མོན་གོ་རྒས་གསོ་ཁང་དང་འབྲེལ་བའི་དྲི་བ་དྲིས་ལན།

སྤྱི་འཐུས་བེ་རི་འཇིགས་མེད་དབང་རྒྱལ་ལགས་ནས། ༡ ཉེ་སྔོན་ནོར་གླིང་ན་ཡོད་པའི་བགྲེས་སོང་ཞིག་ལྷོ་ཕྱོགས་མོན་གྷོ་འདོད་དགུའི་གླིང་དུ་འཇུག་རྒྱུའི་རེ་བ་ཞུས་སྐབས། ནང་སྲིད་ནས་མོན་གྷོར་འབྲེལ་མཐུད་བྱས་འབྲས་སུ། མོན་གྷོ་ནས་ཞལ་པར་ཐོག་དེ་གའི་རྒས་གསོ་ལ་རྒས་འཁོགས་གསར་པ་འཇུག་སའི་བསྡད་ཁང་མེད་ལུགས་བརྗོད་འདུག་ན། མོན་གྷོ་རྒས་གསོ་ལ་རྒས་འཁོགས་གསར་པ་འཇུག་སའི་བསྡད་ཁང་མེད་པ་དངོས་འབྲེལ་ཡིན་ནམ།
༢ མོན་གྷོ་རྒས་གསོ་དབུ་འཛིན་ནས་རྒས་འཁོགས་ཚོར་མཐོང་ཆུང་དང༌། མ་བྱན་སྔ་ཕྱིར་རྡུང་བརྡེགས་བཏང་ཚུལ། རྒས་གསོའི་ཞལ་ལག་གིས་རྒས་འཁོགས་ཚོའི་གྲོད་ཁོག་རྒྱགས་ཀྱི་མེད་པའི་གནས་ཚུལ་གོ་གསལ་བྱུང་ན། དེའི་སྐོར་ནང་སྲིད་ནས་གོ་ཐོས་བྱུང་ཡོད་མེད་དྭོགས་འདྲི་ཞུ་རྒྱུ་ཡིན།

བཀའ་ལན།
༡ ནོར་གླིང་ཁུལ་སྡོད་བགྲེས་སོང་ཞིག་གིས་མོན་གྷོ་རྒས་གསོར་འཇུག་བཞེས་ཡོང་བའི་སྙན་ཞུ་ཕུལ་འབྱོར་ལྟར་ས་གནས་སུ་འབྲེལ་བ་ཞུ་མུས་སྐབས། བགྲེས་སོང་དེའི་ཉེ་འབྲེལ་ཞིག་གིས་ཁོ་མོ་བོད་ནས་གསར་འབྱོར་བ་ཡིན་པས་ཚ་བར་འཕྲོད་མྀན་དཀའ་ངལ་འཕྲད་རྒྱུར་སོང༌། ལྷ་རབ་དྷ་ས་བྱམས་པ་གླིང་རྒས་གསོ་རང་དུ་འཇུག་ཐབས་གནང་རོགས་ཞུས་ཏེ་སྔར་གྱི་ཞུ་སྙན་ཕྱིར་འཐེན་གནང་འདུག འོན་ཀྱང་དྷ་ས་བྱམས་པ་གླིང་རྒས་གསོར་སྐབས་དེར་ལམ་སེང་འཇུག་རྒྱུའི་ས་མིག་མེད་པས་སྒུག་ཐོ་ཨང་ ༡༡༨ ནང་ཡོད་པ་ཉེ་ལམ་ས་མིག་ཐོན་ཏེ་རྒས་གསོར་འཇུག་བཞེས་འདུག དེ་མིན་མོན་གྷོ་རྒས་གསོ་ཁང་དུ་ས་མིག་མེད་རྐྱེན་མ་ཚུད་པ་མིན།
༢ མོན་གྷོ་རྒས་གསོ་ཁང་འགན་འཛིན་ནས་རྒས་འཁོགས་ལ་མཐོང་ཆུང་བཏང་སྟེ་དཀའ་ངལ་ཡོད་སྐོར་ས་གནས་འགོ་འཛིན་ལས་ཁུངས་སུ་བདེ་སྡུག་ཞུ་མཁན་རིགས་བྱུང་མི་འདུག་ཅིང༌། དེ་བཞིན་མ་བྱན་ལ་རྡུང་བརྡེགས་བཏང་བའང་བྱུང་མི་འདུག
རྒས་འཁོགས་རྣམ་པར་སོ་སོའི་བློ་ཁམས་དང་བསྟུན་ཏེ་ཞལ་ལག་དང་གསོལ་ཇ་སོགས་གསོལ་གྲོད་རྒྱགས་ངེས་འབུལ་གྱི་ཡོད་ཅེས་ཞུས་སོང༌། གསོལ་གྲོད་མ་རྒྱགས་པ་དང༌། མཐོང་ཆུང་བྱས་སྐོར་འདི་གར་གོ་ཐོས་མེད་པ་མ་ཟད། ས་གནས་འགོ་འཛིན་ལ་ཡང་དེ་རིགས་ཞུ་མཁན་བྱུང་མི་འདུག་པ་བཅས།

སྤྱི་འཐུས་བེ་རི་འཇིགས་མེད་དབང་རྒྱལ་ལགས་ནས་འཕྲོས་དོན་དྲི་བར།
དཔལ་ལྡན་ནང་སྲིད་བཀའ་བློན་མཆོག་གི་བཀའ་ལན་ལ་གཞིགས་ན་གཤམ་འོག་གི་གནས་ཚུལ་དེ་གོ་ཐོས་བྱུང་མེད་པ་འདྲ། གོ་ཐོས་བྱུང་མེད་པ་མ་གཏོགས་ནང་སྲིད་ལས་ཁུངས་ཀྱིས་ཕྱག་ལས་ཚགས་ཚུད་པོ་གནང་རྒྱུར་ཡིད་ཆེས་བརྟན་པོ་ཡོད། གནས་ཚུལ་དེ་རིགས་གོང་རིམ་ལ་སྙན་གསན་ཞུས་མེད་པ་འདྲ། སྤྱིར་བཏང་གནས་ཚུལ་དེ་གསར་པ་གང་ཡང་མ་རེད། ཕལ་ཆེར་ལོ་གཅིག་གི་གོང་ལ་ང་རང་མོན་གྷོ་ལ་སྡོད་ཀྱི་ཡོད་སྟབས་གོ་ཐོས་བྱུང་སོང༌། ཡིན་ཡང་ཧ་ཅང་གི་གསལ་པོ་ཞིག་ཤེས་མ་སོང༌། ཉེ་ཆར་འཕགས་བོད་ཆོས་འབྱུང་པོད་གསུམ་པ་དེ་རྩོམ་སྒྲིག་བྱེད་པའི་ཆེད་དུ་དགོན་པར་འགྲོ་བའི་སྐབས་རྒས་གསོ་ཁང་གི་ནང་དུ་སླེབས་སོང༌། གནས་ཚུལ་དེ་རྒས་འཁོགས་གཅིག་གཉིས་མ་ཡིན་པར་མང་པོ་ཞིག་གིས་འཚང་ཁ་བརྒྱབས་ཏེ་ངར་ནས་གསུང་གི་འདུག གནས་ཚུལ་དེ་ག་རེ་ཡིན་མིན་རྒས་གསོ་ཁང་གི་དབུ་འཛིན་དང་གཞིས་འགོ་ལ་རྩད་གཅོད་བྱེད་དགོས་བསམ་བྱུང་ཡང༌། དེབ་གཅིག་གི་དོན་དུ་ཉེ་ཆར་ཆོས་རིག་ལས་ཁུངས་ནས་མགྱོགས་པོ་ཡར་ཡོང་དགོས་པའི་རེ་སྐུལ་བྱུང་བ་བཞིན་ང་རང་གི་ལས་ཀ་དེ་མ་ཚར་བར་ཉིན་མཚན་ལྟོས་མེད་བྲེལ་འཚུབ་ཀྱི་ཐོག་ནས་བྱ་དགོས་བྱུང་སོང༌། བྱས་ཙང་རྩད་གཅོད་བྱས་ཐུབ་མ་སོང༌།
དྲི་བ་དང་པོར། ནོར་གླིང་ཁུལ་དུ་གནས་སྡོད་བྱེད་མཁན་ཕུན་ཚོགས་ཞེས་པ་ཞིག་གི་མ་རྒན་རྒས་གསོ་ཁང་ནང་འཇུག་རྒྱུའི་ཆེད་དུ་སྙན་ཞུ་འབུལ་བའི་སྐབས་དྷ་སར་བང་རིམ་སྒྲིག་དགོས་ཀྱི་ཡོད་རེད། དེ་ནས་ས་གནས་གཞན་ལ་གཏོང་དགོས་ན་བལྟ་ཆོག་གི་རེད་ཅེས་གསུངས་འདུག བྱུང་ན་ས་གནས་འདི་གར་དང༌། མ་བྱུང་ནའང་ཁྱད་པར་མི་འདུག་ཅེས་གསུངས་འདུག་པར། མོན་གྷོ་ལ་གཏང་རྒྱུ་བྱས་འདུག ཡིན་ཡང་མོན་གྷོ་ཡི་རྒས་གསོ་ཁང་དུ་ཁང་མིག་སྟོང་པ་མི་འདུག་ཅེས་ཕུན་ཚོགས་ཞེས་པ་དེར་ནང་སྲིད་ལས་ཁུངས་ཀྱི་ཨ་ཅག་ཅིག་གིས་བཤད་འདུག ཨ་ཅག་དེའི་མིང་གསལ་པོ་ཞིག་བཤད་རྒྱུ་མི་འདུག ཡིན་ནའང་བཀའ་ལན་གྱི་ནང་ལ་བལྟས་ན་མོན་གྷོ་ནས་ཁང་པ་མེད་ཅེས་ཞུས་མེད་པ་འདྲ། བཀའ་བློན་ཁྲི་པ་མཆོག་ལ་ལན་དྲང་པོ་མ་ཕུལ་བར་སྐད་ཆ་དེ་བར་ནས་བཅུག་ཡོད་པ་འདྲ། དེ་ག་འདྲ་ཡིན་ནམ། གལ་སྲིད་སྡོད་ཁང་མེད་ཅེས་ཁ་པར་བཏང་བ་དེ་དངོས་གནས་ཡིན་ན་བདེན་པ་མ་རེད། མོན་གྷོ་རྒས་གསོ་ཁང་དུ་ཁང་པ་མང་དྲགས་ནས་སློབ་གྲྭའི་ཕྲུ་གུ་དང་བོད་ནས་གསར་དུ་འབྱོར་བ་མང་པོར་ཁང་པ་གླས་ཏེ་བཞག་འདུག
དྲི་བ་གཉིས་པར། ས་གནས་འགོ་འཛིན་གནས་ཚུལ་དེ་རིགས་ཞུ་མཁན་བྱུང་མི་འདུག་ཅེས་བཀའ་ལན་ཕུལ་འདུག་ཀྱང་རྒས་གསོ་བརྒྱ་དཔོན་མི་རྒན་བཞི་སྡེབ་གཅིག་ཏུ་གཞིས་འགོའི་མདུན་དུ་བཅར་ཏེ་བདེ་སྡུག་ཞུས་འདུག་པར་གཞིས་འགོས་སྤོར་ཏོ་ཚོ་མར་རྒྱུགས། ཁ་ལག་གང་སྤྲད་པ་དེ་ཟོ། ཁ་ཁག་བསྡད་ནས་མ་ཎི་སྒྲོངས། དེ་མིན་བྱུས་གཏོགས་བྱེད་དགོས་མ་རེད། མར་རྒྱུགས་ཞེས་བཤད་འདུག བརྒྱ་དཔོན་བཞི་པོ་དེའི་མིང་ཤེས་ཀྱི་མེད་ཀྱང་རྩད་གཅོད་བྱས་ན་ཧ་གོ་གི་རེད་བསམ་གྱི་འདུག ལར་ནས་གཞིས་འགོ་སྔོན་མ་ཚོས་མ་མཐར་ཟླ་བ་རེ་ལ་ཐེངས་མ་གསུམ་རེ་ཡོང་ནས་ཁ་ལག་གིས་གཟུགས་པོར་འཕྲོད་ཀྱི་འདུག་གམ་ཞེས་པ་དང༌། ལྟོ་ཚང་ནང་ལ་ཡང་ཡང་ཕེབས་ཀྱི་ཡོད་པ་འདྲ། ད་ལྟའི་གཞིས་འགོ་དེ་ཐེངས་གཉིས་རང་ཕེབས་འདུག ཐེངས་མ་དང་པོ་དེར་ཀོ་ཊི་དང་པོའི་ནང་ཚོགས་འདུ་བསྐོངས་ནས་རྒས་པོ་རྒས་མོ་ཚོར་ཁ་ལ་ཡག་པོ་ཉོན། མ་ཎི་སྒྲོངས། དེ་མིན་གྱི་བྱུས་གཏོགས་གང་ཡང་ཡོད་མ་རེད། གལ་སྲིད་བྱུས་གཏོགས་བྱས་པ་ཡིན་ན་ཕྱིར་འབུད་བྱེད་ཀྱི་ཡིན་ཞེས་གསུངས་འདུག དེ་ཐེངས་མ་དང་པོ་ཕེབས་པའི་སྐབས་ལ་རེད་འདུག ཐེངས་མ་གཉིས་པ་དེ་ཚོགས་ཁང་གི་ནང་ལ་ཁ་ལག་ཟ་བའི་སྐབས་ལ་ཕེབས་ནས་ཁ་ཤས་ཁ་ལག་གིས་གྲོད་ཁོག་རྒྱགས་ཀྱི་མི་འདུག་ཅེས་ཤོད་མཁན་ཡོད་པ་འདྲ། གྲོད་ཁོག་རྒྱགས་ནའང་རེད། མ་རྒྱགས་ནའང་རེད། ཁྱེད་ཚོའི་ཐོབ་ཐང་དེ་བག་ལེབ་རེ་ལ་གྷ་རམ་བརྒྱད་ཅུའི་ཚད་གཞི་རེད་ཅེས་བཤད་འདུག གྷ་རམ་ཞེས་པ་དེ་རྒྱ་གར་གྱི་སྐད་ཡིན་ཙང་ངས་གསལ་པོ་ཞིག་ཤེས་མ་སོང་ཡང་རྗེས་སུ་སྐད་ཆ་འདྲི་བའི་སྐབས་ལ་ཀི་ལོ་གཅིག་ལ་གྷ་རམ་ཆིག་སྟོང་ཡོད་པ་འདྲ། བྱས་ཙང་གྲོ་ཞིབ་ཀི་ལོ་གཅིག་གིས་བག་ལེབ་བཅིུས་བཟོ་དགོས་ཀྱི་ཡོད་པ་འདྲ། གཞིས་འགོ་ལས་ཁུངས་སུ་གནས་ཚུལ་དེ་འབྱོར་མ་སོང་ཞེས་པ་དེ་རྦད་དེ་རྫུན་མ་རེད་འདུག དེའི་ཐོག་ལ་རྩད་གཅོད་ཅི་འདྲ་ཞིག་གནང་དགོས་ཀྱི་ཡོད་དམ་ཞུ་རྒྱུ་ཡིན།
མ་བྱན་རྡུང་བརྡེགས་ཀྱི་སྐོར་དེ་བདེན་པ་མ་རེད་ཅེས་མ་ནས་ཡར་ལན་ཕུལ་ཡོད་པ་འདྲ། མ་བྱན་རྡུང་བརྡེགས་བཏང་བ་དེ་ཡང་ཐེངས་མ་གཅིག་རེད་མི་འདུག ཐེངས་མ་གཉིས་ཙམ་ཞིག་བརྡུང་བརྡེགས་བཏང་འདུག ཐེངས་དང་པོ་དེའི་མིང་ལ་ཀུན་དགའ་ཟེར་གྱི་འདུག རྡུང་བརྡེགས་བཏང་དོན་དེ་ཡང་རྒས་གསོ་འགན་འཛིན་གྱིས་ཤིང་བཤགས་དགོས་རེད་ཅེས་ལབ་ཡིན་ས་རེད། དེ་ནས་མ་བྱན་གྱིས་ང་མ་བྱན་ཡར་བསྡད་པའི་སྐབས་ལ་ཁ་ལག་བཟོ་རྒྱུ་དེ་ལས་གཞན་འགན་གཞན་སྤྲད་མེད་ཅེས་ལབ་ཡོད་པ་འདྲ། དེ་ལ་བརྟེན་ནས་ལག་པ་དང་པོ་བཀྱགས་མཁན་དེ་རྒས་གསོའི་འགོ་བྱེད་དེ་རེད་འདུག རྡུང་བརྡེགས་བཏང་ནས་མཐའ་མ་ཕུད་ནས་ད་ལྟ་སྡོད་ས་དེ་གཞིས་སྒར་ Camp གསུམ་པའི་སུམ་མདོའི་ཁ་ལ་ཇ་བཙོངས་ནས་བསྡད་འདུག རྡུང་བརྡེགས་གཉིས་པ་གཏོང་ས་དེ་པདྨ་རྡོ་རྗེ་ཟེར་བ་དེ་རེད་འདུག དེ་ཡང་ལོ་དྲུག་ཅུར་སླེབས་པ་ཞིག་རེད་འདུག རྡུང་བརྡེགས་བཏང་བ་མ་ཟད་ཁ་ལ་མུར་རྫོག་གཉིས་གཞུས་ནས་ཁ་ལ་རྨ་བཟོས་ཡོད་པ་དེ་རྒས་གསོའི་མི་ཚང་མས་མཐོང་ཡོད་པ་ཞིག་ཡིན་པ་འདྲ། ད་ལྟ་ཁོང་རྩད་གཅོད་ནས་དྲི་བ་བཏང་ན་དགའ་ལྡན་བྱང་རྩེའི་ཟ་ཁང་ཞིག་ནང་ཡོད་རེད་ཟེར། དེ་འདྲ་ཡིན་དུས་མ་བྱན་རྡུང་བརྡེགས་བཏང་མི་འདུག་ཟེར་བའི་སྐད་ཆ་དེ་གནས་ལུགས་དངོས་གནས་ཤིག་ཡིན་ས་མ་རེད་བསམ་གྱི་འདུག དེར་བརྟེན་དེའི་ཐོག་ལ་རྩད་གཅོད་གནང་སྟངས་ག་འདྲ་གནང་གི་ཡོད་དམ་ཞུ་རྒྱུ་ཡིན། ཞལ་ལག་གིས་གྲོད་པ་རྒྱགས་མི་རྒྱགས་ཀྱི་ཐོག་ལ་གོང་དུ་ཞུས་པ་བཞིན་བག་ལེབ་རེ་རེ་ལ་གྷ་རམ་ ༨༠ ཡོད་པ་འདྲ། ང་རང་གི་བསམ་པར་དེས་གྲོད་ཁོག་རྒྱགས་ཐུབ་ཀྱི་མ་རེད་བསམ་གྱི་འདུག གཅིག་བྱེད་ན་ང་ཚོ་ལོ་གཞོན་པ་དང་ཁོ་ཚོ་ལོ་ཆེན་པོ་ཡིན་དུས་གནས་སྟངས་ཀྱང་ཐ་དད་འདྲ་བ་ཞིག་ཡིན་འགྲོ དེ་ང་ལ་རྒྱུས་མེད། དེ་སྔའི་རྒས་གསོའི་དབུ་འཛིན་རྣམས་རྒས་གསོ་ཁང་དུ་ཡང་ཡང་བལྟ་རུ་འགྲོ་བ་དང༌། ལྷག་པར་དུ་ནད་པ་དེ་ཚོ་ལ་ཞག་གསུམ་རྗེས་བལྟ་རུ་འགྲོ་བ་དེ་འདྲ་བྱས་ཀྱི་ཡོད་ས་རེད། དེ་རིང་ཁ་སང་རྒས་གསོའི་འགོ་འཛིན་དེ་ཁ་ལག་ཟ་སྐབས་ཐེངས་གཅིག་གཉིས་ཙམ་བལྟ་སྐོར་ཡོང་གི་ཡོད་པ་འདྲ། དེའི་སྐབས་སུ་བཀའ་བཀྱོན་གཏོང་བ་ལས་འཚམས་འདྲི་ཞུས་པ་དེ་འདྲ་བྱེད་ཀྱི་མེད་པ་འདྲ། རྒྱུ་མཚན་དེ་རྩད་གཅོད་ན་དེ་སྔོན་རྒས་གསོའི་དབུ་འཛིན་གཅིག་སྒོ་མང་གྲྭ་ཚང་གི་གྲགས་པ་ཞེས་པ་དེ་རེད་འདུག དེའི་རྗེས་སུ་དབུ་འཛིན་དེ་དགའ་ལྡན་གྱི་རྒན་བག་བྲོ་ཟེར་བ་དེ་འཁེལ་འདུག དེ་དག་གཅིག་ནས་གྲྭ་པ་ཡིན་པ་ཞིག་དང༌། གཉིས་ནས་དགུང་ལོ་མཐོ་པོ་ཡིན་པ་དེ་འདྲས་ཡིན་སྲིད་ཀྱི་རེད། གང་ལྟར་བྱམས་པོ་བྱེད་སྟངས་དེའི་ཐོག་ནས་རྒས་པོ་རྒས་མོ་ཚང་མའི་ཡིད་མོས་བྱ་ཡུལ་ཞིག་ཆགས་འདུག ད་ལྟ་དེ་ལོ་གཞོན་གཞོན་དང་ཕོ་གསར་རྒས་འཁོགས་ཚོའི་གནས་སྟངས་ཐོག་ལ་ཉམས་མྱོང་མེད་པ་ཡིན་པ་འདྲ། གང་ལྟར་མདོར་བསྡུས་ན་རྒས་པོ་རྒས་མོ་ཚང་མ་སྐད་ཤོར་བསྡད་པ་ཞིག་ཆགས་འདུག དེ་ཡང་ང་རང་མི་དངོས་སུ་ཕྱིན་ནས་མཐོང་སྣང་བྱུང་བ་ཞིག་ཡིན། བྱས་ཙང་གོང་དུ་ཞུས་པ་དེ་དག་ཚང་མ་མི་དངོས་སུ་མ་གིར་ཕྱིན་ནས་འདྲི་བརྩད་བཏང་ནས་བྱུང་བའི་གནས་ཚུལ་ཁག་ཡིན། དེར་བརྟེན་དེའི་ཐོག་ལ་དཔལ་ལྡན་ནང་སྲིད་བཀའ་བློན་མཆོག་ནས་ཐག་གཅོད་གནང་སྟངས་དང་ཕྱག་ལེན་ག་འདྲ་གནང་རྩིས་ཡོད་དམ་ཞུ་རྒྱུ་ཡིན།

བཀའ་ལན།
ནོར་གླིང་ཁུལ་སྡོད་ཨ་མ་ལྷ་མོ་མཚོས་ ༢༠༠༥ ཕྱི་ཟླ་ ༡༢ ཚེས་ ༡༢ ལ་མོན་གྷོ་རྒས་གསོ་ཁང་དུ་འཇུག་དགོས་སྙན་ཞུ་ཕུལ་འདུག་པ་ལྟར། མོན་གྷོ་རྒས་གསོ་ཁང་དུ་ལེན་ཐུབ་ཀྱི་ཡོད་མེད་འདྲི་བརྩད་གནང་འདུག ས་གནས་ནས་ལན་མ་བྱུང་གོང་ཨ་མའི་ཉེ་འབྲེལ་ཡིན་པ་ཕུན་ཚོགས་ཚེ་རིང་གིས་མོན་གྷོ་ཚ་བ་ཆེ་སྟབས་ཨ་མ་སྡོད་ཐུབ་ཀྱི་མ་རེད། དྷ་ས་རྒས་གསོ་ཁང་རང་དུ་བཅུག་དགོས་ཞུས་ཏེ་མོན་གྷོ་རྒས་གསོ་ཁང་དུ་འཇུག་གནང་ཞུ་བའི་སྙན་ཞུ་དེ་ཕྱིར་འཐེན་བྱས་འདུག མོན་གྷོ་ལ་ས་ཆ་མེད་པའི་དབང་གིས་མ་ཚུད་པ་མིན་པར་དོ་བདག་གིས་འགྲོ་འདོད་མེད་པའི་དབང་གིས་མ་ཚུད་པ་ཡིན་པ་དངོས་ཡོད་ཀྱི་གནས་ཚུལ་རེད་ཅེས་ཞུ་རྒྱུ་ཡིན།
མ་བྱན་ནང་ཕན་ཚུན་འཁྲུགས་རྩོད་ཤོར་བ་མ་གཏོགས་འགོ་འཛིན་གྱིས་མ་བྱན་ལ་རྡུང་རྡེག་བཏང་བ་བྱུང་མི་འདུག མ་བྱན་གཉིས་རྒྱ་འདྲེ་ཤོར་སྐབས་འགོ་འཛིན་གྱིས་བཀག་བསྡོམས་བྱས་པར་བརྟེན་མ་བྱན་གཅིག་གིས་འགོ་འཛིན་གྱི་སྦག་སྦག་གི་ཕུ་གློད་པ་དང༌། དེའི་སྐབས་ཕུ་མ་གློད་ཅེས་འབུད་རྒྱག་ཅིག་བཏང་བ་མ་གཏོགས་ཉེས་རྡུང་བཏང་མི་འདུག་ཅེས་ས་གནས་ནས་ཞུས་འདུག དེ་བཞིན་ཞལ་ལག་ཀྱང་ཁམས་བསྟུན་གསོལ་གྲོད་རྒྱགས་ངེས་ཕུལ་བ་མ་གཏོགས་གསོལ་གྲོད་མ་རྒྱགས་པའི་གནས་ཚུལ་གོ་ཐོས་མེད་པ་དང༌། ས་གནས་འགོ་འཛིན་ལས་ཁུངས་སུའང་དེ་འདྲ་ཞུ་མཁན་བྱུང་མ་སོང་ཞེས་ས་གནས་འགོ་འཛིན་གྱིས་གནས་ཚུལ་ཕུལ་བ་འདིར་སྙན་གསན་ཞུས་པ་ཡིན། སྐར་རྟགས་ཅན་གྱི་དྲི་བ་ཕེབས་རྗེས་ང་ཚོས་ས་གནས་སུ་ཞིབ་འཇུག་བྱེད་མཁན་ཆེད་གཉེར་བྱ་རྒྱུའི་གོ་སྐབས་བྱུང་མ་སོང༌། ད་ལྟ་ང་ཚོས་ཞུས་པའི་གནས་ཚུལ་དེ་ཚོ་བདེན་པ་མིན་པ་ཡིན་ན། དང་པོའི་མཐོང་སྣང་དུ་གྲུབ་པའི་གནས་ཚུལ་ཡོད་པའི་ཕྱག་བྲིས་ཤིག་བཀུར་འོས་སྤྱི་འཐུས་མཆོག་གམ་འབྲེལ་ཡོད་རྒས་འཁོགས་སུ་ཞིག་གིས་གནང་བ་ཡིན་ན་དེའི་ཐོག་ང་ཚོས་ངེས་པར་ཞིབ་འཇུག་ཞུ་རྒྱུ་ཡིན།

སྤྱི་འཐུས་བསྟན་འཛིན་ཆོས་ལྡན་ལགས་ནས།
དྲི་བའི་དྲིས་ལན་ནང་དུ་མ་བྱན་རྡུང་བརྡེགས་བཏང་བ་བྱུང་མི་འདུག་གསུངས་པ་དེ་ས་གནས་འགོ་འཛིན་ལྷན་རྒྱས་བཀའ་མོལ་བྱུང་བ་ཞིག་རེད་དམ། ཡང་ན་ས་གནས་ཀྱི་མི་མང་དང༌། འབྲེལ་ཡོད་མ་བྱན། དེ་བཞིན་ས་གནས་འཐུས་ཚོགས་ཀྱི་གནས་ཚུལ་བྱུང་བའི་ཐོག་ལ་སྐྱོན་བརྗོད་གནང་བའི་ཐོག་ལ་བཀའ་མོལ་བྱུང་ཡོད་མེད་ཐོག་ལ་བཀའ་འདྲི་ཞུ་རྒྱུ་གཅིག་ཡིན།
སྒུག་ཐོ་ཨང་ ༡༡༨ ཞེས་འཁོད་འདུག་པས་དྷ་ས་བྱམས་པ་གླིང་ལ་སྒུག་ཐོ་ཡོད་པ་དེ་སྤྱི་ཡོངས་ཀྱི་སྒུག་ཐོ་རེད་དམ། ཡང་ན་བྱམས་པ་གླིང་གཅིག་པུ་ཡིན་ནམ། མོན་གྷོ་ལ་སྒུག་ཐོ་ཡོད་དམ་མེད། དེ་བཞིན་སྒུག་ཐོའི་ནང་མི་འབོར་ཆེན་པོ་དེ་འདྲ་ཡོང་དགོས་པའི་གནས་ཚུལ་གཙོ་བོ་དེ་དཔལ་འབྱོར་ལ་ཐུག་གི་ཡོད་དམ། ཁང་པ་མ་འདང་བའི་དཀའ་ངལ་རེད་ཞུ་རྒྱུ་ཡིན། རྒས་གསོ་ཁང་ལ་མ་བཅུག་པ་ཡིན་ན་ཁོ་རང་ལ་ཞལ་ལག་གི་དོད་དང་དེ་བཞིན་སྨན་བཅོས་ཀྱི་དོད་དེ་འདྲ་ཕུལ་བའི་ལུགས་སྲོལ་ཡོད་དམ་མེད།

བཀའ་ལན།
གོང་དུ་འཕྲོས་དོན་དྲི་བར་ལན་ཞུས་པ་བཞིན། བཙན་བྱོལ་གཞུང་གི་ངོ་ཚབ་ས་གནས་སུ་ལས་ཀ་བྱེད་མཁན་ས་གནས་འགོ་འཛིན་རེད། ས་གནས་དང་འབྲེལ་བའི་གནས་ཚུལ་ག་འདྲ་ཞིག་བྱུང་ཡང་འགོ་འཛིན་ལ་འདྲི་རྩད་བྱེད་ཀྱི་ཡོད་རེད། ད་རེས་ཀྱི་གནས་ཚུལ་འདི་ཡང་ས་གནས་འགོ་འཛིན་ལ་དྲི་བ་དྲིས་པ་མ་གཏོགས་འབྲེལ་ཡོད་ཀྱི་མི་མ་བྱན་དང་རྒས་གསོ་ཁང་གི་འགོ་འཛིན་སོགས་ལ་དྲི་བ་དྲིས་རྒྱུ་མ་བྱུང༌། གང་ཡིན་ཞེ་ན། ད་ལྟ་ང་ཚོས་སྐར་རྟགས་ཅན་གྱི་དྲི་བའི་ལན་འབུལ་རྒྱུའི་ཆེད་དུ་གནས་ཚུལ་བསྡུ་རུབ་བྱས་པ་མ་གཏོགས་ཞིབ་འཇུག་བྱས་པ་མ་རེད། གནས་ཚུལ་བསྡུ་རུབ་རྒྱུན་སྲོལ་ལྟར་ས་གནས་འགོ་འཛིན་བརྒྱུད་ནས་བྱས་ཏེ་དེའི་ནང་གང་གསལ་ལྟར་ད་ལྟ་འདིར་ལན་ཕུལ་བ་ཡིན།
འཕྲོས་དོན་དྲི་བ་གཉིས་པར་སྒུག་ཐོ་ཨང་གྲངས་བརྒྱ་དང་བཅོ་བརྒྱད་ཡོད་པ་དེ་ག་འདྲ་རེད་ཅེས་བཀའ་འདྲི་གནང་སོང༌། སྒུག་ཐོ་ཨང་གྲངས་སྔོན་མ་ནས་ཡོད་པའི་སྒུག་ཐོའི་ཨང་གྲངས་མུ་མཐུད་པ་མ་གཏོགས་ད་ལྟ་མི་བརྒྱ་དང་བཅོ་བརྒྱད་ཚུད་རྒྱུ་བསྡད་ཡོད་པའི་གནས་ཚུལ་མ་རེད། སྒུག་ཐོའི་ནང་ཡོད་པ་དེ་དག་ཁང་པ་ཐོན་རིམ་བཞིན་དུ་ཛ་དྲག་ཆེ་ཆུང་ལ་བལྟས་ནས་ཛ་དྲག་ཡོད་ན་སྒུག་ཐོའི་བང་རིམ་ལ་ལྟོས་མ་དགོས་པ་དང༌། དེ་མིན་སྒུག་ཐོའི་བང་རིམ་ལྟར་བཅུག་གི་ཡོད། སྒུག་ཐོའི་ནང་ཚུད་པའི་རྒས་འཁོགས་ཚང་མར་རྒས་གསོ་ཁང་དུ་མ་ཚུད་བར་འཚོ་སྣོན་ནང་སྲིད་ལས་ཁུངས་ནས་ཕུལ་གྱི་ཡོད།

སྤྱི་འཐུས་ཐོགས་མེད་ལགས་ནས།
ཚ་གྲང་དབང་གིས་ས་ཆ་མ་འཕྲོད་པར་གདམ་ག་གནང་རྒྱུ་ཡོད་པ་ཡིན་ན་གྲང་བ་མ་འཕྲོད་པའི་རྒས་འཁོགས་མང་པོ་ཞིག་ཡོད་རེད། དེ་ཚོ་ས་དྲོ་བར་འགྲོ་གི་ཡིན་ཞེས་ལབ་ན་ གདམ་གའི་ཐོག་ནས་རག་གི་ཡོད་རེད་དམ། གཉིས་པར་ས་གནས་ས་ཐོག་ལ་རྒས་གསོ་ཁང་ཡོད་པ་དེར་ས་གནས་དེ་གའི་རྒས་འཁོགས་རྣམས་བཅུག་རྒྱུ་རེད་དམ། ཡང་ན་རྒས་གསོ་ཁང་དེར་རྒས་འཁོགས་ག་ནས་གཏོང་ན་འགྲིག་གི་ཡོད་རེད།

བཀའ་ལན།
དྷ་ས་བྱམས་པ་གླིང་རྒས་གསོ་ཁང་དུ་ཚུད་རྒྱུར་སྒུག་ཐོར་བསྡད་དགོས་པ་ནི་ཁང་ཁུངས་མེད་པའི་དབང་གིས་རེད། ཁང་པ་ཐོན་ན་དེ་འཕྲལ་ཚུད་ཀྱི་རེད། སྙན་ཞུ་སྔོན་མ་མར་འཐེན་ཏེ་གསར་པ་ཞིག་ཕུལ་བ་ཡིན་ཙང་སྒུག་ཐོའི་ནང་བཞག་པ་རེད། སྤྱིར་བཏང་ནང་སྲིད་ལས་ཁུངས་ཀྱིས་ཐད་ཀར་འཛིན་སྐྱོང་བྱས་པའི་རྒས་གསོ་ཁང་གསུམ་ལས་མེད། རྒས་གསོ་ཁང་གཞན་དག་ཚང་མ་སོ་སོའི་འགན་འཛིན་ལྷན་ཚོགས་དང༌། འགོ་འཛིན་སོགས་ཟུར་དུ་ཡོད་པ་ཡིན་སྟབས། ནང་སྲིད་ལས་ཁུངས་ནས་ས་ཆ་ཡོད་མེད་སྐད་ཆ་དྲིས་ཏེ་རྒྱབ་གཉེར་བྱེད་རྒྱུ་མ་གཏོགས་རྒས་འཁོགས་འདི་དང་འདི་བཅུག་དགོས་ཞེས་བཀའ་གཏང་ས་ཡོད་མ་རེད།

སྤྱི་འཐུས་ཚེ་རིང་ཕུན་ཚོགས་ལགས་ནས།
ང་རང་གི་ཚོར་སྣང་ལ་སྤྱི་འཐུས་ཀྱིས་འཛིན་སྐྱོང་ལ་དྭོགས་འདྲི་གནང༌། འཛིན་སྐྱོང་ནས་ས་གནས་ལ་དྲི་བ་གནང༌། ས་གནས་ནས་ཡར་ལན་ཞུ་རྒྱུར་ཐུགས་ཞིབ་མ་གནང་བར་ང་ཚོར་གསུང་ན་དཔེ་ཡོད་པ་བཞིན་ཕ་མགོ་བུ་གཡོག བུ་མགོ་དགྲ་གཡོག་ཞེས་པ་ལྟར་མཚམས་རེ་ཆགས་ཀྱི་མེད་འགྲོ་བསམ་པའི་དྭོགས་པ་སྐྱེས་སོང༌། དྲི་བ་དེའི་ལན་དུ་དཔལ་ལྡན་ནང་སྲིད་བཀའ་བློན་མཆོག་ནས་དེའི་སྐོར་ང་ཚོས་གང་དྲིས་པ་དེའི་ལན་འདི་ཡིན། དེའི་སྐོར་ཞིབ་འཇུག་བྱ་དགོས་སམ། ཡང་ན་དོ་བདག ཡང་ན་དྲི་བ་གནང་མཁན་སྤྱི་འཐུས་ཀྱི་ཐོག་ནས་སྙན་ཞུ་འབྱོར་བ་ཡིན་ན་ཞིབ་འཇུག་གནང་གི་ཡིན་ཞེས་གསུངས་སོང༌། བྱས་ཙང་ངས་བཀའ་འདྲི་ཞུ་རྒྱུ་ལ། དོ་བདག་དང་འབྲེལ་ཡོད་སྤྱི་འཐུས་ཀྱིས་སྙན་ཞུ་ཕུལ་བ་ལས་ལྷག་ཙམ་ཞིག་སྐབས་ ༡༣ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཀྱི་ཐོག་དོན་ཚན་རེ་རེ་བཞིན་དུ་མིང་བཀོད་གསལ་པོ་གནང་ནས་དཔལ་ལྡན་བཀའ་བློན་ཁྲི་པས་དབུས་པའི་བཀའ་བློན་རྣམ་པ་དང༌། གྲོས་ཚོགས་འཐུས་མི་ཡོངས་རྫོགས་དཀྱིལ་དུ་གསལ་པོ་བཟོས་པ་དེའི་ལམ་ནས་ཞིབ་འཇུག་གནང་མ་ཐུབ་པ་དང༌། དོ་བདག་དང་སྤྱི་འཐུས་སྒེར་ཞིག་གི་སྙན་ཤོག་གཅིག་པུས་མ་གཏོགས་ཞིབ་འཇུག་བྱེད་མ་ཐུབ་པའི་རྒྱུ་མཚན་གང་ཆགས་ཀྱི་ཡོད་རེད། དེའི་སྐོར་ལ་གསལ་བཤད་གནང་རོགས་ཞུ་རྒྱུ་ཡིན།

བཀའ་ལན།
ཞིབ་འཇུག་བྱ་རྒྱུའི་ལས་རིགས་ཇི་འདྲ་ཞིག་ཡིན་ཡང་ཐོག་མའི་སྐྱོན་འཛུགས་དང་པོའི་མཐོང་སྣང་ལ་ར་འཕྲོད་པ་ཞིག་དགོས་ཀྱི་རེད། དབྱིན་སྐད་དུ་ Prima Facie Case ཟེར་བ་དེ་མེད་ན་ཞིབ་འཇུག་བྱ་གཞི་མེད་པ་རེད། གྲོས་ཚོགས་སུ་དྲི་བ་ཕེབས་པ་དེ་དག་འཛིན་སྐྱོང་གིས་གནས་ཚུལ་མཁོ་སྒྲུབ་ཀྱི་ཐོག་ནས་ལན་འབུལ་གྱི་ཡོད་རེད། ང་ཚོའི་ལན་དེ་དངོས་བདེན་མ་ཡིན་པའི་གནས་ཚུལ་དང་པོའི་མཐོང་སྣང་དུ་གྲུབ་པ་ཞིག་ཡོད་ན། སུས་ཀྱང་བཀའ་གནང་ཆོག་གི་རེད། དེ་འདྲ་བྱུང་སྐབས་ཞིབ་འཇུག་ཚོགས་ཆུང་ངེས་པར་དུ་བཙུག་རྒྱུ་རེད། དེ་མིན་གྲོས་ཚོགས་ཀྱི་དྲི་བ་ལ་བརྟེན་ནས་ཞིབ་འཇུག་ཚོགས་ཆུང་འཛུགས་པའི་ལམ་སྲོལ་མི་འདུག

སྤྱི་འཐུས་ཚེ་རིང་ཕུན་ཚོགས་ལགས་ནས།
འཕྲོས་དོན་དྲི་བ་ཡང་བསྐྱར་བཀའ་འདྲི་ཞུ་རྒྱུ་ཞིག་ཆགས་སོང༌། དཔལ་ལྡན་ནང་སྲིད་བཀའ་བློན་མཆོག་གིས་བཀའ་ཕེབས་པ་བཞིན་ Prima Facie ཞེས་གནད་དོན་ཞིབ་འཇུག་བྱ་རྒྱུའི་གཞི་རྩ་ཞིག་སྟེ་དྲི་བ་དེ་མ་ཡིན་པ་ཞིག་དགོས་ཀྱི་རེད། དེ་ཡོད་ན་ཞིབ་འཇུག་བྱེད་ཆོག་གི་རེད་ཅེས་བཀའ་ཕེབས་སོང༌། ངས་བཀའ་འདྲི་ཞུ་རྒྱུར། དྲི་བ་ཐོག་མར་གནང་སྐབས་ཀྱི་དོན་ཚན་དེའི་འཕྲོས་དོན་དྲི་བའི་ལན་གྱི་ལན་ལ་རེ་རེ་བཞིན་བཤད་པ་དེ་གཞིར་བཟུང་གི་ཐོག་ནས་གཞི་རྩ་དེ་ལ་འཛིན་མ་ཆོག་པ་གང་ཡིན་ནམ། གང་ཡིན་ཞེ་ན། དེའི་ནང་རྡུང་མཁན་དང༌། བརྡུང་སའི་ཡུལ་དང༌། གྲངས་ཀ་སོགས་རེ་རེའི་མིང་དང་བཅས་པར་བཤད་སོང་བས་དེ་ལ་གཞི་རྩ་འཛིན་ཐུབ་ཀྱི་རེད་དམ་མ་རེད་ཅེས་ཞུ་རྒྱུ་ཡིན།

བཀའ་ལན།
འཕྲོས་དོན་དྲི་བ་སྔོན་མའི་ལན་དུ་ཞུས་ཟིན་པ་ལྟར་གྲོས་ཚོགས་སུ་བྱུང་བའི་དྲི་བ་ལ་བརྟེན་ནས་ཞིབ་འཇུག་ཚོགས་ཆུང་འཛུགས་དགོས་གསུངས་པ་ཡིན་ན་ལམ་སྲོལ་གསར་པ་ཞིག་ཆགས་ཀྱི་རེད། འོན་ཀྱང་གྲོས་ཚོགས་ཀྱི་དྲི་བ་དང་འཕྲོས་དོན་དྲི་བ་དེ་ཚོ་དང་པོའི་མཐོང་སྣང་གི་གནས་ཚུལ་ངོ་སྤྲོད་བྱས་པ་ལ་ངོས་འཛིན་བྱས་ནས་ཞིབ་འཇུག་ཚོགས་ཆུང་བཙུག་དགོས་ཞེས་གྲོས་ཚོགས་ཀྱིས་ལམ་སྟོན་གསལ་པོ་གནང་བ་ཡིན་ན་འཛིན་སྐྱོང་གི་ངོས་ནས་དེ་རང་ཞུ་རྒྱུ་ཡིན།

སྤྱི་འཐུས་སྒྲོལ་དཀར་ལྷ་མོ་ལགས་ནས།
ད་ལྟ་སྒུག་ཐོའི་ནང་སྡོད་དགོས་པའི་རྒྱུ་མཚན་དེ་སྡོད་ཁང་མེད་པའི་དཀའ་ངལ་རེད་ཅེས་བཀའ་ལན་གནང་སོང༌། སྒུག་ཐོའི་ནང་དུས་ཡུན་ཇི་ཙམ་སྒུག་དགོས་པ་ཆགས་ཀྱི་ཡོད་དམ། སྡོད་ཁང་གཅིག་གི་ནང་སྡོད་མཁན་དེ་འདས་གྲོངས་མ་ཕྱིན་བར་དུ་སྒུག་དགོས་ཆགས་ཀྱི་ཡོད་དམ། ཡང་ན་སྒུག་ཐོའི་ནང་དུ་སྒུག་མི་དགོས་པར་སྡོད་ཁང་གསར་རྒྱག་གི་འཆར་གཞི་ཡོད་དམ།

བཀའ་ལན།
སྒུག་ཐོའི་ནང་སྡོད་དགོས་ཞུས་པ་དེ་དྷ་ས་བྱམས་པ་གླིང་རྒས་གསོ་ཁང་གི་གནས་སྟངས་རེད། རྒས་གསོ་ཁང་ཁ་ཤས་ནང་རྒས་འཁོགས་སྡོད་མཁན་མ་བྱུང་བར་ས་མིག་སྟོང་པ་མང་པོ་ཡོད་མཁན་ཡང་ཡོད་པ་རེད། བྱམས་པ་གླིང་དུ་ཁང་པ་མེད་པའི་དབང་གིས་སྒུག་ཐོའི་ནང་སྡོད་དགོས་པ་དངོས་གནས་རེད། ཡིན་ནའང་ཁང་པ་རྒྱ་བསྐྱེད་བྱེད་སའི་ས་ཆ་ཡོད་མ་རེད། ས་གནས་གཞན་པ་རྣམས་སུ་རྒས་གསོ་ཁང་ཁ་ཤས་གསར་རྒྱག་བྱ་རྒྱུ་ནང་སྲིད་ལས་ཁུངས་ཀྱི་གཅིག་བསྡུས་འཆར་གཞི་གསུམ་པའི་ནང་འགྲོ་བཞིན་པ་ཡིན།

སྤྱི་འཐུས་བསྟན་འཛིན་ཆོས་ལྡན་ལགས་ནས།
གཞིས་འགོ་དང་བཀའ་མོལ་བྱུང་ནས་རྒྱ་འདྲེ་ཤོར་བའི་གནས་ཚུལ་ཐོན་པ་དེ་དེ་རིང་དྲི་བ་ཕུལ་བའི་སྔོན་ནས་མཁྱེན་གྱི་ཡོད་དམ། ཡང་ན་དེ་རིང་སྐར་རྟགས་ཅན་གྱི་དྲི་བ་ཕེབས་དུས་རྩད་གཅོད་གནང་ནས་གཞིས་འགོ་ནས་མཁྱེན་པ་ཡིན་ནམ། རྒྱ་འདྲེ་ཤོར་མཁན་མ་བྱན་སུ་ཡིན་ནའང་སྐྱོན་བརྗོད་གཅིག་བྱུང་ཡོད་རེད། སྐྱོན་བརྗོད་བྱུང་བ་དེ་ཁུངས་སྐྱེལ་ར་སྤྲོད་བྱ་རྒྱུ་དེ་གཞིས་འགོ་གཅིག་པུར་བཀའ་འདྲི་གནང་ན་འགྲིག་གི་ཡོད་དམ་མེད། རྒས་གསོ་ཁང་གི་མ་བྱན་ཚང་མ་ལས་བྱེད་ཡིན་པར་སོང༌། ལས་ཀ་ཤོར་རྒྱུའི་ཉེན་ཁ་ཡོད་རེད། མ་འོངས་པར་ད་རེས་སྐྱོན་བརྗོད་འདི་འདྲ་བྱུང་བ་དེ་རྩད་གཅོད་ཅིག་བྱ་དགོས་རྒྱུ་དང༌། དངོས་གནས་བྱེད་ན་ཁ་མཆུ་གཅིག་བཙུག་དགོས་རྒྱུ་རེད། ཁོ་རང་རྣམ་པས་སྤྱི་འཐུས་ཤིག་ལ་འདི་འདྲ་གསུངས་དུས་འདིའི་ཐོག་ལ་གཞིས་འགོ་མ་ཡིན་པའི་རང་དབང་གི་ཚོགས་ཆུང་ཞིག་ཡིན་ནའང་རེད། ལས་བྱེད་གཅིག་ཡིན་ནའང་རེད། རྩད་གཅོད་གནང་དགོས་པ་ལ་དགོས་པ་རྒྱུ་མཚན་གཟིགས་ཀྱི་ཡོད་དམ་མེད། ད་ལྟ་ཕྱག་འབྲེལ་སྤྱི་འཐུས་ནས་མ་བྱན་ཉེས་རྡུང་གཏོང་བའི་མཚན་དང༌། ཁོ་ཚོ་ཕྱག་ལས་ཕ་གིར་མེད་པ་བཅས་ཚབས་ཆེན་ཆགས་ཀྱི་འདུག དེའི་ཐོག་ཞིབ་འཇུག་གནང་དགོས་པའི་རྒྱུ་མཚན་གཟིགས་ཀྱི་ཡོད་དམ་མེད།

བཀའ་ལན།
གོང་དུ་འཕྲོས་དོན་དྲི་བའི་ལན་དུ་ཞུས་ཟིན་པ་ལྟར་གྲོས་ཚོགས་སུ་བྱུང་བའི་སྐར་རྟགས་ཅན་གྱི་དྲི་བ་ལ་ལན་འབུལ་རྒྱུའི་ཆེད་དུ་ཞིབ་འཇུག་ཚོགས་ཆུང་བཙུགས་པ་དེ་སྔ་བྱུང་མི་འདུག་ཅིང༌། ད་རེས་ཀྱང་བཙུགས་མེད། ས་གནས་སོ་སོར་བཙན་བྱོལ་གཞུང་གི་སྐུ་ཚབ་ས་གནས་འགོ་འཛིན་རེད། གནས་ཚུལ་ཇི་འདྲ་ཞིག་ཡིན་རུང་དབུས་ནས་འདྲི་བརྩད་བྱེད་སའི་བརྒྱུད་ལམ་ས་གནས་འགོ་འཛིན་རང་རེད་མ་གཏོགས་དེ་ལས་གཞན་པའི་བརྒྱུད་ལམ་ཡོད་མ་རེད། གྲོས་ཚོགས་སུ་དྲི་བར་ལན་འདེབས་ཞུ་རྒྱུའི་ཆེད་ང་ཚོས་ས་གནས་འགོ་འཛིན་བརྒྱུད་བརྩད་གཅོད་བྱས་པ་ཡིན། ས་གནས་འགོ་འཛིན་བརྒྱུད་བརྩད་གཅོད་བྱེད་སྐབས་ཁོང་གིས་ཕུལ་བའི་གནས་ཚུལ་དེ་ང་ཚོས་བརྩད་གཅོད་མ་བྱས་གོང་ནས་མཁྱེན་པ་ཞིག་ཡིན་ནམ། འདི་ནས་བརྩད་གཅོད་བྱུང་སྐབས་གཞི་ནས་མཁྱེན་པ་ཞིག་ཡིན། ཡིག་ཆའི་ནང་གསལ་པོ་མི་འདུག ས་གནས་འགོ་འཛིན་གྱི་སྙན་ཞུའི་ནང་ཉེས་རྡུང་བཏང་བ་བྱུང་མི་འདུག་ཅེས་འཁོད་འདུག གོང་དུ་ཞུས་པ་བཞིན་དང་པོའི་མཐོང་སྣང་གི་གནས་ཚུལ་གསལ་པོ་བྱུང་བ་ཡིན་ན་ངེས་པར་དུ་ཞིབ་འཇུག་བྱེད་ཀྱི་ཡིན། དེའི་སྐབས་ས་གནས་འགོ་འཛིན་ཡང་ཞིབ་འཇུག་བྱ་ཡུལ་གྱི་ཕྱོགས་གཅིག་ཆགས་རྒྱུ་མ་གཏོགས། ཞིབ་འཇུག་བྱེད་མཁན་ཆགས་ཀྱི་མ་རེད། གྲོས་ཚོགས་ཀྱི་སྐར་རྟགས་ཅན་གྱི་དྲི་བ་འདི་ལ་གཞི་བཞག་ནས་ཞིབ་འཇུག་བྱེད་དགོས་ཞེས་གསལ་པོ་གསུངས་པ་ཡིན་ན་ཞིབ་འཇུག་བྱེད་ཆོག་གི་རེད།

སྤྱི་འཐུས་ཐུབ་བསྟན་འཕེལ་རྒྱས་ལགས་ནས།
དྲི་བ་གནང་མཁན་ནས་ས་གནས་ས་ཐོག་ལ་གང་བྱུང་བ་རེ་རེ་བཞིན་གྲོས་ཚོགས་འདིའི་ནང་གསལ་བཤད་གནང་སོང༌། བཀའ་ལན་གནང་མཁན་ནས་ས་གནས་འགོ་འཛིན་གྱི་ལན་འདེབས་གང་བྱུང་བ་དེ་སྙན་སྒྲོན་གནང་ཚར་སོང༌། ཡིན་ནའང་དོན་དག་ཐོག་འདི་རེད་བསམ་བསམ་གྱིས་བབས་ས་ཞིག་བྱུང་མ་སོང༌། དེ་འདྲ་སོང་ཙང་ངས་བཀའ་འདྲི་ཞུ་རྒྱུར། དཔལ་ལྡན་ནང་སྲིད་བཀའ་བློན་མཆོག་ནས། གནད་དོན་འདིའི་ཐོག་ཕྱོགས་ཡོངས་ནས་གཟིགས་སྣང་ག་འདྲ་ཞིག་བྱུང་ཡོད་དམ།
བཀའ་ལན།
དྲི་བ་དེ་ངས་གསལ་པོ་ཤེས་མ་སོང༌། ཁྱོན་ཡོངས་ཀྱི་ཆ་ནས་ཚོར་སྣང་ག་འདྲ་ཞིག་བྱུང་ཞེས་བཀའ་གནང་སོང༌། དེ་ལ་དྲང་པོ་ཞུས་པ་ཡིན་ན། བཀུར་འོས་སྤྱི་འཐུས་རྣམ་པས་དྲི་བ་དང་འཕྲོས་དོན་དྲི་བ་གནང་བའི་སྐབས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་ལ་ཐུགས་སྣང་རྩ་བ་ནས་མ་གནང་བར་དྲི་བ་གནང་གི་འདུག་སྙམ་པའི་ཚོར་སྣང་བྱུང་སོང༌།

སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ནས།
དཔལ་ལྡན་ནང་སྲིད་བཀའ་བློན་མཆོག་ནས་བཀའ་ལན་གནང་བའི་སྐབས་སུ་གཅིག་བསྡུས་འཆར་གཞི་གསུམ་པའི་ནང་དུ་རྒས་གསོ་ཁང་རྒྱག་རྒྱུའི་འཆར་གཞི་ཡོད་ཅེས་བཀའ་གནང་སོང༌། གོང་དུ་ཡང་བཀའ་ལན་ཞིག་གི་ནང་དུ་དྷ་ས་བྱམས་གླིང་རྒས་གསོ་ཁང་ཕུད་པའི་གཞན་རྣམས་ལ་ས་མིག་ཡོད་ཅེས་བཀའ་གནང་སོང༌། གཅིག་བསྡུས་ཡར་རྒྱས་འཆར་གཞི་གསུམ་པའི་ནང་གི་རྒས་གསོ་ཁང་བརྒྱབ་རྒྱུ་དེ་དྷརྨ་ཤཱ་ལར་བརྒྱབ་རྒྱུ་རེད་དམ། ཡང་ན་རྒས་གསོ་ཁང་ཡོད་བཞིན་པའི་ས་མིག་སྟོང་པ་ཡོད་བཞིན་དུ། འགོ་ནས་གསར་རྒྱག་བྱ་རྒྱུའི་གནས་སྟངས་ག་འདྲ་ཞིག་ཆགས་ཀྱི་ཡོད་མེད་སྐོར་གསལ་བཤད་སྐྱབས་འཇུག་གནང་རོགས་གནང་ཞུ་རྒྱུ་ཡིན།

བཀའ་ལན།
རྒས་གསོ་ཁང་མང་ཆེ་བ་ས་གནས་སོ་སོའི་རྒས་འཁོགས་ཚོའི་ཆེད་དུ་མ་གཏོགས་ས་གནས་གཞན་ནས་རྒས་འཁོགས་ཧ་ལམ་ལེན་གྱི་མི་འདུག ལྟ་གྲུབ་དང་སྒྲིག་གཞིའི་ཆ་ནས་ལེན་མི་ཆོག་པ་མེད་ནའང་དངོས་སུ་ལག་བསྟར་བྱེད་སྐབས་གཙོ་བོ་རྒས་འཁོགས་སོ་སོའི་འདོད་མོས་དང་བསྟུན་དགོས་སྟབས་ཡོང་གི་མེད་པ་རེད།
གཉིས་པ་རྒས་གསོ་ཁང་གསར་རྒྱག་གི་འཆར་གཞི་དེ་ཚོ་གཅིག་བསྡུས་འཆར་གཞི་གསུམ་པ་མ་བཟོས་གོང་ནས་འགྲོ་བཞིན་པ་ཞིག་རེད། དེ་ཚོ་རྒས་གསོ་ཁང་མེད་པའི་ས་ཆ་ལ་མ་གཏོགས་དེ་སྔ་རྒས་གསོ་ཁང་ཡོད་པའི་ས་ཆ་དེ་ཚོར་ད་དུང་རྒས་གསོ་ཁང་འཕར་སྣོན་བརྒྱབ་རྒྱུའི་འཆར་གཞི་མེད། རྒས་གསོ་ཁང་ཁ་ཤས་ཀྱི་ཁང་པ་ཉམས་ཆག་ཆེན་པོ་སོང་བར་བརྟེན་ཁང་པ་གསར་རྒྱག་གི་ལས་གཞི་ཡོད་ཀྱང་དེ་ནི་ཁང་པ་གསར་རྙིང་བརྗེ་བ་མ་གཏོགས་རྒས་གསོ་ཁང་གསར་པ་བརྒྱབ་རྒྱུ་མ་རེད།

སྤྱི་འཐུས་བེ་རི་འཇིགས་མེད་དབང་རྒྱལ་ལགས་ནས།
མི་མང་གི་སྐུ་ཚབ་ཅིག་ཡིན་པ་སོང་ཙང་མི་མང་གི་ཚོར་བ་གང་ཡིན་པ་དེར་འགན་ཁུར་བའི་ཐོག་ནས་རྩད་གཅོད་ཞིབ་འཇུག་ཞུས་ཏེ་འདིར་ཞུས་པའི་ཁུལ་ཡིན། ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་དེ་མི་མང་གི་དཀའ་ངལ་སེལ་བའི་ཆེད་དུ་བཟོས་པ་ཡིན་དུས་ང་ཚོ་སྤོབས་པ་ཆེན་པོའི་ཐོག་ནས་འགྲིགས་ཡོད་བསམ་གྱི་ཡོད། འདིར་གནང་བའི་བཀའ་ལན་དེ་མི་མང་གི་བདེ་སྡུག་སེལ་བའི་ཆེད་དུ་རང་གཞུང་ནས་བཀའ་ལན་གནང་བ་ཡིན་ནམ། སྡིངས་ཆ་འདིའི་སྟེང་དུ་ལན་ཞིག་གནང་ཟིན་ན་འགྲིགས་པ་ཞིག་ཡིན་ནམ། མ་འོངས་པར་དེ་འདྲའི་དཀའ་ངལ་བྱུང་བའི་སྐབས་ལ་གཞིས་འགོས་གང་གསུངས་པ་དེར་ཅི་གསུངས་བཀའ་སྒྲུབ་གནང་གི་ཡིན་ནམ། ཡང་ན་ཞིབ་འཇུག་ཅིག་གནང་དགོས་ཀྱི་ཡོད་དམ། གལ་སྲིད་ཞིབ་འཇུག་བྱེད་དགོས་ཀྱི་ཡོད་ན་བྱེད་སྟངས་དེ་ལམ་སྟོན་ག་འདྲ་ཞིག་གི་འོག་ནས་བྱེད་དགོས་ཀྱི་ཡོད་དམ།

བཀའ་ལན།
མི་མང་གི་བདེ་སྡུག་བལྟ་རྒྱུ་བཙན་བྱོལ་གཞུང་དང༌། ལྷག་པར་དུ་ནང་སྲིད་ལས་ཁུངས་ཀྱི་ལས་འགན་ཞིག་རེད། གྲོས་ཚོགས་སུ་དྲི་བ་བྱུང་མིན་ལ་མ་ལྟོས་པར་དུས་རྒྱུན་དུ་བལྟ་དགོས་པ་ཞིག་རེད། མི་མང་གི་ངོས་ནས་ཀྱང་ས་གནས་སོ་སོར་མ་འགྲིགས་པའི་གནས་ཚུལ་ག་འདྲ་ཞིག་ཡོད་ཀྱང་ནང་སྲིད་ལས་ཁུངས་ལ་ཐད་ཀར་འབྲེལ་གཏུག་གནང་རྒྱུའི་འགན་དབང་ཆ་ཚང་ཡོད་པ་རེད། ང་ཚོས་མི་མང་གི་བདེ་སྡུག་བལྟ་རྒྱུ་རྒྱུན་དུ་གལ་ཆེ་ཤོས་བརྩི་བཞིན་པ་ཡིན། གྲོས་ཚོགས་ཀྱི་དྲི་བར་ལན་བརྒྱབ་རྒྱུ་ནི་སྡིངས་ཆ་འདིའི་སྟེང་ལན་ཐེབས་ཙམ་ཞིག་བྱུང་ན་འགྲིགས་པ་ལྟ་བུ་རེད།

གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ། ༢༠༠༦།༣།༡༦ ནས་ ༢༠༠༦།༣།༢༩