སྔོན་རྩིས་གཏམ་བཤད་ཀྱི་ཐོག་བགྲོ་གླེང་གནང་བར་མཐའ་མའི་ལན་འདེབས།

སྔོན་རྩིས་གཏམ་བཤད་ཀྱི་ཐོག་སྤྱི་ཡོངས་བགྲོ་གླེང་སྐབས་བཀུར་འོས་སྤྱི་འཐུས་རྣམ་པས་དྭོགས་འདྲི་གནང་བ་དེ་དག་ལ་གང་ཐུབ་ཀྱིས་གསལ་བཤད་ཞུ་རྒྱུའི་འབད་བརྩོན་ཞུ་རྒྱུ་ཡིན། འོན་ཀྱང་སྟབས་མ་ལེགས་པ་ཞིག་ལ་སྔོན་རྩིས་གཏམ་བཤད་ཀྱི་ཐོག་བགྲོ་གླེང་གནང་སྐབས་དུས་ཚོད་མང་བ་ཞིག་འབྲེལ་ཡོད་བཀའ་བློན་གྲོས་ཚོགས་སུ་བཅར་མ་ཐུབ་པའི་སྐབས་དང་འཁེལ་བས་ལས་བྱེད་ཀྱིས་བརྗེད་ཐོ་གང་བཀོད་པ་དེའི་ཐོག་ནས་ལན་ཞུ་རྒྱུ་ཡིན། སྤྱི་འཐུས་རྣམ་པའི་གསུང་བཤད་དངོས་སུ་མ་ཐོས་པའི་དབང་གིས་རྒྱབ་ལྗོངས་ཀྱི་ཚོར་བ་གསལ་པོ་རྟོགས་མ་སོང༌། དེ་འདྲ་སོང་ཙང་ལན་ཏག་ཏག་མ་ཐེབས་པ་ཡོང་སྲིད་མདོག་ཁ་པོ་རེད།
གཞིས་ཆགས་འཚོ་གནས་ཐུབ་ཐབས་ལས་འཆར་ཁོངས་ས་ཆུ་བདག་གཅེས་ལས་འཆར་ཞེས་པ་དེའི་ནང་ལས་གཞི་གང་དང་གང་ཡོད་ཅེས་བཀའ་འདྲི་གནང་འདུག ལས་གཞི་དེའི་ནང་དང་པོ་ས་ཆའི་སྤུས་ཚད་ཀྱི་གནས་བབ་དང༌། ས་འོག་གི་ཆུའི་གནས་བབ་ཚན་རིག་དང་མཐུན་པའི་བརྟག་དཔྱད་ཅིག་བྱས་ཏེ་གནས་བབ་སྙན་ཞུ་བཟོ་རྒྱུ་དེ་ལས་གཞི་གལ་ཆེ་བ་གཅིག་རེད། སྙན་ཞུ་དེའི་ནང་ཁུལ་དེར་ས་ཆུ་བདག་གཅེས་ཀྱི་ལས་གཞི་གང་དང་གང་དགོས་གལ་ཆེ་བའི་རྒྱབ་གཉེར་ཡོང་གི་ཡོད་རེད། གཉིས་པ་ཞིང་ཁའི་མུ་ཚིགས་སྲ་བརྟན་དང་ཞིང་ས་ཁོད་སྙོམས་བཟོ་རྒྱུའི་ལས་གཞི་དེ་རེད། ཞིང་ཁའི་མུ་ཚིགས་བཟོ་རྒྱུ་ས་བཅུད་བདག་གཅེས་དང་ས་ཆུ་བདག་གཅེས་གཉིས་ཀར་ཕན་པའི་ལས་གཞི་ཞིག་རེད། ཞིང་ཁའི་མུ་ཚིགས་ཚད་ལྡན་མེད་ན་ཆར་ཆུ་ཆུད་ཟོས་འགྲོ་བ་མ་ཟད། ས་བཅུད་ཀྱང་ཆུས་འཁྱེར་འགྲོ་བ་རེད། བར་ལམ་གཞིས་ཆགས་མང་ཆེ་བའི་ནང་མུ་ཚིགས་ཉམས་ཆག་ཆེན་པོ་ཕྱིན་པ་དེ་ཚོ་ཉམས་གསོའི་ལས་གཞི་འགྲོ་མུས་རེད། གསུམ་པ་ཆུའི་བདག་གཅེས་ཀྱི་ལས་གཞིའི་ནང་རྒྱུགས་ཆུ་བཀག་བསྐྱིལ་དང༌། ཆར་ཆུ་བཀག་བསྐྱིལ། ཁང་པའི་ཐོག་གི་ཆུ་བེད་སྤྱོད་གཏོང་རྒྱུ་བཅས་རེད། དེའི་ཆེད་རྫིང་བུ་བཟོ་རྒྱུ་དང༌། ཐོག་ཆུ་ས་འོག་ཏུ་གཏོང་རྒྱུ། རྒྱུགས་ཆུ་ཡོད་རིགས་ས་གནས་འོས་འཚམས་སུ་བཀག་བསྐྱིལ་གྱིས་རྫིང་བུ་བཟོ་རྒྱུ་བཅས་རེད། བཞི་པ་ས་ཆུ་དང་དེ་བཞིན་སྟོན་ཐོག་སྲུང་སྐྱོབ་ཆེད་རྒྱུན་གནས་ཐུབ་པའི་སྔོ་ལྗང་གི་ལྕགས་རི་བསྐོར་རྒྱུའི་ལས་གཞི་དེ་རེད། ད་ཕན་ལྕགས་རི་མང་ཆེ་བ་ལྕགས་སྐུད་དང་ཡང་ན་གློག་ཤུགས། ཡང་ན་ས་དོང་བརྐོས་པ་དེ་རིགས་རེད། འབྱུང་འགྱུར་ལྕགས་རི་ཡོངས་རྫོགས་བེད་སྤྱོད་ཡོད་པའི་ཤིང་སྡོང་དང་ཚེར་མའི་ལྕགས་རི་བཟོས་ནས་རླུང་ཤུགས་གཅག་རྒྱུ་དང༌། ས་ཆུ་བདག་གཅེས་བཅས་ལ་ཕན་པ་མ་ཟད། ཤིང་འབྲས་དང་བུད་ཤིང་སོགས་བེད་སྤྱོད་ཀྱང་ཡོང་གི་རེད། གཞིས་ཆགས་མང་ཆེ་བར་ཛེ་ཊོ་རོ་ཕ་ཞེས་པའི་ཤིང་སྡོང་དེ་སྔོ་ལྗང་གི་ལྕགས་རིའི་ཆེད་བེད་སྤྱོད་གཏོང་རྒྱུའི་སྲིད་བྱུས་གཏན་འབེབས་བྱས་ཡོད། ལོ་བཞི་ལྔའི་རྗེས་དེའི་ཤིང་འབྲས་ཌི་ཛལ་སྣུམ་གྱི་ཐོན་སྐྱེད་ཆེད་བེད་སྤྱོད་ཡོང་རྒྱུ་རེད།
བཀུར་འོས་སྤྱི་འཐུས་གཞན་ཞིག་གིས་གཞིས་ཆགས་འཚོ་གནས་ཐུབ་ཐབས་ཆེད་དུ་ཧིན་སྒོར་འབུམ་ ༡༩༡ ཙམ་བཀའ་ཁྲོལ་ཞུས་འདུག་ཀྱང་གཞིས་ཆགས་ཆེ་ཁག་གི་ནང་ལས་དོན་གང་མང་སྤེལ་བ་མ་གཏོགས། གཞིས་ཆགས་ཆུང་བ་ལ་དྭགས་ལ་སོགས་པ་དང༌། འཚོ་རྟེན་མེད་པའི་ཁ་ཐོར་མི་མང་བཅས་ཀྱི་ཆེད་ལས་འཆར་གང་ཡོད་གསལ་པོ་མི་འདུག གལ་སྲིད་ལས་འཆར་མེད་ན་མ་འོངས་པར་ལས་འཆར་བཟོ་རྒྱུའི་དགོངས་བཞེད་ཡོད་མེད་ཅེས་བཀའ་གནང་འདུག སྤྱིར་བཏང་ལ་དྭགས་གཞིས་ཆགས་དེ་གཞིས་ཆགས་ཆུང་བའི་གྲས་མ་རེད། ལ་དྭགས་ལྷོ་བྱང་གཉིས་བསྡོམས་གཞིས་ཆགས་ཆེ་བའི་གྲས་ཤིག་རེད། འདས་པའི་དུས་སུ་ལ་དྭགས་གཞིས་ཆགས་ཡར་རྒྱས་ལས་གཞི་མང་བའི་གྲས་ཤིག་རེད་མ་གཏོགས། ལས་གཞི་ཉུང་བའི་གྲས་མ་རེད། སྔ་མོ་དྲི་བ་ཞིག་གི་ལན་དུ་ཞུས་ཡོད་པ་ལྟར་ལ་དྭགས་གཞིས་ཆགས་ཁག་གི་འཐུང་ཆུ་རྐྱང་པའི་ཆེད་འགྲོ་སོང་ཧ་ཅང་ཕོན་ཆེ་བཏང་བའི་སྐོར་གསལ་བཤད་ཞུས་ཡོད།
གཅིག་བསྡུས་ཡར་རྒྱས་འཆར་གཞི་གསུམ་པ་དེ་ཕྱི་ལོ་ ༢༠༠༢།༠༣ ནས་འགོ་འཛུགས་ཐུབ་པ་དགོས་ཀྱང་དེ་ ༢༠༠༤ བར་འགོ་འཛུགས་ཐུབ་མེད། དེ་ནི་ས་གནས་སོ་སོ་ནས་འཆར་གཞི་ཚད་ལྡན་དུས་ཐོག་ལ་མ་འབྱོར་བའི་དབང་གིས་རེད། ས་གནས་སོ་སོར་འཆར་གཞི་འགོད་སྐབས་མང་ཚོགས་ཀྱི་དངོས་ཡོད་ཀྱི་དགོས་མཁོ་གང་ཡིན་དང་རྒྱས་སྤྲོས་གང་ཡིན། རྒྱུན་གནས་ཐུབ་པ་གང་ཡིན་དང༌། རྒྱུན་གནས་མི་ཐུབ་པ་གང་ཡིན་དབྱེ་བ་གསལ་པོ་ཕྱེ་མ་ཐུབ་པའི་དབང་གིས་ས་གནས་ཁག་ནས་འབྱོར་བའི་ལས་གཞི་མང་པོ་ཞིག་གཅིག་བསྡུས་འཆར་གཞི་གསུམ་པའི་ནང་མ་ཚུད་པ་དང༌། ཡང་ས་གནས་མང་པོའི་དགོས་ངེས་ཀྱི་ལས་གཞི་ཁག་དུས་ཐོག་མ་འབྱོར་བའི་དབང་གིས་གཅིག་བསྡུས་འཆར་གཞི་གསུམ་པའི་ནང་མ་ཚུད་པར་རྗེས་སུ་འཆར་གཞི་བཟོ་འགོད་བྱེད་དགོས་དེ་འདྲ་བྱུང་ཡོད། སྐབས་བབ་ལ་དྭགས་ལ་མཚོན་ནའང་འཆར་གཞི་ཚད་ལྡན་ཞིག་གཅིག་བསྡུས་འཆར་གཞི་གསུམ་པའི་ནང་ཚུད་མི་འདུག སྔ་ལོ་ནང་སྲིད་བཀའ་བློན་ལ་དྭགས་སུ་ཆེད་བཅར་སྐབས་ལ་དྭགས་ལྷོ་བྱང་གཉིས་ཀྱི་ས་གནས་འཐུས་མིའི་ཚོགས་འདུ་དང༌། རང་བདེན་ཚོགས་ཆུང༌། མཉམ་འབྲེལ་ལྟ་རྟོག་ཚོགས་མི། སྤྱི་མི་བརྒྱ་དཔོན། ས་གནས་འགོ་འཛིན་བཅས་དང་གྲོས་བསྡུར་ཞིབ་ནན་བྱས་པའི་རྗེས་ལ་དྭགས་ཀྱི་ཆེད་འཆར་གཞི་ཟུར་དུ་བཟོས་ན་མ་གཏོགས། ད་ཡོད་འཆར་གཞི་ཁག་གིས་ལ་དྭགས་བོད་མིའི་གཞིས་ཆགས་ཀྱི་དཀའ་ངལ་ཆ་ཚང་བསལ་ཐུབ་པ་ཞིག་ཡོང་གི་མི་འདུག དམིགས་བསལ་ལ་དྭགས་ཀྱི་དགོས་མཁོ་དང་འཚམས་པའི་གཅིག་བསྡུས་འཆར་གཞི་ཞིག་བཟོ་དགོས་ཀྱི་འདུག དེའི་ཆེད་ནང་སྲིད་ལས་བྱེད་རྒན་པ་ཞིག་ལ་དྭགས་སུ་ཆེད་གཉེར་གྱིས་ཞིབ་འཇུག་དང་འཆར་འགོད་བྱེད་རྒྱུ་ཐག་གཅོད་བྱུང་སྟེ་ལས་བྱེད་ཆེད་གཉེར་གྱིས་ཞིབ་འཇུག་བྱས་ཟིན་པ་ཡིན། འོན་ཀྱང་བར་སྐབས་དེར་བཀའ་བློན་ཁྲི་པའི་འོས་བསྡུའི་ལས་རིམ་འགོ་འཛུགས་བྱས་པ་ཡིན་ཙང་ལས་འཆར་དེ་ཚོ་ད་ལྟ་གསལ་བསྒྲགས་བྱས་ཐུབ་མེད། ༢༠༠༦ ཕྱི་ཟླ་ ༦ ཚེས་ ༣ རྗེས་ལ་དྭགས་ཀྱིས་མཚོན་པའི་ས་གནས་འགའ་ཞིག་གི་ལས་འཆར་ཁག་གསལ་བསྒྲགས་ཞུ་རྒྱུ་ཡིན། སོ་ནམ་གཞིས་ཆགས་ཁག་བཅུ་གསུམ་ཕུད། གཞིས་ཆགས་ཆུང་ཁག་རྣམས་ཀྱི་ཆེད་ལས་གཞི་ཁ་ཤས་ད་ལྟ་འགྲོ་མུས་དང༌། ཁ་ཤས་འབྱུང་འགྱུར་ལས་བྱེད་ཆེད་གཏོང་གིས་ཞིབ་འཇུག་དང་སྦྲགས་རིམ་བཞིན་བཟོ་རྒྱུ་ཡིན་ཞེས་ཞུ་རྒྱུ་ཡིན། ཁ་ཐོར་གནས་སྡོད་བོད་མིའི་ཆེད་ལས་གཞི་གང་ཡང་བཟོ་ཐུབ་ཐབས་མི་འདུག
བཀུར་འོས་སྤྱི་འཐུས་གཅིག་གིས་ཨི་ཛི་རལ་ལ་མི་ག་ཚོད་བཏང་ཡོད་པ་དང༌། ཚུར་ག་ཚོད་ལོག་ཡོད། ཕན་ཐོགས་གང་བྱུང་ཡོད་ཅེས་བཀའ་འདྲི་གནང་འདུག ཨི་ཛི་རལ་དུ་ད་ལྟའི་བར་གཞིས་ཆགས་ཁག་བཅུ་བདུན་ནས་མི་ ༢༥༩ བཏང་འདུག ཁོང་ཚོ་ཆ་ཚང་ཚུར་ལོག་པ་རེད། ཕ་གིར་གཞག་གི་ཡོད་མ་རེད། འགྲོ་མཁན་འབྲེལ་ཡོད་མི་ཚང་སོ་སོའི་འཚོ་ཐབས་ལ་ཕན་ཐོགས་ཆེན་པོ་བྱུང་འདུག ཁོང་ཚོའི་ལས་རྒྱུན་རིང་གླ་འབབ་གང་འཚམས་བསགས་ཐུབ་ཀྱི་ཡོད་ཙང༌། ཚུར་ལོག་རྗེས་ཚོང་དང་ཞིང་ལས་གང་ཅིའི་ཐོག་ཕན་ཐོགས་བྱུང་འདུག ཡང་སྤྱི་འཐུས་རྣམ་པ་ཚོའི་དགོངས་པར་ཨི་ཛི་རལ་དུ་འགྲོ་མཁན་དེ་ཚོ་སོ་ནམ་སློབ་སྦྱོང་བྱས་ནས་ཚུར་ལོག་སྐབས་སོ་ནམ་ཞིང་ལས་ཡར་རྒྱས་གཏོང་དགོས་པ་ལྟ་བུ་ཞིག་ཡོད་ཚུལ་འདུག་ཀྱང༌། ཁོང་ཚོ་གླ་མི་བྱེད་དུ་འགྲོ་བ་མ་གཏོགས། སློབ་སྦྱོང་བྱེད་དུ་འགྲོ་བ་མ་རེད། སློབ་སྦྱོང་ཕྲན་བུ་བྱས་པ་དེ་ཚོའང་རྫས་སྦྱོར་གྱི་སོ་ནམ་དང༌། ཡང་ན་ཨི་ཛི་རལ་གྱི་ཐོུང་མ་ཡིན་པའི་སོ་ནམ་བྱེད་སྟངས་མ་གཏོགས་མེད་ཙང་ང་ཚོའི་གཞིས་ཆགས་ཁག་ལ་ཕན་ཐོགས་མི་འདུག ཨི་ཛི་རལ་ནས་ཚུར་ལོག་སྟེ་ཨི་ཛི་རལ་དང་མཐུན་པའི་སོ་ནམ་འདེབས་ལས་བྱེད་མཁན་བྱུང་བ་ཞིག་ང་ཚོས་ཤེས་རྟོགས་མ་བྱུང༌།
ཡང་བཀུར་འོས་སྤྱི་འཐུས་གཞན་ཞིག་གིས་སྦེལ་ཀོབ་དཔེ་སྟོན་ས་ཆའི་ནང་རིགས་བཟང་གི་བ་ཕྱུགས་ག་ཚོད་ཉོས་ཡོད། དེའི་ཕན་འབྲས་གང་བྱུང་ཡོད་ཅེས་བཀའ་གནང་འདུག དེ་སྔ་སྦེལ་ཀོབ་ཞིང་འབྲོག་ཅེས་པ་དེ་ད་ཆ་འབྲོག་ལས་མཚམས་འཇོག་གིས་སྲོལ་རྒྱུན་སོ་ནམ་གྱི་དཔེ་སྟོན་དང༌། སློབ་སྦྱོང་གི་བསྟི་གནས་ཤིག་ཏུ་བསྒྱུར་ཡོད། དེར་རིགས་བཟང་གི་བ་ཕྱུགས་བཅུ་ཉོས་ཡོད་པ་དང༌། དེའི་དབང་གིས་སྦྱར་ལུད་ཀྱི་ནུས་པ་ཧ་ཅང་ཆེ་རུ་ཕྱིན་པ་མ་ཟད། བ་ཕྱུགས་གསོ་སྐྱོང་གི་འགྲོ་གྲོན་བརྒྱ་ཆ་བརྒྱད་ཅུ་ལྷག་ཙམ་ཞིག་ཉུང་དུ་ཕྱིན་ཡོད་ཅེས་ཞུ་རྒྱུ་ཡིན།
བཀུར་འོས་སྤྱི་འཐུས་ཤིག་གིས་ཀོ་ལི་སྒལ་དོན་ལྡན་གླིང་ཕུད་པའི་སྲོལ་རྒྱུན་སོ་ནམ་འདེབས་ལས་ཀྱི་གནས་སྟངས་ག་རེ་ཆགས་ཡོད་ཅེས་བཀའ་འདྲི་གནང་འདུག སྤྱིར་བཏང་སོ་ནམ་གཞིས་ཆགས་ཡོངས་རྫོགས་སུ་སོ་ནམ་སློབ་སྟོན་པ་རྣམས་ཀྱིས་སྦྱར་ལུད་འདྲ་མིན་བཟོ་སྟངས་དང༌། སྟོན་བརྗེ་རྒྱག་སྟངས། ས་ཆུ་བདག་གཅེས་སོགས་སློབ་སྟོན་གཅིག་གྱུར་བྱེད་བཞིན་པ་དང༌། སྲོལ་རྒྱུན་འདེབས་ལས་བྱེད་མཁན་ཡང་ཇེ་མང་དུ་འགྲོ་བཞིན་པ་རེད། དཔེ་སྟོན་གཞིས་ཆགས་ཀྱི་ནང་ལོ་གཉིས་ཀྱི་རྗེས་ཁེ་གྱོང་གང་ཡིན་གསལ་པོ་ཆགས་པའི་རྗེས་གཞིས་ཆགས་གཞན་གྱི་ནང་ལས་གཞི་མང་དུ་རང་བཞིན་གྱིས་འགྲོ་བའི་ཡིད་ཆེས་ཡོད།
ཡང་གཞིས་ཆགས་འཚོ་གནས་ཐུབ་ཐབས་ཆེད་བཟོ་ལས་གཞིས་ཆགས་ཁག་གི་ཆེད་ལས་འཆར་གང་དང་གང་ཡོད་ཅེས་བཀའ་འདྲི་གནང་འདུག སྤྱིར་བཏང་བཟོ་ལས་གཞིས་ཆགས་ཁག་ནས་ལས་འཆར་ཧ་ལམ་སུམ་ཅུ་ལྷག་ཙམ་འབྱོར་འདུག་ཀྱང༌། དེ་ཚོ་མང་ཆེ་བ་གཞིས་ཁང་ཉམས་གསོ་དང་ཁང་པའི་ཐོག་བརྗེ་རྒྱུ། ལྕགས་རི་གསར་རྒྱག་དང་འཁོར་ལམ་བཟོ་རྒྱུ་སོགས་སྒྲོམ་གཞིའི་འཛུགས་སྐྲུན་མ་གཏོགས། བཟོ་ལས་རང་གི་ཆེད་ལས་གཞི་གཉིས་ལས་མི་འདུག དེ་འདྲ་སོང་ཙང་བཟོ་ལས་གཞིས་ཆགས་ཆུང་ཁག་གི་ཆེད་གཅིག་བསྡུས་འཆར་གཞི་ཟུར་པ་ཞིག་བཟོ་རྒྱུའི་འཆར་གཞི་ཡོད་མུས་ཡིན།
ཡང་བཀུར་འོས་སྤྱི་འཐུས་ཤིག་གིས་སྔོན་རྩིས་བཀའ་ཁྲོལ་ཕྱི་ལོ་ ༢༠༠༥།༠༦ ལས་ ༢༠༠༦།༠༧ ལ་ཉུང་བ་ཞུས་འདུག དེ་གང་ཡིན་ནམ་ཞེས་བཀའ་འདྲི་གནང་འདུག ལས་གཞི་མང་པོ་ཞིག་ལོ་གསུམ་དང་གཉིས་ཀྱི་ལས་གཞི་ཡིན་པ་དང༌། སྒྲོམ་གཞིའི་འཛུགས་སྐྲུན་དང་འབྲེལ་བའི་ལས་གཞི་མང་པོ་ལོ་དང་པོ་ལ་མ་གཏོགས་འགྲོ་སོང་གཏོང་མི་དགོས་པ་ཡོད་རེད། ཕྱི་ལོ་ ༢༠༠༥།༠༦ ནང་འགོ་འཛུགས་བྱ་རྒྱུའི་ལས་གཞི་མང་བ་དང༌། ཕྱི་ལོ་ ༢༠༠༦།༠༧ ནང་རྒྱུན་མཐུད་བྱ་རྒྱུ་མང་བ་ཡོད་པའི་རྒྱུ་མཚན་གྱིས་དངུལ་འབོར་ཁྱད་པར་ཕྱིན་པ་མ་གཏོགས། ལས་གཞི་ཉུང་དུ་ཕྱིན་པ་མ་རེད།
ཡང་བཀུར་འོས་སྤྱི་འཐུས་ཤིག་གིས་མཉམ་འབྲེལ་ནུས་ལྡན་བཟོ་འཆར་གྱི་ལས་གཞི་དེ་ཚོ་ད་ཡོད་མཉམ་འབྲེལ་ཚོ་རྐྱང་པའི་ཆེད་དུ་རེད་དམ། མཉམ་འབྲེལ་གསར་པ་འཛུགས་རྒྱུའི་འཆར་གཞི་ཡོད་ཅེས་བཀའ་འདྲི་གནང་འདུག མཉམ་འབྲེལ་དང་འབྲེལ་བའི་ལས་གཞི་རྣམས་ད་ཡོད་མཉམ་འབྲེལ་ཚོའི་ཆེད་དུ་མ་གཏོགས། མཉམ་འབྲེལ་གསར་འཛུགས་བྱ་རྒྱུའི་ཆེད་དུ་ལས་གཞི་མེད། སྤྱི་མཐུན་མཉམ་འབྲེལ་གྱི་ལས་གཞི་ལམ་ལྷོང་ཡག་པོ་བྱུང་ན་བཟོ་ལས་གཞིས་ཆགས་ཆུང་ཁག་དེ་ཚོའི་ནང་དུའང་མཉམ་འབྲེལ་གསར་འཛུགས་དགོས་པའི་ལམ་སྟོན་བྱེད་འདོད་ཡོད། གཞིས་ཆགས་སོ་སོའི་ལས་གཞི་དང་བསྟུན་པའི་མཉམ་འབྲེལ་གསར་འཛུགས་ཐུབ་ན་སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་མིར་ཚུད་རྒྱུ་དང༌། དེའི་ཁེ་ཕན་རྣམས་འཐོབ་རྒྱུ་རེད། འོན་ཀྱང་ད་ལྟའི་སྔོན་རྩིས་ནང་གོང་ཞུས་ལྟར་མཉམ་འབྲེལ་གསར་འཛུགས་ཀྱི་ཆཻད་དུ་འགྲོ་སོང་བཀའ་ཁྲོལ་ཞུས་མེད། མཉམ་འབྲེལ་གསར་འཛུགས་ས་གནས་སོ་སོས་དང་བླངས་ཀྱིས་བྱེད་དགོས་པ་དང༌། དེ་ལ་དམིགས་བསལ་འགྲོ་སོང་ཡང་ཆེན་པོ་ཡོད་མ་རེད།
ཡང་བཀུར་འོས་སྤྱི་འཐུས་ཤིག་གིས་དཔེ་སྟོན་མཉམ་འབྲེལ་ལས་གཞིའི་ཆེད་རྩིས་ལོ་སྔ་ཕྱི་གཉིས་ཀྱི་ནང་སྔོན་རྩིས་བཀའ་ཁྲོལ་ཞུས་འདུག ལས་གཞི་གང་དང་གང་ལག་བསྟར་བྱས་ཡོད་པ་དང༌། བྱེད་འཆར་ཡོད་ཅེས་བཀའ་གནང་འདུག དཔེ་སྟོན་མཉམ་འབྲེལ་ཆེད་ད་ཡོད་མཉམ་འབྲེལ་ཡོངས་རྫོགས་ནས་འགེངས་ཤོག་བསྡུས་ཏེ་མཚུངས་བསྡུར་བྱེད་པའི་སྐབས་མཉམ་འབྲེལ་ཡག་ཤོས་མོན་གོ་འདོད་རྒུ་གླིང་གི་མཉམ་འབྲེལ་དེ་ཐོན་པ་རེད། བྱས་ཙང་སྔ་ལོ་ནས་བཟུང་མོན་གོ་མཉམ་འབྲེལ་མིག་དཔེར་འོས་པའི་མཉམ་འབྲེལ་ལ་གསལ་བསྒྲགས་བྱས་ཏེ་ཁྱད་མཁས་མི་སྣ་གྲོས་འདྲི་བྱ་ཡུལ་བསྐོ་གཞག་བྱས་པས་མཚོན་ལས་རིམ་འགྲོ་བཞིན་པ་རེད། ལས་གཞི་དེ་ལོ་གཉིས་གསུམ་བར་མུ་མཐུད་བྱེད་དགོས་པ་ཡིན་ཙང༌། རྩིས་ལོ་སྔ་རྗེས་གཉིས་ཀར་སྔོན་རྩིས་བཀའ་ཁྲོལ་ཞུས་པ་རེད།
ཡང་བཀུར་འོས་སྤྱི་འཐུས་གཞན་ཞིག་གིས་འཛུགས་སྐྲུན་ལས་གཞིའི་གྲས་རང་བྱུང་འབྱུང་བའི་ནུས་ཤུགས་བེད་སྤྱོད་ཅེས་པ་ཞིག་བཀོད་འདུག་པ་དེ་གང་རེད་ཅེས་གསུངས་འདུག དེ་ནི་ཉི་འོད་ཀྱི་གློག་ཤུགས་དང༌། ལྕི་བའི་རླངས་ཐབ། རླུང་འཁོར་གྱི་ས་འོག་ཆུ་འཐེན་འཕྲུལ་འཁོར་སོགས་ལ་གོ་དགོས། དབྱིན་སྐད་དུ་ Renewable energy source ཡང་ན་ Non-conventional energy source ཟེར་བ་དེ་རེད། རྒྱུན་གནས་ཐུབ་པའི་གློག་ཤུགས་ཀྱི་ཆེད་དུ་ཉི་འོད་དང༌། ཕྱུགས་ཀྱི་ལྕི་བ། གད་སྙིགས། དེ་བཞིན་ས་གནས་ཀྱི་རྒྱུགས་ཆུ་སོགས་ལ་བརྟེན་ནས་གློག་ཤུགས་ཐོན་སྐྱེད་བྱེད་རྒྱུ་རེད།
ཡང་བཀུར་འོས་སྤྱི་འཐུས་ཤིག་གིས་བདེ་སྐྱིད་གླིང་གཞིས་ཆགས་གསར་འཛུགས་ཀྱི་ལས་གཞི་དེ་ག་འདྲ་ཞིག་ཡོང་གི་རེད་ཅེས་བཀའ་གནང་སོང༌། དྲི་བ་དེ་སྤྱི་འཐུས་སྐབས་བཅིུག་པའི་སྐབས་ནས་ཡོད་པའི་དྲི་བ་ཞིག་རེད། ཅ་ལག་རྙིང་པ་འགྲེམས་སྟོན་ཁང་དུ་གཞག་རྒྱུ་ལྟ་བུ་ཞིག་ཆགས་ཡོད། འདས་པའི་ལོ་བཞི་དང་ཕྱེད་ཙམ་གྱི་ནང་འདིའི་ཐོག་ཡར་རྒྱས་ཀྱི་གནས་ཚུལ་གསར་པ་གནད་ཆེ་བ་གང་ཡང་བྱུང་མ་སོང༌། རྒྱ་གར་དབུས་འབྲེལ་ཡོད་ལས་ཁུངས་ནས་བཀའ་ཁྲོལ་ཞུ་རྒྱུ་དང༌། གཞིས་ཁང་ས་བཀྲ་ཆོག་མཆན་ཞུ་རྒྱུ་བཅས་ཀྱི་ཆེད་མངའ་སྡེ་གཞུང་དང་ས་གནས་ཡར་རྒྱས་ལས་ཁུངས་བཅས་ལ་ཕ྄ུལ་ཟིན་པ་ཡིན། ལས་གཞི་འདི་དུས་ཚོད་ཇི་ཙམ་གྱི་ནང་གྲུབ་མིན་ད་ལྟ་ཐག་ཆོད་པའི་གནས་ཚུལ་གྲོས་ཚོགས་སུ་ཞུ་ཐུབ་ཀྱི་མི་འདུག གཅིག་བྱས་ན་གྲོས་ཚོགས་ཚོགས་དུས་རྗེས་མ་རྣམས་སུའང་དྲི་བ་གནང་རྒྱུའི་བརྗོད་གཞི་ཞིག་ལ་བསྡད་སྲིད་པ་རེད།
ཡང་བཀུར་འོས་སྤྱི་འཐུས་ཤིག་གིས་ད་ཡོད་རྒས་གསོ་ཁང་གསུམ་གྱི་རྒྱུན་གྲོན་ཞིག་སྔོན་རྩིས་སུ་འཁོད་འདུག རྒས་གསོ་ཁང་གསུམ་པོ་དེ་གང་དང་གང་རེད་ཅེས་བཀའ་བརྩད་ཕེབས་འདུག རྒྱུན་གྲོན་ཞུ་དགོས་པའི་རྒས་གསོ་ཁང་གསུམ་པོ་དེ་རྡ་ས་བྱམས་པ་གླིང་དང༌། ཀུ་ལུ་དོན་ལྡན་གླིང༌། བལ་ཡུལ་ཚེ་རིང་རྒས་གསོ་ཁང་གསུམ་པོ་དེ་རེད།
ཡང་བཀུར་འོས་སྤྱི་འཐུས་ཤིག་གིས་བོད་མི་གསར་འབྱོར་བ་རྣམས་ཀྱི་ཆེད་དམིགས་བསལ་ལས་འཆར་གྱི་རིགས་ཡོད་དམ་ཞེས་བཀའ་འདྲི་གནང་འདུག ལས་འཆར་གང་ཡང་མེད། གཞུང་གི་གཏན་འབེབས་སྲིད་བྱུས་ལྟར་གསར་འབྱོར་བ་ན་གཞོན་རྣམས་དུས་ཚོད་ངེས་ཅན་རིང་སློབ་སྦྱོང་སྤྲོད་དེ་བོད་དུ་ཕྱིར་ལོག་བྱ་རྒྱུ་དང༌། ཆབ་སྲིད་འབྲེལ་ཆགས་ཕྱིར་ལོག་བྱེད་ཐབས་མེད་མཁན་ཚོ་ཕྱི་རྒྱལ་དུ་གཏོང་རྒྱུའམ་འཚོ་སྣོན་འབུལ་རྒྱུ་ཙམ་ཞིག་རེད། ནང་སྲིད་དང་འབྲེལ་བའི་དྭོགས་འདྲི་དེ་ཙམ་ཞིག་ཡིན་བཟོ་འདུག སྔོན་རྩིས་སྤྱི་ཡོངས་བགྲོ་གླེང་ནང་བདེ་སྲུང་དང་འབྲེལ་བའི་དྲི་བ་གང་ཡང་གནང་མི་འདུག
དཔལ་ལྡན་ཚོགས་གཙོ་མཆོག གྲོས་ཚོགས་འགྲོལ་རྒྱུའི་ཉིན་ཁ་ཤས་སྔོན་གསལ་བཤད་ཞུས་པ་ཡིན་ཙང༌། གྲོས་ཚོགས་གྲོལ་ཁར་གསལ་བཤད་ཞུས་པའི་དབང་གིས་བསྐྱར་འདྲི་གནང་རྒྱུའི་གོ་སྐབས་མི་འདུག་ཅེས་གསུང་མི་དགོས་པ་བྱུང་སོང༌།

གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ། ༢༠༠༦།༣།༡༦ ནས་ ༢༠༠༦།༣།༢༩