ལས་བྱེད་རྩ་དགོངས་སོགས་ཞུ་བ་དང་འབྲེལ་བའི་ཐོག་དྲི་བ་དྲིས་ལན།

སྤྱི་འཐུས་བསོད་ནམས་སྟོབས་རྒྱས་ལགས་ནས། དུས་ཡུན་གང་ཙམ་ནས་སྲི་ཞུ་བ་ལས་བྱེད་མང་དག་ཅིག་གིས་སྔོན་མ་དང་མི་འདྲ་བར་གཞུང་ཞབས་ནས་རྩ་དགོངས་དང༌། བགྲེས་ཡོལ་སྔ་བསྣུར་ཞུ་བཞིན་ཡོད་པའི་ལབ་གླེང་ཡོད་མུར་ད་དུང་མུ་མཐུད་དེ་ལྟར་ཡོང་བཞིན་ཡིན་འདུག་ན་བཀའ་འདྲི་ཞུ་རྒྱུར། ༡ ཕྱི་ལོ་ ༢༠༠༣ ཟླ་ ༡ ཚེས་ ༡ ནས་ ༢༠༠༧ ཟླ་ ༡༢ ཚེས་ ༣༡ བར་ལོ་དུས་སོ་སོར་རྩ་དགོངས་དང༌། བགྲེས་ཡོལ་སྔ་བསྣུར་ཞུ་མཁན་ཇི་ཙམ་བྱུང་ཡོད་དམ།
༢ གྲངས་འབོར་དེ་དག་བཀའ་ཤག་སྐབས་བཅུ་གཅིག་པའི་དུས་ཡུན་ལས་མང་ཉུང་ཇི་འདྲ་ཆགས་ཀྱི་ཡོད་དམ།
༣ དགོངས་པ་ཞུ་བའི་རྒྱུ་མཚན་གཙོ་བོ་གང་ཞིག་ཡིན་པར་བཀའ་ཤག་ནས་ངོས་འཛིན་གནང་གི་ཡོད་དམ་བཅས།

བཀའ་ལན།
༡ ཕྱི་ལོ་ ༢༠༠༣།༡།༡ ནས་ཕྱི་ལོ་ ༢༠༠༧།༡༢།༣༡ བར་ལོ་དུས་སོ་སོར་རྩ་དགོངས་དང༌། བགྲེས་ཡོལ་སྔ་བསྣུར་ཞུ་མཁན་ལས་བྱེད་ཀྱི་གྲངས་འབོར་གཤམ་གསལ།

ལས་བྱེད།
ལོ་དུས། རྩ་དགོངས། བགྲེས་ཡོལ་སྔ་བསྣུར།
༢༠༠༣ ༡༥ ༢
༢༠༠༤ ༡༢ ༥
༢༠༠༥ ༡༧ ༤
༢༠༠༦ ༡༨ ༡
༢༠༠༧ ༣༢ ༢
བསྡོམས། ༩༤ ༡༤
ཁྱོན་བསྡོམས། ༡༠༨

༢ གྲངས་འབོར་བཀའ་ཤག་སྐབས་བཅིུག་པའི་སྐབས་ལས་བརྒྱ་ཆ་ ༢་༠༡ མང་བ་བྱུང་འདུག
༣ དགོངས་པ་ཞུ་བའི་རྒྱུ་མཚན་མང་ཤོས་དགོངས་ཤོག་ནང་གསལ་ནང་མིའི་དཀའ་ངལ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད།

སྤྱི་འཐུས་བསོད་ནམས་སྟོབས་རྒྱས་ལགས་ནས་འཕྲོས་དོན་དྲི་བར།
བཀའ་ཁྲི་མཆོག་གི་བཀའ་ལན་ཕལ་ཆེར་གསུངས་གྲུབ་སོང༌། སྲི་ཞུ་བ་དེ་རྣམས་ནང་མིའི་དཀའ་སེལ་ཆེད་རྩ་དགོངས་ཞུ་བ་དེ་དངོས་གནས་རེད། ང་ཚོ་སྤྱི་འཐུས་ནང་བསྡད་ཡོད་སྐབས་ངོས་ཤོག་དེ་སླེབ་ཀྱི་ཡོད་རེད། འོན་ཀྱང༌། ལས་བྱེད་དེ་རྣམས་ཀྱི་ནང་མིའི་དཀའ་སེལ་ཆེད་འཛིན་སྐྱོང་བཀའ་ཤག་ངོས་ནས་དགོངས་པ་བཞེས་ཀྱི་ཡོད་དམ། ནང་མི་དཀའ་སེལ་ཞེས་པ་དེ་ངོས་འཛིན་གང་འདྲ་གནང་གི་ཡོད།

བཀའ་ལན།
ནང་མིའི་དཀའ་ངལ་བསལ་ཆེད་བཀའ་ཤག་ངོས་ནས་གང་ཐུབ་ཞུ་བཞིན་ཡོད། ཡིན་ནའང་བརྒྱ་ཆ་མང་ཤོས་དེ་ང་ཚོས་གང་ཡང་ཞུ་མི་ཐུབ་པ་རེད་འདུག གང་ཡིན་ཞེ་ན། ནང་མི་གཅིག་ས་ཐག་རིང་པོར་བསྡད། གཅིག་འདི་གར་གཞུང་ཞབས་བྱེད་དགོས་དུས་འཕྲད་པའི་དཀའ་ངལ་དེ་བཀའ་ཤག་གིས་བསལ་ཐུབ་ཀྱི་མི་འདུག་ཞུ་རྒྱུ་ཡིན། ནང་མི་ཁེ་ན་ཌ་དང་ཨ་རི་ལ་ཡོད་པ་དེ་དག་གི་བཟའ་ཟླ་དང་ཕ་མ་འདི་གར་ཕྱག་ལས་གནང་དགོས་དུས། དཀའ་ངལ་དེ་ལས་བྱེད་རང་ངོས་ནས་བསལ་ན་མ་གཏོགས་བཀའ་ཤག་ངོས་ནས་སེལ་ཐུབ་པ་མི་འདུག དེ་ལས་གཞན་པའི་ནང་མི་དཀའ་ངལ་ཡོད་ཚེ་གང་ཐུབ་སེལ་ཐབས་ཞུ་རྒྱུ་ཡིན།

སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ནས།
ཉིས་སྟོང་གསུམ་ནས་ཉིས་སྟོང་བདུན་བར་དུ་ལས་བྱེད་རྩ་དགོངས་ཞུ་མཁན་གྲངས་དགུ་བཅུ་གོ་བཞི་ལོ་རེ་བརྒྱ་ཆར་བགོས་ན་ལོ་གཅིག་ལ་བརྒྱ་ཆ་བཅོ་བརྒྱད་དང་གྲངས་ཆུང་བརྒྱད། དགོངས་པ་ཞུས་འདུག དེའི་ནང་ནས་ཨ་རིའི་ཆེས་མཐོའི་སློབ་ཡོན་ཐོབ་རྗེས་ཚུར་མ་ལོག་མཁན་གྱི་བརྒྱ་ཆ་ག་ཚོད་ཡོད་དམ། དེ་བཞིན་མ་འོངས་པར་འདི་ལྟ་བུ་དཀའ་ངལ་མི་འབྱུང་ཆེད་བཀའ་ཤག་ངོས་ནས་དགོངས་པ་ཅི་འདྲ་བཞེས་རྒྱུ་ཡོད་དམ།

བཀའ་ལན།
ཨ་རིར་གཞུང་འབྲེལ་མིན་པའི་སློབ་སྦྱོང་ལ་ཕྱིན་ནས་ཚུར་མ་ལོག་པ་ག་ཚོད་ཡོད་པའི་གྲངས་ཚད་ད་ལྟ་ང་ལ་ཞུ་རྒྱུ་མེད། རྗེས་སུ་ཡིག་ཐོག་ནས་ཕུལ་ཆོག ལས་བྱེད་ཡིན་མིན་མ་ལྟོས་པར་སྤྱིར་བཏང་དེའི་གྲངས་ཚད་ཆེས་མཐོའི་སློབ་ཡོན་ཚོགས་ཆུང་གི་གསལ་བསྒྲགས་ཁག་ནང་གསལ་ཡོད། དེ་རིགས་མི་འབྱུང་སླད་བཀའ་ཤག་ངོས་ནས་ཐབས་ཤེས་ཞུ་རྒྱུའི་ཐད་གཞུང་ཞབས་ལས་བྱེད་ཚོ་ཨ་རིར་སློབ་སྦྱོང་ལ་གཏང་རྒྱུ་མེད་པའི་སྒྲིག་གཞི་བཟོས་ན་མ་གཏོགས་དེ་ལས་གཞན་པའི་ཐབས་ཤེས་མེད་པ་གསལ་པོ་ངོས་འཛིན་ཞུ་བཞིན་ཡོད།

སྤྱི་འཐུས་འཇིགས་མེད་དབང་རྒྱལ་ལགས་ནས།
དཔལ་ལྡན་བཀའ་ཁྲི་མཆོག་ལ་བཀའ་འདྲི་ཞུ་རྒྱུ་དེ་གཅིག་བྱས་ན་གོང་དུ་ཞུས་ཟིན་པ་འདྲ་པོ་འདུག དེ་སྔོན་གཞུང་ཞབས་ལས་བྱེད་ཡིན་པ་ཁག་ཅིག་ལས་བྱེད་གནང་མུས་སྐབས་གོ་སྐབས་འཚོལ་ཏེ་གཞུང་འབྲེལ་མིང་འཁྱེར་བའི་ཐོག་ཕྱི་རྒྱལ་ལ་ཕྱིན་ཏེ་སྡོད་གནས་བྱུང་བའི་རྗེས་གཞི་ནས་དགོངས་ཞུ་བྱེད་མཁན་བྱུང་སོང་ངམ་མ་སོང་ཞུ་རྒྱུ་དང༌།
དྲི་བ་གཉིས་པར། གཞུང་ཞབས་ཁག་ཅིག་གིས་གཞུང་གི་རྐུབ་སྟེགས་བཀོལ་སྤྱོད་བྱས་ཏེ་དངོས་ཤུགས་བརྒྱུད་གསུམ་གྱིས་ཐབས་ཤེས་ཡོད་རྒྱུ་རྩལ་སྤྲུགས་བཏོན་ནས་རང་གི་བཟའ་ཟླ་ཁྱིམ་མི་ཕྱི་རྒྱལ་ལ་མངགས་རྗེས་རང་ཉིད་ཀྱང་དགོངས་པ་ཞུ་མཁན་བྱུང་སོང་དང་མ་སོང་ཞུ་རྒྱུ་ཡིན། དྲི་བ་དེ་ཞུ་དོན་ནི། རྒྱ་ཆེའི་མང་ཚོགས་ཀྱིས་གཞུང་ཞབས་པ་ཚོའི་ལྷག་བསམ་གྱི་སྤུ་རིས་དང་དཀར་ནག་བཟང་ངན་གྱི་དབྱེ་བ་འབྱེད་པའི་ཆེད་དུ་ཡིན། གཅིག་བྱས་ན་ལས་བྱེད་རྩ་དགོངས་ཞུ་མཁན་ནང་དེ་རིགས་ཡོད་ཀྱི་རེད། ཁག་གཅིག་གཞུང་ཞབས་དགོངས་པ་ཞུས་ཏེ་ཕར་བསྐྱོད། ཕར་ནས་གོ་སྐབས་བྱུང་རྗེས་གཞི་ནས་དགོངས་ཞུ་བྱེད་མཁན་བྱུང་སོང་དང་མ་སོང་ཞུ་རྒྱུ་ཡིན།

བཀའ་ལན།
དྲི་བ་གསུམ་པོ་རཻ་རེ་བཞིན་ལ་ཐག་བཅད་ནས་འདི་བྱུང་སོང༌། འདི་བྱུང་མ་སོང་ཞེས་ཞུ་ཐུབ་ཀྱི་མི་འདུག གང་ཡིན་ཞེ་ན། གནས་ཚུལ་མང་པོ་ཞིག་ང་ཚོས་ཤེས་ཀྱི་ཡོད་མ་རེད། དགོངས་ཤོག་ནང་ནང་མིའི་དཀའ་ངལ་ལ་བརྟེན་ནས་དགོངས་པ་མ་ཞུ་ཐབས་མེད་བྱུང་སོང་ཞེས་བཀོད་ཀྱི་འདུག་ཅེས་གོང་དུ་ཞུས་ཟིན་པ་ཡིན།
གཞུང་འབྲེལ་གྱིས་ཕྱི་རྒྱལ་ལ་ཕྱིན་ཏེ་སྐབས་འཚོལ་བྱས་རྗེས་ཚུར་ལོག་ནས་དགོངས་ཞུ་བྱས་པ་བྱུང་སོང་ངམ་ཞེས་བཀའ་གནང་སོང༌། དེ་འདྲ་བྱུང་ཡོད་ཀྱི་རེད་སྙམ། དགོངས་ཞུའི་ཡི་གེའི་ནང་གཞུང་འབྲེལ་ཕྱི་རྒྱལ་ལ་ཕྱིན་པའི་སྐབས་ཐབས་ཤེས་བྱས་ཏེ་ད་ཆ་འགྲོ་ས་བྱུང་སོང་ཞེས་ཞུ་མཁན་གཅིག་ཀྱང་ཡོད་མ་རེད།
གཉིས་པ། གཞུང་གི་ལས་གནས་བེད་སྤྱད་ནས་རང་ཉིད་འགྲོ་ལམ་འཚོལ་མཁན་བྱུང་སོང་ངམ་ཞེས་བཀའ་གནང་སོང༌། དེའི་ཐོག་ལ་གཞུང་གི་ལས་ཤོག་དང་མིང་གནས་བེད་སྤྱོད་བྱས་ནས་རྒྱབ་གཉེར་བྱས་པ་གཅིག་ང་ཚོའི་ལག་ཏུ་ཐེབས་པ་རེད། རྒྱབ་གཉེར་མེད་ཀྱང་ཐོངས་མཆན་ཞུ་རུ་འགྲོ་སྐབས་གཞུང་གི་ལས་བྱེད་ཡིན་པའི་ངོས་སྦྱོར་འཁྱེར་ཏེ་འགྲོ་མཁན་གཅིག་ལག་ཏུ་བྱུང་བ་རེད། དངོས་སུ་ར་འཕྲོད་བྱུང་བ་གཉིས་ཡོད། ཐོག་མ་རྩ་དགོངས་མ་ཞུས་པར་ཕར་ཕྱིན། ཚུར་ཡོང་ནས་རྩ་དགོངས་ཞུ་མཁན་དེ་འདྲ་ཇི་སྙེད་ཅིག་ཡོང་བཞིན་པ་རེད། གྲངས་ཀ་ངེས་གཏན་ཞུ་རྒྱུ་མེད།
སྤྱི་འཐུས་རྒྱ་རི་བུ་ཕྲུག་ལགས་ནས།
དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་ལ་དྲི་བ་ཞུ་དགོས་པའི་ཀུན་སློང་ནི་གཟིགས་ཕྱོགས་གཞན་གཞིག་ནས་དགོངས་བཞེས་ཐུབ་པའི་རེ་བ་བྱས་ཏེ་འཕྲོས་དོན་དྲི་བ་དེ་ཞུ་གི་ཡོད། དྲི་བ་དེ་གང་ཡིན་ཞེས་ན། གཞུང་ཞབས་དང་འབྲེལ་བ་ཡོད་པ་ཡིན། བཀའ་བློན་ཁྲི་པ་མཆོག་འཛིན་སྐྱོང་གི་འགན་བཞེས་ཏེ་སྐབས་གཉིས་པ་ཡིན་ཙང༌། སྤྱི་ཚོགས་ཞབས་ཞུ་བའི་ Public Servants བསམ་བློ་ཁྱེར་ཕྱོགས་དེ་འཛིན་སྐྱོང་གི་ངོས་ནས་གལ་གནད་དུ་གཟིགས་ཀྱི་ཡོད་དམ་མེད། གལ་ཏེ་གལ་གནད་དུ་གཟིགས་ཚེ་དེའི་ཐོག་ལས་གཞི་གང་དང་གང་གནང་དགོས་ཀྱི་འདུག ཐུགས་རྗེ་ཆེ།

བཀའ་ལན།
སྤྱི་ཚོགས་ཀྱི་སྲི་ཞུ་ལས་བྱེད་སུ་དང་སུ་ཡིན་ཡང་ལྷག་བསམ་དང་སྙིང་སྟོབས་དགོས་པ་དེ་གལ་ཆེ་ཡིན་པ་ཚང་མས་ཤེས་ཀྱི་ཡོད་རེད་ལ་བཙན་བྱོལ་གཞུང་གིས་ཀྱང་ཤེས་ཀྱི་ཡོད། བསམ་ཚུལ་དེ་ཡོང་ཆེད་ལས་གཞི་གང་དང་གང་ཡོད་ཅེས་བཀའ་གནང་སོང༌། ལྷག་བསམ་དང་ཆོད་སེམས་ཟེར་བ་དེ་གང་ཟག་རང་ངོས་ནས་ཡོད་དགོས་པ་ཞིག་ལས་སྟོབས་སྐྱེད་སྨན་བཞིན་ང་ཚོས་སྤྲད་རྒྱུ་ཡོད་པ་ཞིག་མ་རེད། གལ་ཏེ་དེ་འདྲ་ཡོད་ན་སྨན་རྩིས་ཁང་ནས་བཟོས་ཏེ་ལས་བྱེད་ཚང་མར་བགོས་ན་འགྲིགས་ཀྱི་རེད། དེ་འདྲ་གང་ཡང་བྱེད་རྒྱུ་མི་འདུག སོང་ཙང་དེ་སྤེལ་ཆེད་ང་ཚོའི་གཞི་རིམ་ཤེས་ཡོན་ལམ་སྲོལ་ཐོག་ནས་བྱུང་ན་བྱུང་བ་རེད་མ་གཏོགས། དེ་ལས་གཞན་པའི་ལས་གཞི་གང་ཡང་མེད་ཞུ་རྒྱུ་ཡིན།

སྤྱི་འཐུས་བསོད་ནམས་དགྲ་འདུལ་ལགས་ནས།
སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པའི་སྐར་རྟགས་ཅན་གྱི་དྲི་བ་དང་པོའི་འཕྲོས་དོན་དྲི་བ་ཞུ་རྒྱུ་ལ། དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་གིས་བཀའ་གནང་བ་དེ་ལས་བྱེད་རྩ་དགོངས་ཞུ་མཁན་རྣམས་ཀྱི་ནང་མིའི་དཀའ་སེལ་ཆེད་དུ་ཡིན་པ་རེད། བཀའ་ཤག་གིས་དཀའ་སེལ་གནང་མི་ཐུབ་པའི་ནང་མི་དེ་ཚོ་ཁེ་ན་ཌ་དང་ཨ་རི་གཙོ་བོར་གྱུར་པའི་ཕྱི་རྒྱལ་ལ་ཡོད་པའི་ནང་མི་དཀའ་ངལ་ཡིན་པ་གསུངས་སོང་བསམས་པ་བྱུང༌། དེ་ཡིན་ན་ངའི་འཕྲོས་དོན་དྲི་བ་ཞུ་རྒྱུ་ལ། ནང་མི་དཀའ་སེལ་ཆེད་དགོངས་ཞུ་གནང་མཁན་གྱི་ནང་མི་དེ་ཚོ་ཁེ་ན་ཌ་དང་ཨ་རི་བཅས་ཕྱི་རྒྱལ་ལ་ཡོད་པ་ཤ་སྟག་དེ་འདྲ་དགོངས་གཞི་གནང་གི་ཡོད་རེད་དམ།

བཀའ་ལན།
དེ་འདྲ་ཤ་སྟག་ཡིན་ཞེས་ངས་ཞུས་མེད། ཡིག་ཐོག་ཕུལ་བའི་ལན་དུའང་མང་ཤོས་ཞེས་པའི་ཚིག་བཀོད་ཡོད། ངས་ཞུས་པའི་སྐབས་ལའང་ནང་མི་དཀའ་ངལ་སེལ་མི་ཐུབ་པ་མང་པོ་ཡོང་གི་འདུག་ཅེས་ཞུས་ཡོད། རྒྱ་གར་ལ་ཡོད་པའི་ནང་མི་དེ་ཚོ་དཀའ་ངལ་འཕྲད་པའི་སྐབས་ལ་སེལ་ཐབས་ད་ལྟའི་སྒྲིག་གཞིའི་ནང་ཡོད་ཅིང་ཐབས་ཤེས་ཀྱང་ཞུ་བཞིན་ཡོད།

སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ནས།
བཙན་བྱོལ་བོད་གཞུང་གི་གཞུང་ཞབས་ནང་ལ་ཞབས་ལོ་སུམ་ཅུ་སོ་གྲངས་འཁོར་བའི་གཞུང་ཞབས་དང་དེ་བཞིན་ཉིན་བཅུ། བཅོ་ལྔ་དང་ཟླ་བ་གཅིག་གཉིས་ཕྱིན་པའི་གཞུང་ཞབས་ཀྱང་ཡོད་རེད། སོང་ཙང༌། ནང་མིའི་དཀའ་སེལ་ཆེད་དགོངས་ཞུ་ཞེས་བཀའ་ལན་ཕེབས་པ་རེད། ངོས་ནས་བསམ་བློ་བཏང་ན་ཆིག་སྟོང་དགུ་བརྒྱ་དྲུག་ཅུ་དང་བདུན་ཅུ་ནང་ལ་ཕྱག་ལས་གནང་མཁན་གྱི་གཞུང་ཞབས་ཚོས་དཀའ་ངལ་དང་དེ་རིང་སང་གི་གཞུང་ཞབས་དཀའ་ངལ་དང་བསྡུར་ན་དེང་སང་གཞུང་ཞབས་ཚོའི་དཀའ་ངལ་གང་ཡང་མ་རེད་དྲན་གྱི་ཡོད། ཡིན་ནའང༌། གཞུང་ཞབས་ལས་དགོངས་པ་ཞུ་མཁན་ཇེ་མང་འགྲོ་བཞིན་པ་རེད། སོང་ཙང་དཔལ་ལྡན་བཀའ་ཁྲི་མཆོག་ལ་དྲི་བ་ཞུ་རྒྱུར། དགོངས་པ་ཞུ་མཁན་ཚོ་ལས་བྱེད་གསར་པའི་རིགས་མང་བ་རེད་དམ། རྙིང་པའི་རིགས་མང་བ་རེད། གང་ཡིན་ཞུ་ན་ལས་བྱེད་ནང་ལ་གཞོན་སྐྱེས་རིགས་མང་པོ་ཞིག་ཕེབས་ནས་མདུན་ལམ་དེ་ལས་དྲག་པ་ཞིག་མ་རག་བར་དུ་འཕྲལ་སེལ་དུ་ཕེབས་མཁན་མང་པོ་ཡོད་རེད། སོང་ཙང༌། བཙན་བྱོལ་བོད་གཞུང་གི་གཞུང་ཞབས་ཚོ་ནང་མའི་དཀའ་སེལ་ཆེད་དགོངས་པ་ཞུ་ཡི་ཡོད་རེད་ཅེས་པ་དེ་དབྱུག་པ་ལེབ་རྡུང་གི་བཀའ་མོལ་ཆགས་པའི་ཉེན་ཁ་འདུག་སྙམ། འདི་ལ་དབྱེ་འབྱེད་ཅིག་དགོས་པ་འདུག་པ་བསམས། དེ་ཐོག་ལ་དཔལ་ལྡན་བཀའ་ཁྲི་མཆོག་གི་གཟིགས་ཚུལ་གང་ཡིན་གསུང་རོགས་གནང༌།

བཀའ་ལན།
གཞུང་ཞབས་རྩ་དགོངས་ཞུ་མཁན་ཚོའི་ནང་རྒན་གཞོན་བར་གསུམ་གྱི་དབྱེ་བ་ཕྱེ་ནས་གྲངས་ཀ་ཏག་ཏག་ཅིག་བཏོན་ཐུབ་མ་སོང༌། ཡིན་ནའང་རགས་པ་ཙམ་བལྟས་པའི་སྐབས་གསར་པ་ཕྲན་བུ་མང་བ་དང་རྙིང་པ་ཕྲན་བུ་ཉུང་བ་བརྒྱ་ཆ་དྲུག་ཅུ་རེ་ལྔ་དང་སུམ་ཅུ་སོ་ལྔའི་ཚད་གཞི་བྱས་ན་ནོར་འཁྲུལ་ཆེན་པོ་ཡོད་མ་རེད་སྙམ།

སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་ནས།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཚོགས་དུས་ལྔ་པའི་སྐར་རྟགས་ཅན་གྱི་དྲི་བ་ཨང་དང་པོར་འཕྲོས་དོན་དྲི་བ་ཆུང་ཆུང་གཅིག་རང་ཡོད། གཞུང་ཞབས་རྩ་དགོངས་ཞུ་མཁན་ནང་ནས་ངས་གོ་ཐོས་བྱུང་བ་ལྟར་ན། ཚུད་རྒྱུགས་བཏང་ནས་ཟླ་བ་ལྔ་དྲུག་གི་རྗེས་སུ་གཞིས་ཆགས་དང་ས་ཆ་ཁུག་སྐྱོག གནས་སྟངས་ཞན་པ་རིགས་ལ་ལས་བགོས་བྱེད་དུས་རྩ་དགོངས་ཞུ་མཁན་རིགས་ཡོད་པའི་སྐད་ཆ་འདུག་ལགས་ན། བདེན་པ་ཡིན་མིན་མི་ཤེས་ཀྱང་གསལ་བཤད་གནང་རོགས་ཞུ།

བཀའ་ལན།
བཀོད་སྒྲིག་བྱེད་སྐབས་དང་ལེན་མ་བྱས་པར་སྡོད་མཁན་དེ་རིགས་རང་བཞིན་གྱིས་བུད་པ་ཞེས་པའི་ཁོངས་སུ་གཏོགས་པ་རེད། རང་བཞིན་གྱིས་བུད་པ་ཕྱི་ལོ་ཉིས་སྟོང་གསུམ་ནས་བདུན་བར་དུ་མི་གྲངས་བཅུ་གཉིས་བྱུང་འདུག དེའི་ནང་ནས་བཀོད་སྒྲིག་དང་ལེན་མ་བྱས་པར་བུད་པ་ཁ་ཤས་ཡོད་པ་དང༌། གུང་གསེང་ནས་མ་ལོག་པར་ཕུད་པ་ཡང་རེད། དེ་འདྲ་རེ་ཟུང་ཡོད་འདུག
སྤྱི་འཐུས་བསོད་ནམས་ཚེ་རིང་ལགས་ནས།
ལས་བྱེད་དགོངས་ཞུའི་ཐོག་ལ་འཕྲོས་དོན་དྲི་བ་ཞུ་རྒྱུར། བོད་གཞུང་གི་ལས་བྱེད་ཚང་མས་བོད་པའི་བསམ་འདུན་ཆེན་པོ་ཞིག་འཁྱེར་ནས་ཕྱག་ལས་གནང་བཞིན་པར་དུས་རྒྱུན་དུ་ངས་ངོས་འཛིན་བྱེད་ཀྱི་ཡོད་ལ། བོད་པ་མང་པོ་ཞིག་གིས་བོད་གཞུང་ལ་རང་ནུས་གང་ལྕོགས་ཀྱིས་རོགས་རམ་དང་ཞབས་འདེགས་ཞུ་བའི་སེམས་ཤུགས་ལྡན་ཡོད་པ་བསམ་གྱི་ཡོད། འོན་ཀྱང་ང་ཚོ་བཙན་བྱོལ་ཆགས་ནས་མི་ལོ་ལྔ་བཅུ་འཁོར་བ་རེད་ལ་ད་དུང་ལོ་ལྔ་བཅུ་འགོར་སྲིད་པའི་ཉེན་ཁ་ཞེ་དྲག་ཡོད་རེད་སྙམ། སོང་ཙང་ཆིག་སྟོང་དགུ་བརྒྱ་དྲུག་བཅུའི་སྐབས་ཀྱི་བོད་གཞུང་གི་ལས་བྱེད་དང་ད་ལྟའི་ལས་བྱེད་ཀྱི་བསམ་ཚུལ་དང་དགོས་མཁོ་སོགས་ཧེ་བག་ཕྱིན་དུས། ད་ལྟ་རྡ་སར་ཆ་བཞག་ན། བོད་གཞུང་གི་ལས་བྱེད་ཀྱི་གསོལ་ཕོགས་དམའ་པོ་ཞེ་དྲག་མཐོང་གི་འདུག ལྷག་པར་དུ་གཞུང་གི་ལས་བྱེད་དང་གཞུང་འབྲེལ་མིན་པའི་ཚོགས་པའི་ལས་བྱེད་ཀྱི་གླ་ཕོགས་བསྡུར་ན་གཞུང་འབྲེལ་མིན་པའི་གླ་ཕོགས་དེ་བཀའ་བློན་ལས་ཀྱང་མཐོ་བ་མང་པོ་ཡོད་རེད། ལས་བྱེད་དཀྱུས་མ་ཚོ་སོང་ཙང༌། མི་ཟེར་བ་དེ་སོ་སོའི་ནང་མི་དང་འཚོ་བར་བརྟེན་དགོས་པ་དང༌། སྟོབས་ནུས་ག་ཚོད་ཡོད་ཀྱང་འཚོ་བ་སྐྱེལ་དགོས་ཡོད་ཙང༌། བོད་གཞུང་ངོས་ནས་རྒྱང་རིང་དགོངས་གཞི་ཐོག་ལས་བྱེད་ཀྱི་གསོལ་ཕོགས་ཡར་རྒྱས་གཏང་དགོས་པ་དང་རིགས་གཅིག་རྐང་འཛིན་གྱི་ཆེད་ལས་པ་ཚོ་གཞུང་ལ་ཞབས་འདེགས་ཞུ་ཆེད་གསོལ་ཕོགས་ཐོག་ནས་ཡོང་བར་འཆར་གཞི་ཡོད་མེད་འདྲི་འདོད་བྱུང༌། གང་ཡིན་ཞུ་ན། ཚད་མཐོའི་སློབ་སྦྱོང་བགྱིས་པའི་ཆེད་ལས་པ་ཚོ་གཞུང་ལ་ཞབས་འདེགས་མི་ཐུབ་པ་དེ་ངོས་ཀྱི་བསམ་ཚུལ་ལ་གསོལ་ཕོགས་རྐྱེན་པས་བྱུང་བ་སྙམ། སོང་ཙང་གཞུང་ངོས་ནས་ཕུགས་རྒྱང་རིང་པོའི་དགོངས་གཞི་དེ་འདྲ་ཡོད་དམ།

བཀའ་ལན།
བཀུར་འོས་སྤྱི་འཐུས་ཀྱི་དྲི་བའི་ནང་དོན་ལ་གཞིགས་ན། གསོལ་ཕོགས་རང་གི་ཐོག་ནས་འགྲན་བསྡུར་གཞན་གྱི་ནང་འགྲོ་མི་དགོས་པ་བཟོ་རྒྱུའི་འཆར་གཞི་ཡོད་དམ་ཞེས་བཀའ་གནང་སོང་སྙམ། དེ་འདྲའི་འཆར་གཞི་གང་ཡང་མེད། དེ་ནི་རྒྱ་གར་གཞུང་གིས་ཀྱང་གནང་ཐུབ་ཀྱི་ཡོད་མ་རེད། ང་ཚོ་བཙན་བྱོལ་གཞུང་གིས་ག་ནས་ཐུབ། གཉིས་པ་སྤྱིར་བཏང་བཙན་བྱོལ་གཞུང་གི་ཕོགས་རིམ་གཏན་འབེབས་བྱེད་སྟངས་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ཕོགས་རིམ་གཏན་འབེབས་བྱེད་སྟངས་གཉིས་ལ་གཞི་རིམ་གྱི་མི་འདྲ་བ་ཞིག་ཡོད་རེད། དེ་སྤྱི་འཐུས་རྣམ་པས་མཁྱེན་གསལ་རེད། ཕོགས་རིམ་ཚོགས་ཆུང་དང་པོ་བཙུགས་པ་ནས་བཟུང་ཕོགས་རིམ་ཚོགས་ཆུང་གི་དགོངས་པ་བཞེས་ཕྱོགས་དེ་ཧི་མཱ་ཅལ་གཞུང་གི་ལས་བྱེད་ཚོ་དང་ཧི་མ་ཅལ་ནང་གནས་གཞི་བྱས་པའི་བཙན་བྱོལ་བོད་གཞུང་གི་ལས་བྱེད་ཚོའི་ཕོགས་ཀྱི་བར་ཧེ་བག་ཆེན་པོ་མེད་པ་ཞིག་དགོས་པ་དེ་གཞི་རིམ་ལྟ་གྲུབ་ལ་བཞག་པ་རེད། ཕོགས་ཟེར་བ་དེ་ཟླ་རེ་ཟླ་རེའི་མཇུག་ཏུ་ལག་པར་འབབ་རྒྱུའི་དངུལ་རྐྱང་དེ་རེད། དེ་དང་མཉམ་དུ་སྡོམ་དགོས་པ་མང་པོ་ཡོད་རེད། གལ་ཆེ་ཤོས་ཕྲུ་གུའི་སློབ་སྦྱོང་གི་འགྲོ་གྲོན་རེད། ལས་བྱེད་བྱེ་བྲག་པ་ཞིག་གི་ཁྱིམ་ཚང་ནང་འགྲོ་སོང་ཤུགས་ཆེ་ཤོས་འགྲོ་ཡུལ་དེ་ཕྲུ་གུ་ཚོའི་སློབ་སྦྱོང་ཡིན་གྱི་རེད། དེ་བཞིན་སྤྱི་ཐབ་ཀྱི་ཉིན་གུང་གསོལ་ཚིགས། སྨན་དང་འཕྲོད་བསྟེན་གྱི་མཐུན་རྐྱེན། རྒས་ཕོགས། དེ་དང་དེ་བཞིན་གྱི་གནས་ཚུལ་མང་པོ་ཞིག་ཕྱོགས་བསྡོམས་བརྒྱབས་པའི་རྗེས་དགོས་ངེས་ཀྱི་འགྲོ་གྲོན་ལ་གཟིགས་ནས་ཕོགས་རིམ་གཏན་འབེབས་བྱས་པ་ཞིག་རེད། ཆབས་ཅིག་ཏུ་ཡུལ་ཐང་འཕར་ཆ་རྒྱ་གར་གཞུང་གི་ཡུལ་ཐང་འཕར་ཆའི་རེའུ་མིག་ཇི་བཞིན་ལོ་རེའི་ནང་ང་ཚོས་ཡུལ་ཐང་གུན་གསབ་འབུལ་གྱི་ཡོད་རེད། སོང་ཙང་ཚན་རིག་ཐོག་ནས་བལྟས་ན། ཧི་མཱ་ཅལ་གཞུང་གི་གཞུང་ཞབས་ཚོ་དང་བཙན་བྱོལ་གཞུང་གི་གཞུང་ཞབས་དེ་ཚོའི་བར་ལ་བཅུ་དགུ་ཉི་ཤུའི་ཁྱད་པར་འདྲ་ཡོད་ན་མ་གཏོགས་བཅུ་དང་བརྒྱའི་ཁྱད་པར་ཡོད་མ་རེད། མཐའ་གཉིས་སུ་མ་ལྷུང་བའི་འཚོ་བ་སྐྱེལ་མཁན་ནང་མི་ཞིག་ཡིན་ན་འཚོ་བ་ཁུངས་རྩ་བ་ནས་མ་འཁྱོལ་ནས་དགོངས་པ་མ་ཞུས་ཐབས་མེད་པ་ཆགས་དགོས་པའི་གནས་སྟངས་ཤིག་ཕལ་ཆེར་མེད་པ་རེད་བསམ་གྱི་ཡོད། རྒྱུ་མཚན་ནི་འདས་པའི་ལོ་ལྔའི་ནང་ལས་བྱེད་རྩ་དགོངས་ཞུས་པ་དང་རང་བཞིན་གྱིས་བུད་པ་བསྡོམས་བརྒྱ་ཆ་ཉི་ཤུ་རྩ་བཞི་རེད། བརྒྱ་ཆ་དོན་དྲུག ༧༦ ཁུངས་འཁྱོལ་ནས་བཞུགས་ཡོད་རེད། གཙོ་བོ་ལྷག་བསམ་རེད། ལྷག་བསམ་དང་མཉམ་དུ་འཚོ་བའི་འགྲོ་སྟངས་ཕྲན་བུ་ཤེས་པ་ཞིག་མ་བྱུང་ན་ལྷག་བསམ་རྐྱང་པས་ཁུངས་འཁྱོལ་ཐབས་ཡོད་མ་རེད། ད་ལྟ་ཕོགས་རིམ་བསྐྱར་ཞིབ་ཚོགས་ཆུང་གསུམ་པའི་ལས་རིམ་འགྲོ་བཞིན་པ་རེད། འདས་པའི་ལོ་ལྔའི་རིང་བར་ཁྱད་གང་བྱུང་བ་གསབ་རྒྱུ་ཕོགས་རིམ་བསྐྱར་ཞིབ་ཚོགས་ཆུང་གསུམ་པའི་སྙན་ཐོ་དང་རྒྱབ་གཉེར་འབྱོར་སྐབས་གསལ་གྱི་རེད། ཡིན་ནའང་ཕོགས་རིམ་དེ་ཚོ་ Multinational Company ཕོགས་རིམ་དང་མཚུངས་བསྡུར་བྱས་ཏེ་འགྲོ་ཐུབ་ཀྱི་རེད་དམ། རིགས་གཅིག་རྐང་འཛིན་མི་ཚོ་བསྡད་ཐུབ་པ་ཆགས་ཀྱི་རེད་དམ་ཞེས་གསུངས་པ་ཡིན་ན། དེ་ཐུབ་ཀྱི་མ་རེད། སྨན་པ་དང༌། ཨར་ལས་འཆར་འགོད་པ་ལྟ་བུའི་ཁྱད་ལས་པ་རྣམས་ང་ཚོའི་ཕོགས་རིམ་ནང་བསྡད་ཐུབ་ཀྱི་མ་རེད། སོ་སོའི་རིགས་གཅིག་རྐང་འཛིན་གྱི་གནས་བབ་དང་མཐུན་པའི་ཡོང་འབབ་དང་མཉམ་པ་ཞིག་གཞུང་གི་ཕོགས་རིམ་ནམ་ཡང་སྤྲད་ཐུབ་ཀྱི་མ་རེད་ཅེས་ཞུ་རྒྱུ་ཡིན།

སྤྱི་འཐུས་བསྟན་འཛིན་ཆོས་ལྡན་ལགས་ནས།
གོང་དུ་ཕྱག་འབྲེལ་སྤྱི་འཐུས་འགས་བཀའ་འདྲི་གནང་བར་བཀའ་ཁྲི་མཆོག་ནས་བཀའ་ལན་ཕེབས་པར་བློ་འཚབ་ཏོག་ཙམ་སྐྱེས་སོང༌། བཀའ་འདྲི་ཞུ་རྒྱུར། གཞུང་ཞབས་ལས་བྱེད་རྩ་དགོངས་ཞུ་བ་དང་ཕྱག་ལས་སྔ་བསྣུར་སྐབས་ལ་ Exit Interview འཛིན་སྐྱོང་ནས་འདྲི་རྩད་བྱེད་པའི་ལུགས་སྲོལ་ཡོད་དམ་མེད། ཞུ་དོན་ནི། ལས་བྱེད་ཀྱི་དགོངས་ཤོག་ནང་རྒྱུ་མཚན་འཁོད་ཀྱང་ཞིབ་ཕྲ་གནས་ཚུལ་མཁྱེན་པའི་གོ་སྐབས་ཤིག་རེད་སྙམ། དེ་བཞིན་ལས་བྱེད་པའི་ཉམས་མྱོང་ཐོག་ནས་ལྷན་ཁང་ལ་ཐུགས་ཕན་གསོས་པའི་གནས་ཚུལ་དེ་སྔ་ཞུ་མ་ཐུབ་པ་དེ་འདྲ་ཡོང་སྲིད་པ་རེད། དགོངས་ཞུའི་སྐབས་ཞུ་ཐུབ་པ་དེ་རིགས་ཡོང་སྲིད་པས། སྒེར་པའི་ཚོ་བའི་ནང་དེ་འདྲ་ཡོང་བཞིན་པའི་གནས་ཚུལ་ལ་བརྟེན་དགོངས་ཞུའི་སྐབས་འདྲི་རྩད་བྱེད་སྲོལ་ཡོད་དམ་མེད། མེད་ཚེ་འདྲི་རྩད་འགོ་འཛུགས་ཀྱི་དགོངས་འཆར་ཡོད་དམ། ད་ལྟའི་ཆར་བོད་གཞུང་གི་ལས་བྱེད་ཀྱི་གྲངས་འབོར་གསུངས་རོགས།
བཀའ་འདྲི་ཞུ་རྒྱུར་གཞན་ཞིག་ལ། འདས་པའི་ལོ་ལྔའི་རིང་བརྒྱ་ཆ་ཉི་ཤུ་རྩ་བཞི་ལྷག་ཙམ་རྩ་དགོངས་ཞུས་པ་རེད་ལ། ཉིས་སྟོང་བདུན་ལ་ཉིས་སྟོང་གསུམ་ལས་བརྒྱ་ཆ་ལྔ་བཅུ་ལྷག་འཕར་ཡོད་རེད་གསུངས་པ་རེད། དེའི་ནང་ནས་མང་ཆེ་བ་གཞུང་ཞབས་གསར་པ་རེད་ཅེས་ཞུས་སོང༌། དེར་སེམས་འཚབ་གང་འདུག་ཞུས་ན། གཞུང་ཞབས་བགྲེས་པ་ཚོ་བགྲེས་ཡོལ་ཕེབས་སྐབས་བོད་གཞུང་གི་ས་མིག་སུ་འོས་འཚམས་ཀྱི་གཞུང་ཞབས་པ་ཞིག་བསྐོ་བཞག་ཐུབ་ཀྱི་ཡོད་དམ། ཉམས་མྱོང་ཅན་གྱི་ལས་བྱེད་པ་ཞིག་བསྐོ་བ་དང་ཉམས་མྱོང་མེད་པའི་ལས་བྱེད་པ་ཞིག་བསྐོས་པ་གཉིས་ཀྱི་ཁྱད་པར་དེ་ཞུ་མི་དགོས་པ་རེད། དེ་སྔ་ཨ་རི་ལ་བོད་མི་ཆིག་སྟོང་ཕེབས་པ་དེ་བཀའ་ཤག་གིས་མཁྱེན་གསལ་རེད། སོང་ཙང་བཀའ་ཤག་ནས་ Succession Planning དགོངས་ཞུའི་སྐབས་གྲ་སྒྲིག་ལས་འཆར་དང་ Deputy ཕྱག་འབྲེལ་ལས་རོགས་བསྐོ་བའི་ལམ་སྲོལ་ཡོད་དམ་མེད། མེད་ན་འཛུགས་དགོས་པའི་དགེ་མཚན་གཟིགས་ཀྱི་ཡོད་དམ། དཔལ་འབྱོར་གྱི་སྔོན་རྩིས་ཐོག་ནས་ལོ་རེར་བསྲི་ཚགས་ཀྱི་དགོངས་པ་བཞེས་ཀྱི་ཡོད་རེད། ལས་བྱེད་པ་མ་འདང་བ་དང་འཕོ་འགྱུར་གྱི་དཀའ་ངལ་ཡོད་ཙང༌། བཙན་བྱོལ་དུ་ཇི་ཙམ་གནས་མིན་ཞུ་ཐུབ་ཀྱི་མ་རེད། བྱས་ཙང་གསོལ་ཕོགས་སྤར་དགོས་པའི་དགོངས་བཞེས་ཐོག་བཀའ་འདྲི་ཞུ་བར་དགོངས་པ་བཞེས་རྩིས་མེད་གསུངས་པས་ལས་བྱེད་པ་ཉར་ཚགས་ཐུབ་པའི་ཐབས་ལམ་གཞན་པ་གང་ཡོད་དམ།

བཀའ་ལན།
ལས་བྱེད་པ་རྩ་དགོངས་ཞུ་སྐབས་བཀའ་ཤག་གིས་རྩ་དགོངས་ཞུ་དོན་འདྲི་བརྩད་བྱེད་སྲོལ་མི་འདུག མ་འོངས་པར་བྱེད་འཆར་ཡང་མེད། ཡིན་ནའང་ལས་བྱེད་རྩ་དགོངས་ཞུ་སྐབས་འབྲེལ་ཡོད་ཀྱི་དབང་ལྡན་འགན་འཛིན་དང་འབྲེལ་ཡོད་བཀའ་བློན་ཚང་མས་ཁྱེད་རང་དགོངས་པ་མ་ཞུས་པར་བཞུགས་མི་ཐུབ་བམ། དགོངས་པ་ཞུ་དོན་གང་རེད། དེ་ལ་ང་ཚོས་དཀའ་སེལ་ཐུབ་པ་མི་འདུག་གམ་ཞེས་འདྲི་བཞིན་པ་རེད། ལས་བྱེད་སུ་ཞིག་འབྲེལ་ཡོད་དབང་ལྡན་འགན་འཛིན་གྱིས་དགོངས་པ་ཞུ་རོགས་བྱས་ནས་བསམ་དགོས་པ་དེ་ཚོའི་དགོངས་ཤོག་འབྱོར་ན་ལམ་སེང་གཏོང་གི་ཡོད་རེད། དེ་མིན་བསྐྱར་འདྲི་ཡང་འདྲི་བྱས་ཏེ་དཀའ་ངལ་གཞུང་གིས་བསལ་ཐུབ་པ་ཞིག་ཡིན་ཚེ་སེལ་གྱི་ཡོད། དཀའ་ངལ་བསལ་ནས་གཞུང་ཞབས་རྩ་དགོངས་མ་ཕྱིན་པ་དེ་འདྲ་ཡང་ལྔ་དྲུག་ཙམ་བྱུང་ཡོད་རེད།
ཉིས་སྟོང་བདུན་གྱི་ལོ་མཇུག་ལ་གཞུང་ཞབས་བཞི་བརྒྱ་ལྔ་བཅུ་ང་གཅིག་འདུག དེ་རིང་ག་ཚོད་ཡོད་པའི་གྲངས་འབོར་དེ་ངས་འཁྱེར་མེད། བཞི་བརྒྱ་ང་གཅིག་ནང་ནས་སུམ་ཅུ་སོ་གྲངས་ཕྱིན་པ་དེ་ཧ་ཅང་འདྲོགས་དགོས་པའི་གནས་སྟངས་ཤིག་མ་རེད།
དེ་རིང་ངས་ཕོགས་དང་མཐུན་རྐྱེན་ཡག་ཏུ་གཏང་བའི་འདུན་པ་མེད་ཅེས་རྩ་བ་ནས་ཞུས་མེད། ཕོགས་དང་མཐུན་རྐྱེན་ཡག་ཏུ་གཏོང་རྒྱུའི་ཆེད་དུ་ཕོགས་རིམ་བསྐྱར་ཞིབ་ཚོགས་ཆུང་གིས་ཕྱག་ལས་གནང་བཞིན་པ་ཡིན་ཞེས་ཞུས་པ་ཡིན། ཡིན་ནའང་གང་བྱེད་འདོད་མེད་ཟེར་ན་ Multinational Company ཚོ་དང་མཉམ་པ་ཞིག་བཟོ་ཐུབ་ཀྱི་མ་རེད། བཟོ་འདོད་ཀྱང་མེད་ཅེས་ཞུས་པ་ཡིན། མ་འོངས་པར་ཡང་ཕྱོགས་གཅིག་ནས་ྋརྒྱལ་བ་རིན་པོ་ཆེའི་སྐུ་བསོད་དང༌། ཕྱོགས་གཞན་ཞིག་ནས་ད་ལྟའང་གཞིས་བྱེས་བོད་མི་ཚོའི་ལྷག་བསམ་དང་སྙིང་སྟོབས་ཀྱི་ཐོག་ནས་ལས་བྱེད་རྩ་དགོངས་ཞུ་མཁན་ཚོས་རྩ་དགོངས་ཞུས་ཀྱང་གསར་དུ་འཛུལ་མཁན་ཚོ་འཛུལ་གྱི་རེད། ལས་བྱེད་ཀྱིས་མ་འདང་ནས་བཙན་བྱོལ་གཞུང་སྒོ་བརྒྱབ་དགོས་པ་ཆགས་ཀྱི་མ་རེད་ཅེས་ངས་གྲོས་ཚོགས་འདིའི་ནང་ཐག་བཅད་ནས་ཞུ་ཐུབ་ཀྱི་ཡོད།
ལས་རོགས་ཟེར་བ་དེ་སྔོན་ལ་ཡོད་པ་ལྟར་ད་ལྟའང་ཡོད་རེད། དཔེར་ན། ས་མིག་གི་གོ་མིང་ལྟ་བུར་ཆ་བཞག་ན། དྲུང་གཞོན་ལས་རོགས་ནས་འགོ་ཚུགས་ཀྱི་ཡོད་རེད། བཀའ་བློན་ལས་རོགས་ཟེར་བ་དེ་མེད་པ་ཆགས་པ་མ་གཏོགས། ལས་བྱེད་ཀྱི་ནང་ཐེག་པ་རིམ་འཛེགས་བྱས་ཏེ། དཔེར་ན་དྲུང་ཆེ་ལས་འཕར་ཟེར་བ་དེ་དྲུང་ཆེའི་ལས་རོགས་དང་གཅིག་པ་རེད། ཟུང་འབྲེལ་དྲུང་ཆེ་ཟེར་བ་དེ་དྲུང་ཆེ་ལས་འཕར་གྱི་ལས་རོགས་དང་གཅིག་པ་རེད། སོང་ཙང་དེ་ཚོ་མིང་འདོགས་གནས་ཀྱི་ཁྱད་པར་མ་གཏོགས་སྔོན་མ་བཞིན་བསྡད་ཡོད་རེད།

སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ནས།
ནང་མིའི་དཀའ་སེལ་སླད་ལས་བྱེད་མི་ཉུང་བ་ཞིག་ལོ་ལྟར་རྩ་དགོངས་ཞུ་བཞིན་པ་དེ་ཕྱོགས་གཅིག་ནས་བཙན་བྱོལ་གཞུང་ལ་ལས་བྱེད་མི་འདང་བའི་དཀའ་ངལ་ཆེན་པོ་མི་འབྱུང་ཡང་ཕྱོགས་གཞན་ཞིག་ནས་བལྟས་ཚེ། གཞུང་ཞབས་དྲག་གྲས་དང་ཉམས་མྱོང་ཅན་གྱི་ལས་བྱེད་ཚོ་ཡང་ཡང་དགོངས་པ་ཞུ་བ་དེས་གཞི་རིམ་མི་མང་ལ་བརྡབ་གསིག་བྱུང་བ་ཡིན་ཙང༌། ཕྱོགས་གཅིག་ནས་དེ་ཙམ་གལ་འགངས་མིན་ནའང་ཕྱོགས་གཞན་ཞིག་ནས་ངས་བལྟས་ན་ཤིན་ཏུ་ཛ་དྲག་གི་གནས་ཚུལ་ཡིན་པ་བརྟེན། བཀའ་འདྲི་ཞུ་རྒྱུར། ནང་མི་དཀའ་སེལ་ཆེད་རྩ་དགོངས་ཞུ་མཁན་ལས་བྱེད་ཚོའི་དགོངས་ཤོག་ནང་འཁོད་ལྟར་དངོས་འབྲེལ་ནང་མིའི་དཀའ་སེལ་ཡིན་མིན་ཐོག་ལ་ཞིབ་འཇུག་གནང་ཡོད་དམ་མེད། ཞིབ་འཇུག་གནང་རྗེས་གཞུང་ངོས་ནས་དཀའ་སེལ་གནང་རྒྱུའི་དགོངས་གཞི་ཡོད་ན་ཞིབ་འཇུག་མ་གནང་བའི་རྒྱུ་མཚན་གང་ཡིན། བཀའ་འདྲི་ཞུ་རྒྱུ་གཞན་ཞིག་ལ། རྩ་དགོངས་དང་སྔ་བསྣུར་ཞུ་མཁན་གྱི་གཞུང་ཞབས་ལས་བྱེད་རིགས་ལ་བཀའ་ཤག་དང་དབང་ལྡན་བྱེ་བྲག་པས་ལས་བགོས་དང་སྟངས་འཛིན་ཚུལ་མཐུན་མ་གནང་བའི་རྐྱེན་བྱས་ཏེ་ཕེབས་མཁན་འདུག་གམ་མི་འདུག

བཀའ་ལན།
དྲི་བ་དང་པོའི་ལན་དེ་འཕྲོས་དོན་དྲི་བ་སྔོན་མར་ཞུས་པ་དེ་རང་ཡིན། འཕྲོས་དོན་དྲི་བ་སྔ་མའི་ལན་དུ། ལམ་སྲོལ་ཐོག་ནས་དགོངས་ཤོག་འབྱོར་སྐབས་ཁྱེད་ཀྱི་དགོངས་ཤོག་ནང་བཀོད་ལྟར་དངོས་འབྲེལ་རེད་དང་མ་རེད་ཅེས་ངག་རྒྱུགས་ལེན་པའི་སྲོལ་མེད་ཀྱང༌། འབྲེལ་ཡོད་བཀའ་བློན་དང་དབང་ལྡན་འགན་འཛིན་ཚང་མས་དགོངས་ཞུ་གནང་མཁན་ལས་བྱེད་ཀྱི་དཀའ་ངལ་སེལ་ཐུབ་མིན་གྱི་བཀའ་འདྲི་གནང་བཞིན་པ་རེད་ལ། བཀའ་འདྲི་གནང་སྟེ་དཀའ་ངལ་བསལ་ནས་རྩ་དགོངས་མ་ཞུས་པ་དང༌། ལོ་གཉིས་ཀྱི་ཕོགས་མེད་གུང་གསེང་མི་ཞུ་མཁན་ཇི་སྙེད་ཅིག་བྱུང་ཡོད། མ་འོངས་པ་ལའང་དེ་རིགས་ཡོང་གི་རེད་སྙམ། སྒྲིག་གཞིའི་ནང་མ་གསལ་ཡང་མ་འོངས་པར་ནང་མིའི་དཀའ་ངལ་ཡོད་ཅེས་ཞུ་མཁན་བྱུང་ན་འབྲེལ་ཡོད་དབང་ལྡན་འགན་འཛིན་དང་བཀའ་ཤག་སུ་ཐད་ནས་དཀའ་ངལ་སེལ་ཐབས་ཡོད་མེད་མ་བལྟས་པར་དགོངས་ཤོག་རྒྱབ་གཉེར་བྱས་པ་ཞིག་ཡོང་གི་མ་རེད་ཅེས་ཐག་བཅད་དེ་ཞུ་རྒྱུ་ཡིན།
བཀའ་ཤག་དང་འབྲེལ་ཡོད་དབང་ལྡན་འགན་འཛིན་གྱིས་ལས་དོན་བཀོད་སྒྲིག་བྱེད་ཕྱོགས་མ་འགྲིགས་པ་དང་སྟངས་འཛིན་བྱེད་ཕྱོགས་མ་འགྲིགས་པ་ལ་བརྟེན་ནས་རྩ་དགོངས་ཞུ་མཁན་བྱུང་སོང་ངམ་ཞེས་བཀའ་འདྲི་གནང་སོང༌། གཅིག་ཀྱང་བྱུང་མ་སོང་ཞེས་ཞུ་རྒྱུ་ཡིན། ལས་བྱེད་དགོངས་པ་ཞུ་མཁན་སུ་གཅིག་གིས་དགོངས་ཤོག་ནང་བཀོད་སྒྲིག་དང་བཏང་འཛིན་བྱེད་སྟངས་མ་འགྲིགས་ནས་དགོངས་པ་ཞུ་བ་ཡིན་ཟེར་མཁན་གཅིག་ཀྱང་བྱུང་མ་སོང༌། དགོངས་ཤོག་ནང་མ་བྲིས་པར་ཕྱི་ལ་གནས་ཚུལ་དེ་འདྲའི་འོག་ནས་དགོངས་པ་ཞུས་པ་ཡིན་ཞེས་གསུང་མཁན་བྱུང་བ་ཡིན་ན་དེ་ལ་བདེན་པ་ཡིན་པར་ངོས་འཛིན་གནང་དགོས་པའི་རྒྱུ་མཚན་ཨེ་ཡོད་སྙམ། གང་ཡིན་ཟེར་ན། ལས་བྱེད་སོ་སོའི་བདེ་སྡུག་གོང་རིམ་ལ་ཞུ་སའི་བརྒྱུད་ལམ་སྣ་ཚོགས་ཡོད་རེད། ལས་ཁུངས་ནང་ཁུལ་མ་འགྲིགས་ན་གཞུང་ཞབས་འདེམས་བསྐོ་ལྷན་ཁང་ལ་བདེ་སྡུག་ཞུ་ཆོག་གི་རེད། བཀའ་ཤག་ལ་ཞུ་ཆོག་གི་རེད། ཁྲིམས་ཁང་ལ་ཞུ་ཆོག་གི་རེད། རྩ་དགོངས་ཞུ་མཁན་ཚོའི་ནང་བདེ་སྡུག་ཞུ་ཡུལ་མེད་པའི་རྒྱུ་མཚན་གྱིས་རྩ་དགོངས་ཞུ་དགོས་བྱུང་བ་གཅིག་ཀྱང་བྱུང་མེད་པའི་ཡིད་ཆེས་གཙང་མ་ཡོད།

སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་ནས།
དྲི་བ་ཞུ་རྒྱུ་དེ་གོང་དུ་གསུངས་གྲུབ་པ་འདྲ་པོ་བྱུང་སོང་ཡང༌། གལ་པོ་ཆེ་ལ་ནན་ཏན་གྱི་ཚུལ་དུ། ལས་བྱེད་རྩ་དགོངས་དང་འབྲེལ་ཡོལ་སྔ་བསྣུར་ཕེབས་པ་དེ་སྤྱི་ཚོགས་ནང་ཏན་ཏན་སེམས་འཚབ་ཅིག་ཆགས་ཀྱི་ཡོད་རེད། ཉམས་མྱོང་ཅན་མང་པོ་དགོངས་ཞུ་ཕེབས་དུས་སེམས་འཚབ་རང་བཞིན་ཆགས་པ་རེད། ལས་བྱེད་གསར་པ་ལས་ཉམས་མྱོང་ཅན་དེ་རྩ་ཆེན་པོ་དང་གཞུང་ལ་ཐུགས་ཕན་གསོས་པ། ཞབས་འདེགས་བསྒྲུབས་པ་ཡོད་པ་དངོས་ཡོད་རེད། གནས་ཚུལ་དེའི་ཐད་སེམས་འཚབ་ཡོད་པ་བཞིན་འབྲེལ་ཡོད་ལས་ཁུངས་ལ་གྲངས་འབོར་ཇི་ཡིན་བཀའ་འདྲི་ཡང་ཞུས་མྱོང་ཡོད།
གོང་དུ་ཕྱག་སྦྲེལ་སྤྱི་འཐུས་ཁག་གིས་གོང་དུ་གསུངས་པ་ལྟར། ལས་བྱེད་རྩ་དགོངས་ཞུས་པ་དེ་རིགས་ལྷག་བསམ་དང་སེམས་ཤུགས་ཀྱིས་ཕོངས་པ་ཞིག་ཡིན་པ་ནམ་ཡང་ངོས་ལེན་ཞུས་ཐུབ་ཀྱི་མི་འདུག་ཞུ་པ་ཤ་སྟག་ཆགས་ཀྱི་ཨེ་ཡོད་བསམས། གོང་དུ་གསུངས་པ་ལྟར། ཆེ་མཐོང་དང་བཀོད་སྒྲིག་ལ་སོགས་པ་འདོད་བློ་ཚིམ་པ་མ་བྱུང་པའི་རྐྱེན་གྱི། ཚང་མ་སྤྱི་ཡོངས་ཀྱི་ཐོག་ནས་ནང་མི་དཀའ་སེལ་ཞེས་ཕྱིན་པའི་སྐོར་ལ་སྤྱི་ཚོགས་ནང་ལབ་གླེང་ཞིག་ཡོང་བཞིན་པ་རེད། སོང་ཙང༌། འཛིན་སྐྱོང་བཀའ་ཤག་ཐོག་ནས་ལས་བྱེད་དགོངས་པ་ཞུས་པ་ཡིན་ནའང་གསར་པ་ཡོང་གི་རེད། མི་འདང་བའི་དཀའ་ངལ་འཕྲད་པ་ཨེ་རེད་ཅེས་ཐུག་ཐགས་ཆོད་པོས་གསུངས་པ་ཡིན་དུས་ཙ་ན། བཀའ་ཤག་བརྒྱུད་ནས་འདེམས་བསྐོ་ལྷན་ཁང་ལ་འབོད་བསྐུལ་ཞུ་རྒྱུར་ད་བར་དུ་བགྲེས་ཡོལ་སྔ་བསྣུར་དང་རྩ་དགོངས་ཞུ་བ་རྣམས་ལ་བསམ་ཤོག་བསྡུ་ལེན་གྱི་ཐོག་ནས་དེ་ཚོའི་ན་ཚ་ངོ་མ་གང་དུ་ཐུག་མིན་དང་མ་འོངས་པར་ལས་བྱེད་ཉམས་མྱོང་ཅན་རྣམས་གནས་ཐུབ་ཆེད་འབད་བརྩོན་ཞུ་དགོས་པ་གལ་ཆེར་མཐོང༌། རྩ་བའི་རྒྱུན་ལས་སུ་ལས་བྱེད་རྩ་དགོངས་ཞུ་མཁན་གྱི་མཚན་གཞུང་ཕེབས་ཀྱི་ཡོད་རེད། སྐབས་དེར་དོ་བདག་གིས་ཞུ་དོན་ལྟར་གསུངས་པ་མ་གཏོགས་དོ་བདག་གི་ཞུ་དོན་ངོ་མ་གང་ཡིན་པ་དངོས་དེ་སྤྱི་འཐུས་རྒྱུན་ལས་ལ་སྙན་སེང་ཡོང་གི་མེད་ཙང་མ་འོངས་པར་ལས་བྱེད་བགྲེས་ཡོལ་ལྔ་བསྣུར་དང་རྩ་དགོངས་ཕེབས་པ་ཚོའི་དོ་བདག་གི་ཞུ་དོན་གང་ཡིན་པ་དེ་གནང་ཐུབ་ཀྱི་རེད་དམ་མ་རེད་ཅེས་ཞུ་རྒྱུ་ཡིན།

བཀའ་ལན།
དོ་བདག་གི་ཞུ་དོན་གང་ཡིན་པ་དེ་དགོངས་ཤོག་ངོ་མ་བཀའ་ཤག་གི་རྒྱབ་གཉེར་དང་སྦྲགས་ནས་གཞུང་ཞབས་འདེམས་བསྐོ་ལྷན་ཁང་ལ་ཕུལ་གྱི་ཡོད། སོང་ཙང་གཞུང་ཞབས་འདེམས་བསྐོ་ལྷན་ཁང་གིས་དོ་བདག་གི་ཞུ་དོན་གང་ཡིན་པ་མ་མཁྱེན་པའི་ཐོག་ནས་དགོངས་པ་བསྩལ་བ་ཞིག་བྱུང་ཡོད་པ་མ་རེད། གཞུང་ཞབས་འདེམས་བསྐོ་ལྷན་ཁང་གིས་དགོངས་འཁྲོལ་སྩོལ་སྐབས་སུ་དོ་བདག་གིས་ཞུ་དོན་ལྟར་ཞེས་བྲིས་པ་དེ་འགྱུར་བ་བཏང་དགོས་པ་ཡིན་ན། འགྱུར་བ་གཏང་ཐུབ་དང་མི་ཐུབ་བཀའ་ཤག་གིས་ལན་ཞུ་ཐུབ་ཀྱི་མི་འདུག འགྱུར་བ་གཏང་དང་མ་གཏང་གཞུང་ཞབས་འདེམས་ལྷན་གྱི་བྱེད་ལས་དང་འབྲེལ་བ་ཡིན་ཙང༌། དེ་ལ་བཀའ་ཤག་གིས་ལམ་སྟོན་ཞུ་ཐབས་མེད། སོང་ཙང་གཞུང་ཞབས་འདེམས་ལྷན་གྱིས་རང་ངོས་ནས་འགྱུར་བ་གཏང་བའམ་ཡང་ན་གྲོས་ཚོགས་ནས་ལམ་སྟོན་གནང་བ་གང་རུང་གཅིག་གི་ཐོག་ནས་མ་འོངས་པར་དགོངས་ཤོག་ནང་རྒྱུ་མཚན་གང་འཁོད་ལྟར་དགོངས་པ་འཁྲོལ་བའི་ཕྱག་བྲིས་ནང་བཀོད་དགོས་པ་བཟོ་ཐུབ་པ་ཞིག་རེད། ཡིན་ནའང་ལམ་སྟོན་གྱི་བརྒྱུད་ལམ་དེ་བཀའ་ཤག་མ་རེད་ཅེས་ཞུ་རྒྱུ་ཡིན།

ཚོགས་དུས་ལྔ་པ། ༢༠༠༨།༣།༤ ནས་ ༢༠༠༨།༤།༡༥