི་ཟླ་མཇུག་ཏུ་གནང་རྒྱུའི་སྔགས་ཀྱི་མཁས་པའི་བགྲོ་གླེང་དེ་དེང་རབས་ཤེས་ཡོན་གྱི་ལམ་སྲོལ་དང་མཐུན་པ་ཞིག་ཡོང་ཐབས་ཇི་ལྟར་བྱེད་དགོས་ཞེས་པ་དེའི་སྐོར། སྤྱིར་ང་ཚོས་ལས་ཀ་གང་བྱས་དེང་རབས་དང་མཐུན་མིན་བལྟ་དགོས་པའི་རྒྱུ་མཚན་གང་ཡང་མེད། ང་ཚོའི་ལམ་སྲོལ་ལ་སྐྱོན་ཡོད་པ་ཞིག་དང་དུས་ཚོད་ཡོལ་ཟིན་པ་ཞིག་ཡིན་ན་སྐྱོན་དེ་སེལ་དགོས་པ་དང་། དུས་དང་མ་འཚམས་པ་རྣམས་བསྒྱུར་བཅོས་གཏོང་དགོས། ང་ཚོའི་སྲོལ་རྒྱུན་སྐྱོན་མེད་པ་ཞིག་ལ་དེང་རབས་པ་ཚོས་སྐྱོན་མཐོང་བའི་རྒྱུ་མཚན་ཙམ་གྱིས་སྲོལ་རྒྱུན་ལ་འགྱུར་བ་གཏོང་དགོས་དོན་མེད། འོན་ཀྱང་ཤེས་ཡོན་སློབ་སྦྱོང་དང་འབྲེལ་བའི་བྱ་གཞག་དང་། ཉམས་ཞིབ་དང་འབྲེལ་བའི་བྱ་གཞག་དེ་དག་གི་ནང་དེང་རབས་ནས་ང་ཚོས་ལེན་ཆོག་པ་དང་། ལེན་དགོས་པའང་མང་པོ་ཡོད། འདས་པའི་ལོ་ལྔ་བཅུ་ཙམ་གྱི་རིང་ལ་གདན་ས་གསུམ་དང་། བཀྲ་ཤིས་ལྷུན་པོ། རྒྱུད་གྲྭ་སྟོད་སྨད་སོགས་རྒྱ་གར་དུ་གནས་གཞི་བྱས་ནས་བཞུགས་ཡོད་ཀྱང་ང་ཚོའི་སློབ་སྦྱོང་ཇི་ཙམ་ཚད་མཐོ་པོ་ཡོད་པ་དེ་རྒྱ་གར་གྱི་ཁྲིམས་མཐུན་གྱི་གཙུག་ལག་སློབ་གཉེར་ཁང་ (University) ཁག་དང་གནས་ཚད་མཉམ་པ་ཁྲིམས་ཐོག་ནས་ངོས་ལེན་ཚད་འཛིན་དང་། སྤྱི་ཚོགས་ནང་ཆ་འཇོག་ཡོང་གི་མེད། དེ་ནི་ང་ཚོའི་སློབ་སྦྱོང་གི་གནས་ཚད་དམའ་དྲགས་པས་མིན། དེང་རབས་ཀྱི་གཙུག་ལག་སློབ་གཉེར་ཁང་ཁག་ལས་ང་ཚོའི་སློབ་སྦྱོང་གི་གནས་ཚད་མཐོ་བ་མ་ཟད། ལོ་རྒྱུན་ཡང་རིང་བ་དང་སློབ་ཚན་ཡང་མང་བ་ཡོད། འོན་ཀྱང་ཆ་མཐོང་མེད་པ་དེ་ཡུལ་ཁྲིམས་ཀྱི་གནས་བབ་དང་། ང་ཚོའི་སློབ་སྦྱོང་དང་རྒྱུགས་སྤྲོད་སོགས་གནང་ཕྱོགས་ཡུལ་ཁྲིམས་དང་མ་བསྟུན་པའི་དབང་གིས་ཡིན། སྤྱིར་ཐར་པ་དོན་གཉེར་གྱི་བློ་ཁོ་ནས་སློབ་སྦྱོང་གནང་མཁན་དེ་དག་ལ་ལག་འཁྱེར་དང་གནས་ཚད་ངོས་ལེན་དགོས་དོན་མེད་ཀྱང་། ཡོད་ན་ཕུན་སུམ་ཚོགས་པའི་ཡན་ལག་མ་གཏོགས་འགལ་རྐྱེན་དུ་མི་འགྲོ། དེང་རབས་ཀྱི་མཐོ་རིམ་སློབ་གཉེར་ཁང་དེ་ཚོས་བོད་པའི་རིག་གནས་སྤྱི་དང་། ལྷག་པར་དུ་བོད་བརྒྱུད་ནང་བསྟན་གྱི་ཐུན་མོང་བའི་རིག་གནས་དེ་དག་གོ་རྟོགས་ཐུབ་པ་ཞིག་བྱུང་ན་འཇིག་རྟེན་སྤྱི་ལ་ཕན་པ་ཞིག་ཡོང་གི་ཡོད་སྟབས། ༸གོང་ས་༸སྐྱབས་མགོན་ཆེན་པོས་ཡང་ནས་ཡང་དུ་གདན་ས་ཁག་ལ་དེང་དུས་ཀྱི་གཙུག་ལག་སློབ་གཉེར་ཁང་ཁག་དང་འབྲེལ་བ་གནང་ནས་ཕན་ཚུན་བགྲོ་གླེང་བྱེད་པ་དང་། གོ་རྟོགས་སྤེལ་རེས་བྱེད་དགོས་པ་གལ་ཆེན་པོ་ཡིན་པའི་བཀའ་སློབ་གནང་གི་ཡོད། དེར་བརྟེན་དེང་སང་གདན་ས་ཁག་ཁ་ཤས་ཀྱིས་དེང་རབས་ཀྱི་གཙུག་ལག་སློབ་གཉེར་ཁང་ཁག་ལ་འབྲེལ་བ་གནང་ནས་བགྲོ་གླེང་ཚོགས་འདུ་ཚོགས་པ་དང་བསམ་ཚུལ་བརྗེ་རེས་བྱེད་པའི་མགོ་བཙུགས་ཀྱི་ཡོད། དེའི་ཕྱིར་དེའི་ཡན་ལག་ཏུ་དེང་རབས་ཀྱི་སློབ་གཉེར་དང་ཉམས་ཞིབ་བྱེད་སྟངས། བགྲོ་གླེང་བྱེད་སྟངས་དེ་དག་ཀྱང་ང་ཚོས་མཁྱེན་དགོས་པ་གལ་ཆེན་པོ་ཡིན། མཁྱེན་པ་ཙམ་དུ་མ་ཟད། དེ་དང་མཐུན་པ་གནང་ཐུབ་ན་ང་ཚོར་ཁེ་ཕན་དེ་ཙམ་མ་བྱུང་ནའང་ཁོང་ཚོར་གནས་ཚུལ་མང་པོ་གསར་རྟོགས་ཐུབ་པའི་ཁེ་ཕན་ཡོང་ངེས། བོད་བརྒྱུད་ནང་བསྟན་གྱི་སློབ་སྦྱོང་གི་ལམ་སྲོལ་དང་གནས་ཚད་ཇི་ཡིན་དེང་རབས་ཀྱི་གཙུག་ལག་སློབ་གཉེར་ཁང་རྣམས་ལ་ངོ་སྤྲོད་བྱེད་པར་ཡང་ཕན་ཐོགས་ཡོང་བར་སྙམ། སྐབས་རེར། གང་ལ་གང་འདུལ་དེ་ལ་དེ་སྟོན་པ།། ཞེས་གདུལ་བྱ་གཞན་ལ་ཕན་པའི་ཆེད་དུ་གདུལ་བྱ་གཞན་དང་མཚུངས་པར་སྤྱོད་དགོས་པ་དེ་གལ་ཆེན་པོ་ཡིན། བསྡུ་བའི་དངོས་པོ་བཞིའི་ནང་། འཇིག་རྟེན་དོན་མཐུན་གདུལ་བྱའི་དོན་ལ་སྤྱོད།། ཅེས་པ་ལྟར་ཁོང་ཚོ་དང་མཐུན་པར་བྱ་རྒྱུ་གལ་ཆེན་པོ་ཡིན། སངས་རྒྱས་ཀྱིས་རྒྱལ་པོ་དྲེགས་པ་ཅན་འདུལ་བའི་ཆེད་དུ་འཁོར་ལོ་བསྒྱུར་བའི་རྒྱལ་པོའི་གཟུགས་སུ་སྤྲུལ་པ་དང་། གདུལ་བྱའི་མཐའ་མ་དྲི་ཟའི་རྒྱལ་པོ་རབ་དགའ་འདུལ་བའི་ཆེད་དུ་རྒྱུད་མངས་དཀྲོལ་མཁན་ལ་སྤྲུལ་པ་སོགས་གང་ལ་གང་གིས་འདུལ་བ་དེ་ལ་དེའི་རྣམ་པ་བསྟན་པ་གདུལ་བྱ་འདུལ་བའི་ཐབས་ཤིག་ཡིན། དེར་བརྟེན་ང་ཚོས་སློབ་སྦྱོང་བྱེད་ཕྱོགས་ནང་དེང་རབས་ཀྱི་སློབ་སྦྱོང་དང་བགྲོ་གླེང་བྱེད་ཕྱོགས་ཀྱི་ལམ་སྲོལ་དེ་ང་ཚོས་ཤེས་པར་བྱས་ནས་དེ་བཞིན་ལག་ལེན་དུ་བསྟར་ཐུབ་ན། ཕན་ཚུན་གཉིས་ཀར་ཁེ་ཕན་མེད་ཀྱང་ཕྱོགས་གཅིག་ལ་ཁེ་ཕན་ངེས་པར་དུ་ཡོད།
སྤྱིར་བགྲོ་གླེང་དང་དྲི་བ་དྲིས་ལན་བྱ་རྒྱུ་ལམ་སྲོལ་གསར་པ་མིན། བགྲོ་གླེང་དང་དྲི་བ་དྲིས་ལན་གྱི་སྒོ་ནས་སློབ་སྟོན་བྱེད་སྲོལ་འཇིག་རྟེན་འདིའི་ནང་རྣམ་འདྲེན་བཞི་པ་ཤཱཀྱ་ཐུབ་པས་གསར་དུ་གཏོད་པའམ་ཤིང་རྟའི་སྲོལ་འབྱེད་གནང་བ་ཡིན་ཞེས་བརྗོད་ན་མ་འོས་པ་མེད། སངས་རྒྱས་མ་བྱོན་པའི་སྔོན་གྱི་རྒྱ་གར་གྱི་ཆོས་ལུགས་དང་གྲུབ་མཐའ་ཚོར་བལྟས་ན། དེ་དག་གི་རྩ་བའི་གཞུང་དེ་རྣམས་ཡང་ན་འཇིག་རྟེན་གྱི་བྱེད་པ་པོས་ཐད་ཀར་བཤད་པའམ་བཀོད་པ་རིག་བྱེད་ལྟ་བུ་དང་། ཡང་ན་འཇིག་རྟེན་བྱེད་པ་པོའི་གསུང་དེ་འཕྲིན་སྐྱེལ་མཁན་གང་ཟག་ཅིག་གི་བརྒྱུད་ནས་འོང་བ་ཡེ་ཤུའི་བ་ཡི་བལ་(Bible)དང་། ཁ་ཆེའི་ཀུ་རན་(Quran)ལྟ་བུ་ཡིན། ཇི་སས་(Jesus)དང་མུཧཱམྨཱད་(Muhammad)ནི་འཇིག་རྟེན་བཀོད་པ་པོའི་འཕྲིན་སྐྱེལ་མཁན་ཡིན་པར་འདོད།
སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པའི་མདོ་དེ་ཚོ་ཞལ་ནས་གསུངས་པ་ཆེས་ཉུང་ཉུང་ཡིན། ཕལ་ཆེ་བ་བྱིན་གྱིས་བརླབས་པ་དང་རྗེས་སུ་གནང་བ་ཤ་སྟག་ཡིན། གདུལ་བྱ་ཕན་ཚུན་བགྲོ་གླེང་ངམ་གླེང་མོལ་བྱས་ཏེ་བྱུང་བ་ཡིན། ང་ཚོས་རྒྱུན་དུ་ཀློག་བཞིན་པའི་མདོ་ཤེས་རབ་སྙིང་པོ་ལྟ་བུར་མཚོན་ན་སངས་རྒྱས་ཀྱིས་ཞལ་ནས་གསུངས་པ་དེ་ལེགས་སོ་ལེགས་སོ།། རིགས་ཀྱི་བུ། དེ་དེ་བཞིན་ནོ།། དེ་དེ་བཞིན་ཏེ་ཞེས་པ་ཙམ་མ་གཏོགས། འཕྲོས་ཕལ་ཆེ་བ་སྤྱན་རས་གཟིགས་དབང་ཕྱུག་དང་ཤཱ་རིའི་བུའི་དབར་བགྲོ་གླེང་གནང་བ་ཞིག་ཡིན། ཤེར་ཕྱིན་གྱི་མདོ་ཕལ་ཆེ་བ་དེ་མཚུངས་ཡིན། དྲི་མ་མེད་པ་གྲགས་པས་ཞུས་པའི་མདོ་ལྟ་བུར་མཚོན་ན། དེའི་ནང་སངས་རྒྱས་ཉིད་ཀྱི་ཞལ་ནས་གསུངས་པའི་ཚིག་ཉུང་ཤས་ལས་མེད། སྨད་ཆ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་དང་ཁྱིམ་བདག་དྲི་མ་མེད་པ་གྲགས་པའི་དབར་བགྲོ་གླེང་རིང་པོ་དང། སྟོད་ཆ་མཉན་ཡོད་ཀྱི་དགེ་འདུན་ནང་ཕན་ཚུན་བགྲོ་གླེང་བྱས་པ་ཞིག་ཡིན། གང་ལྟར་སངས་རྒྱས་ཀྱིས་ཆོས་གསུངས་པའི་སྐབས་འདི་ཡིན་འདི་མིན་ཞེས་སྟོན་པ་རང་ཉིད་ཀྱིས་ཐག་བཅད་ནས་མ་གསུངས་པར་ཆེད་དུ་བྱ་བའི་གདུལ་བྱ་དེ་ཚོས་རང་རང་གི་བློ་དང་འཚམས་པའི་དྲི་བ་དྲིས་ལན། བརྒལ་ལན། འགྲེལ་བརྗོད་སོགས་ཀྱི་སྒོ་ནས་བརྗོད་བྱ་གཏན་ལ་ཕབ་པ་ཤ་སྟག་ཡིན།
ཕྱི་ལོ་མགོ་བཙུགས་པའི་རྗེས་སུ་གི་རི་སི་(Greece)དང་། ཨེ་ཐེན་སི་(Athens)ནང་དུ་བྱུང་བའི་སོཀ་རེ་ཊིས་(Socrates)་དང་། པེ་ལེ་ཊོ།(Plato) ཨ་རི་སི་ཊོ་ཊལ་(Aristotle)ཞེས་པ་སོགས་ཁོང་རྣམས་ཀྱི་ལྟ་གྲུབ་ཀྱི་གཞུང་མང་པོ་ཡོད་པ་དེ་ཚོའང་གླེང་མོལ་(Dialogue)ལྟ་བུ་ཡིན། དེ་ལྟར་གང་ཟག་གཉིས་སམ་གང་ཟག་མང་པོ་ཕན་ཚུན་གླེང་མོལ་དང་། དྲི་བ་དྲིས་ལན་གྱི་སྒོ་ནས་བསམ་ཚུལ་བརྗེ་རེས་བྱས་ཏེ་སློབ་སྦྱོང་དང་། ཉམས་ཞིབ་བྱེད་པ། ཤེས་ཡོན་ཡར་རྒྱས་གཏོང་བ་སོགས་ཀྱི་ལམ་སྲོལ་ལོ་ངོ་སྟོང་ཕྲག་མང་པོའི་སྔོན་ཏེ་སངས་རྒྱས་འཇིག་རྟེན་དུ་བྱོན་པའི་སྐབས་ནས་ཡོད་པ་ཞིག་ཡིན།
དེང་སྐབས་སློབ་གཉེར་ཁང་དང་ཤེས་ཡོན་ཉམས་ཞིབ་སྡེ་ཚན་ཁག་གི་ནང་བར་ལམ་ཞིག་ནས་དར་བའི་དེང་རབས་ཀྱི་བགྲོ་གླེང་བྱེད་སྟངས་ཀྱི་ལམ་སྲོལ་འདྲ་མིན་མང་པོ་ཞིག་ཡོད། དེ་ཚོ་རགས་པ་ཙམ་དུ་དབྱེ་ན། དང་པོ་སེ་མི་ནར་(Seminar)དང་། གཉིས་པ་སིམ་པོ་སི་ཡམ་(Symposium)རེད། དེ་གཉིས་ཀར་བོད་སྐད་དུ་བགྲོ་གླེང་མ་གཏོགས། ཚིག་གཞན་བེད་སྤྱོད་བཏང་བ་ངས་མ་མཐོང་། གསུམ་པ་ཀོ་ལོ་ཀོ་ཡམ་(Colloquium)དེ་བོད་སྐད་ནང་ཇི་ལྟར་བསྒྱུར་དགོས་མི་ཤེས། བཞི་པ་པེ་ནལ་ཌི་སི་ཀ་ཤན(Panel discussion)འདི་ལ་བོད་སྐད་ནང་ཁྱད་མཁས་སྡེ་ཚན་གྱི་བགྲོ་གླེང་ཞེས་བརྗོད་ཆོག ལྔ་པ་ཝོརྐ་ཤོབ་(Workshop)དེ་བོད་སྐད་ནང་ལས་གྲྭ་ཟེར་གྱི་ཡོད། དཔེར་ན་སེ་མི་ནར་(Seminar)དང་། སིམ་པོ་སི་ཡམ་(Symposium)བཅས་ལ་བོད་སྐད་ནང་བགྲོ་གླེང་ཞེས་བརྗོད་པ་བཞིན་རྒྱ་གར་སྐད་ལ་པ་རི་སཾ་བཱད་གོཥྛཱི་ཞེས་པ་ཡང་དག་པར་བགྲོ་བ་ཟེར་བ་ལྟ་བུ་ཞིག་ཡིན། ཀོ་ལོ་ཀོ་ཡམ་(Colloquium)དང་པེ་ནལ་ཌི་སི་ཀ་ཤན་(Panel discussion)ལ་ཧིན་སྐད་ཐ་སྙད་ཡོད་མེད་མི་ཤེས། ཝོརྐ་ཤོབ་(Workshop)ལ་ཀཱརྱ་ཤཱ་ལཱ་ཟེར། དྲུག་པ་ཌི་བེཊ་(Debate)ཞེས་པ་དེ་ང་ཚོའི་བོད་སྐད་དུ་རྩོད་པ་ཟེར་བ་དེ་ཡིན། འཆད་རྩོད་རྩོམ་གསུམ་ནང་གི་རྩོད་པ་དེ་ཡིན། ཧིན་སྐད་དུ་ལྟ་གྲུབ་ཀྱི་ཐ་སྙད་བྱས་པ་ཡིན་ན་ཤཱསྟྲཱརྠ་ཞེས་པ་དེ་ཡིན། ཕལ་སྐད་ནང་བཧས་ཡིན། བདུན་པ་ཌ་ཡི་ལོག་(Dialogue)ཞེས་པ་དེ་ད་ལྟའི་བར་བོད་སྐད་ནང་གླེང་མོལ་ཞེས་བརྗོད་ཀྱི་ཡོད། འོན་ཀྱང་ཚིག་དོན་ཇི་བཞིན་བྱས་ན་གཉིས་མོལ་ལམ་གང་ཟག་གཉིས་ཀྱི་གླེང་མོལ་ལ་གོ་དགོས།
བརྗོད་གཞི་བྱེ་བྲག་པ་གཏན་འཁེལ་བྱས་ནས་བརྗོད་གཞི་དེའི་སྟེང་རྩོམ་ཡིག་འབྲི་མཁན་དང་གཏམ་བཤད་བྱེད་མཁན་ཚོས་རང་རང་གིས་དཔྱད་བྱའི་གནད་དོན་གང་ཡང་རུང་བ་ཞིག་ཟུར་དུ་བཏོན་ནས་དེའི་ཐོག་རྩོམ་ཡིག་བྲིས། རྩོམ་ཡིག་དེའང་དངོས་གནས་ཀྱི་འགྲོ་སྟངས་བཞིན་བྱས་ན། ཐོག་མ་རྒྱབ་ལྗོངས་ཀྱི་སྔོན་གླེང་ཞིག་དང་། དེའི་འོག་དོན་གནད་གང་གི་ཐོག་རྩོམ་ཡིག་འབྲི་རྒྱུའི་མདོར་བསྟན་ངོ་སྤྲོད། དེའི་མཇུག་དེར་དོན་གནད་དེའི་ཐོག་རྩོམ་པ་པོ་རང་གིས་དགག་གཞག་སྤོང་གསུམ་ཚང་བའི་དཔྱད་ཞིབ་བྱས་ནས་མཐའ་མ་གྲུབ་དོན་མཇུག་བསྡོམས་དང་བཅས་ཡོད་པའི་རྩོམ་ཡིག་བྲིས། རྩོམ་ཡིག་དེ་མཁས་པའི་ཚོགས་འདུའི་ནང་བཀླགས་པའི་རྗེས་སུ་དྲི་བ་འདྲི་མཁན་དང་འགྲེལ་བརྗོད་བྱེད་མཁན་སུ་ཡོད་རུང་། དེ་ལ་དྲི་བ་བཀོད་པ་དང་ཡང་ན་དེར་འགྲེལ་བརྗོད་བྱེད་པ་སོགས་ཀྱི་སྒོ་ནས་རྟོག་ཞིབ་བྱེད་པའི་འགྲོ་ལུགས་དེར་སེ་མི་ནར་(Seminar)ཟེར་གྱི་ཡོད་པ་ཡིན། སྤྱིར་སེ་མི་ནར་(Seminar)ཞེས་པའི་ཚིག་དེ་གི་རི་སི་(Greece)སྐད་ནས་ཐོན་པ་དང་། དེང་སང་ནུབ་ཕྱོགས་ལ་སློབ་སྟོན་ཞེས་པ་དེ་ལའང་སེ་མི་ནར་(Seminar)ཞེས་པའི་ཚིག་དེ་བེད་སྤྱོད་གཏོང་གི་ཡོད། རྒྱ་གར་ལ་ཌི་པཊ་མེན་ཊ་(Department)ཞེས་པ་དེའི་དོད་ལ་ནུབ་ཕྱོགས་ཀྱི་ལུང་པ་མང་པོའི་ནང་སེ་མི་ནར་(Seminar)དང་སེ་མི་ན་རི་(Seminary)བརྗོད་ཀྱི་ཡོད། སེ་མི་ན་རི་(Seminary)ཞེས་པ་ཌི་པཊ་མེན་ཊ་(Department)ལྟ་བུ་ཞིག་དང་། སེ་མི་ནར་(Seminar)ཡང་ཌི་པཊ་མེན་ཊ་(Department)ལྟ་བུ་ཞིག་ལ་གོ་བ་ཡིན། Seminar of Comparative Religionཞེས་བརྗོད་དུས་ཆོས་ལུགས་ཀྱི་མཚུངས་བསྡུར་སློབ་སྦྱོང་གི་ལྟེ་གནས་སམ་སྡེ་ཚན་ལ་གོ
ད་ལྟ་ང་ཚོས་རིང་མིན་ཚོགས་རྒྱུའི་སེ་མི་ནར་(Seminar)ཞེས་པ་དེ་སློབ་སྦྱོང་དང་ཉམས་ཞིབ་ཀྱི་ཐབས་ལམ་དམིགས་བསལ་བ་ཉིན་གཉིས་དང་གསུམ་བཞིའི་དུས་ཡུན་རིང་གཏན་འབེབས་བརྗོད་གཞི་བྱེ་བྲག་པ་གཅིག་གི་སྒྲོམ་གཞིའི་སྟེང་མཁས་པ་མང་པོ་ཚོགས་ཏེ་རྩོམ་ཡིག་བཀླགས་ནས་དེའི་ཐོག་བགྲོ་གླེང་བྱ་རྒྱུ་དེར་སེ་མི་ནར་(Seminar)ཞེས་བརྗོད་ཀྱི་ཡོད།
སིམ་པོ་སི་ཡམ་(Symposium)ཞེས་པ་སེ་མི་ནར་(Seminar)དང་མི་འདྲ་བ་གང་ཡོད་ཅེ་ན། རྩོམ་ཡིག་ཀློག་མཁན་གཉིས་གསུམ་མ་གཏོགས་མེད་པར། གཞན་རྣམས་གསན་མཁན་དང་དྲི་བ་དྲིས་ལན་གནང་མཁན་ཡིན་པ་དང་། སེ་མི་ནར་(Seminar)བཞིན་བརྗོད་གཞི་རྒྱ་ཆེན་པོ་མེད་པར་སིམ་པོ་སི་ཡམ་(Symposium)ནང་བརྗོད་གཞིའི་གནད་དོན་ཕྲ་རུ་བཏང་ནས་རྩོམ་ཡིག་ཀློག་མཁན་གཉིས་གསུམ་ཇི་ཙམ་ཡོད་ཀྱང་། དེས་དམིགས་བསལ་གྱི་བརྗོད་གཞི་བྱེ་བྲག་པ་ཟབ་ཅིང་ཕྲ་བ་ཞིག་གི་ཐོག་གནད་འཁེལ་བའི་ཉམས་ཞིབ་གནང་ནས་འཆད་པ་ཞིག་ལ་སིམ་པོ་སི་ཡམ་(Symposium)ཞེས་བརྗོད་ཀྱི་ཡོད། སེ་མི་ནར་(Seminar)དང་འདི་གཉིས་རྩོམ་ཡིག་ཀློག་མཁན་མང་ཉུང་དང་རྩོམ་ཡིག་གི་བརྗོད་གཞི་ལེན་སྟངས་མི་འདྲ་བའི་དབང་གིས་ཕྱེ་བ་ཞིག་ཡིན། ཀོ་ལོ་ཀོ་ཡམ་(Colloquium)ཞེས་པ་དེ་ཕལ་ཆེར་སིམ་པོ་སི་ཡམ་(Symposium)དང་གཅིག་པ་ལྟ་བུ་ལ། ཀོ་ལོ་ཀོ་ཡམ་(Colloquium)ནི་མི་གཅིག་གིས་བཤད་ནས་གཞན་ཚང་མས་དེར་དྲི་བ་དང་བགྲོ་གླེང་བྱེད་ཀྱི་ཡོད། དེའི་དུས་ཚོད་ཀྱང་ཉིན་གཅིག་དང་ཚོགས་ཐེངས་གཅིག་མ་གཏོགས། ཉིན་གཉིས་གསུམ་མུ་མཐུད་ནས་འཚོགས་སྲོལ་མེད། ཀོ་ལོ་ཀོ་ཡམ་(Colloquium)ཞེས་པ་ཐོག་མར་རོ་མན་(Roman)དང་གི་རི་སི་(Greece)རྣམས་སུ་དར་སྐབས་ཕྱི་དྲོ་ཙམ་དུ་འཚོགས། ཡུན་འཚམས་ཤིག་ནས་ཆང་འཐུང་། དགོང་མོའི་ཁ་ལག་ཟོས་ནས་གྲོལ་འགྲོ་བས་ཀོ་ལོ་ཀོ་ཡམ་(Colloquium)ཞེས་པ་དེ་བྱུང་བ་འདྲ། བརྗོད་གཞི་གང་རུང་ཞིག་གི་ཐོག་ཏུ་མི་གཉིས་གསུམ་ཞིག་གིས་བགྲོ་གླེང་བྱེད་རྒྱུ་ཡོད་པ་ཞིག་ཡིན། དེ་ནི་དེང་སང་རྒྱ་གར་གྱི་གཙུག་ལག་སློབ་གཉེར་ཁང་ཁག་གི་ནང་དར་སོ་དེ་ཙམ་མེད། པེ་ནལ་ཌི་སི་ཀ་ཤན་(Panel discussion)ཞེས་པ་དེ་ཁྱད་མཁས་སྡེ་ཚན་གྱི་གླེང་མོལ་ཉན་མཁན་མང་པོ་ཡོད་ཀྱང་། དྲི་བ་འདྲི་བ་དང་བགྲོ་གླེང་བྱེད་པའི་གོ་སྐབས་མེད་པ་དང་། སྡིངས་ཆའི་སྒང་ལ་མི་བཞི་ལྔ་ཞིག་གི་སྡེ་ཚན་ཆུང་ངུ་ཞིག་བཟོས་ཏེ་དེ་ལ་བརྗོད་གཞི་ཞིག་སྤྲད། བརྗོད་གཞི་དེའི་ཐོག་ལ་མི་གསུམ་བཞི་ཁོང་ཚོའི་ནང་ཕན་ཚུན་དྲི་བ་དྲིས་ལན་དང་བགྲོ་གླེང་བྱས་ནས་མང་ཚོགས་ཀྱིས་ཉན་པ་དེ་ལ་པེ་ནལ་ཌི་སི་ཀ་ཤན་(Panel discussion)ཞེས་བརྗོད་ཀྱི་ཡོད།
ཝོརྐ་ཤོབ་(Workshop)ཞེས་པ་སློབ་སྦྱོང་སྤྲོད་པའི་རྣམ་པ་ལྟ་བུ་ཞིག་ཡིན། ཆ་ཤས་ལེན་མཁན་མི་ཉི་ཤུ་སུམ་ཅུ་ཇི་ཙམ་ཡོད་ནའང་སློབ་ཁྲིད་བྱེད་མཁན་མི་གཅིག་གཉིས་གང་རུང་ཞིག་གིས་བརྗོད་གཞི་གང་ཡང་རུང་བ་ཞིག་གི་ཐོག་ཟབ་སྦྱོང་ཞིབ་ཕྲ་བྱེད་པར་ཝོརྐ་ཤོབ་(Workshop)ཞེས་བརྗོད་ཀྱི་ཡོད།
ཌི་བེཊ་(Debate)ཞེས་པ་དེ་རྩོད་པ་རང་ཡིན། ང་ཚོས་ཆོས་རྭའི་ནང་རྩོད་པ་རྩོད་པ་ཇི་བཞིན་མི་གཉིས་གསུམ་ཇི་ཙམ་ཡོད་ཀྱང་དེས་བརྗོད་གཞི་གཅིག་གི་ཐོག་དམ་བཅའ་མི་འདྲ་བ་ཐ་དད་དུ་བཟུང་ནས་དེའི་ཐོག་རྩོད་པ་རྒྱག་པ་དེ་ཌི་བེཊ་(Debate)ཡིན། དེང་སང་སློབ་གྲྭ་ཁག་གི་ནང་རྩོད་པ་དེ་འགྲན་བསྡུར་གྱི་རྣམ་པ་ཤ་སྟག་ཡིན། མཉམ་རུབ་ཀྱི་རྣམ་པ་ཕལ་ཆེར་མེད། ཁྲིམས་རྩོད་པ་ཚོས་ཁྲིམས་ཁང་ནང་རྩོད་པ་རྒྱག་པ་དེར་ཡང་ཌི་བེཊ་(Debate)ཞེས་བརྗོད་ཀྱི་ཡོད།
ཌ་ཡི་ལོག་(Dialogue)ཞེས་པ་དེ་དེང་སང་བེད་སྤྱོད་ཆེན་པོ་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རབས་ཉི་ཤུ་རྩ་གཅིག་པ་དེ་ཌ་ཡི་ལོག་(Dialogue)གི་དུས་རབས་ཤིག་ལ་བསྒྱུར་དགོས་པ་ཡིན་ཞེས་གསུངས་ཀྱི་ཡོད། ཌ་ཡི་ལོག་(Dialogue)ཞེས་པ་མི་གཉིས་སམ་ཡང་ན་མི་མང་པོས་ཕན་ཚུན་གོ་བརྡ་འཕྲོད་པོའི་ཐོག་ནས་གཅིག་གིས་གང་བཤད་པ་དེ་གཞན་པ་དེས་ཤེས་པར་བྱེད་པ་དང་། གཞན་པ་དེས་གནས་ཚུལ་མཁྲེགས་བཟུང་མ་ཡིན་པར། མི་གཉིས་ཀྱི་བསམ་ཚུལ་དང་ལངས་ཕྱོགས་མི་མཐུན་པ་ཡོད་ན་ཕན་ཚུན་གོ་བསྡུར་བྱས་ཏེ་ཐུན་མོང་བའི་བསམ་ཚུལ་དང་ལངས་ཕྱོགས་ཤིག་བཙལ་ཐུབ་རྒྱུའི་ཐབས་ཤེས་བྱེད་པ་དེར་ཌ་ཡི་ལོག་(Dialogue)ཞེས་བརྗོད་ཀྱི་ཡོད། ཚིག་དེ་སོཀ་རེ་ཊིས་(Socrates)ཀྱི་རྒྱུད་པས་བེད་སྤྱོད་མང་པོ་བཏང་ཡོད་ལ། ཉེ་བའི་དུས་སུ་ཇི་དྡུ་ཀྲིཥྞམཱུརྟི་(Jiddu Krishnamurti)མཆོག་གིས་རྒྱུན་དུ་བེད་སྤྱོད་གནང་གི་ཡོད། ཁོང་གི་ལྟ་གྲུབ་ཁྱབ་སྤེལ་བྱེད་པའི་བརྒྱུད་ལམ་ནི་ཌ་ཡི་ལོག་(Dialogue)ཞེས་པ་དེ་རང་གཙོར་བཟུང་གནང་གི་ཡོད།
ད་རེས་ཚོགས་རྒྱུའི་བགྲོ་གླེང་དེ་སེ་མི་ནར་(Seminar) ཡིན་པར་བརྟེན། རྩོམ་ཡིག་འབྲི་མཁན་ཆེད་དམིགས་ཀྱིས་གདན་འདྲེན་ཞུས་ཡོད་ཅིང་། ཁོང་ཚོས་རྩོམ་ཡིག་ལྗགས་ཀློག་གནང་། རྩོམ་ཡིག་ལྗགས་ཀློག་གནང་བའི་རྗེས་སུ་རྩོམ་ཡིག་དེར་འགྲེལ་བརྗོད་གནང་མཁན་དང་དྲི་བ་འདྲི་མཁན་ཟུར་དུ་བསྐོས་པའང་ཡོད་སྲིད་ལ། ཟུར་དུ་བསྐོས་པ་མེད་ན་སུས་གནང་ནའང་འགྲིགས། འོན་ཀྱང་དྲི་བ་འདྲི་སྟངས་དང་འགྲེལ་བརྗོད་བྱེད་སྟངས་ནམ་རྒྱུན་ང་ཚོ་ཆོས་རྭའི་ནང་གི་རྩོད་པ་རྩོད་སྟངས་དང་ཅུང་ཙམ་མི་འདྲ་བ་དགོས་པ་ཡིན། དེ་མེད་ན་སེ་མི་ནར་(Seminar)མ་ཆགས་པར་ཌི་བེཊ་(Debate)སྟེ་རྩོད་པ་ཆགས་པའི་ཉེན་ཁ་ཡོད། དེ་ལྟར་ཆགས་ན་བགྲོ་ཚོགས་སུ་ཕེབས་པའི་མི་ཐམས་ཅད་ཀྱིས་ཆ་ཤས་ལེན་མ་ཐུབ་པར་མི་གཉིས་དབར་གྱི་རྩོད་པ་ལྟ་བུ་ཞིག་ཏུ་འགྱུར་སྲིད།
སེ་མི་ནར་(Seminar)པ་རི་སཾབཱད་བྱེད་དུས་དྲི་བ་དྲིས་ལན་བྱེད་སྟངས་དང་། ཌི་བེཊ་(Debate)ཤཱསྟྲཱརྠ་བྱེད་དུས་དྲི་བ་དྲིས་ལན་བྱེད་སྟངས་གཉིས་པོ་ལ་གཞི་རིམ་གྱི་ཁྱད་པར་གང་ཡོད་ཅེ་ན། རྩོད་པ་རྩོད་པའི་སྐབས་སྔ་རྒོལ་ཕྱི་རྒོལ་གཉིས་ཞེས་རྩོད་པ་རྩོད་མཁན་དང་ལན་རྒྱག་མཁན་གཉིས་དབྱེ་བ་ཕྱེ་ཡོད་པས། ལན་རྒྱག་མཁན་དེས་རང་གི་དམ་བཅའ་གང་བཟུང་བ་དེ་ལ་རིགས་པའི་གནོད་པ་མི་འཇུག་པའི་ཐབས་ཤེས་བྱེད་ཅིང་། རྩོད་པ་རྩོད་མཁན་དེས་དམ་བཅའ་དེ་འགོག་པའི་རིགས་པ་དང་ལུང་གང་ཐུབ་གཏོང་ཐབས་བྱེད་པ་ཡིན་པས། ཁོང་གཉིས་ཀྱི་དམིགས་ཡུལ་གནས་ལུགས་ངོ་མ་གང་ཡིན་མཉམ་རུབ་བྱས་ནས་འཚོལ་བའི་འདུན་པ་མེད་པར། རྒོལ་བ་གཅིག་གི་དམ་བཅའ་དེ་རྒོལ་བ་གཞན་པ་དེས་རིགས་པའི་ལམ་ནས་རྩ་མེད་གཏང་རྒྱུའི་འབད་བརྩོན་བྱེད་ཅིང་། དེ་བཀག་ཐུབ་ན་དམ་བཅའ་གསར་པ་ཞིག་རྙེད་ཀྱང་རུང་མ་རྙེད་ཀྱང་རུང་གནད་འགག་དེ་ཙམ་མེད་པར་བརྩིས་པ་དེ་རྩོད་པ་རྩོད་པའི་སྐབས་ཀྱི་འགྲོ་སྟངས་ཤིག་ཡིན། སེ་མི་ནར་(Seminar)གྱི་བགྲོ་གླེང་བྱེད་པའི་སྐབས་དྲི་བ་འདྲི་ཆོག་ཅིང་། དོགས་པ་སློང་ཆོག་ཀྱང་། དྭོགས་སློང་བྱེད་སྟངས་རྒོལ་སྔ་རྒོལ་ཕྱི་རྒོལ་དབྱེ་བ་མ་ཕྱེ་བར་ཆ་ཤས་ལེན་མཁན་གཉིས་ཀས་བརྗོད་བྱ་གང་ཡང་རུང་བ་ཞིག་གི་ཐོག་ཞིབ་འཇུག་གི་ལམ་ནས་དངོས་ཡོད་ཀྱི་གནས་ཚུལ་གང་ཡིན་པ་དེ་གསལ་པོ་བཟོ་ཐབས་སུ་མཉམ་རུབ་བྱས་པ་མ་གཏོགས། རྩོམ་ཡིག་ཀློག་མཁན་གྱི་དམ་བཅའ་རྩ་མེད་གཏོང་རྒྱུར་དམིགས་ཏེ་དྲི་བ་དྲིས་པ་མ་ཡིན་པར། ཕྱོགས་གཉིས་ཀས་དྲི་བའི་ལན་ཡང་དག་པ་ཞིག་རྙེད་པའི་ཆེད་དུ་མཉམ་རུབ་ཀྱིས་དཔྱད་པའི་འདུ་ཤེས་གཟུང་དགོས། རྩོད་པ་རྩོད་པའི་སྐབས་རིགས་ལམ་གཏོང་མཁན་གྱིས་འཛིན་མཚམས་ཕར་མི་བསླབ་ཅིང་། དམ་བཅའ་བའི་འཛིན་མཚམས་དེ་བཀག་པར་ལན་གྱིས་ཟློག་པར་མི་ནུས་པའི་ཐལ་བ་ཞིག་རྙེད་ཐབས་གཙོར་བཟུང་བྱས་པ་ཡིན། སེ་མི་ནར་(Seminar)ནང་མཉམ་རུབ་ཀྱིས་གནས་ལུགས་འཚོལ་རྒྱུ་གལ་ཆེར་བརྩིས། གཞན་ཡང་རྩོད་པ་རྩོད་པའི་སྐབས་རིགས་པ་བཞིའི་ནང་ནས་འཐད་སྒྲུབ་ཀྱི་རིགས་པ་རྐྱང་པ་བེད་སྤྱོད་གཏོང་བ་དང་། བགྲོ་གླེང་གནང་བའི་སྐབས་རིགས་པ་བཞི་ག་བེད་སྤྱོད་གཏོང་ཆོག སྤྱིར་ང་ཚོར་རིགས་པ་བཞི་ག་དགོས་པ་ཞིག་ཡིན། “ཇི་ལྟར་ཐོས་པའི་དོན་ལ་རིགས་པ་བཞིས།། ཉིན་དང་མཚན་དུ་ཚུལ་བཞིན་རབ་བརྟགས་ནས།། བསམ་བྱའི་གནས་ལ་བསམས་ལས་བྱུང་བ་ཡི།། རྣམ་དཔྱོད་བློ་ཡིས་ཐེ་ཚོམ་ཆོད་པར་ཤོག།།” ཅེས་གསུངས་པ་ལྟར་དཔྱད་སྒོམ་བྱེད་པའི་སྐབས་འཐད་སྒྲུབ་ཀྱི་རིགས་པ་རྐྱང་པ་མ་ཡིན་པར། བྱ་བ་བྱེད་པའི་རིགས་པ་དང་། ལྟོས་པའི་རིགས་པ། ཆོས་ཉིད་ཀྱི་རིགས་པ། འཐད་སྒྲུབ་ཀྱི་རིགས་པ་བཞི་ག་གང་ལ་གང་འཚམས་བེད་སྤྱོད་གཏོང་དགོས། དེར་བརྟེན་སེ་མི་ནར་(Seminar)གྱི་བགྲོ་གླེང་བྱེད་པའི་སྐབས་ལམ་སེང་གནས་ཚུལ་གཅིག་ལ་ཁྱབ་པ་ཐལ་མ་ཁྱབ་པ་ཐལ་ཞེས་འགག་རྩ་ལ་བཀར་ནས་དགག་སྒྲུབ་བྱེད་པ་མ་ཡིན་པར། འདི་ལྟར་བྱེད་ན་གང་འདྲ་འདུག ཡང་ན་འདི་ལྟར་བྱེད་ན་གང་འདྲ་འདུག་ཅེས་འཐད་སྒྲུབ་ཀྱི་རིགས་པ་དང་མཉམ་དུ་བྱ་བ་བྱེད་པའི་རིགས་པ་དང་། ཆོས་ཉིད་ཀྱི་རིགས་པ། ལྟོས་པའི་རིགས་པ་རྣམས་གང་དུ་གང་འཚམས་བེད་སྤྱོད་གནང་དགོས། བགྲོ་གླེང་གི་མཇུག་སྡོམ་དུ་གྲུབ་དོན་སྟོན་རྒྱུ་ཡོད་པ་ཞིག་དགོས་ཤིང་། དེ་རྙེད་པ་ལ་རྒོལ་བ་གཅིག་གིས་འབད་བརྩོན་དང་རྒོལ་བ་གཞན་དེས་འགལ་ཟླ་བྱེད་པ་མ་ཡིན་པར་བགྲོ་གླེང་ནང་ཆ་ཤས་ལེན་མཁན་ཚང་མས་དཔྱད་གཞི་གང་གི་ཐོག་དཔྱད་པ་བྱེད་ཀྱི་ཡོད་པ་དེའི་དཔྱད་མཐའི་གྲུབ་དོན་རྙེད་ཐབས་ལ་མཉམ་རུབ་གནང་རྒྱུ་གལ་ཆེ། ང་ཚོ་གདན་སའི་ནང་རྩོད་པར་བྱང་བ་དེ་ཚོར་དྲི་བ་དྲིས་ལན་མགོ་ཚུགས་མ་ཐག་ཁྱབ་མཐའ་གཏོང་བ་དང་ཐལ་ངག་བཀོད་པའི་གོམས་གཤིས་དེ་སླེབས་སྲིད། ད་ལྟ་ང་ཚོར་སེ་མི་ནར་(Seminar)འགྲོ་བའི་བགྲོ་གླེང་གི་གོམས་གཤིས་དེ་ཙམ་མེད་སྟབས། ལམ་སྲོལ་གསར་པ་དེར་བྱང་ཆ་མེད་པའི་སྐུ་ངལ་ཡོང་སྲིད། གང་ལྟར་བགྲོ་གླེང་གི་གནས་སྐབས་གང་དུའང་མཚན་ཉིད་པས་རྩོད་པ་རྒྱག་སྟངས་ལྟ་བུ་མ་ཡིན་པར། བོད་དུའང་མཚན་ཉིད་ལ་བྱང་པ་མེད་ཅིང་། ཚད་མའི་གཞུང་ལ་གསན་བསམ་གནང་མ་མྱོང་བའི་ཐུན་མོང་རིག་གནས་མཁས་པ་དེ་ཚོས་གོ་བསྡུར་བགྲོ་གླེང་གནང་སྟངས་དང་མཚུངས་པར་གནང་དགོས། དེ་ལྟར་ཡོང་བར་དྲི་བ་འདྲི་མཁན་ཚོས་རྩོམ་ཡིག་ཀློག་པ་པོ་དེའི་རྩོམ་ཡིག་ནང་བསྟན་པའི་དོན་དེ་ཚོ་བརྗོད་བྱ་དང་རྗོད་བྱེད་གང་གི་ཆ་ནས་འགལ་བ་ཞིག་གང་དུ་འདུག་བསྒྲུག་རྒྱུ་དམིགས་ཡུལ་གྱི་གཙོ་བོར་མ་བཟུང་བར་རྩོམ་པ་པོ་དེས་བརྗོད་གཞི་སྤྱི་ཡོངས་ཀྱི་གོ་བ་གང་འདྲ་ཞིག་ལེན་ཡོད་པ་དང་། འདོད་ཚུལ་གང་འདྲ་ཞིག་གི་ཐོག་ནས་རྩོམ་ཡིག་དེའི་སྒྲོམ་གཞི་བསླངས་ཡོད་པ། ཁོང་གི་བསམ་བློའི་ནང་ཡོད་པའི་སྒྲོམ་གཞི་དེ་ལུང་དང་མཐུན་པ། རིགས་པ་དང་མཐུན་པ། གནོད་པ་མེད་པ་ཞིག་ཡིན་ནམ། ཡང་ན་དེར་མ་འདང་བ་དང་སྐྱོན་ཆའི་རིགས་ཡོད་ན་ཇི་ལྟར་བྱས་ནས་ཞན་ཆ་དེ་བསྐང་དགོས་ཀྱི་འདུག ཆད་པ་དེ་གསབ་དགོས་ཀྱི་འདུག ཡོ་བ་དེ་བསྲང་དགོས་ཀྱི་འདུག་སྙམ་དུ་མཉམ་རུབ་ཀྱི་འདུ་ཤེས་ཤིག་གིས་བགྲོ་གླེང་གནང་ཐུབ་པ་ཡིན་ན་དེང་རབས་དང་མཐུན་པའི་བགྲོ་གླེང་གི་རྣམ་པ་གསལ་པོ་སྟོན་ཐུབ་རྒྱུ་ཡིན་པར་སྙམ།
ཚོགས་ཐེངས་གཅིག་གི་ནང་སེ་མི་ནར་(Seminar)གྱི་བགྲོ་གླེང་བྱེད་སྟངས་ཆ་ཚང་ངོ་སྤྲོད་ཞུ་ཐུབ་རྒྱུ་དཀའ་ཞིང་། ཉམས་མྱོང་གི་ཐོག་ནས་རིམ་པས་གོམས་གཤིས་འཇགས་དགོས་པ་མ་གཏོགས། མཚན་ཉིད་བཞག་པ་ལྟ་བུའི་ངོ་སྤྲོད་ཞུ་རྒྱུ་མེད། དུས་ཚོད་ཀྱང་གང་འཚམས་བརྒལ་སོང་། དེར་བརྟེན་ངས་གཏམ་བཤད་འདིར་མཚམས་འཇོག་ཞུ་རྒྱུ་ཡིན།
དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གིས་རྗེ་བདག་ཉིད་ཆེན་པོའི་ཁྱད་དུ་འཕགས་པའི་བསྟན་བཅོས་འགྲེལ་པ་བཞི་སྦྲགས་ལྗགས་རྩོམ་གནང་ནས་ལོ་དྲུག་བརྒྱ་འཁོར་བའི་རྗེས་དྲན་དུས་སྟོན་གནང་བ་རྗེས་སུ་ཡི་རངས་ཀྱི་འོས་སུ་གྱུར་པ་ཡིན་པས། ལམ་ལྷོང་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།