ཀོ་ལི་གྷལ་གྱི་འཁྲུགས་འཛིངས་ཀྱི་དོན་རྐྱེན་སྐོར་དྲི་བ་དྲིས་ལན།

སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་ནས། རྒྱ་གར་ལྷོ་ཕྱོགས་ཀོ་ལི་གྷལ་དོན་ལྡན་གླིང་གཞིས་ཆགས་ཀྱི་ཞིང་པ་ཞིག་གིས་ས་གནས་འགོ་འཛིན་ལ་འཁྲུགས་འཛིངས་བྱས་པའི་གནས་ཚུལ་ཞིག་བྱུང་བ་དང༌། གནད་དོན་དེ་བོད་གཞུང་ནང་སྲིད་ནས་ཐག་གཅོད་གནང་ཕྱོགས་ལ་ས་གནས་མང་ཚོགས་ཀྱི་ངོས་ནས་འདོད་བབས་མ་བྱུང་བའི་གནས་ཚུལ་ཞིག་འདུག་ན་དེའི་སྐོར་བཀའ་འདྲི་ཞུ་རྒྱུ།
༡ འཁྲུགས་འཛིངས་ཀྱི་དོན་རྐྱེན་དེ་ཡོང་དགོས་པའི་རྒྱུ་མཚན་གང་དང་གང་ལ་ཐུག་ཡོད་དམ།
༢ མཐའ་མ་ཐག་གཅོད་བྱེད་སྐབས་ས་གནས་འཐུས་ཚོགས་སོགས་ས་གནས་ཀྱི་འབྲེལ་ཡོད་རྣམས་དང་གོ་བསྡུར་བྱུང་ཡོད་དམ།

བཀའ་ལན།
༡ ཀ འཁྲུག་འཛིང་ཡོང་དགོས་པའི་རྒྱུ་མཚན་ནི། གཞིས་མི་དེས་ས་གནས་སུ་སྐྱེ་ལྡན་སོ་ནམ་གྱི་ལས་གཞི་དང་པོ་སྤེལ་སྐབས་ལས་འཆར་ཁོངས་སུ་རང་མོས་ཀྱིས་ཞུགས་པ་དང༌། ལོ་གཉིས་པར་མུ་མཐུད་སྐྱེ་ལྡན་སོ་ནམ་དུ་མ་བསྡད་པར་རྫས་སྦྱོར་སོ་ནམ་འདེབས་ལས་བྱས་ཏེ་གཞིས་མི་སྤྱི་མཚུངས་ཁས་ལེན་ཇི་ཞུས་སོར་གནས་མ་བྱུང་སྟབས་ལོ་དང་པོའི་སྐྱེ་ལྡན་སོ་ནམ་གྱི་གུན་གསབ་མ་ཐོབ་པ་དང༌།
ཁ ཨི་ཛི་རལ་དུ་གླ་ཡོད་ལས་ཀའི་ཆེད་འགྲོ་རྒྱུར་མགྲོན་འབོད་གནང་མཁན་གྱི་དགོས་འདུན་ལྟར་ཆ་རྐྱེན་མ་ཚང་བས་སྦྱོང་བརྡར་མི་འགྲོའི་ཁོངས་མ་ཚུད་པ་བཅས་རྒྱུ་མཚན་དུ་བགྲངས་ནས་ཆང་འཐུང་ར་བཟི་དང་ས་གནས་འགོ་འཛིན་གསོད་རྒྱུའི་སྦྱོར་ངན་བརྩམས་པ་དེ་རེད།
༣ དོ་བདག་དང་ནང་མི་སྤུན་གྲོགས་མང་པོས་ཡིག་ངག་གཉིས་ནས་འཛིན་སྐྱོང་ལ་ཞུ་དོན་ལྟར་མཐའ་མའི་ནང་འགྲིགས་ཀྱི་ཐག་གཅོད་འཛིན་སྐྱོང་ནས་ཞུས་པ་ལས་ས་གནས་འཐུས་ཚོགས་སོགས་མཉམ་གོ་བསྡུར་བྱ་དགོས་མ་མཐོང་བས་བྱས་མེད།

སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་ནས་འཕྲོས་དོན་དྲི་བར།
དྲི་བ་དང་པོའི་ལན་དུ་འཁྲུག་འཛིང་ཡོང་དགོས་པའི་རྒྱུ་མཚན་ནི། གཞིས་མི་དེས་ས་གནས་སུ་སྐྱེ་ལྡན་སོ་ནམ་གྱི་ལས་གཞི་དང་པོ་སྤེལ་སྐབས་ལས་འཆར་ཁོངས་སུ་རང་མོས་ཀྱིས་ཞུགས་པ་དང༌། ལོ་གཉིས་པར་མུ་མཐུད་སྐྱེ་ལྡན་སོ་ནམ་དུ་མ་བསྡད་པར་རྫས་སྦྱོར་སོ་ནམ་འདེབས་ལས་བྱས་ཏེ་གཞིས་མི་སྤྱི་མཚུངས་ཁས་ལེན་ཇི་ཞུས་སོར་གནས་མ་བྱུང་སྟབས། ལོ་དང་པོའི་སྐྱེ་ལྡན་སོ་ནམ་གྱི་གུན་གསབ་མ་ཐོབ་པ་ཞིག་དང༌། ཨི་ཛི་རལ་དུ་གླ་ཡོད་ལས་ཀའི་ཆེད་འགྲོ་རྒྱུར་མགྲོན་འབོད་གནང་མཁན་གྱི་དགོས་འདུན་ལྟར་ཆ་རྐྱེན་མ་ཚང་བས་སྦྱོང་བརྡར་མི་འགྲོའི་ཁོངས་མ་ཚུད་པ་བཅས་ཀྱི་རྒྱུ་མཚན་ལ་བརྟེན་ནས་ཆང་འཐུང་ར་བཟི་དང་ས་གནས་འགོ་འཛིན་གསོད་རྒྱུའི་སྦྱོར་ངན་བརྩམས་པ་རེད་ཅེས་གསུངས་འདུག དེ་དང་འབྲེལ་བའི་གནད་དོན་ཁ་ཤས་ཞུ་དགོས་བྱུང་སོང༌། འཁྲུག་འཛིང་དེ་ཡོང་དགོས་པའི་རྒྱུ་མཚན་དང་པོ་དེ་ནང་སྲིད་བཀའ་བློན་གྱི་བཀའ་ལན་ནང་གསུངས་པ་བཞིན་སྐྱེ་ལྡན་སོ་ནམ་གྱི་གུན་གསབ་མ་རག་པ་ཞིག་དང་སྐྱེ་ལྡན་སོ་ནམ་ལས་ཕྱིར་ལོག་ཕྱིན་པའི་གནས་སྟངས་དེ་བཀའ་འདྲི་ཞུ་མཁན་གྱིས་ཐོས་པ་དང་གཅིག་མཚུངས་རེད་འདུག ཡིན་ནའང་དེ་དང་མི་འདྲ་བ་ཞིག་ལ་ཀོ་ལི་སྒལ་གཞིས་གྲོང་ཨེལ་གྲོང་སྡེའི་ཞིང་པ་བླཽ་བཟང་ལ་མཚོན་ན་དཔལ་འབྱོར་གནས་སྟངས་ཧ་ཅང་སྐྱོ་པོ་ཞིག་དང༌། སྔོན་མ་བོད་གཞུང་ནང་སྲིད་ལས་ཁུངས་ནས་ཁོའི་ཨ་མ་ལ་སྐྱོབ་གསོ་སྤྲོད་ཀྱི་ཡོད་པ་དང༌། རྗེས་སུ་སྐྱོབ་གསོ་བཅད་པའི་གནས་སྟངས་རེད། རྒྱུ་མཚན་གཅིག་དེ་བགྲང་གི་ཡོད་རེད། ཁོ་རང་གཅིག་པུ་མ་ཡིན་པར་ས་གནས་ཀྱི་འབྲེལ་ཡོད་དང་གནད་ཡོད་མི་སྣ་ཁག་གིས་གསུང་གི་འདུག
གཉིས་པ་དེར་ཨི་ཛ་རལ་གཅིག་པུ་མ་ཡིན་པར་ཉེ་འཁོར་གྱི་སྦྱོང་བརྡར་ཁག་ནང་ཆེད་དུ་སོང་དུས། གཞན་ལ་ཐོབ་ཐང་སྤྲད་པ་ཁོ་རང་ལ་མ་བྱུང་བའི་སྐད་ཆ་གོ་ཡི་འདུག སོང་ཙང་སྐད་ཆ་དེ་ཚོ་བདེན་པ་རེད་དམ་མ་རེད།
བཀའ་ལན་དུ་ཆང་འཐུང་ར་བཟི་དང་ས་གནས་འགོ་འཛིན་གསོད་རྒྱུའི་སྦྱོར་ངན་བརྩམས་པ་རེད་ཅེས་བཀོད་འདུག དེའི་སྐོར་ལ་བཀའ་འདྲི་ཞུ་རྒྱུར། དོ་བདག་ཀོ་ལི་སྒལ་གྱི་གཞིས་མི་བློ་བཟང་ལ་མཚོན་ན། དཔལ་འབྱོར་གནས་སྟངས་ཞན་པོ་ཞིག་དང་ཁོ་རང་ངོས་ནས་བལ་གོས་བཙོང་མ་ཐུབ་པ། འཚོང་རྒྱུའི་མཐུན་རྐྱེན་དང་དཔལ་འབྱོར་མི་འདང་བ་ཞིག་དང༌། ཁོའི་བཟའ་ཟླ་ལ་མཚོན་ན་མི་གཞན་གྱི་ཚོང་གཡོག་ལ་བཏང་དགོས་པའི་གནས་སྟངས་སོགས་ཧ་ཅང་སྐྱོ་པོ་ཡིན་སྐོར་ས་གནས་ཀྱི་གནད་ཡོད་མི་སྣས་གསུང་གི་འདུག གོང་དུ་འབྲེལ་བའི་ཐོག་བཀའ་འདྲི་ཞུ་རྒྱུ་གཅིག་ལ། བློ་བཟང་གི་ཨ་མ་དེ་དང་པོ་ནང་སྲིད་ལས་ཁུངས་ནས་སྐྱོབ་གསོ་གནང་དགོས་དོན་དང༌། རྗེས་སུ་གནང་མི་དགོས་པའི་རྒྱུ་མཚན་གང་རེད། ཨི་ཛི་རལ་གྱི་འཚུད་རྒྱུགས་དེ་ས་གནས་མིས་འགྲེལ་བརྗོད་གནང་བ་ལྟར་ན། དྲང་པོ་མ་བྱུང་བའི་གནས་སྟངས་གསུང་གི་འདུག སོང་ཙང་དེ་ཐོག་ལ་ཞིབ་ཕྲའི་གསལ་བཤད་གནང་བ་ཞུ།
དེ་ནས་གཞན་ཞིག་ལ་ས་གནས་གཞིས་མི་བློ་བཟང་གིས་ས་གནས་འགོ་འཛིན་དང་འཁྲུག་འཛིང་བརྒྱབ་པའི་གནས་སྟངས་དེ་དོ་བདག་ར་བཟི་ཡོད་མེད་ལ་མ་ལྟོས་པར་བྱེད་སྟངས་དེ་ཡག་པོ་ཞིག་ལ་ངོས་འཛིན་ཞུ་ཡི་མེད། ཡིན་ནའང་དཔལ་འབྱོར་གྱི་གནས་སྟངས་སྐྱོ་པོ་ཡིན་པའི་ཐོག་ས་གནས་འགོ་འཛིན་ལ་གནས་སྟངས་དེ་བཤད་ས་མེད་པ་ཞིག་རེད་འདུག དེ་ཞུ་དགོས་དོན་གང་ཡིན་ཟེར་ན། ཆེད་དུ་གནད་དོན་དེའི་སྐོར་ལ་ས་གནས་ལ་གནས་ཚུལ་ཞིབ་འཇུག་བྱེད་དུ་བསྐྱོད་པའི་སྐབས་སུ་ས་གནས་འགོ་འཛིན་ལ་དྲིས་པའི་ལན་དུ། སྤྱིར་བཏང་འདིའི་སྐོར་ངས་བཤད་ཀྱི་ཡིན། ཡིན་ཡང་ཁོའི་ནོར་འཁྲུལ་ནི་དཀའ་ངལ་འཕྲད་དུས་ས་གནས་ཀྱི་བརྒྱ་དཔོན་དང་ས་གནས་འཐུས་ཚོགས་ལ་ཞུ་དགོས་རེད་མ་གཏོགས་ང་ལ་ཞུས་པ་དེ་འགྲིགས་ཡོད་མ་རེད་ཅེས་བཤད་ཡོད་རེད། དེ་ར་སྤྲོད་གསལ་པོ་རེད། ས་གནས་འགོ་འཛིན་དེ་ས་གནས་མང་ཚོགས་ཀྱི་བདེ་སྡུག་ཞུ་ཡུལ་མ་ཡིན་ན་གང་ཞུ་ས་རེད། དེ་ཞེ་དྲག་བློ་ཕམ་ཡོད། ས་གནས་མང་ཚོགས་ནས་ས་གནས་འགོ་འཛིན་ལ་བདེ་སྡུག་ཞུ་ཆོག་གི་མེད་ན་སུ་ལ་ཞུ་དགོས་རེད། དོ་བདག་བློ་བཟང་ལ་དཀའ་ངལ་འཕྲད་སྐབས་འགོ་འཛིན་ལ་ཞུ་དགོས་རེད་མ་གཏོགས་མང་པོ་ཞིག་ལ་བསྐོར་ཏེ་ཞུ་དགོས་པའི་ངོས་འཛིན་གྱི་མེད། སོང་ཙང་དེའི་གནས་སྟངས་གང་འདྲ་རེད།
དེ་ནས་ཞུ་རྒྱུ་གཞན་ཞིག་ལ། མཐའ་མ་བློ་བཟང་ལ་ཧིན་སྒོར་ཆིག་ཁྲི་བརྒྱད་སྟོང་གིས་ཆད་པ་བཅད་པ་རེད། ས་གནས་གཞིས་མི་སྐྱོ་པོ་ཞིག་ལ་མཚོན་ན། ཆིག་ཁྲི་བརྒྱད་སྟོང་གི་གནས་བབ་ཅི་འདྲ་རེད། ཕྱོགས་གཅིག་དེ་དང་ཕྱོགས་གཞན་ཞིག་ནས་བལྟས་ན་རྒྱ་གར་ལྷོ་ཕྱོགས་གཞིས་ཆགས་ཁག་ནང་ལ་ས་གནས་འགོ་འཛིན་ལ་འཁྲུག་པ་རྒྱབ་པའི་དོན་རྐྱེན་འདི་འདྲ་བ་བྱུང་མྱོང་བ་རེད་དམ་མ་རེད། ངས་ཤེས་ཚུལ་ལ་བྱུང་ཡོད་པར་སྙམ། ཡིན་ནའང་དེ་དང་དེ་ཚོ་ལ་ཉེས་ཆད་ག་ཚོད་བཏང་བ་རེད། ད་ལན་ཉམ་ཐག་དང་སྐྱོ་པོ་ཞིག་ལ་ཐུག་དུས་དམིགས་བསལ་སྟག་ནང་བཞིན་ངར་དགོས་པའི་རྒྱུ་མཚན་གང་རེད། དེ་དྲང་པོ་རེད་དམ་མ་རེད་ཞུ་འདོད་བྱུང༌། དོ་བདག་དང་ནང་མི་སྤུན་གྲོགས་མང་པོས་ཡིག་ངག་གཉིས་ཐོག་འཛིན་སྐྱོང་ལ་ཞུ་བ་འཐེན་པ་རེད་ཅེས་གསུངས་པ་དེ་བདེན་པ་རེད། གང་རེད་ཟེར་ན། དོ་བདག་བློ་བཟང་རྒྱ་གར་གཞུང་ལ་ཁྲིམས་གཏུགས་བྱས་ནས་ཉིན་ཞེ་ལྔ་བཙོན་ཁང་དུ་བསྡད་པ་རེད། དེའི་ཁར་ཉེས་བརྡུང་དཔག་ཏུ་མེད་པ་རག་པ་རེད། དེ་ཡང་རྒྱུ་མཚན་དང་འགྲེལ་བཤད་མང་པོ་བརྒྱབ་ཀྱི་ཡོད་རེད། ས་གནས་ཀྱི་གནད་ཡོད་མི་སྣས་དེའི་ཐོག་ལ་སྙན་སེང་ཞུ་མཁན་བྱུང་དང་མ་བྱུང༌། བྱུང་ཡོད་ཚེ་དེ་དག་གི་ནང་གང་འཁོད་འདུག དེ་བཞིན་ཉེ་བའི་ཆར་ཕྱི་ཟླ་གསུམ་པའི་ཕྱི་ཚེས ༣ ཉིན་མོར་དོ་བདག་བློ་བཟང་གིས་དཔལ་འབྱོར་གྱི་གནས་སྟངས་དང༌། ད་ལོའི་བྱུང་རྐྱེན་མང་པོ་ཞིག་ལ་བརྟེན་ནས་དུག་འཐུང་བའི་སྐབས་དེར་ས་གནས་གཞིས་མིས་ཤེས་རྟོགས་བྱུང་ནས་འཕྲལ་དུ་སྨན་ཁང་ནང་བསྐྱལ་ཐུབ་ནས་སྲོག་མ་ཤོར་ཙམ་ཞིག་བྱུང་བ་རེད། ཡིན་ནའང་གནས་སྟངས་ཛ་དྲག་བྱུང་ཡོད་རེད། ཡུལ་མི་ཉམ་ཆུང༌། ཉམ་ཐག་དེ་ཚོར་གཞུང་ངོས་ནས་གཟིགས་རྟོག་གང་འདྲ་གནང་གི་ཡོད་རེད། སྒེར་ངོས་ནས་བཤད་ན། མི་དེ་མཐོང་མ་མྱོང་ལ་འབྲེལ་བའང་མེད། ཡིན་ནའང་སྤྱི་འཐུས་ཞིག་ཡིན་པའི་ཆ་ནས་གནས་སྟངས་དེ་ཚོ་ཛ་དྲག་ལ་ངོས་འཛིན་བྱེད་ཀྱི་ཡོད། དོ་བདག་བློ་བཟང་ལ་སྒོར་མོ་ཆིག་ཁྲི་བརྒྱད་སྟོང་གི་ཆད་པ་ཐག་གཅོད་བྱས་པ་དེ་རྩ་བ་ནས་དྲང་བདེན་མཐོང་གི་མེད། དེའི་ཐོག་ལ་གསལ་བཤད་དགོས་ཀྱི་འདུག
དེ་ནས་དོ་བདག་གི་ནང་མི་སྤུན་གྲོགས་གསུངས་པ་དེ་གོང་དུ་ཞུས་པ་བཞིན་བདེན་པ་རེད་ཀྱང༌། མ་བྱས་ཀ་མེད་གཅིག་ཀྱང་རེད་བསམ་གྱི་ཡོད། གལ་ཏེ་ད་དུང་ལུས་ཚེ་བཙོན་ཁང་ནང་གནས་སྟངས་གང་འདྲ་ཞིག་སྐྱེལ་མིན་དེ་བཤད་མ་ཐུབ་པ་ཞིག་རེད། ད་ལྟའི་སྐབས་ཁ་ཤས་ཀྱིས་རིག་འཚོ་མ་ཟིན་པ་ཞིག་ཆགས་འདུག་ཟེར་གྱི་འདུག གོང་དུ་བཤད་པའི་སྐད་ཆ་དེ་ཚོ་ཆེད་དུ་ས་གནས་སུ་ཞིབ་འཇུག་བྱེད་མཁན་བཏང་བ་དང་ས་གནས་ཀྱི་གནད་ཡོད་མི་སྣ་དང་ཆེད་དུ་ཞིབ་འཇུག་དང་འདྲི་རྩད་བྱས་ཏེ་ཞུས་པ་ཡིན་མ་གཏོགས་སྲང་ལམ་གྱི་སྐད་ཆ་མིན། སོང་ཙང་འཛིན་སྐྱོང་བཀའ་ཤག་ངོས་ནས་དེའི་སྐོར་གསལ་བཤད་དང་དོ་བདག་བློ་བཟང་དཔལ་འབྱོར་ཞན་པོ་ཞིག་དང་གནས་སྟངས་སྐྱོ་པོའི་སྒང་ལ་ཡོད་པ་ངོས་འཛིན་བྱེད་ཀྱི་ཡོད་དམ་མེད། ངས་གོང་དུ་ཞུས་པའི་འཕྲོས་དོན་དྲི་བ་དེ་ཚོ་བསྟར་ཆགས་དང་གོ་རིམ་ལྡན་པ་བྱུང་མ་སོང་ཡང༌། ཁ་སང་ཁ་ཤས་ཀྱིས་བཤད་པ་བཞིན་ཞུ་མཁན་གྱིས་ཞུ་མ་ཤེས་ཀྱང་གསན་མཁན་གྱིས་ཡག་པོ་གསན་ནས་བཀའ་ལན་གནང་རོགས།

བཀའ་ལན།
བཀུར་འོས་སྤྱི་འཐུས་ཀྱིས་གསུངས་པ་མང་ཆེ་བ་གསལ་བཤད་མ་གཏོགས་འཕྲོས་དོན་དྲི་བ་འདི་འདྲ་བྱུང་སོང་བསམས་ནས་ངོས་ཟིན་ཐུབ་པ་ཉུང་ཉུང་མ་གཏོགས་བྱུང་མ་སོང༌།
དང་པོ་དེ་ལ། འཁྲུག་འཛིང་ཡོང་དགོས་པའི་རྒྱུ་མཚན་གཉིས་མ་གཏོགས་བཀོད་མི་འདུག དེའི་ནང་ལ་ཨ་མ་ལ་སྐྱོབ་གསོ་བཅད་པ་རེད་ཟེར་བ་ཞིག་དང༌། ཉེ་འཁོར་སྦྱོང་བརྡར་ལ་ཕྱིན་པའི་སྐབས་སུ་མི་གཞན་ལ་རག་པ་དེ་ཁོ་རང་ལ་མ་རག་པ་རེད། དེ་གཉིས་འཁོད་མི་འདུག་གསུངས་ཐད། དངོས་སུ་འཁྲུག་འཛིང་བྱུང་བའི་སྐབས་སུ་ས་གནས་འགོ་འཛིན་མདུན་ལ་ཁོས་གང་བཤད་པ་དེ་དོན་ཚན་གཙོ་བོ་གཉིས་དེ་རེད། དོན་ཚན་དེ་གཉིས་འཁྲུག་འཛིང་རྗེས་སུ་རིམ་པས་བཤད་པའི་དོན་ཚན་རེད་མ་གཏོགས། སྐབས་དེ་དུས་ས་གནས་འགོ་འཛིན་མདུན་ལ་ཁོས་གསོད་དགོས་པའི་རྒྱུ་མཚན་གང་ཡང་བཤད་མི་འདུག
ཨ་མ་ཉམ་ཐག་ལ་ ༢༠༠༤ ནས་ ༢༠༠༦ བར་ལ་འཚོ་སྣོན་གནང་འདུག ༢༠༠༦ ལོར་ཉམ་ཐག་བསྐྱར་ཞིབ་བྱེད་པའི་སྐབས་སུ་ས་གནས་ཉམ་ཐག་བསྐྱར་ཞིབ་ཚོགས་ཆུང་གིས་འགེངས་ཤོག་ཆ་ཚང་བ་མ་བཀང་ནས་བཏང་བ་ཡིན་ཙང་དབུས་ཉམ་ཐག་ཞིབ་འཇུག་ཚོགས་ཆུང་གིས་སྐབས་དེར་ས་གནས་ཉམ་ཐག་ཚོགས་ཆུང་ལ་བསྐྱར་དུ་ཞུས་ནས། ངའི་མིང་ཐོ་ཡོད། གང་བྱས་ཏེ་མ་བྱུང་བ་རེད་ཅེས་ཞུ་དགོས་པ་ལས་ས་གནས་འགོ་འཛིན་ལ་གྲི་བརྒྱབས་ནས་སྐྱོབ་གསོ་བསྐྱར་དུ་བཟོ་ཐུབ་པ་ཞིག་མེད་པ་རེད། དེའི་རྗེས་སུ་ས་གནས་ཉམ་ཐག་ཚོགས་ཆུང་བརྒྱུད་ནས་ཁོ་རང་གིས་འགེངས་ཤོག་བསྐྱར་དུ་བཀང་བ་དང་གནས་ཚུལ་གསལ་བཤད་བསྐྱར་དུ་བྱས་པ་དེ་འདྲ་བྱུང་མི་འདུག དབུས་དང་ས་གནས་ཉམ་ཐག་ཚོགས་ཆུང་གཉིས་ཀས་འགྲེལ་བརྗོད་གསལ་པོ་མ་བྱས་པ་མ་གཏོགས་འགྲེལ་བརྗོད་རེ་ཟུང་ཡོད་ས་རེད། དེ་སོང་ཙང་འགེངས་ཤོག་དེ་ས་གནས་ཉམ་ཐག་ཚོགས་ཆུང་གིས་རྒྱབ་གཉེར་མ་བྱས་པའི་རྒྱབ་ལྗོངས་ཤིག་ཡོད་པའི་གནས་ཚུལ་ཆགས་ཀྱི་འདུག
ཉེ་འཁོར་སྦྱོང་བརྡར་ཕྱིན་པའི་སྐབས་སུ་ལྡུམ་རྭར་ཆུ་རྒྱག་བྱེད་འགྱིག་གིས་བཟོས་པའི་ཆུ་སྣོད་ཐུང་ཐུང་སྤྲད་ཡོད་ཚུལ་འདུག དེ་འདྲ་གཅིག་ཁོ་རང་ལ་མ་རག་པ་དེ་དངོས་ཡོད་ཀྱི་གནས་ཚུལ་རེད་ཟེར་གྱི་འདུག ཆེད་དུ་གཉེར་ནས་བཅད་པ་ཡིན་འགྲོ་ཡང་ན་ཆད་པ་ཡིན་འགྲོ། གང་ལྟར་དེ་རིན་ཐང་ཡོད་པའི་ཅ་ལག་གཅིག་རེད་མི་འདུག དེ་གཉིས་པོ་དེ་རྗེས་མ་གནས་ཚུལ་ཞིབ་ཚགས་པོ་བཤད་པའི་སྐབས་སུ་ཐོན་པ་ཞིག་མ་གཏོགས་དངོས་སུ་འཁྲུག་འཛིང་བྱེད་པའི་སྐབས་སུ་སྦྱངས་བཤད་བྱས་མི་འདུག་ཞུ་རྒྱུ་ཡིན།
ས་གནས་འགོ་འཛིན་ལ་བདེ་སྡུག་ཞུ་ཆོག་གི་མ་རེད། དེ་གྲོས་ཚོགས་ལ་ཞུ་དགོས་རེད་གསུངས་པ་བཀའ་གནང་བ་དེ་ང་ཚོས་ཚོད་དཔག་ཐིག་གི་མི་འདུག དོ་བདག་གིས་ས་གནས་འགོ་འཛིན་གྱིས་དྲང་པོ་མ་བྱུང་བའི་གནས་ཚུལ་ཞིག་ཞུ་དགོས་ཚེ་ས་གནས་འགོ་འཛིན་ལ་ཞུ་རྒྱུ་ཡོད་མ་རེད། ས་གནས་གྲོས་ཚོགས་ལ་ཞུས་ནའང་རེད། བཀའ་ཤག་ལ་ཞུས་ནའང་རེད། དབུས་སྤྱི་འཐུས་གྲོས་ཚོགས་ལ་ཞུས་ནའང་རེད། ཞུ་དགོས་པ་རེད་མ་གཏོགས། ཁྱེད་རང་དྲང་པོ་བྱས་མ་བྱུང་ཟེར་ནས་དྲང་པོ་མ་བྱེད་མཁན་རང་ལ་ཞུ་བ་ཡིན་ན་ཏག་ཏག་བསྡད་ཡོད་མ་རེད་ལ། ཞུ་ས་དེ་གཞན་པ་རེད་བསམ་པ་ང་ཚོས་དྲན་གྱི་ཡོད། ཡིན་ནའང་ས་གནས་འགོ་འཛིན་གྱིས་གནས་སྐབས་གང་འདྲ་ཞིག་ལ་ལན་གང་འདྲ་ཞིག་བརྒྱབས་ཡོད་པ་དེ་ང་ཚོས་ཆ་ཚང་མ་ཤེས་པ་ཡིན་ཙང་ཞུ་ཐུབ་ཀྱི་མི་འདུག
དྲི་བ་གཉིས་པ། འབྲེལ་ཡོད་དོ་བདག་དེ་དཔལ་འབྱོར་ཐ་ཞན་ཡིན་པ་ཤེས་ཀྱི་ཡོད་དམ་ཞེས་བཀའ་འདྲི་གནང་སོང༌། དཔལ་འབྱོར་ཐ་ཞན་ཡིན་པའི་གནས་སྟངས་དེ་གསལ་པོ་ཞེ་དྲགས་ཡོད་ཚེ་ཨ་མ་ལགས་དེ་ཉམ་ཐག་བསྐྱར་ཞིབ་བྱེད་པའི་སྐབས་སུ་ཚུད་དགོས་པ་རེད་ཀྱང༌། མ་ཚུད་པ་དེར་རྒྱབ་ལྗོངས་གང་ཡོད་པ་གསལ་པོ་མ་བཟོས་པ་མ་གཏོགས་བཤད་རྒྱུ་ཞིག་ཡོད་པ་རེད། གང་ལྟར་དཔལ་འབྱོར་སྐྱོ་པོ་ཡིན་ནའང༌། ས་གནས་འགོ་འཛིན་ལ་གྲི་བརྒྱབ་རྒྱུའི་ཐོབ་ཐང་དེ་དཔལ་འབྱོར་སྐྱོ་པོ་ཡིན་པའི་རྒྱུ་མཚན་གྱིས་རག་པ་མ་རེད།
ཉེས་པ་ཆིག་ཁྲི་བརྒྱད་སྟོང་བཏང་བ་དེ་ཧ་ཅང་གིས་མ་དྲང་བ་བྱུང་བ་རེད་ལ། དྲང་དང་མི་དྲང་ཐོག་འཛིན་སྐྱོང་གིས་ངོས་འཛིན་གང་བྱེད་ཀྱི་ཡོད་ཅེས་བཀའ་གནང་སོང༌། གལ་སྲིད་ནང་འགྲིགས་བྱས་ཏེ་ཁྲིམས་ཐོག་ནས་འཐེན་དགོས་པ་ཡིན་ན་ཉེས་པ་དེ་འདྲ་ཞིག་གཏང་དགོས་རེད་བསམས་པ་དེ་འཛིན་སྐྱོང་གིས་ཐག་གཅོད་བྱས་པའི་གནས་སྟངས་ཤིག་རེད། ས་གནས་ཞིབ་འཇུག་བྱེད་པར་འགྲོ་དུས་ནས་ལམ་སྟོན་ཡོད་པ་ཞིག་རེད། དེའི་རྒྱུ་མཚན་གང་རེད་ཟེར་ན། གནས་ཚུལ་ཚབས་ཆེན་པོ་རེད། ཕྱོགས་གཞན་ཞིག་ནས་ཁ་མཆུ་ཕྱིར་འཐེན་བྱས་པ་ཡིན་ན་ཉེས་པ་ཆད་པ་གང་འདྲ་ཞིག་གཏང་བ་ཡིན་ནའང་སྒྲུབ་ཀྱི་ཡིན་ཞེས་ཡིག་ངག་གཉིས་ཐོག་ནས་ཞུས་ཡིན་པ་སོང་ཙང༌། ཉེས་པ་ཆད་པ་ཆེན་པོ་བཏང་ན་ང་ཚོའི་སྒྲུབ་ཐུབ་ས་མ་རེད་ཅེས་ཞུ་ཡི་ཡོད་མ་རེད། ཉེས་ཆད་གང་འདྲ་ཞིག་བཏང་ནའང་ཅི་གསུང་བཀའ་སྒྲུབ་ཞུ་རྒྱུ་ཡིན་ཞེས་ཡིག་ངག་གཉིས་ཐོག་ནས་ཡོད་པ་ཡིན་ཙང༌། ཆིག་ཁྲི་བརྒྱད་སྟོང་དེ་ཉེས་པ་དང་འཚམས་པའི་མ་འོངས་པར་གནས་ཚུལ་འདི་རིགས་མི་ཡོང་བའི་སླད་དུ་ཏག་ཏག་བྱུང་ཡོད་རེད་བསམ་གྱི་ཡོད། དེ་མ་དྲང་བ་ཆེན་པོ་བྱུང་ཡོད་མ་རེད་བསམ་གྱི་ཡོད། དཔལ་འབྱོར་གནས་སྟངས་ཐ་ཞན་ཡིན་པའི་དབང་གིས་ཉེས་པ་དེ་སྒྲུབ་ཀྱི་མེད་པ་ཡིན་ན་བསྒྲུབ་ཐུབ་ཀྱི་མེད་པའི་རྒྱུ་མཚན་ཞུ་ས་ཡོད་རེད། དཔྱ་ཁྲལ་ཡིན་ཡང་ཆག་ཡང་ཞུ་རྒྱུ་ཡོད་རེད། སོང་ཙང་ཉེས་པ་ལ་དེ་བས་ཀྱང་ཆག་ཡང་ཞུ་རྒྱུ་མེད་པ་ཞིག་ལ་ང་ཚོས་མཐོང་གི་མེད།
ས་གནས་ནས་འདིའི་སྐོར་ལ་དྲང་པོ་བྱུང་མ་སོང་ཞུ་མཁན་བྱུང་སོང་ངམ་ཞེས་བཀའ་འདྲི་གནང་སོང༌། ས་གནས་ནས་འདི་སྐོར་ལ་ཞུ་མཁན་བྱུང་མ་སོང༌། ས་གནས་འཐུས་ཚོགས་ཀྱིས་ཁ་མཆུ་ནང་འགྲིགས་གནང་བར་རྗེས་སུ་ཡི་རངས་དང་བསྔགས་བརྗོད་ཡོད་ཅེས་ཕྱག་བྲིས་གནང་འདུག ཡིན་ནའང་ཁོ་རང་ལ་སྐྱེ་ལྡན་སོ་ནམ་གུན་གསབ་གནང་ཐུབ་པ་ཡིན་ན་ཡག་པོ་ཡོང་ས་རེད། ཁོ་དཔལ་འབྱོར་སྐྱོ་པོ་འདུག སྤྱིར་བཏང་ཉེས་པ་བཅད་སྟངས་འགྲིགས་འདུག ས་གནས་འཐུས་མི་ཚོགས་འདུའི་ཕྱག་བྲིས་ནང་འདི་འདུག་མ་གཏོགས། ང་ཚོ་ལ་ཡིག་ངག་གཉིས་ཐོག་ནས་བཅད་ཁྲ་དེ་དྲང་པོ་བྱུང་མ་སོང་བཀའ་གནང་མཁན་བྱུང་མ་སོང་ཞུ་རྒྱུ་ཡིན།
ཉེ་ཆར་ཕྱི་ཟླ་གསུམ་པའི་ནང་རང་ཤི་བརྒྱབ་པའི་ཐབས་ཤེས་བྱས་པའི་གནས་སྟངས་དེ་ང་ཚོས་གོ་ཐོས་བྱུང་སོང༌། གོ་ཐོས་བྱུང་བ་ཙམ་མ་ཟད་དེ་ཚོ་ལ་ལྟ་རྟོག་གང་དགོས་ཀྱང་བྱེད་དགོས་ཀྱི་རེད་ཅེས་ལམ་སྟོན་ཞུས་ཡོད་བརྗོད་རྒྱུ་ཡིན།

སྤྱི་འཐུས་ཀརྨ་ཤེས་རབ་མཐར་ཕྱིན་ལགས་ནས།
བཀའ་འདྲི་དང་པོ་ཞུ་རྒྱུར། འཁྲུག་འཛིང་བྱེད་མཁན་གྱི་གཞིས་མི་དེ་ཐོག་མར་སྐྱེ་ལྡན་སོ་ནམ་འདེབས་ལས་ཀྱི་ལས་གཞིའི་ཁོངས་ལ་འཛུལ་ནས་ལོ་གཉིས་པར་འགྱུར་བ་ཕྱིན་པ་རེད། འགྱུར་བ་ཕྱིན་པ་དེ་རང་སྣང་གང་ཤར་བྱས་ཏེ་འགྱུར་བ་ཕྱིན་པ་རེད་དམ། ཡང་ན་དཀའ་ངལ་ཞིག་འཕྲད་ནས་འགྱུར་བ་ཕྱིན་པ་རེད།
བཀའ་འདྲི་གཉིས་པ་ཞུ་རྒྱུར། ཨི་ཛི་རལ་གླ་ཡོད་ལས་གཞིའི་ཁོངས་སུ་འགྲོ་བསྐྱོད་ཆེད་དུ་མགྲོན་བདག་གི་དགོས་འདུན་བཏོན་པའི་ཆ་རྐྱེན་སོ་སོས་མ་ཚང་བའི་རྒྱུ་མཚན་ལ་བརྟེན་ནས་ས་གནས་འགོ་འཛིན་གསོད་རྒྱུའི་སྦྱོར་ངན་བརྩམས་པ་དེ་དོ་བདག་སོ་སོའི་ཆ་རྐྱེན་མ་ཚང་བའི་རྒྱུ་མཚན་ཙམ་ལ་བརྟེན་ནས་བྱས་པ་རེད་དམ། ཡང་ན་ས་གནས་འགོ་འཛིན་གསོད་རྒྱུའི་ངན་སྦྱོར་བརྩམས་པ་དེ་གོང་དུ་ཞུས་པའི་རྒྱུ་མཚན་ཙམ་མིན་པར་རྒྱུ་མཚན་གཞན་ཞིག་ཡོད་པ་མ་རེད་དམ།
བཀའ་འདྲི་གསུམ་པ་ཞུ་རྒྱུར། གནས་ཚུལ་དེ་འདྲ་བྱུང་ཟིན་པའི་རྗེས་ལ་ཐོག་མར་དོ་བདག་ནང་མི་སྤུན་མཆེད་དང་བཅས་པས་ནང་འགྲིགས་གནང་རོགས་ཞེས་ཞུས་ནས་ཐག་གཅོད་གནང་བ་རེད། ཡིན་ཡང་མཐའ་མ་ས་གནས་མང་ཚོགས་འདོད་བབས་མ་བྱུང་བའི་རྒྱུ་མཚན་གང་དུ་ཐུག་ཡོད་དམ།

བཀའ་ལན།
འཕྲོས་དོན་དྲི་བ་དང་པོ། སྐྱེ་ལྡན་སོ་ནམ་ནས་རྫས་སྦྱོར་གྱི་སོ་ནམ་ལ་ལོག་པ་དེ་རང་སྣང་གང་ཤར་བྱས་པ་རེད་དམ། ཡང་ན་དཀའ་ངལ་ཞིག་འཕྲད་པ་རེད་གསུངས་ཐད། དཀའ་ངལ་དེ་བཤད་ཡོད་ཀྱི་རེད་བསམ་གྱི་འདུག ཡིན་ནའང་སྐྱེ་ལྡན་སོ་ནམ་ལ་འགྲོ་སྐབས་མུ་མཐུད་ནས་འགྲོ་རྒྱུའི་དང་བླང་བྱས་པ་རེད། དེ་སོང་ཙང་ལོ་དང་པོ་གཉིས་པ་དེ་ཚོ་ལ་གྱོང་ཞིག་ཆགས་ཀྱི་ཡོད་པ་དེ་ལ་གུན་གསབ་ཅིག་བཙན་བྱོལ་གཞུང་གིས་གནང་གི་ཡོད་རེད། ལོ་དང་པོ་སྐྱེ་ལྡན་སོ་ནམ་བྱས་ཏེ་ལོ་གཉིས་པ་དེ་བཙན་བྱོལ་གཞུང་གི་འབྲེལ་ཡོད་ཀྱི་བཀའ་འཁྲོལ་མེད་པར་རང་ཐག་རང་བཅད་ཀྱིས་རྫས་སྦྱོར་སོ་ནམ་ལ་ཕྱིན་པ་ཡིན་ཙང༌། ལོ་དང་པོ་དེ་རྩིས་མེད་གཏང་གི་ཡིན་ཞུས་པ་རེད་ལ། ལོ་དང་པོའི་གུན་གསབ་དེ་སྤྲད་དགོས་པའི་རྒྱུ་མཚན་གང་ཡང་མཐོང་གི་ཡོད་མ་རེད། གུན་གསབ་སྤྲད་པ་དེ་ལས་གཞི་མུ་མཐུད་ཐུབ་པའི་ཆེད་དུ་རེད། ལོག་པ་དེ་རང་འདོད་ཀྱིས་ལོག་པ་རང་རེད། རྒྱུ་མཚན་གང་ཡོད་མེད་ང་ཚོས་ཤེས་ཀྱི་ཡོད་མ་རེད། དེའི་དབང་གིས་གུན་གསབ་སྤྲད་མ་ཐུབ་པ་རེད།
ཨི་ཛི་རལ་ལ་འགྲོ་རྒྱུའི་ཆ་རྐྱེན་མ་ཚང་བའི་རྒྱུ་མཚན་ཙམ་ལ་བརྟེན་ནས་ས་གནས་འགོ་འཛིན་གསོད་ཀྱི་ཡིན་ལབ་ཀྱི་ཡོད་རེད་དམ། ཡང་ན་དེ་མིན་རྒྱུ་མཚན་ཡོད་རེད་དམ་གསུངས་ཐད། དེ་གོང་དུ་ཞུས་པ་ལྟར་རེད། འཁྲུང་འཛིང་རྒྱག་པའི་སྐབས་སུ་ཤུགས་ཆེན་པོས་ལབ་པ་དེ་གུན་གསབ་མ་སྤྲད་པ་དང་ཨི་ཛི་རལ་ལ་མ་བཏང་བ་དེ་གཉིས་པོ་རྒྱུ་མཚན་བཀོད་ཀྱི་ཡོད་རེད། གུན་གསབ་མ་སྤྲད་པ་དེ་རྒྱུ་མཚན་གཅིག་ལ་བགྲང་གི་ཡོད་རེད། ཨི་ཛི་རལ་ལ་མ་བཏང་བ་དེ་རྒྱུ་མཚན་གཅིག་ལ་བགྲང་གི་ཡོད་རེད། རྗེས་སུ་བཤད་པ་ལ་སྐྱོབ་གསོ་བཅད་པ་དང་ཉེ་འཁོར་སྦྱོང་བརྡར་འགྲོ་དུས་འགྱིག་སྣོད་ཅིག་མ་སྤྲད་པའི་རྒྱུ་མཚན་བགྲང་གི་ཡོད་རེད།
ཐག་གཅོད་བྱུང་ཟིན་པའི་རྗེས་ལ་མང་ཚོགས་འདོད་པ་མ་ཁེངས་པའི་གནས་ཚུལ་ཞུ་མཁན་བྱུང་སོང་ངམ་ཞེས་བཀའ་གནང་སོང༌། ངས་གོང་དུ་ཞུས་པ་བཞིན་རེད། མང་ཚོགས་འདོད་པ་མ་ཁེངས་པ་བྱུང་ཡོད་པ་དེ་ང་ཚོའི་བརྒྱུད་ལམ་གཞན་ནས་གོ་བ་མ་གཏོགས་ཐག་གཅོད་གནང་མཁན་དང༌། ནང་སྲིད་ལས་ཁུངས། ས་གནས་འགོ་འཛིན། བཀའ་ཤག་སུ་ལའང་དེ་ཐག་གཅོད་བྱེད་སྟངས་འགྲིགས་མི་འདུག་ཅེས་ད་ལྟ་སྙན་ཞུ་འབུལ་མཁན་བྱུང་མ་སོང༌།

སྤྱི་འཐུས་སྨོན་ལམ་མཐར་ཕྱིན་ལགས་ནས།
དང་པོ། དྲིས་ལན་ནང་དུ་རྒྱུ་མཚན་བགྲང་བའི་ནང་ཚན་ཆང་འཐུང་ར་བཟི་བྱས་ནས་ས་གནས་འགོ་འཛིན་གསོད་རྒྱུའི་སྦྱོར་ངན་བཤམས་པ་རེད་ཅེས་བྲིས་འདུག དེ་ཡིན་དུས་གལ་སྲིད་ཁོ་ཆང་འཐུང་ར་བཟི་བྱས་ཡོད་ན་མཇུག་ཏུ་ཆད་པ་བཅད་པ་དེ་ཏག་ཏག་བསྡད་ཀྱི་ཡོད་དམ་མེད། ནམ་རྒྱུན་ཁྲིམས་ཀྱི་ཐོག་ནས་ཁྲིམས་གཅོད་སྐབས། ར་བཟི་ཡོད་མེད་དང༌། རིག་འཚོ་ཟིན་མིན། ཤེས་པ་རྣལ་དུ་གནས་མིན་སོགས་ལ་ཞིབ་འཇུག་བྱེད་ཀྱི་ཡོད་རེད། དེ་ཡིན་དུས་དེ་ཏག་ཏག་བསྡད་ཡོད་རེད་དམ་མ་རེད།
གཉིས་པ། གོང་དུ་འཕྲོས་དོན་དྲི་བ་ཐོག་མ་ཞུ་མཁན་གྱིས་གསུངས་པ་ལྟར་ས་གནས་འགོ་འཛིན་གྱིས་དོ་བདག་ལ་རྡུང་རྡེག་ཚད་མེད་པ་བཏང་པ་རེད་ཅེས་གོ་རྒྱུ་འདུག དེ་མཁྱེན་རྟོགས་ཡོད་ཀྱི་རེད། ཁྲིམས་ཐོག་ནས་ཆད་པ་བཅད་པ་སྒོར་མོ་ཆིག་ཁྲི་བརྒྱད་སྟོང་ལ་ང་ལ་བསམ་ཚུལ་གང་ཡང་མེད། ས་གནས་འགོ་འཛིན་ལ་གྲི་གཅིག་བསྣུན་དུས་ཆད་པ་ཞིག་བཅད་དགོས་ཀྱི་ཡོད་རེད། དེ་འཚམས་པ་ཡིན་གསུངས་པ་རེད། ཡིག་ངག་གཉིས་ཐོག་ནས་དང་ལེན་དང་པོ་ནས་ཞུས་སོང་གསུངས་དུས་ཞུ་རྒྱུ་གང་ཡང་མེད། ཡིན་ནའང་ས་གནས་འགོ་འཛིན་གྱིས་ཁོ་རྡུང་བ་དེ་ཆ་རྐྱེན་གང་གི་སྒོ་ནས་བརྡུངས་པ་རེད། གལ་སྲིད་དེ་ཁྲིམས་དང་མཐུན་གྱི་མེད་པ་ཡིན་ན། ནང་སྲིད་ལས་ཁུངས་ནས་དེ་དང་མཐུན་པའི་ཉེན་བརྡ་དང་ཆད་པ་སོགས་སྤྲད་ཡོད་རེད་དམ་མ་རེད་ཞུ་རྒྱུ་ཡིན།
གསུམ་པ། རྙོག་ཁྲ་ཆེན་པོ་ཞིག་ལ་འཁྲུག་འཛིང་ཤོར་དགོས་པའི་རྒྱུ་རྐྱེན་དེ་ནང་སྲིད་བཀའ་བློན་མཆོག་གིས་འདིའི་ནང་ལ་བྲིས་ཡོད་རེད། འཕྲོས་དོན་དྲི་བ་འདྲི་མཁན་གྱིས་དེ་འདྲ་སྤྱི་ཚོགས་ནང་གོ་ཡི་འདུག་གསུངས་པ་རེད། དངོས་སུ་འཁྲུག་འཛིང་བྱེད་པའི་སྐབས་སུ་གང་བཤད་པ་དེ་ལ་ཆ་འཛིན་གནང་བ་ཡིན་གསུངས་དུས། གང་བཤད་པ་དེ་ནང་སྲིད་ལས་ཁུངས་ལ་ལན་སྐྱེལ་མཁན་ས་གནས་འགོ་འཛིན་རེད་དམ་ཡང་ན་དཔང་མི་གཞན་ཞིག་རེད། དེའི་སྐོར་ལ་ས་གནས་འགོ་འཛིན་དང་དོ་བདག་དེ་བཞིན་དུ་བར་གྱི་དཔང་མི་དེ་ཚོ་ཚང་མ་ཁ་མཐུན་པའི་ཐོག་ནས་ཐོག་ནས་ནང་སྲིད་ལས་ཁུངས་ཀྱིས་འདིའི་ནང་ཏག་ཏག་བྲིས་ཡོད་རེད་དམ།
བཞི་པ། བཀའ་འདྲི་ཞུ་རྒྱུ་གཞན་ཞིག་ལ། སྐྱོབ་གསོ་དེ་རྙོག་འཛིང་ཆེན་པོ་ཞིག་རེད་འདུག ད་ལྟ་འགྲེལ་བཤད་བསྐྱོན་དུས་ཏག་ཏག་དངོས་གནས་ཁོ་ལ་ཆ་རྐྱེན་གང་ཚང་ཡོད་རེད་ཕྲ་ཞིང་ཕྲ་བ་གསུངས་སོང༌། དངོས་གནས་བྱས་ན་གསལ་པོ་ཆགས་དགོས་པ་རེད། ཡིན་ནའང་ཁོང་ཚོས་སྐྱོབ་གསོ་བཅད་པ་དེར་ཁག་དཀྲི་དུས་སྐྱོབ་གསོ་བཅད་པའི་དུས་ཚོད་དེ་གང་རེད། འཁྲུག་འཛིང་ཤོར་བའི་རྗེས་སུ་བཅད་རེད་དམ། ཡང་ན་ཤོར་ཁ་ནས་བཅད་རེད། དེ་གནད་འགག་ཆེན་པོ་ཞིག་ཐུག་གི་འདུག དེ་གསལ་པོ་ཞིག་གསུང་རྒྱུ་ཡོད་ན་གསུང་རོགས། སྤྱི་ཚོགས་ནང་གསལ་པོ་ཆགས་རྒྱུའི་ཕན་ཐོགས་ཡོད་ས་རེད།
ལྔ་པ། མཐའ་མ་དེར་དོ་བདག་རང་ཤི་བརྒྱབ་རྩིས་བྱས་པ་དེ་མཁྱེན་གྱི་ཡོད་གསུངས་སོང༌། རང་ཤི་བརྒྱབ་རྩིས་བྱེད་དགོས་པའི་རྒྱུ་མཚན་དེ་སྒོར་མོ་ཆིག་ཁྲི་བརྒྱད་སྟོང་དེ་གསབ་ཐུབ་ཀྱི་མེད་ནས་རང་ཤི་བརྒྱབ་རྩིས་བྱས་པ་རེད་དམ། ཡང་ན་རྒྱུ་མཚན་གང་གི་ཐོག་ནས་དེ་འདྲ་བྱས་པ་རེད། རྒྱུ་མཚན་དེ་མཁྱེན་གྱི་ཡོད་དམ་མེད། དེ་གསལ་པོ་གསུངས་རོགས་གནང༌།

བཀའ་ལན།
ར་བཟི་ནས་མི་བསད་པ་ཡིན་ན་ཉེས་པ་ཆུང་དུ་འགྲོ་ཡི་མ་རེད་ཞུ་རྒྱུ་ཡིན། ཤེས་པ་རྣལ་དུ་མ་གནས་ཟེར་བ་དེ་གནས་ཚུལ་ཐ་དད་རེད། ར་བཟི་བ་དེ་གནས་ཚུལ་ཐ་དད་རེད། ར་བཟི་ཡོད་པ་ཡིན་ནའང་གྲི་ལ་སོགས་པའི་ཡོ་བྱད་འཁྱེར་ནས་འགྲོ་ས་དེར་ཏག་ཏག་བསླེབས་པའི་ཐོག་ནས་གསོད་རྒྱུའི་སྦྱོར་བ་བརྩམས་པ་སོང་ཙང༌། དེ་ལ་རང་བཞིན་གྱི་ཁྲིམས་དང་ཡུལ་གྱི་ཁྲིམས་གང་དུ་བལྟས་ཀྱང༌། ཁོ་ར་བཟི་ཡོད་པའི་རྒྱུ་མཚན་གྱིས་ཉེས་པ་དེ་ཆུང་དུ་འགྲོ་ཡི་མ་རེད་ཞུ་རྒྱུ་ཡིན། ས་གནས་འགོ་འཛིན་གྱིས་རྡུང་རྡེག་ཚད་མེད་བྱས་པ་ཞིག་རྩ་བ་ནས་གོ་མ་སོང༌། གྲི་འཁྱེར་ནས་ཡོང་བའི་ཉིན་མོ་དེ་ཕྱོགས་གཉིས་ཀ་ནས་ལག་འཛིངས་ཤོར་བའི་སྐབས་ལ་ཁ་ཕོག་སྣ་ཕོག་ཏན་ཏན་བྱུང་སྲིད་པ་རེད། དེ་མ་ཡིན་པའི་ས་གནས་འགོ་འཛིན་གྱིས་དེ་ཡི་སྔོན་ནས་ཁོ་རང་ལ་བརྡུངས་པའི་གནས་ཚུལ་ང་ཚོས་གོ་མ་མྱོང་ཞུ་བ་ཡིན། གྲི་འཁྱེར་ནས་རྒོལ་མཆོང་བྱེད་པའི་སྐབས་དེར་ཤུགས་ཆེ་ཆུང་དང་གཞུས་མཁས་ལོད་དབང་གིས་ཁོ་རང་ལ་རྡུང་རྡེག་ཐེབས་པ་དེ་ས་གནས་འགོ་འཛིན་གྱིས་ཁྲིམས་འགལ་བྱས་ནས་རྡུང་རྡེག་བྱས་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་མེད།
རྒྱུ་མཚན་གཉིས་པོ་དེ་ས་གནས་འགོ་འཛིན་གྱིས་ལན་བསྐྱལ་བ་རེད་དམ། གཞན་གྱིས་ལན་བསྐྱལ་བ་རེད་ཅེས་གསུངས་ཐད། ང་ཚོར་སྙན་གསན་དེ་ས་གནས་འགོ་འཛིན་གྱིས་ཞུས་པ་རེད། ས་གནས་འགོ་འཛིན་གྱིས་ཞུས་པ་དེར་ཆ་བཞག་པ་མ་གཏོགས་མི་གཞན་ལ་སྐད་ཆ་དྲིས་དགོས་པའི་རྒྱུ་མཚན་མཐོང་ཡོད་མ་རེད། སྐད་ཆ་དྲིས་དགོས་པའི་རྒྱུ་མཚན་མ་མཐོང་བ་གང་རེད་ཟེར་ན། ཡུལ་ཁྲིམས་ལ་གཏུགས་ཟིན་པ་ཡིན་ཙང༌། གནས་ཚུལ་གང་ཡོད་པ་དེ་ཡུལ་ཁྲིམས་ངོས་ནས་ཐག་གཅད་རྒྱུ་ཞིག་རེད་མ་གཏོགས། དེ་ལས་གཞན་པའི་ཞིབ་འཇུག་བྱེད་དགོས་པའི་གནས་སྟངས་ཤིག་མཐོང་ཡོད་མ་རེད།
ནང་འགྲིག་བྱས་པའི་སྐབས་ལ་དོ་བདག་གིས་ནོར་འཁྲུལ་ཁས་ལེན་ནས་ནང་འགྲིག་བྱས་པ་རེད་མ་གཏོགས་དོ་བདག་དང་ས་གནས་འགོ་འཛིན་གཉིས་ཀྱི་བར་ལ་བརྩད་གཅོད་ཞིབ་འཇུག་བྱེད་དགོས་པའི་གནས་སྟངས་ཤིག་ཆགས་ཡོད་མ་རེད། ནོར་འཁྲུལ་ཁས་བླངས་ནས་ཁྲིམས་ཁང་ནས་ཕྱིར་འཐེན་རོགས་ཞུས་པ་ཡིན་ཙང༌། ནོར་འཁྲུལ་ཡོད་པ་གཞིར་བཞག་བྱས་ཏེ་ཉེས་ཆད་དེ་བཏང་བ་རེད།
འཚོ་སྣོན་དེ་ག་དུས་བཅད་པ་རེད་ཅེས་བཀའ་གནང་སོང༌། འཚོ་སྣོན་བྱུང་རྐྱེན་དེ་མ་བྱུང་སྔོན་ནས་བཅད་ཚར་བ་རེད། སོང་ཙང་འཚོ་སྣོན་བཅད་པ་དེ་རྒྱུ་མཚན་ཞིག་ལ་བཀོད་ཀྱི་ཡོད་རེད། ༢༠༠༦ ལོར་ཉམ་ཐག་བསྐྱར་ཞིབ་བྱས་པའི་དུས་ཚོད་དེ་ནས་བཅད་འདུག ༢༠༠༦ གི་ཕྱི་ཟླ་བཞི་པ་དང༌། ལྔ་པ། དྲུག་པ་གསུམ་ལ་ཐོབ་འདུག ༢༠༠༦ གི་ཕྱེད་ཀ་ནས་འཐོབ་རྒྱུ་ཆད་ཡིན་པ་རེད། གང་ལྟར་ཉམ་ཐག་བསྐྱར་ཞིབ་བྱེད་རྒྱུའི་འགེངས་ཤོག་དེ་བཀང་བ་ནས་ཆད་པ་རེད།
ཉེ་ཆར་རང་ཤི་བརྒྱབ་དགོས་པའི་རྒྱུ་མཚན་ཤེས་སོང་ངམ་ཞེས་བཀའ་གནང་སོང༌། རྒྱུ་མཚན་ཤེས་མ་སོང༌། རང་ཤི་བརྒྱབ་པའི་འབད་བརྩོན་བྱས་པ་རེད་ཅེས་གོ་བ་མ་གཏོགས་རྒྱུ་མཚན་ཅི་ཞིག་ཡིན་པ་དེ་ང་ཚོར་ཞུ་རྒྱུ་མེད།

སྤྱི་འཐུས་བསོད་ནམས་སྟོབས་རྒྱས་ལགས་ནས།
གནས་ཚུལ་དེ་བར་ལམ་ཞིག་ནས་སྤྱི་ཚོགས་ནང་ལ་གང་མཚམས་ཁྱབ་སོང༌། དོ་བདག་མི་དེ་ས་གནས་འགོ་འཛིན་གྱི་འཁྲིས་སུ་བདེ་སྡུག་ཞུ་ཆེད་བསྐྱོད་སྐབས། ཁྱོད་སྤྱི་མི་བརྒྱ་དཔོན་བརྒྱུད་ནས་མ་ཡོང་བར་ངའི་འཁྲིས་སུ་ཐད་ཀར་ཡོང་བ་དེ་གང་མིན་ཚད་ཡིན་ཟེར་ནས་ཉེས་བརྡུང་བཏང་བ་རེད་ཅེས་གོ་སོང༌། དེ་དངོས་འབྲེལ་རེད་དམ་མ་རེད། དེ་དངོས་འབྲེལ་ཡིན་ན་ཁོའི་འཁྲིས་སུ་ཁ་ཐུག་བསྐྱོད་མི་ཆོག་པ་སྤྱི་མི་བརྒྱ་དཔོན་བརྒྱུད་དགོས་པའི་རྒྱུ་མཚན་གང་རེད། ྋརྒྱལ་བ་རིན་པོ་ཆེས་དུས་རྒྱུན་དུ་གསུང་གི་རེད། སྤྱི་ཚོགས་སྒང་གི་མི་མང་ཉམ་ཐག་དེ་ཚོར་ལྷག་བཅུག་རྒྱུ་ཡོད་མ་རེད། ཚང་མས་དོ་སྣང་བྱེད་དགོས་རེད་གསུང་གི་ཡོད་རེད། བོད་གཞུང་བཀའ་བློན་ཁྲི་པའི་སར་ཐད་ཀར་བསྐྱོད་ཆོག་པ་ཞིག་ལ་ས་གནས་འགོ་འཛིན་འཁྲིས་སུ་ཐད་ཀར་བསྐྱོད་མི་ཆོག་པ་སྤྱི་མི་བརྒྱ་དཔོན་བརྒྱུད་དགོས་རེད་ཟེར་བ་ཁྲིམས་མཐུན་རེད་དམ་མ་རེད། ཉེས་བརྡུང་ཚད་མེད་བཏང་བ་མ་རེད། ཁོ་རང་གཉིས་འཁྲུག་འཛིང་ཤོར་དུས་ཡིན་གྱི་རེད་གསུངས་སོང༌། དེ་འདྲ་གསུངས་ན་འགྲིགས་ཀྱི་ཨེ་ཡོད། འུ་ཐུག་པའི་མི་དེས་གང་ཡང་བྱེད་སྲིད་པ་ཞིག་རེད། གསད་རེས་གཏང་སྲིད་ཀྱི་རེད། འུ་ཐུག་པ་བཟོ་མཁན་དེ་ས་གནས་འགོ་འཛིན་རེད། ཡིན་ཡང་ས་གནས་འགོ་འཛིན་གྱིས་བཤད་པའི་སྐད་ཆར་ཆ་འཇོག་བྱས་ཡིན་གསུངས་སོང༌། ས་གནས་འགོ་འཛིན་གྱིས་རང་བདེན་ཚུལ་བཤད་ཀྱི་རེད། སོང་ཙང་དེ་བདེན་པ་རྩ་བ་ནས་རེད་མི་འདུག གནས་ཚུལ་དེར་དྲང་བདེན་བྱས་མི་འདུག མ་འོངས་པར་དྲང་པོ་བྱེད་ཀྱི་རེད་དམ་མ་རེད། ས་གནས་འགོ་འཛིན་གཅིག་པུར་སྐད་ཆ་དྲིས་ཏེ། གནས་ཚུལ་རྒྱུ་མཚན་གང་ཡིན་ཞིབ་འཇུག་མ་བྱས་ནས་ནས་སྒོར་མོ་ཆིག་ཁྲི་བརྒྱད་སྟོང་འཇལ་བཅུག་པ་དེ་དྲང་པོ་ཆགས་ཀྱི་རེད་དམ་མ་རེད། རྒྱུ་མཚན་གཅིག་དེ་ཡིན།
དངོས་བདེན་གྱི་ཉམ་ཐག་ཨ་མ་དེར་འཚོ་སྣོན་ཉིས་སྟོང་དྲུག་བར་སྤྲད། སྐབས་དེར་འགེངས་ཤོག་གཙང་མ་བསྐངས་མེད་པས་བཞག་འདུག་གསུངས་སོང༌། འཚོ་སྣོན་དེ་བསྐྱར་དུ་མུ་མཐུད་ནས་སྤྲད་ཀྱི་རེད་དམ་མ་རེད། རྒྱུ་མཚན་གཅིག་དེ་ཡིན།
གཉིས་ཐད་ནས་མི་དེ་རང་ཤི་བརྒྱབ་གྲབས་བྱས་འདུག་གསུངས་སོང༌། རང་ཤི་བརྒྱབ་ཟེར་བ་དེ་ལས་སླ་པོ་མ་རེད། མི་གཅིག་གི་སྲོག་གཅད་ཀྱི་ཡོད་རེད། སྲོག་དེ་རྩ་ཆེན་པོ་རེད་ལ་སྲོག་དེ་འཚོ་ཆེད་དཀའ་ལས་དུ་མ་རྒྱབ་ཀྱི་ཡོད་རེད། ཁོས་རང་སྲོག་གཅོད་དགོས་པ་དེར་ཁོ་ལ་སྡུག་བསྔལ་ཆེན་པོ་ཞིག་ཡོད་རེད། སྡུག་བསྔལ་དེ་འཛིན་སྐྱོང་བཀའ་ཤག་གིས་ཤེས་ཀྱི་རེད་དམ་མ་རེད། ཤེས་ཀྱི་མེད་ཚེ་ཤོས་དགོས་པའི་འབད་བརྩོན་བྱེད་ཀྱི་རེད་དམ་མ་རེད། འུ་ཐུག་པའི་མི་དེས་བདེ་སྡུག་ཞུ་ཡུལ་མེད་པ་དེ་དངོས་ཡོད་གནས་ཚུལ་རེད་ཟེར་གྱི་འདུག དཔོན་ངན་རིང་ལུགས་ཀྱི་ས་གནས་འགོ་འཛིན་དེ་མུ་མཐུད་དུ་བསྡད་ན་རྒྱ་ཆེའི་མང་ཚོགས་ཀྱི་བསམ་ཚུལ་གང་ཆགས་ཀྱི་རེད། བོད་གཞུང་ལ་སེམས་ཤུགས་ཆགས་ཀྱི་མ་རེད་དམ། ནང་སྲིད་ལས་ཁུངས་ལ་སེམས་ཤུགས་ཆགས་ཀྱི་མ་རེད་དམ། གཞིས་མི་རང་གི་འཁྲིས་སུ་བདེ་སྡུག་ཞུ་ཆེད་ཡོང་བ་དེར་ཁྱོད་སྤྱི་མི་བརྒྱ་དཔོན་མ་བརྒྱུད་ནས་ཐད་ཀར་ངའི་འཁྲིས་སུ་ཡོང་དོན་འདྲི་བ་དང་ཉེས་བརྡུང་བཏང་བ་དེ་དཔོན་ངན་རིང་ལུགས་ཀྱི་ལམ་སྲོལ་རེད་དམ་མ་རེད། འཛིན་སྐྱོང་ངོས་ནས་དེ་དག་ཚང་མ་བསྐྱར་དུ་ཞིབ་འཇུག་བྱེད་ཀྱི་རེད་དམ་བྱེད་ཀྱི་མ་རེད། དོ་བདག་ས་གནས་འགོ་འཛིན་མ་གཏོགས་གཞན་ལ་དྲི་བ་མེད་གསུངས་སོང༌། ཚང་མས་ལྟོས་དང༌། ས་གནས་འགོ་འཛིན་ཁོ་ཁོ་རང་བདེན་ཚུལ་རྐྱང་རྐྱང་བཤད་ཀྱི་རེད་མ་གཏོགས་ཉེས་བརྡུང་གཏང་ཡུལ་མི་དེ་བདེན་པ་རེད་ཞུ་ཡི་མ་རེད། ས་གནས་མཐུན་ཚོགས་དང༌། རང་བཙན་ཚོགས་ཆུང་དང་སྤྱི་མི་བརྒྱ་དཔོན་དང་མི་མང་བཅས་ལ་བཅར་འདྲི་མ་བྱས་པར་ས་གནས་འགོ་འཛིན་གཅིག་པུར་སྐད་ཆ་དྲིས་ནས་ཐག་གཅོད་བྱས་པ་དེ་དྲང་པོ་ཆགས་ཀྱི་རེད་དམ་མ་རེད། དེའི་ཐོག་ལ་དགོངས་པ་བཞེས་དགོས་འདུག

བཀའ་ལན།
ས་གནས་འགོ་འཛིན་གྱི་འཁྲིས་སུ་བདེ་སྡུག་ཞུ་བར་བཅར་སྐབས་སྤྱི་མི་བརྒྱ་དཔོན་མ་བརྒྱུད་ན་ཡོང་མི་ཆོག་པ་གསུངས་པ་དང༌། དེ་ལ་བརྟེན་ནས་ཉེས་བརྡུང་བཏང་བའི་གནས་ཚུལ་གསུངས་པ་དེ་དེ་རིང་བར་དུ་ནང་སྲིད་ལས་ཁུངས་དང་བཀའ་ཤག་ངོས་ནས་ཤེས་ཀྱི་མེད་ཞུ་རྒྱུ་ཡིན། གལ་ཏེ་གནས་ཚུལ་དེ་འདྲ་ཡོད་ན་སྐབས་དེ་རང་གོང་རིམ་གྱིས་མཁྱེན་དགོས་པ་ཞིག་རེད། ཞུ་ས་མེད་པ་མ་རེད། ཞུ་ས་ཡོད་རེད། ས་གནས་ལ་ཞུ་ས་ཡོད་རེད། དབུས་ལ་ཞུ་ས་ཡོད་རེད། ས་གནས་འཐུས་་ཚོགས་དང༌། སྤྱི་མི་བརྒྱ་དཔོན། རང་བཙན་ཚོགས་ཆུང་ཞེས་མང་པོ་ཞིག་བཀའ་གནང་སོང༌། གལ་སྲིད་ཁོང་ཚོས་མཁྱེན་ཡོད་ན། གནས་ཚུལ་དེ་གོང་རིམ་ལ་ཞུ་དགོས་པ་ཞིག་རེད། དེ་འདྲ་ཡོད་པ་ཞིག་ང་ཚོས་ཤེས་ཀྱི་མེད་ཞུ་རྒྱུ་ཡིན།
མ་འོངས་པར་དྲང་པོ་བྱེད་ཀྱི་རེད་དམ་མ་རེད་གསུངས་སོང༌། ད་ལྟ་ང་ཚོས་གང་ཐག་བཅད་དེ་དྲང་པོ་བྱུང་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་ཅེས་གོང་དུ་ཞུས་ཟིན་པ་ཡིན། མ་འོངས་པར་དེ་རང་གནས་ཚུལ་དྲང་པོ་ཡིན་པ་ལ་ཆ་བཞག་གི་ཡོད། མ་དྲང་བ་ཞིག་ལ་ངོས་འཛིན་བྱེད་ཀྱི་མེད། གལ་སྲིད་མ་དྲང་བ་ཞིག་ཡོད་པ་ཡིན་ན་མ་དྲང་བ་ཡོད་པའི་གནས་ཚུལ་དེ་དང་པོའི་མཐོང་སྣང་དང་བཅས་བཀའ་ཤག་སར་སླེབས་པ་ཡིན་ན་གཞི་ནས་བསྐྱར་ཞིབ་བྱ་རྒྱུ་རེད། བསྐྱར་ཞིབ་བྱ་རྒྱུ་ལ་དགག་བྱ་གང་ཡང་མེད།
ཉམ་ཐག་སྐྱོབ་གསོ་དེ་ཨ་མ་ལགས་སུ་རྗེས་མ་སྤྲད་ཀྱི་རེད་མ་རེད་ཅེས་གསུངས་ཐད། སྤྲད་དང་མ་སྤྲད་དེ་ཉམ་ཐག་གི་ཆ་རྐྱེན་ཚང་དང་མ་ཚང་ལ་རག་ལུས་ཀྱི་རེད། བོད་མི་ཉམ་ཐག་གི་ཆ་རྐྱེན་ཚང་གི་ཡོད་ན་ངེས་པར་དུ་འབུལ་གྱི་རེད། ཉམ་ཐག་གཅིག་ཀྱང་མ་ལུས་པར་ཕུལ་དགོས་པ་དེ་བཙན་བྱོལ་གཞུང་གི་སྲིད་བྱུས་རེད། ཉམ་ཐག་གི་ཆ་རྐྱེན་ཚང་གི་མེད་པ་ཡིན་ན་ཁོའི་བུ་ཡིས་གྲི་འཁྱེར་ནས་ཡོང་གི་འདུག་ཟེར་ནའང་ཕུལ་ཐུབ་པ་ཞིག་ཡོད་མ་རེད། དེ་ཡང་གསལ་པོ་ཞེ་དྲགས་རེད།
ཁོ་རང་གིས་བདེ་སྡུག་ཤེས་རྒྱུའི་ཐབས་ཤེས་བྱེད་ཀྱི་རེད་མ་རེད་ཅེས་བཀའ་གནང་སོང༌། ཤེས་རྒྱུའི་ཐབས་ཤེས་བྱེད་དགོས་པ་གནས་སྟངས་ཤིག་ཡིན་ན་ངེས་པར་དུ་བྱེད་ཀྱི་རེད། ཤེས་རྒྱུའི་ཐབས་ཤེས་བྱེད་མི་དགོས་པའི་གནས་སྟངས་ཤིག་ཡིན་ན་རང་བཞིན་གྱིས་ལུས་འགྲོ་བ་ཞིག་རེད།
ས་གནས་འགོ་འཛིན་གཅིག་པུར་སྐད་ཆ་དྲིས་ནས་ཐག་བཅད་འདུག་གསུངས་ཐད། ས་གནས་འགོ་འཛིན་གཅིག་པུར་སྐད་ཆ་དྲིས་ནས་ཐག་བཅད་པ་ཡིན་ཞེས་ཞུས་མེད། ངས་གོང་དུ་ང་ཚོས་ཞིབ་འཇུག་བྱས་ཡོད་པ་མ་རེད། ཞིབ་འཇུག་མ་བྱས་པའི་ཐོག་ནས་ཐག་གཅོད་བྱས་པ་རེད། གང་ཡིན་ཟེར་ན། ནོར་སོང་ཉེས་ཆད་འཁྱེར་གྱི་ཡིན་ཞུས་པ་ཡིན་ཙང༌། ཞིབ་འཇུག་བྱེད་དགོས་པའི་གནད་དོན་དེ་མ་བྱུང་བ་རེད། ཞིབ་འཇུག་བྱེད་དགོས་པའི་གནད་དོན་ཞིག་བྱུང་བ་ཡིན་ན། ཚང་མར་བཀའ་འདྲི་ཞུ་རྒྱུ་རེད། ཉེན་རྟོག་པའི་ས་ནས་ཁ་མཆུ་ཕྱིར་འཐེན་ཆེད་དུ་ང་ཚོས་ནོར་སོང༌། འཁྲུལ་སོང༌། ཉེས་ཆད་གང་གནང་ནའང་ཞུ་རྒྱུ་ཡིན་ཞེས་ཞུས་པ་དེར་ང་ཚོས་བཅད་ཁྲ་བཏང་བ་རེད། བཅད་ཁྲར་ཕྱོགས་གཉིས་ཀས་གོང་གསལ་བཅད་ཁྲའི་འབྲུ་དོན་ཁག་ལ་སོམ་ཉི་མེད་པར་མོས་མཐུན་ཁས་ལེན་ཞུ་རྒྱུ། དོན་ལྡན་གླིང་ས་གནས་འགོ་འཛིན་དབང་འདུས་ཚེ་རིང་གིས་ཞེས་མཚན་རྟགས་བཀོད་ཡོད་རེད་ལ། གྲོང་སྡེ་ཨེལ་གྱི་ཁང་མིག་ཉི་ཤུ་རྩ་ལྔའི་ནང་སྡོད་མཁན་བློ་བཟང་རྒྱལ་མཚན་གྱིས་མཚན་རྟགས་བཀོད་ཡོད་རེད། བྱས་ཙང་ཕྱོགས་གཉིས་ཀའི་མོས་མཐུན་ཡོད་པའི་བཅད་ཁྲ་ཞིག་བཏང་བ་རེད། སྐབས་དེ་དུས་མ་དྲང་བ་བྱུང་ཡོད་ཚེ་དྲང་པོ་མི་འདུག་ཅེས་བཀའ་གནང་བ་ཡིན་ན་ངེས་པར་དུ་གོང་རིམ་ལ་ཞུ་ས་ཡོད་རེད་མ་གཏོགས་ཞུ་ས་མེད་པ་གང་ཡང་མ་རེད། ཕྱོགས་གཉིས་ཀས་བཅད་ཁྲའི་འབྲུ་དོན་ཤེས་པ་བྱས་ཏེ་འགྲིགས་ཀྱི་འདུག ངོས་ལེན་བྱེད་ཀྱི་ཡིན་ཞེས་གནང་བ་ཞིག་ཡིན་ཙང་དྲང་པོ་ཞིག་བྱུང་ཡོད་མ་གཏོགས་མ་དྲང་བའི་གནས་སྟངས་ཤིག་ད་ལྟའི་གནས་སྐབས་ལ་དང་པོའི་མཐོང་སྣང་ལ་མེད་ཞུ་རྒྱུ་ཡིན། གལ་ཏེ་དང་པོའི་མཐོང་སྣང་ལ་ཡོད་པའི་གནས་ཚུལ་ཞིག་བྱུང་བ་ཡིན་ན་ང་ཚོས་བསྐྱར་ཞིབ་བྱ་རྒྱུ་ལ་འགོག་རྐྱེན་གང་ཡང་མེད། ཞུ་ས་དེར་ཞུས་པ་ཡིན་ན་བསྐྱར་ཞིབ་བྱ་རྒྱུ་རེད། སྤྱི་ཚོགས་ནང་སྐད་ཆ་མང་པོ་ཡོད་པ་ཡིན་ན་ཡོད་པ་རང་རེད། སྐད་ཆ་དེ་ཞུ་སར་མ་སླེབས་པ་ཡིན་ན་ཕན་ཐོགས་ཡོད་མ་རེད། དེ་ཙམ་མ་ཟད་དོ་བདག་དཔལ་འབྱོར་གྱི་དཀའ་ངལ་ཡོད་པའི་གནས་ཚུལ་ལ་བརྟེན་ནས་ཁ་མཆུ་ཕྱིར་འཐེན་གྱི་འགྲོ་སོང་དེ་དངོས་གནས་བྱས་ན་ནག་ཉེས་ཡོད་མཁན་དེས་གཏང་དགོས་ཀྱང༌། དེ་ཡོངས་རྫོགས་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་ན་འགྲིགས་ཀྱི་རེད་ཅེས་ང་ཚོས་དམིགས་བསལ་བཀའ་འཁྲོལ་བཏང་བ་ཡིན། དོན་དག་དེ་མཇུག་བསྡོམས་ཤིག་དང་དོ་བདག་ལ་དེ་ཙམ་དཀའ་ངལ་མི་ཡོང་བར་ནང་སྲིད་ལས་ཁུངས་ནས་དགོངས་པ་མ་བཞེས་པ་མ་རེད། དགོངས་པ་བཞེས་ནས་དེ་ཚོ་ཡང་གུ་ཡངས་པོ་བྱས་ཡོད་ཞུ་རྒྱུ་ཡིན།

ཚོགས་དུས་ལྔ་པ། ༢༠༠༨།༣།༤ ནས་ ༢༠༠༨།༤།༡༥