བལ་ཡུལ་ནས་ཨ་རིར་གཞིས་ཆགས་གཏོང་རྒྱུའི་ལས་འཆར་དང་འབྲེལ་བའི་དྲི་བ་དྲིས་ལན།

སྤྱི་འཐུས་གྲའུར་ཚེ་བརྟན་ལགས་ནས། ༄༅། །གྲོས་ཚོགས་ཚོགས་དུས་ ༡༠ པའི་སྐབས་ཨ་རི་གཞུང་ནས་བལ་ཡུལ་དུ་ཡོད་པའི་བོད་མི་སྐྱབས་བཅོལ་བ་མི་ཉུང་བ་ཞིག་དང་སྔོན་མ་བལ་ཡུལ་ས་མཚམས་སུ་དྭང་བླང་སྒྲིག་འཛུགས་དེའི་ནང་དངོས་སུ་ཞུགས་མཁན་མི་གྲངས་ཚད་ངེས་ཅན་ཞིག་ད་རེས་སྐྱབས་བཅོལ་དུ་བཞེས་ཀྱི་ཡོད་ཚུལ་སྐོར་སྤྱི་འཐུས་ཤིག་ནས་དྲི་བ་ཞུས་པར་འཕྲོས་དོན་དྲིས་ལན་དུ་དཔལ་ལྡན་བཀའ་ཁྲི་མཆོག་ནས་ཨ་རིའི་གཞུང་གི་ཡི་གེ་དང་མཉམ་དུ་རོབ་ཚོད་དུས་ཚོད་རེའུ་མིག་ཅིག་བཀོད་འདུག དེའི་ནང་ ༢༠༠༥ ཕྱི་ཟླ་ ༡༠ ནས་ ༡༢ བར་ལ་ལས་གཞི་དེའི་ནང་ལེན་རྒྱུའི་བོད་མི་ཚོ་ལ་ཁྱད་ཆོས་གང་དང་གང་དགོས་པ་དེ་གཏན་འབེབས་ཟིན་པ་བྱེད་རྒྱུ་དང༌། ༢༠༠༥ ཕྱི་ཟླ་ ༡༡ ནང་ཨ་རིའི་གཞུང་དང་མཉམ་དུ་ལས་དོན་ལག་བསྟར་བྱེད་མཁན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞིག་ངོས་འཛིན་བྱ་རྒྱུ་དང༌། དེ་མཉམ་ཆོད་གན་བཞག་ཟིན་པ་བྱ་རྒྱུ། ༢༠༠༦ ཕྱི་ཟླ་ ༡ ནས་ ༣ བར་ཀ་ཋ་མན་གྲུར་ལས་ཁུངས་ཚུགས་ཟིན་པ་བྱ་རྒྱུ། ཞེས་གསུངས་པར་བཀའ་འདྲི་ཞུ་རྒྱུར།
༡ གོང་གསལ་ལས་གཞི་དེ་དག་ལས་རིམ་གཞིར་བཟུང་ལག་ལེན་ཇི་ལྟར་འཁེལ་ཡོད་མེད་སྐོར་གསལ་བཤད་ཡོང་བ་ཞུ།

བཀའ་ལན།
ཨ་རི་འབྲེལ་ཡོད་ལས་ཁུངས་ནས་བཏང་བའི་ལས་འཆར་དུས་ཚོད་རེའུ་མིག་དེ་ཞུས་པ་ཡིན། ཡིན་ནའང་བར་སྐབས་ནས་བལ་ཡུལ་གཞུང་གིས་ཨ་རིའི་གཞུང་ལ་མཐུན་འགྱུར་མ་གནང་བར་མཁྲེགས་བཟུང་གནང་བའི་རྐྱེན་གྱིས་སྔོན་འཆར་བཞིན་ལས་དོན་ལག་ལེན་མ་འཁེལ་བར་ནར་འགྱངས་སོང་འདུག་པ་དང༌། འབྱུང་འགྱུར་འདིའི་སྐོར་ཇི་ཡོང་ད་ལྟ་གསལ་པོ་གང་ཡང་མི་འདུག་ཅེས་ཞུ་རྒྱུ།

སྤྱི་འཐུས་གྲའུར་ཚེ་བརྟན་ལགས་ནས་འཕྲོས་དོན་དྲི་བར།
འཕྲོས་དོན་དྲི་བ་དང་པོ་དེ། བལ་ཡུལ་གཞུང་ནས་ཨ་རི་གཞུང་ལ་མཐུན་འགྱུར་མ་གནང་བའི་རྒྱུ་མཚན་གང་ཡིན་ནམ། དྲི་བ་གཉིས་པ་དེ་ཨ་རི་གཞུང་ནས་བོད་མི་ཚོ་ལ་ཁྱད་ཆོས་དགོས་པ་དེ་གཏན་འབེབས་གནང་ཟིན་ཡོད་རེད་དམ་མ་རེད། འཕྲོས་དོན་དྲི་བ་གསུམ་པ་དེ་ཨ་རི་གཞུང་དང་མཉམ་དུ་ལས་དོན་ལག་བསྟར་བྱེད་མཁན་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དེ་ངོས་འཛིན་གནང་ཐུབ་ཡོད་རེད་དམ་མ་རེད།
བཀའ་ལན།
བལ་ཡུལ་གཞུང་གིས་ཨ་རིའི་གཞུང་ལ་མཐུན་འགྱུར་མ་གནང་བའི་རྒྱུ་མཚན་གང་ཡིན་ནམ་ཞེས་གསུངས་པ་དེར་ངས་ལན་ཞུ་ཐུབ་ཀྱི་མི་འདུག དེ་ནི་བལ་ཡུལ་གཞུང་ལ་བཀའ་འདྲི་གནང་འོས་པ་མ་གཏོགས་ང་ཚོར་བཀའ་འདྲི་གནང་འོས་པ་ཞིག་མ་རེད། སྤྱིར་བཏང་འདས་པའི་ལོ་ཤས་ནང་བལ་ཡུལ་གཞུང་གིས་བཙན་བྱོལ་བོད་མིར་འཛིན་པའི་སྲིད་བྱུས་གང་ཡིན་དང༌། ལྷག་པར་རྒྱལ་པོས་སྲིད་དབང་འཛིན་པ་ནས་བཟུང་ཨ་རི་དང་བལ་ཡུལ་དབར་གྱི་འབྲེལ་ལམ་དེ་ག་འདྲ་ཞིག་ཆགས་ཡོད་པ་ཚང་མས་མཁྱེན་གསལ་རེད། ཕྱོགས་གཅིག་ནས་ཨ་རི་དང་བལ་ཡུལ་དབར་གྱི་འབྲེལ་ལམ་ཉམས་ཆག་ཕྱིན་པ་དང༌། ཕྱོགས་གཞན་ཞིག་ནས་བལ་ཡུལ་གཞུང་གིས་སྐྱབས་བཅོལ་བོད་མིའི་བདེ་དོན་གྱི་ལས་གཞི་ཚང་མར་འགོག་རྐྱེན་བཟོ་རྒྱུ་དེ་ཁོ་ཚོས་རྒྱ་མི་ལ་ངོ་སོ་ཡོད་པའི་ལེགས་སྐྱེས་འབུལ་རྒྱུ་ལེགས་ཤོས་ཤིག་ཆགས་ཀྱི་ཡོད་པ་རེད། རྒྱུ་མཚན་དེ་ཚོའི་དབང་གིས་མཐུན་འགྱུར་མ་གནང་བ་ཡིན་གྱི་རེད་བསམ་གྱི་ཡོད།
དྲི་བ་གཉིས་པ་ཨ་རིར་སྐྱབས་བཅོལ་འགྲོ་མཁན་གྱི་འོས་ཆོས་གང་དང་གང་ཚང་དགོས་པའི་ཚད་འཛིན་གཏན་འབེབས་གནང་ཟིན་པ་རེད་དམ་ཞེས་གསུངས་པའི་ཐད། དེ་ད་ལྟ་གཏན་འབེབས་གནང་ཟིན་མི་འདུག གོང་དུ་ཞུས་པ་བཞིན་འདིའི་སྐོར་ལས་གཞི་གང་ཡང་མགོ་བརྩམས་ཐུབ་ཡོད་པ་མ་རེད། བལ་ཡུལ་གཞུང་གིས་ཨ་རིའི་གཞུང་གི་ལས་བྱེད་ཚོར་བལ་ཡུལ་ནང་ལས་གཞི་འདིའི་སྐོར་ལས་ཀ་བྱེད་ཆོག་པའི་ཆོག་མཆན་ཞིག་མ་གནང་བར་ཨ་གཞུང་གིས་བཙན་དབང་གིས་གནང་ཐབས་ཡོད་མ་རེད།
དྲི་བ་གསུམ་པ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སུ་ཡིན་གསུངས་པའི་ཐད། ཚོགས་པ་དེ་ཐག་ཆོད་རྒྱུ་ཕར་བཞག་ད་ལྟ་གསལ་བསྒྲགས་ཀྱང་གནང་རྒྱུ་རེད།

སྤྱི་འཐུས་འཇམ་དབྱངས་འཕྲིན་ལས་ལགས་ནས།
སྤྱིར་བཏང་ངའི་དྲི་བ་འདི་ཕལ་ཆེར་མི་དགོས་པ་འདྲ་པོ་ཞིག་ཆགས་སོང༌། གོང་གི་ཕྱག་སྦྲེལ་སྤྱི་འཐུས་ཀྱིས་བཀའ་འདྲི་གནང་བ་དེ་ག་རང་འདྲི་དགོས་བསམ་བསྡད་ཡོད། དྲི་བ་དེས་འཐུས་པ་འདྲ་པོ་བྱས་སོང༌། ཡིན་ན་ཡང་དེའི་ཟུར་ཆ་དང་འབྲེལ་བ་ཞིག་ལ་ཁ་སང་ཉེ་ཆར་གསར་འབྱོར་བ་རྒྱ་གར་དུ་ཡོད་མཁན་མང་པོ་ཞིག་བལ་ཡུུལ་ལ་སླེབས་ནས་དང་པོའི་འབྱོར་ཚེས་ཀྱི་ཡི་གེ་སྣེ་ལེན་ཁང་ནས་ལེན་ཏེ་དེ་དང་མཚུངས་པའི་ལོ་ག་ཚོད་ཕྱིན་ཡོད་པ་ཡིན་ནའང་ཕངས་སེམས་མེད་པར་དངུལ་སྤྲད་ནས་ལག་དེབ་གསར་པ་དང་དཔྱ་ཁྲལ་ལག་དེབ་སོགས་མང་པོ་ཞིག་བཟོས། དེ་བཞིན་ཚོགས་པ་སྐྱིད་སྡུག་དེ་ཚོས་ཀྱང་དངུལ་ལེན་ཏེ་ལག་དེབ་བཟོ་བ་སོགས་ཀྱི་ཟིང་ཞིག་ལངས་ཀྱི་ཡོད་རེད། དེ་ཡིན་དུས་ད་ལྟ་དྲི་བའི་ལན་ལ་ལྟ་དུས། ཨ་རི་དང་བལ་ཡུལ་གྱི་འབྲེལ་བའི་ཐོག་ནས་ཕྱག་ལས་དབུ་བཙུགས་མེད་པ་ཡིན་ན་ད་ལྟ་གནང་སྡོད་མཁན་གྱི་མི་མང་དེ་ཚོས་མཁྱེན་རྟོགས་བྱུང་ཡོད་དམ། དེ་མཁྱེན་རྟོགས་བྱུང་ཡོད་ན་དེ་ལ་གཞིགས་པའི་ལག་དེབ་བཟོ་རྒྱུ་མཚམས་འཇོག་གནང་རྒྱུ་དང་ལམ་སྟོན་འདྲ་པོ་ཞིག་གནང་ཡོད་དམ།

བཀའ་ལན།
བཀུར་འོས་སྤྱི་འཐུས་ཀྱིས་དྲི་བ་གང་གནང་བ་ཡིན་ངས་གསལ་པོ་ཤེས་མ་སོང༌། དགོངས་སེལ་ཞུ་རྒྱུ་ཡིན། ཚོགས་པ་སྐྱིད་སྡུག་དེ་འདྲས་དངུལ་ལེན་ནས་གཅིག་བྱེད་ཀྱི་ཡོད་རེད་ཅེས་གསུངས་པ་འདྲ། བལ་ཡུལ་ནས་བོད་མི་ཨ་རིར་སྐྱབས་བཅོལ་དུ་གཏོང་རྒྱུའི་ལས་གཞི་དེ་བཙན་བྱོལ་གཞུང་དང་ཨ་རི་གཞུང་གི་བར་བཀའ་བསྡུར་ཐག་གཅོད་གནང་དགོས་པ་ཞིག་རེད། དེ་སྔོན་མིང་གཞུང་ཨ་མ་གཅིག་ཕུལ་ཚར་བ་རེད། དེའི་རྗེས་མིང་གཞུང་གསར་པ་འབུལ་དགོས་བྱུང་ན་བཙན་བྱོལ་བོད་གཞུང་བརྒྱུད་འབུལ་དགོས་པ་མ་གཏོགས། མིང་གཞུང་འབུལ་མཁན་གྱི་བརྒྱུད་ལམ་གཞན་པ་སུའང་ཡོད་པ་མ་རེད། ཨ་གཞུང་སྐུ་ཚབ་བལ་ཡུལ་དུ་ཕེབས་ནས་མིང་གཞུང་འབུལ་མཁན་ཡོད་ཚད་ཀྱི་ས་ནས་མིང་གཞུང་བཞེས་རྒྱུའི་འཆར་གཞི་གཏན་ནས་མེད། ད་ལྟའི་ལས་གཞི་འདི་དུས་འགྱངས་ཕྲན་བུ་བྱུང་རུང༌། ཨ་རི་གཞུང་གིས་ཐག་གཅོད་ཟིན་པ་ཞིག་ཡིན་སྟབས་སྔ་ཕྱི་མ་གཏོགས་ལག་ལེན་བསྟར་དགོས་ཀྱི་རེད། དེའི་སྐབས་མིང་གཞུང་ཁག་གཅིག་སྔོན་དུ་ཕུལ་ཟིན་པ་དེའི་ནང་ཡོད་པའི་མི་ངོ་རྣམས་ཞིབ་འཇུག་ར་སྤྲོད་བཙན་བྱོལ་གཞུང་གི་ལས་བྱེད་པ་བརྒྱུད་གནང་རྒྱུ་རེད། མིང་གཞུང་ཁག་གཅིག་འབུལ་རྒྱུ་བསྡད་ཡོད། དེ་འབུལ་ཕྱོགས་གསལ་པོ་གཏན་འཁེལ་བྱུང་བའི་སྐབས་འབྲེལ་ཡོད་ཚོགས་པའམ་སྡེ་ཚན་སུ་ཡིན་ལ་མིང་གཞུང་བསྡུ་དགོས་བཀོད་མངགས་བྱེད་ཀྱི་རེད། ད་ལྟ་དེ་འདྲ་བཀོད་མངགས་གང་ཡང་བྱས་མེད། རང་འགུལ་གྱིས་མིང་གཞུང་ལེན་མཁན་ཡོད་པ་ཡིན་ན་དེ་ནི་མགོ་སྐོར་རེད། སླུ་བྲིད་རེད། བདེན་པ་མ་རེད། འབྲེལ་བ་གང་ཡང་མེད་པའི་སྡེ་ཚན་ཁག་ནས་མིང་གཞུང་བསྡུ་རུབ་བྱེད་ཀྱི་ཡོད་ན་མིང་གཞུང་ལེན་མཁན་དང་སྤྲོད་མཁན་གཉིས་ཀ་ནོར་འཁྲུལ་ཡིན་པ་མ་ཟད། མིང་གཞུང་སྤྲོད་མཁན་དེའི་ནོར་འཁྲུལ་ཆེ་བ་རེད། ལེན་མཁན་ཚོས་དངུལ་ཞིག་བཟའ་རྒྱུ་རག་ན་བསམས་ནས་མི་མགོ་སྐོར་གཏོང་གི་ཡོད་པ་རེད། དེའི་འོག་འདོད་པ་དྭང་བླངས་བྱས་ནས་མགོ་སྐོར་ཐེབས་བཅུག་པ་ཡིན་ན་བཙན་བྱོལ་གཞུང་གིས་བྱེད་ཐབས་གང་ཡང་མེད། མ་འོངས་པར་མིང་གཞུང་དེ་ཚོའི་ཐོག་ནས་ཨ་རིར་སྐྱབས་བཅོལ་འགྲོ་རྒྱུའི་གོ་སྐབས་གཏན་ནས་ཡོད་མ་རེད་ཅེས་ངས་གྲོས་ཚོགས་ནང་ཐག་བཅད་དེ་གསལ་པོ་ཞུ་རྒྱུ་ཡིན།

སྤྱི་འཐུས་ཐོགས་མེད་ལགས་ནས།
བལ་ཡུལ་གཞུང་གིས་ཆོག་མཆན་དེ་རྩ་བ་ཉིད་ནས་མ་སྤྲད་པ་ཡིན་ན། ཨ་རི་གཞུང་གིས་སྐྱབས་བཅོལ་བ་ལེན་རྒྱུའི་འཆར་གཞི་དེ་དུ་བའི་ནང་ལ་འཇའ་ཡལ་འགྲོ་མི་ཡོང་ངམ་བསམ་པ་དང༌། ང་རང་ཚོའི་དཔེ་ལ། ཕ་རིའི་ལྕི་བ་མེད། ཚུ་རིའི་སླེ་བོ་མེད། སླེ་བོའི་སླེ་ཐག་ཆད། ཅེས་པ་འདྲ་པོ་ཞིག་ཆགས་མི་ཡོང་ངམ་བསམ་པའི་ཉེན་ཁ་ཞིག་མཐོང་གི་འདུག དེ་འདྲ་ཡིན་དུས་གལ་སྲིད་དེ་ལམ་ལྷོང་འགྲོ་གི་མེད་པ་ཡིན་ན། དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་ནས་དེ་ག་སྒྱུར་བྱས་ཏེ་མི་དེ་དག་རྒྱ་གར་ནས་གཏོང་ཐབས་ཀྱི་ཐབས་ལམ་བཙལ་ཏེ་གཞོན་སྐྱེས་མང་པོ་ཞིག་ཕར་འགྲོ་ཐུབ་པ་ཡིན་ན། ང་ཚོའི་དཀའ་ངལ་དེ་བརྒྱ་ཆ་དགུ་བཅུ་ཙམ་བསལ་འགྲོ་གི་ཡོད་རེད། དེ་འདྲ་དགོངས་པའི་དཔྱད་གཞི་ལ་ཡོད་མེད་ཀྱི་བཀའ་ལན་ཞིག་གནང་རོགས་གནང་ཞུ་རྒྱུ་ཡིན།

བཀའ་ལན།
བཀུར་འོས་སྤྱི་འཐུས་མཆོག་གིས་གལ་སྲིད་བལ་ཡུལ་གཞུང་གིས་མཐུན་འགྱུར་གཏན་ནས་མ་གནང་ན་ད་ལྟའི་ལས་གཞི་འདི་འཇའ་བཞིན་ཡལ་འགྲོ་རྒྱུ་རེད་དམ་ཞེས་བཀའ་འདྲི་གནང་བའི་ཐད། ངས་འཕྲོས་དོན་དྲི་བ་སྔ་མ་ཞིག་ལ་ཐད་ཀར་འབྲེལ་བ་མེད་ནའང་གྲོས་ཚོགས་ཀྱིས་མཁྱེན་རྟོགས་ཆེད་ཨ་རིའི་གཞུང་གི་ལས་གཞི་འདི་ཨ་རིའི་གྲོས་ཚོགས་ལ་ཞུས་ཟིན་པའི་ཐག་ཆོད་ཅིག་ཡིན་སྟབས། དུས་ཚོད་འགྱངས་ལོད་ཙམ་མ་གཏོགས་ལག་ལེན་མ་བསྟར་བར་བཞག་ཤེས་ཀྱི་མ་རེད་ཅེས་ཞུས་པ་ཡིན། ཨ་རིའི་གཞུང་དང་བལ་ཡུལ་གཞུང་གི་འབྲེལ་བ། དེ་བཞིན་བལ་ཡུལ་གཞུང་དང་རྒྱ་ནག་གི་འབྲེལ་བ་སོགས་ཡང་ཡང་འགྱུར་བ་འགྲོ་བཞིན་པ་མ་ཟད། སྤྱིར་འཛམ་གླིང་གི་གནས་ཚུལ་གང་ཡང་འགྱུར་ལྡོག་འགྲོ་བཞིན་པ་ཡིན་ཙང༌། ཉིན་གཅིག་ལག་ལེན་འཁེལ་བའི་གོ་སྐབས་ཤིག་ཡོང་གི་རེད་བསམ་གྱི་ཡོད། ད་ལྟ་བཀུར་འོས་སྤྱི་འཐུས་མཆོག་གིས་གསུངས་པ་ནང་བཞིན་ཕ་རིའི་ལྕི་བ་མེད་པ་དང༌། ཚུར་རིའི་སླེ་པོ་མེད་པ་ལྟ་བུ་ཞིག་བྱུང་འདུག འོན་ཀྱང་སླེ་པོའི་སླེ་ཐག་ཆད་ཡོད་མ་རེད་ཅེས་ཞུ་རྒྱུ་ཡིན།
ཡང་དེ་ལག་ལེན་ལ་མ་འཁེལ་བ་ཡིན་ན་རྒྱ་གར་ནས་བོད་མི་ཨ་རིར་གཏོང་རྒྱུར་ག་སྒྱུར་བྱེད་རྒྱུ་ཡོད་དམ་ཞེས་བཀའ་འདྲི་གནང་བའི་ཐད། དེ་ག་སྒྱུར་བྱེད་ཐབས་ཡོད་མ་རེད། གང་ཡིན་ཞེ་ན། བོད་མི་སྐྱབས་བཅོལ་བའི་གནས་ཚུལ་འ་ཆད་འུ་ཐུག་བལ་ཡུལ་ལ་བྱུང་བ་ནང་བཞིན་རྒྱ་གར་ནང་བྱུང་མེད་ལ། མ་འོངས་པར་ཡང་ཡོང་དྭོགས་ཡོད་མ་རེད། དེ་འདྲ་སོང་ཙང་ག་སྒྱུར་བྱེད་རྒྱུ་ཡོད་མ་རེད་ཅེས་ཞུ་རྒྱུ་ཡིན།

སྤྱི་འཐུས་བསྟན་འཛིན་ཆོས་ལྡན་ལགས་ནས།
ཨ་རི་གཞུང་ནས་མཐའ་མའི་བཀའ་འཁྲོལ་དེ་གྲོས་ཚོགས་ལ་འབུལ་རྒྱུ་རེད་གསུང་གི་འདུག གྲོས་ཚོགས་ལ་ཨ་རི་སྲིད་གཞུང་ནས་ག་དུས་འབུལ་རྒྱུའི་བཀའ་མོལ་བྱུང་ཡོད་དམ་ཞེས་བཀའ་འདྲི་གཅིག་ཞུ་རྒྱུ་ཡིན། ན་ནིང་དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་གིས་ད་ལོའི་ཕྱི་ཟླ་བདུན་པ་བརྒྱད་པའི་ནང་ཕར་གནས་སྤོས་བྱེད་རྒྱུ་འགོ་བཙུག་གི་རེད་ཅེས་གསུངས་པ་རེད། བྱས་ཙང་འདས་པའི་ཟླ་བ་དྲུག་ནང་གྲོས་ཚོགས་ལ་ཕུལ་མེད་པར་ངས་ངོས་འཛིན་བྱེད་ཀྱི་ཡོད། འདི་བཀའ་འདྲི་ཞུ་རྒྱུ་གཅིག་ཡིན།
དེ་ནས་ད་ལྟ་དཀའ་ངལ་ཡོད་པ་དེའི་ཐོག་ལ་བཙན་བྱོལ་གཞུང་དང་ཨ་རི་གཞུང་ནས་སྔོན་མར་ཚོད་དཔག་འདྲ་ཞིག་གནང་ཡོད་དམ་མེད། བལ་ཡུལ་གཞུང་ནས་སྐྱབས་བཅོལ་བའི་ཐོངས་མཆན་ཞུ་རྒྱུ་དེ་ལ་བལ་ཡུལ་ནས་གཏང་མི་ཆོག་པའི་དཀའ་ངལ་བཟོ་གནང་གི་ཡོད་རེད་ཅེས་གོ་སོང༌། དེ་བདེན་པ་ཡིན་ནམ་མིན།
དེ་ནས་ད་གིན་སྔོན་མ་ང་ཚོ་གྲོས་ཚོགས་ལ་མིང་གཞུང་བཞི་སྟོང་བདུན་བརྒྱ་ནས་བརྒྱད་བརྒྱ་ལྷག་ཙམ་ཡོད་རེད་གསུངས་པ་རེད། དེ་ལོ་ ༢༠༠༠ སྔོན་ལ་བལ་ཡུལ་དུ་འབྱོར་བ་དང་ལག་ཁྱེར་མ་ཐོབ་པ་དེ་ཚོར་གསུང་གི་ཡོད་རེད། དེ་བཞིན་གློ་སྒྲིག་འཛུགས་ནང་ལ་ཡོད་པ་ཚོར་ཡང་གསུངས་ཡོད་རེད། ད་ལྟ་མིང་གཞུང་ཕྱེད་ཀ་འབུལ་རྒྱུ་ཡོད་རེད་གསུངས་སོང༌། མིང་གཞུང་ཕྱེད་ཀ་གསུང་དུས་ད་དུང་ཡང་སྟོང་ཕྲག་བཞི་ལྔ་ཞིག་གི་མིང་གཞུང་བསྡུ་གནང་རྒྱུའི་ཚོད་དཔག་འདྲ་ཞིག་གནང་གི་ཡོད་དམ་ཞེས་དྲི་བ་གཅིག་ཡིན།
དེ་ནས་དྲི་བ་གཞན་ཞིག་ལ། གློ་སྒྲིག་འཛུགས་ནང་ལ་ཞུགས་པ་དེ་ཚོའི་བུ་ཕྲུག་དང་ཚ་བོ་ཚ་མོ་དེ་ཚོ་འདིའི་ནང་ལ་ཚུད་ཀྱི་ཡོད་མེད་བཀའ་འདྲི་ཞུ་རྒྱུ་ཡིན། ད་ལྟའི་བཟའ་ཚོ་དེ་ཚོ་ཚུད་ཀྱི་ཡོད་དམ། དེ་བཞིན་དེའི་ཐོག་ལ་ད་ལྟ་མིང་གཞུང་བསྡུ་གནང་གི་ཡོད་རེད་དམ། དེ་ནས་སྔོན་མ་མིང་གཞུང་གཏན་འབེབས་བྱུང་ཚར་བ་བལ་ཡུལ་དོན་གཅོད་ལ་ཡོད་པའི་ནང་ནས་ག་ཚོད་འདས་གྲོངས་བྱུང་ཡོད་མེད་དང༌། ག་ཚོད་ཕྱི་རྒྱལ་ལ་སྤོས་ཚར་ཡོད་མེད་སོགས་ཀྱི་ཐོག་ལ་ཞིབ་འཇུག་གནང་ནས་ད་ལྟ་གྲངས་ཀ་གསར་པ་ཞིག་ཡོད་དམ་མེད། བཞི་སྟོང་བདུན་བརྒྱ་བརྒྱད་བརྒྱ་ད་ག་རང་ཡིན་ནམ། དེ་ནས་ཆག་ཡོད་དམ། འདི་གནད་འགག་ཆེན་པོ་ཞེ་དྲགས་མཐོང་གི་འདུག འདིའི་ཐོག་ལ་གྲོས་ཚོགས་ནས་ཡིན་ནའང་རེད། བཀའ་ཤག་ནས་ཡིན་ནའང་རེད། བཀའ་བསྡུར་ཞུ་རྒྱུའི་བགྲོ་གླེང་ཞིག་བྱུང་ན་ཡག་པོ་འདུག་བསམ་གྱི་འདུག བྱས་ཙང་ང་རང་གིས་འདིར་གོ་སྐབས་ཟིན་ནས་ཞུ་གི་ཡིན། གལ་སྲིད་དཀའ་ངལ་གང་ཡང་མ་བྱུང་བ་ཡིན་ན། ཟླ་བ་དྲུག་བདུན་ནམ་ཡང་ན་ལོ་གཅིག་གི་ནང་ལ་འགོ་འཛུགས་གནང་རྒྱུའི་འཆར་གཞི་ན་ནིང་ང་ཚོར་གསུངས་པ་རེད། དེའི་ཐོག་ལ་བལ་ཡུལ་འབྲེལ་མཐུད་ལས་ཁུངས་ནས་ད་ལྟ་བོད་མི་བཞི་སྟོང་བདུན་བརྒྱ་བརྒྱད་བརྒྱ་ཡོད་པའི་ནང་ནས་ཁོ་རང་རྣམ་པའི་ཤེས་ཡོན་གནས་ཚད་དང༌། ལྷག་པར་དུ་དབྱིན་ཇི་ག་ཚོད་ཅིག་མཁྱེན་གྱི་ཡོད་མེད་སྐོར་ལ་རྩད་གཅོད་གནང་ཡོད་དམ། དེ་བཞིན་ཁོ་རང་རྣམ་པའི་དགུང་ལོ་ག་ཚོད་ཡིན་མིན་སོགས་རྩད་གཅོད་གནང་ཡོད་དམ། འདི་ངས་གནད་འགག་ཆེན་པོ་ཞེ་དྲགས་མཐོང་གི་འདུག གང་ཡིན་ཞེ་ན། གལ་སྲིད་ལས་གཞི་དེ་མགྱོགས་པོ་འགྲོ་ཐུབ་པ་ཡིན་ན། ཕ་གི་ལ་དཀའ་ངལ་ཆེན་པོ་ཞིག་ཆགས་རྒྱུ་དེ་དབྱིན་ཇི་མ་མཁྱེན་པ་དང༌། ཤེས་ཡོན། ལག་རྩལ་སོགས་ཀྱི་ཐོག་ནས་རེད། བྱས་ཙང་དེ་ཚོ་ཞིབ་འཇུག་གནང་ཡོད་དམ་མེད། གནང་མེད་ན་གནང་དགོས་པ་ཞིག་ཆགས་ཀྱི་འདུག དེ་བཞིན་དེའི་ཐོག་ལ་ད་ལོར་སྔོན་རྩིས་ནང་ལ་འགྲོ་སོང་ག་ཚོད་གཏང་གནང་རྒྱུའི་འཆར་གཞི་ཡོད་དམ། ངས་ཨ་རིའི་དོན་གཅོད་ནང་ལ་ཁྲི་གཅིག་མཐོང་སོང༌། ད་ག་ནང་བཞིན་བལ་ཡུལ་དོན་གཅོད་ནང་ལ་དེའི་ཐོག་ལ་འགྲོ་སོང་ག་ཚོད་གཏང་གནང་རྒྱུའི་འཆར་གཞི་ཡོད་དམ།
དེ་ནས་ཐ་མ་དེར། ཨ་རི་གཞུང་དང་མཉམ་དུ་བཀའ་མོལ་བྱུང་ཡོད་རེད། ད་ལྟ་སྟོང་ཕྲག་བཞི་ལྔ་ཞིག་ཡོད་པ་དེ་ཚོ་གནས་སྤོས་གནང་དུས། ཨ་རིའི་ནང་ལ་མངའ་སྡེ་ལྔ་བཅུ་ཡོད་རེད། གྲོང་ཁྱེར་རྒྱ་ཆེན་པོ་ཞེ་དྲགས་ཡོད་རེད། བྱས་ཙང་ག་པར་གནས་སྤོས་བྱེད་ཀྱི་ཡོད་མེད་ཀྱི་སྐོར་ལ་བོད་གཞུང་ལ་དེའི་ཐོག་ཤུགས་རྐྱེན་ནམ་ཐག་གཅོད་གནང་རྒྱུའི་བཀའ་མོལ་ཡོད་རེད་དམ། ཕ་གི་ལ་ཕེབས་དུས་གྲོང་ཁྱེར་ཆེན་པོ་ཞིག་གི་ནང་ལ་ཐིམ་ཕྱིན་པ་ཡིན་ན། སྐད་ཡིག་བེད་སྤྱོད་གཏང་རྒྱུ་མེད་པ་དང༌། ད་ག་ནང་བཞིན་བོད་པའི་གཞིས་ཆགས་ནང་བཞིན་ཞིག་མ་ཆགས་པའི་དཀའ་ངལ་དེ་གཟིགས་ཀྱི་ཡོད་དམ་མེད། གྲོང་ཁྱེར་ཆུང་ཆུང་ཞིག་གི་ནང་ལ་བསྡད་པ་ཡིན་ནའང༌། ཕ་གིའི་ཡུལ་མིས་སོ་སོའི་ལས་ཀ་ཤོར་བའི་ཐོག་ནས་བོད་པ་ལ་དམིགས་བསལ་ཞེ་སྡང་སྐྱེ་རྒྱུ་དེ་ཡོང་སྲིད་ཀྱི་རེད། བྱས་ཙང་དེའི་ཐོག་ལ་ང་ཚོས་ཨ་རིར་བཞུགས་མཁན་གྱི་བོད་པ་ཚོ་དང་མཉམ་དུ་བཀའ་བསྡུར་ཞིག་གནང་དགོས་པའི་དུས་ཚོད་རེད་འདུག་བསམ་གྱི་འདུག བྱས་ཙང་དེའི་ཐོག་ལ་དོན་གཅོད་མཉམ་དུ་བཀའ་མོལ་བྱུང་ཡོད་དམ། དོན་གཅོད་ནས་ཚོགས་འདུ་ཞིག་བསྐོང་གནང་གི་ཡིན་གསུངས་པ་རེད། བྱས་ཙང་ཚོགས་འདུ་ག་དུས་བསྐོང་རྒྱུའི་ཐོག་ལ་བཀའ་ཤག་མཉམ་དུ་བཀའ་མོལ་བྱུང་ཡོད་དམ་མེད་ཞེས་བཀའ་འདྲི་ཞུ་རྒྱུ་ཡིན། དྲི་བ་མང་པོ་ཞིག་ཆགས་སོང༌། དགོངས་འགལ་མེད་པ་ཞུ་ཞེས་ཞུ་སྙིང་འདོད་སོང༌།

བཀའ་ལན།
བཀུར་འོས་སྤྱི་འཐུས་མཆོག་གིས་སླར་ཡང་ཨ་རི་གཞུང་གིས་བལ་ཡུལ་ནས་བོད་མི་གང་འཚམས་སྐྱབས་བཅོལ་དུ་བླང་རྒྱུའི་ལས་གཞི་དེ་ཨ་རིའི་གྲོས་ཚོགས་ནང་ཕུལ་ཟིན་ཡོད་མ་རེད་ཅེས་ངས་ཞུས་སོང་ཞེས་གསུངས་སོང༌། ངས་དེ་འདྲ་གཏན་ནས་ཞུས་མེད། ངས་སྔ་ལོ་ནས་ལས་འཆར་དེ་ཨ་རིའི་གྲོས་ཚོགས་སུ་ཕུལ་ཟིན་པ་དང༌། དེའི་དབང་གིས་འགྱུར་བ་འགྲོ་ཤེས་ཀྱི་མ་རེད་ཅེས་ཡང་ཡང་ཞུས་པ་ཡིན། གྲོས་ཚོགས་སྔ་མའི་ནང་དྲི་བ་དྲིས་ལན་བྱུང་བའི་སྐབས་ནས་ལས་འཆར་དེ་ཨ་རིའི་གྲོས་ཚོགས་ལ་ཕུལ་ཟིན་པ་རེད་ཅེས་ཞུས་ཡོད། འཕྲོས་དོན་དྲི་བ་སྔོན་མ་དེ་ཚོའི་ལན་གསན་ཡོད་པ་ཡིན་ན་ད་ལྟའི་དྲི་བ་འདི་ཡོང་སྟངས་ཡོད་མ་རེད། ཨ་རིའི་གྲོས་ཚོགས་སུ་ཞུས་ཟིན་པའི་གནས་ཚུལ་ཞིག་ཡིན་ཙང༌། ད་ལྟའི་ཨ་རིའི་འཛིན་སྐྱོང་ལ་འགྱུར་བ་ཕྱྀན་ནའང་འཛིན་སྐྱོང་རྗེས་མས་ཕྱག་ལེན་བསྟར་དགོས་པ་ཞིག་རེད།
ཡང་བལ་ཡུལ་གཞུང་གིས་མཐུན་འགྱུར་གནང་རེ་མེད་པ་དེ་བཙན་བྱོལ་གཞུང་དང་ཨ་རི་གཞུང་གིས་སྔོན་ཚུད་ནས་ཚོད་དཔག་མ་ཐུབ་པ་རེད་དམ་ཞེས་གསུངས་པའི་ཐད། བལ་ཡུལ་ནང་ཡོད་པའི་བོད་མི་སྐྱབས་བཅོལ་བ་རྣམས་ལ་དཀའ་ངལ་ཡོད་པ་དངོས་ཡོད་ཀྱི་གནས་སྟངས་ཡིན་ཙང༌། ཁོ་ཚོ་ཕྱི་རྒྱལ་དུ་འགྲོ་རྒྱུར་བལ་ཡུལ་གཞུང་གིས་འགོག་རྐྱེན་སྤྲོད་ཀྱི་རེད་བསམ་པ་ཨ་རིའི་གཞུང་དང་བཙན་བྱོལ་བོད་གཞུང་གཉིས་ཀས་ཚོད་དཔག་མ་ཐུབ་པ་རེད། བལ་ཡུལ་ནས་བོད་མི་སྐྱབས་བཅོལ་བ་ཉུང་དུ་ཕྱིན་ན་བལ་ཡུལ་གཞུང་ལ་སྟབས་བདེ་བ་ཡོང་གི་རེད་བསམ་པ་བྱུང་ཡོད། ལྷག་པར་སྐབས་དེར་ཉིན་གཅིག་གློ་བུར་དུ་རྒྱལ་པོས་སྲིད་དབང་འཕྲོག་གི་རེད་བསམ་པའི་ཚོད་དཔག་ཀྱང་བྱས་ཐུབ་ཡོད་མ་རེད།
ཡང་བཀུར་འོས་སྤྱི་འཐུས་ཀྱིས་མིང་གཞུང་ཕྱེད་ཀ་ཕུལ་ཟིན་པ་ཡིན་ཞེས་ཞུས་སོང༌། ད་དུང་ཕྱེད་ཀ་འབུལ་རྒྱུ་དེ་སྔོན་མའི་མིང་གཞུང་དང་མི་གྲངས་མཚུངས་པ་རེད་དམ་ཞེས་བཀའ་གནང་བའི་ཐད། ངས་ཕྱེད་ཀ་ཞེས་པ་བརྒྱ་ཆ་ལྔ་བཅུ་ཏག་ཏག་ཡིན་པའི་དོན་དུ་ཞུས་མེད། སྡེ་ཚན་གཅིག་གི་མིང་གཞུང་ཕུལ་ཟིན་པ་དང༌། སྡེ་ཚན་གཞན་ཞིག་གི་འབུལ་རྒྱུ་བསྡད་ཡོད་པ་ཡིན་ཙང་ཕྱེད་ཀ་ཞེས་པའི་ཚིག་དེ་བེད་སྤྱོད་བྱས་པ་རེད། བོད་མི་སྐྱབས་བཅོལ་བ་བལ་ཡུལ་དུ་གནས་སྡོད་ཆོག་པའི་ལག་འཁྱེར་མ་འཐོབ་མཁན་སྐབས་དེར་ ༥༠༠༠ མ་ཟིན་ཙམ་ཞིག་ཡོད་པ་དེ་སྡེ་ཚན་གཅིག་རེད། དེའི་མིང་ཐོ་ཕུལ་ཟིན། སྡེ་ཚན་གཉིས་པ་ནི་དེ་སྔོན་ཨ་རིའི་གཞུང་གི་སྒྲིག་འཛུགས་ཁག་དང་འབྲེལ་བ་ཡོད་པའི་སྡེ་ཚན་ཞིག་རེད། དེའི་མིང་ཐོ་ད་ལྟ་གཞི་ནས་བསྡུ་རྒྱུ་རེད། དེའི་རྒྱུ་མཚན་ཡང་ཨ་རི་གཞུང་གིས་འོས་ཆོས་གཏན་འབེབས་གནང་མ་ཟིན་པ་རེད། འོས་ཆོས་ཐག་མ་བཅད་བར་དུ་མིང་ཐོ་བསྡུ་ཤེས་ཀྱི་མ་རེད། འོས་ཆོས་འདི་དང་འདི་ཚང་བ་ཞིག་དགོས་ཞེས་ཐག་ཆོད་གསལ་པོ་བྱུང་བའི་ཉིན་མོ་དེར་འབྲེལ་ཡོད་སྡེ་ཚན་དེ་ནས་མིང་གཞུང་བསྡུ་རྒྱུ་རེད། དེའི་བར་མིང་གཞུང་སྡུད་མཁན་ཡོད་ན་བར་ཟོས་དང་སྐྱག་རྫུན་རེད། མིང་ཐོ་བསྡུ་རན་པའི་ཉིན་མོ་དེར་ཡོངས་ཁྱབ་གསལ་བསྒྲགས་བྱས་ཏེ་བསྡུ་བ་མ་གཏོགས། ཁུག་ཁུག་ཀྱོག་ཀྱོག་ནས་བསྡུ་ཐབས་ཡོད་མ་རེད། གསར་འགྱུར་བརྒྱུད་ལམ་ཁག་གི་ནང་གསལ་བསྒྲགས་ཡོང་གི་རེད། སྔོན་མའི་མིང་གཞུང་ཕུལ་ནས་ལོ་དུས་གང་འཚམས་ཕྱིན་པ་ཡིན་ཙང་མིང་གཞུང་དེའི་ནང་ཡོད་པའི་བོད་མི་འདས་གྲོངས་སུ་གྱུར་པ་དང༌། ཕྱི་རྒྱལ་ལ་ཐོན་པ། ཡང་ན་བལ་ཡུལ་དུ་གནས་སྡོད་ཆོག་པའི་ལག་འཁྱེར་ཐོབ་པ་ག་ཚོད་བྱུང་ཡོད་མེད་ད་ལྟ་ཞིབ་འཇུག་བྱས་ཐུབ་མེད། དེའང་ཨ་རི་གཞུང་གི་ཞིབ་འཇུག་པ་བལ་ཡུལ་དུ་འབྱོར་ནས་ལས་འགོ་མ་ཚུགས་བར་དུ་ཞིབ་འཇུག་བྱེད་དགོས་པ་མ་མཐོང༌། ཞིབ་འཇུག་བྱེད་པའི་སྐབས་སུའང་སྔོན་གྱི་མིང་ཐོའི་ནང་ལ་ཡོད་པའི་མིང་ངོ་མ་སུ་དང་སུ་ཡིན་ངོས་འཛིན་ར་སྤྲོད་བྱེད་རྒྱུ་ཙམ་མ་གཏོགས་དབྱིན་སྐད་ཤེས་མིན་དང༌། ལག་ཤེས་གང་ཡོད་སོགས་ཀྱི་ཞིབ་འཇུག་བྱེད་རྩིས་མེད། དེ་འདྲའི་ཞིབ་འཇུག་བྱེད་དགོས་དོན་མི་འདུག ལས་གཞི་འདིའི་འོག་སྲིད་དོན་གནས་བབ་ཀྱིས་བལ་ཡུལ་ནང་སྡོད་ཐབས་མ་བྱུང་བར་སྐྱབས་བཅོལ་དུ་འགྲོ་མཁན་ཡིན་ཙང་སྐད་ཡིག་ཤེས་མིན་དང༌། ལག་ཤེས་ཡོད་མེད་ཀྱི་ཁྱད་པར་ཕྱེ་རྒྱུ་ཡོད་མ་རེད། སྲིད་དོན་སྐྱབས་བཅོལ་བའི་ངོ་བོར་འགྲོ་རྒྱུ་ཡིན་ཙང༌། དེ་རིགས་ལ་ཨ་རིའི་ཁྲིམས་ལུགས་ལྟར་གཟིགས་སྐྱོང་དང་མཐུན་རྐྱེན་བསྐྲུན་རྒྱུ་ཨ་རིའི་གཞུང་གི་ལས་འགན་རེད། སྔོན་དུ་ཞུས་ཟིན་པ་བཞིན་བལ་ཡུལ་ནས་མི་འགྲོ་འདེམས་སྒྲུག་དང༌། ཁོ་ཚོའི་འགྲིམས་འགྲུལ་ལག་འཁྱེར་བཟོ་རྒྱུ། ཨ་རིར་འབྱོར་རྗེས་འཚོ་ཐབས་འགྲོ་སྟངས་བཟོ་རྒྱུ་བཅས་ཀྱི་ལས་དོན་རྣམས་ཨ་གཞུང་གིས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞིག་ལ་བོགས་མ་སྤྲད་དེ་འགན་ཁུར་བྱ་རྒྱུ་རེད། དེ་ལ་ཨ་རིའི་དོན་གཅོད་དང༌། བོད་རིགས་སྤྱི་མཐུན་ཚོགས་པ་ཁག གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ནས་མཐུན་འགྱུར་མཉམ་རུབ་བྱེད་རྒྱུ་ཞིག་རེད།
ཡང་བཀུར་འོས་སྤྱི་འཐུས་ཀྱིས་ཨ་རིའི་དོན་གཅོད་ཀྱིས་ཚོགས་འདུ་ཞིག་བསྐོང་རྒྱུ་ཡིན་ཞེས་ལབ་སོང་ཡང་བསྐོང་མ་སོང་ཞེས་གསུངས་པ་དེ་རང་རེད། ཚོགས་འདུ་བསྐོང་རྩིས་བྱེད་དུས་སྔོན་མའི་དུས་ཚོད་རེའུ་མིག་ལྟར་འགྲོ་ཤག་བྱས་པ་རེད། དེ་འགྲོ་མ་ཐུབ་པ་ཡིན་ཙང་དུས་ཚོད་རེའུ་མིག་གསར་པ་གཏན་འཁེལ་མ་བྱུང་བར་ཚོགས་འདུ་བསྐོང་རྒྱུའི་ཚེས་ཆ་གཏན་འཁེལ་བྱེད་ཐུབ་ཀྱི་མི་འདུག ཚོགས་འདུ་ག་དུས་བསྐོང་ནའང་བཀུར་འོས་སྤྱི་འཐུས་མཆོག་ལ་ངེས་པར་བརྡ་ལན་འབུལ་དགོས་ཨ་རི་དོན་གཅོད་ལ་བཀའ་མངགས་ཞུ་རྒྱུ་ཡིན།

སྤྱི་འཐུས་ཚེ་རིང་ཕུན་ཚོགས་ལགས་ནས།
ངས་འཕྲོས་དོན་དྲི་བ་ཞུ་རྒྱུ་དང་པོ་དེ། ང་རང་ཚོའི་བཙན་བྱོལ་གཞུང་གིས་ཨ་རི་ལ་སྐྱབས་བཅོལ་འགྲོ་རྒྱུའི་སྐོར་ལ་གསལ་བསྒྲགས་གནང་བ་རེད། བར་ལམ་ཞིག་བལ་ཡུལ་དུ་ཡོད་པའི་ཨ་རིའི་གཞུང་ཚབ་ཀྱི་ཐོག་ནས་ཨ་རི་ལ་བོད་མི་སྐྱབས་བཅོལ་བ་ལེན་རྒྱུ་རེད་ཅེས་པ་དེ་དངོས་འབྲེལ་རེད་ཟེར་ནས་བལ་ཡུལ་གྱི་གསར་ཤོག་འགོད་མཁན་ཞིག་གིས་ཨ་རི་གཞུང་ཚབ་ལ་སྐད་ཆ་དྲིས་ནས་ཨ་རི་གཞུང་དང་བལ་ཡུལ་གཞུང་གཉིས་ཀྱིས་སྐད་ཆ་བཤད་ཀྱི་རེད་ཅེས་པ་ཞིག་བར་ལམ་ཞིག་ལ་གསར་འགྱུར་བརྒྱུད་ལམ་ཁག་ནས་ཐོན་སོང༌། ངས་བཀའ་འདྲི་ཞུ་རྒྱུ་ཞིག་ལ། ད་ལྟ་བཀའ་ཕེབས་པ་ནང་བཞིན་ཨ་རིས་སྔ་རྗེས་བར་གསུམ་ལ་ལེན་རྒྱུ་དེ་གསལ་པོ་ཞེ་དྲགས་ཆགས་པ་རེད། བྱས་ཙང་ཨ་རི་གཞུང་གིས་ད་ལྟ་བལ་ཡུལ་གཞུང་ལ་འབྲེལ་བ་བྱ་རྒྱུ་དེ་བྱས་ཚར་ཡོད་དམ་མེད། དེའི་སྐོར་ལ་གནས་ཚུལ་འདྲ་པོ་ག་འདྲ་ཆགས་ཡོད་དམ།
བཀའ་འདྲི་ཞུ་རྒྱུ་གཉིས་པ་དེ། བལ་ཡུལ་ནང་ནས་བོད་མི་ལེན་རྒྱུ་དེའི་གྲངས་ཀའི་སྐོར་ལ་ད་ལྟ་འདྲ་མི་འདྲ་སྣ་ཚོགས་ཤིག་གསུངས་སོང༌། སྔོན་མ་གསུངས་པ་ལྟར་བྱས་ན། བལ་ཡུལ་ནང་ལ་བསྡད་མ་ཐུབ་པའི་དཀའ་ངལ་ཡོད་སྡོད་མཁན་ལྔ་སྟོང་བདུན་བརྒྱ་ཡས་མས་ཙམ་ཞིག་ཕལ་ཆེར་ང་རང་གིས་ནོར་མེད་ན་དེ་འདྲ་ཞིག་ཚོར་སྣང་བྱུང་སོང༌། ད་ལྟ་གསུངས་དུས་བཞི་སྟོང་ཐོག་ནས་གྲངས་ཀ་ཞིག་གསུངས་སོང༌། ཁ་སང་སྔོན་མའི་གྲོས་ཚོགས་ཀྱི་སྐབས་སུ་དེའི་ཐོག་ཏུ་གློ་དམག་སྒར་གྱི་སྒྲིག་འཛུགས་ནང་ཡོད་སྡོད་མཁན་དེར་ཨ་རི་གཞུང་གི་ངོས་ནས་གུན་གསབ་ཀྱི་ཚུལ་དུ་འཐེན་གྱི་ཡིན་ཞེས་པ་དེ་ཕལ་ཆེར་སྟོང་ཕྲག་གཉིས་ཡས་མས་ཅན་གྱི་བཀའ་ཕེབས་པ་ཅན་ཞིག་དྲན་སྡོད་ཀྱི་འདུག སློབ་ཕྲུག་ཁག་གཅིག་ལ་ཟབ་སྦྱོང་གནང་བའི་སྐབས་སུ་དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་གིས་བཀའ་ཕེབས་པ་ལ་ཡང༌། དང་པོའི་གྲངས་ཀ་དེ་དང་རྗེས་མའི་གྲངས་ཀ་དེ་བྱེད་ཡོང་དུས་ཕལ་ཆེར་ང་ཚོས་དབྱིན་ཇིའི་ཚིག་གི་ཤོད་སྲོལ་ལྟར་བྱས་ན་ Round Figure བྱས་པ་ཡིན་ན་ཕལ་ཆེར་ཁྲི་གཅིག་ཙམ་ཞིག་ལབ་ན་མ་འགྲིགས་པ་མི་འདུག་ཅེས་པ་དེ་འདྲ་ཞིག་བཀའ་གནང་འདུག དེ་འདྲ་སོང་ཙང་དེའི་གྲངས་ཀའི་སྐོར་དེ་ག་འདྲ་ཞིག་ཡིན་མིན་གྱི་ཐོག་ལ་བཀའ་གསལ་པོ་ཞིག་གནང་རོགས་གནང་ཞེས་ཞུ་རྒྱུ་གཅིག་འདི་ཡིན།
དེ་ནས་ཞུ་རྒྱུ་གསུམ་པ་དེ། དང་པོའི་གྲངས་ཀ་དེ་ངེས་ཚར་བ་ཞིག་དང༌། གཉིས་པའི་གྲངས་ཀ་ཟེར་དུས་ཕལ་ཆེར་ཕྱེད་ཙམ་ཞིག་གི་ཐོ་ལེན་རྒྱུ་རེད་ཅེས་ད་ལྟ་འདི་ནས་འཕྲོས་དོན་དྲི་བ་ཞིག་གི་ལན་གྱི་ཐོག་ལ་གསུངས་སོང༌། ད་ལྟའི་ཆར་དེའི་ཐོ་ལེན་རྒྱུ་རེད། དེའི་ཐོ་ལེན་རྒྱུ་དེ་ཡང་ཚུར་འབྲེལ་བ་གནང་གི་རེད་གསུངས་སོང༌། དེའི་ཐོ་ལེན་རྒྱུའི་འབྲེལ་བ་གནང་ས་དེ་ང་རང་ཚོ་བཙན་བྱོལ་གཞུང་གི་བརྒྱུད་ནས་འབྲེལ་བ་བྱེད་ཀྱི་རེད་དམ། ཡང་ན་ཐོ་གནང་སའི་སྔོན་མར་གྲངས་ཀ་ཡོད་རེད་ཅེས་པ་དེ་ལ་སྡེ་ཚན་གང་ཡང་རུང་བ་ཞིག་གིས་དེ་འདྲ་ཞིག་གི་ཐོག་ལ་འབྲེལ་བ་གནང་རྒྱུ་རེད། དེའི་སྐོར་ལ་གསལ་པོ་ཞིག་ཆགས་མ་སོང༌། བྱས་ཙང་དེའི་དོན་ཚན་ཐོག་ལ་ཡང་བསྐྱར་གསལ་པོ་ཞིག་བཟོ་གནང་རོགས་ཞུ་རྒྱུ་ཡིན།

བཀའ་ལན།
བཀུར་འོས་སྤྱི་འཐུས་ཀྱིས་གང་བཀའ་འདྲི་གནང་བ་ངས་གསལ་པོ་ཞིག་གོ་མ་སོང༌། ཨ་རི་གཞུང་གིས་བལ་ཡུལ་གཞུང་ལ་འབྲེལ་བ་གནང་གྲུབ་པ་རེད་དམ་ཞེས་བཀའ་འདྲི་གནང་བ་མིན་ནམ་སྙམ། དེ་ཡིན་ན་ཨ་གཞུང་གིས་བལ་ཡུལ་གཞུང་ལ་སྔོན་མ་ནས་འབྲེལ་བ་ལན་མང་གནང་ཟིན་པ་མ་ཟད། ཨ་རིའི་སྐྱབས་བཅོལ་སྡེ་ཚན་གྱི་འགན་འཛིན་ངོ་མ་བལ་ཡུལ་དུ་ཆེད་ཕེབས་གནང་བ་དང༌། དེའི་རྗེས་སླར་ཡང་ཨ་གཞུང་གི་མཐོ་རིམ་ལས་བྱེད་གསུམ་བཞི་ཞིག་བལ་ཡུལ་དུ་ཕེབས་གྲུབ་པ་རེད། འབྲེལ་བ་གནང་ཟིན་པ་ཡིན་ཙང་བལ་ཡུལ་གཞུང་གིས་མཐུན་འགྱུར་གནང་གི་མེད་པ་དེ་མཁྱེན་པ་རེད། འབྲེལ་བ་གནང་མེད་ན་བལ་ཡུལ་གཞུང་གིས་མཐུན་འགྱུར་གནང་མིན་གྱི་བཀའ་མོལ་དེ་ཡོང་སྟངས་མེད་པ་རེད། འབྲེལ་བ་དེ་སྔོན་ནས་གནང་ཟིན་པ་མ་ཟད། ད་ལྟའང་གནང་བཞིན་པ་རེད་ལ། མ་འོངས་པར་ཡང་མུ་མཐུད་ནས་གནང་རྒྱུ་རེད།
ཡང་སྐྱབས་བཅོལ་དུ་ལེན་རྒྱུའི་མིའི་གྲངས་ཚད་གསལ་པོ་མི་འདུག་ཅེས་བཀའ་གནང་སོང༌། དེ་དངོས་གནས་རེད། གྲངས་ཚད་གསལ་པོ་ད་ལྟ་ཞུ་རྒྱུ་མེད། གཞིས་ཆགས་གཏོང་རྒྱུ་ལྟ་བུ་ཡིན་ན་གྲངས་ཚད་སྔོན་ནས་གཏན་འཁེལ་ཐུབ་པ་ཞིག་རེད། ད་ལྟའི་ལས་གཞི་འདི་གཞིས་ཆགས་མ་ཡིན་པར་སྐྱབས་བཅོལ་དུ་འགྲོ་རྒྱུའི་ལས་གཞི་རེད། འདི་ནི་དཀའ་ངལ་དམིགས་བསལ་བ་ཞིག་ལ་བརྟེན་ནས་ལེན་དགོས་པ་བྱུང་བ་རེད། མི་ ༤༧༠༠ ཡས་མས་ཀྱི་མིང་ཐོ་ཕུལ་ཡོད་ཞུས་པ་དེ་བལ་ཡུལ་ནང་ཡོད་པའི་བོད་མི་སྐྱབས་བཅོལ་ལག་འཁྱེར་མེད་མཁན་དེ་ཚོ་རེད། མིང་ཐོ་དེའི་ནང་ཚུད་མེད་ཀྱང་མིང་ཐོའི་ནང་ཡོད་པའི་བོད་མི་གཞན་གྱི་གནས་ཚུལ་དང་ཕྱོགས་ཀུན་ནས་མཚུངས་པ་ཡིན་ན་དེ་ཚོ་ལའང་སྐྱབས་བཅོལ་འཐོབ་དགོས་ཀྱི་རེད། ཡང་མིང་ཐོའི་ནང་ཚུད་ཡོད་ཀྱང་ད་ཆ་བལ་ཡུལ་དུ་བསྡད་མེད་པའམ། ཡང་ལག་འཁྱེར་ཐོབ་ཟིན་པ། འདས་གྲོངས་སོང་བ་ཅི་རིགས་ཡོང་སྲིད་པ་རེད། དེ་ཙམ་མ་ཟད་མིང་ཐོ་བསྡུ་སྐབས་རང་ལོ་ ༡༨ མ་ལོན་པ་ད་ཆ་རང་ལོ་ ༡༨ ལོན་པ་དེ་འདྲའང་ཡོང་སྲིད་པ་རེད། བྱས་ཙང་མི་གྲངས་འདི་ཙམ་ཞིག་ཡོད་ཅེས་ད་ལྟ་ཞུ་ཐུབ་ཀྱི་མི་འདུག དེ་དང་ཕྱོགས་མཚུངས་མིང་ཐོ་གཞན་པ་ལེན་རྒྱུ་བསྡད་པ་དེའང་མི་ ༡༠༠༠ དང་ ༢༠༠༠ ཟེར་བ་ལྟ་བུ་གྲངས་ཚད་གང་ཡང་ཡོད་མ་རེད། ཨ་རིའི་སྒྲིག་འཛུགས་ཤིག་དང་འབྲེལ་བ་ཡོད་པའི་སྡེ་ཚན་གཅིག་ལ་གུན་གསབ་ཀྱི་ཚུལ་དུ་ལེན་རྒྱུ་གནང་བ་རེད། ཡིན་ནའང་དེའི་འོས་ཆོས་ད་ལྟ་གཏན་འཁེལ་ཡོད་མ་རེད། འོས་ཆོས་གཏན་འཁེལ་བྱུང་བའི་མཚམས་གཞི་ནས་མི་གྲངས་ཇི་ཙམ་འོས་ཆོས་ཚང་གི་ཡོད་པ་ཧ་གོ་གི་རེད། དེ་ནི་མི་བཅུའང་ཡིན་སྲིད་པ་ཞིག་རེད། སྟོང་ཡང་ཡིན་སྲིད་པ་ཞིག་རེད། དེ་འདྲ་ཡིན་ཙང་མིང་ཐོ་གཉིས་བསྡོམས་པའི་གྲངས་དེ་ཙམ་ཞིག་རེད་ཅེས་ཞུ་ཐུབ་ཐབས་མི་འདུག་ཅེས་ཞུ་རྒྱུ་ཡིན།

སྤྱི་འཐུས་རྒྱ་རི་བུ་ཕྲུག་ལགས་ནས།
ད་གིན་འཕྲོས་དོན་དྲི་བ་ཞིག་ལ་ལན་འདེབས་གནང་བའི་སྐབས་ལ་དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་གིས་མི་མང་མགོ་སྐོར་ཐེབས་ཀྱི་ཡོད་པ་ཡིན་ན། དེ་ཁོ་རང་ཚོའི་ནོར་འཁྲུལ་རེད་ཅེས་གསུངས་སོང༌། མི་མང་ཉམ་ཆུང་རེད། མགོ་ཚོས་མཁན་ཡོད་རེད། མགོ་མ་ཚོས་མཁན་ཡང་མང་པོ་ཞེ་དྲགས་རེད། དེ་འདྲ་ཡིན་དུས་མགོ་སྐོར་ཐེབས་མཁན་དེ་མགོ་མ་འཚོས་མཁན་ཞིག་ལ་ངོས་འཛིན་ཞུ་དགོས་ཀྱི་རེད་བསམ་གྱི་འདུག དེ་ལ་འཛིན་སྐྱོང་གི་ཐོག་ནས་འགན་རྩ་བ་རང་ནས་མེད་པ་ནང་བཞིན་ཞིག་གོ་ཕྱིན་པ་ཡིན་ན། མི་མང་བློ་ཕམ་ཆགས་སྲིད་པ་རེད།

བཀའ་ལན།
འཕྲོས་དོན་དྲི་བ་སྔ་མའི་དོན་ཚན་ཞིག་ལ་ལན་ཞུ་རྒྱུ་ལུས་འདུག དགོངས་འགལ་མེད་པ་ཞུ་རྒྱུ་ཡིན། དེ་ད་ལྟ་གོ་སྐབས་འདིའི་ཐོག་ཞུས་ཆོག་པའི་བཀའ་འཁྲོལ་ཞུ་རྒྱུ་ཡིན། མིང་ཐོ་སྡེ་ཚན་གཞན་པ་དེས་འབྲེལ་བ་བྱེད་ཀྱི་རེད་ཅེས་གསུང་གི་འདུག འབྲེལ་བ་སུ་ལ་བྱེད་ཀྱི་རེད་ཅེས་བཀའ་འདྲི་གནང་སོང༌། ད་ལྟ་བར་དུ་བཙན་བྱོལ་གཞུང་དང་འབྲེལ་བ་གནང་བ་རེད། མ་འོངས་པར་ཡང་བཙན་བྱོལ་གཞུང་རང་ལ་འབྲེལ་བ་གནང་གི་རེད་བསམ་གྱི་ཡོད། ལས་གཞི་འདིའི་མགོ་ནས་མཇུག་བར་བཙན་བྱོལ་གཞུང་དང་འབྲེལ་བ་ཡོད་པ་ཞིག་རེད་མ་གཏོགས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང༌། སྡེ་ཚན་སུ་དང་འབྲེལ་བ་ཡོད་པ་ཞིག་མ་རེད། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང༌། སྡེ་ཚན་རེ་ཟུང་གིས་ཨ་རིའི་གཞུང་དང༌། ཨ་རིའི་སྲིད་འཛིན་ལ་ཐད་ཀར་ཡིག་འབྲེལ་བྱས་པ་བྱུང་ཡོད་ཚོད་འདུག ང་ཚོས་གོ་ཐོས་ཀྱང་བྱུང༌། དེ་ཚོ་ནི་གནས་ཚུལ་ཐ་དད་ཅིག་ཡིན་སྲིད་པ་ལས། ད་ལྟ་བལ་ཡུལ་དུ་ཡོད་པའི་བོད་མི་ཨ་རིར་སྐྱབས་བཅོལ་དུ་གཏོང་རྒྱུའི་ལས་གཞི་འདི་དང་འབྲེལ་བ་གཏན་ནས་ཡོད་མ་རེད་ཅེས་ཞུ་རྒྱུ་ཡིན།
དེ་ནས་འཛིན་སྐྱོང་གིས་བོད་མི་དེ་ཚོ་མགོ་སྐོར་མ་ཐེབས་པ་བྱེད་དགོས་རེད་ཅེས་གསུངས་པ་དེ་དགོངས་འཆར་ཙམ་ལས་དྲི་བ་མ་རེད། དགོངས་འཆར་ཡིན་ན་ཡིད་འཇགས་ཞུ་རྒྱུ་ཡིན། སྤྱིར་བཏང་འཛིན་སྐྱོང་གི་ངོས་ནས་མང་ཚོགས་མགོ་སྐོར་མ་ཐེབས་ཆེད་གསལ་བསྒྲགས་འཚེམས་ལུས་མེད་པར་སྔ་རྗེས་སུ་ཞུས་ཟིན་པ་ཡིན།

སྤྱི་འཐུས་གཡུང་དྲུང་རྒྱལ་མཚན་ལགས་ནས།
ངས་འཕྲོས་དོན་དྲི་བ་མ་ཞུས་གོང་ལ་ད་ལྟ་བཀའ་བློན་ཁྲི་པ་མཆོག་གིས་ཚིག་ཐག་ཆོད་པོའི་ཐོག་ནས་གཞུང་འབྲེལ་ཡིན་མདོག་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དེ་འདྲས་མིང་ཐོ་བསྡུ་རུབ་བྱས་བཞག་པ་དེ་རྫུན་མ་ཡིན་པ་ལ་ངོས་འཛིན་བྱས་ནས་གྲོས་ཚོགས་འདི་ཡི་ནང་ལ་གསུངས་པ་དེར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་དགའ་བསུ་ཞུ་གི་ཡིན། དེ་བཞིན་སྤྱི་ཚོགས་འདིའི་ནང་ལ་གཞུང་འབྲེལ་ཡིན་མདོག་མདོག་དང༌། བཀའ་ཤག་དང་བཀའ་འབྲེལ་ཡིན་མདོག་མདོག་བྱས་ཏེ་སྤྱི་ཚོགས་ཀྱི་ནང་ལ་མགོ་སྐོར་བཏང་ནས་རབས་དང་རིམ་པ་འགྲོ་བསྡད་པའི་སྐད་ཆ་གོ་བསྡད་རྒྱུ་ཞིག་གི་གནས་ཚུལ་ཞིག་ཆགས་བསྡད་ཡོད་རེད། དེ་འདྲ་ཡིན་དུས་དེ་དེ་རིང་གསལ་པོ་ཆགས་པ་ཡིན་ཙང༌། དགའ་བསུ་ཞུས་པའི་རྒྱུ་མཚན་དེ་འདི་ཡིན།
དེ་ནས་ངས་མ་འོངས་པར་མིང་ཐོ་བསྡུ་རུབ་བྱ་རྒྱུ་དེ་དང་འབྲེལ་བའི་དྲི་བ་ཞུ་རྒྱུ་དེ། གོང་དུ་དེ་གཞུང་རང་གིས་མ་གཏོགས་གཞུང་འབྲེལ་ཚོགས་པ་སུས་ཀྱང་བྱེད་ཀྱི་མ་རེད་གསུངས་སོང༌། དེ་གཞུང་གི་ཐོག་ནས་གནས་ཚུལ་ག་འདྲ་ཞིག་ལ་དགོངས་པ་བཞེས་ཡོད་དམ། དཔེར་ན་བཀའ་སྤྱི་གཉིས་ལས་གྲུབ་པའི་ཚོགས་ཆུང་ཞིག་བཙུག་དགོས་ཀྱི་ཡོད་རེད་དམ། ཡང་ན་དེ་མ་ཡིན་པའི་གཞུང་གི་ངོས་ནས་ཚོགས་པ་གཞན་དག་ཅིག་བཙུག་གི་ཡོད་རེད་དམ། ད་ལྟ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞིག་གིས་བྱེད་ཀྱི་མ་རེད་ཅེས་གསུངས་པ་དེར་ངས་དགའ་བསུ་ཞུ་རྒྱུ་ཡིན། ངས་དྲི་བ་ཞུ་རྒྱུ་འདི་རང་ཡིན།

བཀའ་ལན།
སྔོན་མའི་དྲི་བ་དྲིས་ལན་གྱི་སྐབས་དང་ད་ལྟའི་དྲི་བ་དྲིས་ལན་གྱི་སྐབས་བཅས་ཚང་མར་ཨ་རི་གཞུང་གི་ངོས་ནས་ང་ཚོའི་དགོས་འདུན་གཞིར་བཟུང་སྐྱབས་བཅོལ་བ་ལེན་རྒྱུའི་འོས་ཆོས་གང་ཡིན་ཐག་གཅོད་གསལ་པོ་ཞིག་གནང་གི་རེད། དེའི་རྗེས་སུ་གཞི་ནས་འགྲོ་འདོད་ཡོད་མཁན་སུ་ཡིན་དང༌། དེ་ཚོ་འོས་ཆོས་ཚང་མིན་ཞིབ་འཇུག་བྱེད་རྒྱུ་དེ་བཙན་བྱོལ་གཞུང་གི་ལས་འགན་ཆགས་ཀྱི་རེད་ཅེས་ཡང་ཡང་གསལ་པོ་ཞུས་ཟིན་པ་ཡིན། དེ་འདྲ་ཡིན་ཙང་དེའི་སྐབས་སུ་བཙན་བྱོལ་གཞུང་གི་ལས་བྱེད་པ་བསྐོ་གཏོང་བྱེད་རྒྱུ་མ་གཏོགས། ཚོགས་ཆུང་འཛུགས་རྒྱུའི་འཆར་གཞི་མེད། གང་ཡིན་ཟེར་ན། ཚོགས་ཆུང་གིས་དགོངས་བཞེས་གོ་བསྡུར་གནང་རྒྱུའི་དོན་གནད་གང་ཡང་ལྷག་གི་མ་རེད། ཨ་རིའི་གཞུང་གིས་གཏན་འབེབས་བྱས་པའི་འོས་ཆོས་ཚང་མིན་དང༌། བོད་མི་དངོས་འབྲེལ་ཡིན་མིན་ཞིབ་འཇུག་བྱེད་རྒྱུ་ཙམ་ཞིག་རེད། ང་ཚོས་ཞིབ་འཇུག་གིས་འོས་ཆོས་ཚང་བར་ངོས་འཛིན་བྱས་པ་ཡོངས་རྫོགས་ཨ་རིའི་གཞུང་གིས་ངོས་ལེན་གནང་གི་ཡོད་མེད་ཀྱང་ཤེས་ཀྱི་མེད། ཁོང་ཚོར་ཨ་རིའི་རྒྱལ་ནང་སྲུང་སྐྱོབ་ལས་ཁང་གི་ལས་བྱེད་ཚོས་ངོ་གཏུགས་དྲི་བ་དང་ཞིབ་འཇུག་བྱེད་ཀྱི་རེད། བྱས་ཙང་བཀའ་སྤྱི་གཉིས་ལས་གྲུབ་པའི་ཚོགས་ཆུང་བཙུག་དགོས་པའི་གནས་ཚུལ་མཐོང་མ་སོང༌། ཡིན་ནའང་སྤྱི་འཐུས་ལྷན་ཚོགས་ཀྱིས་དེ་འདྲའི་ཚོགས་ཆུང་ཞིག་དགོས་པ་གཟིགས་ཀྱི་ཡོད་ན་ལམ་སྟོན་གནང་ཆོག་གི་རེད། སྤྱི་འཐུས་ཀྱིས་ལམ་སྟོན་གང་གནང་བ་དེ་རྒྱུན་དུ་འཛིན་སྐྱོང་གིས་དང་ལེན་ཞུ་བཞིན་པ་རེད། འཛིན་སྐྱོང་ལ་ལག་པ་འཕྱི་ས་ཞིག་བྱུང་ན་སྟབས་བདེ་བའང་ཡོང་སྲིད་པ་རེད།

སྤྱི་འཐུས་ཧོར་གཙང་འཇིགས་མེད་ལགས་ནས།
ང་ཁ་སང་སྔོན་མ་མདོ་སྨད་དབུས་རྒྱུན་ལས་ཚོགས་གཙོའི་ཞབས་ཞུ་ཞུ་བའི་སྐབས་ལ་སྔོན་མར་བསྟན་སྲུང་དྭང་བླང་དམག་གི་སྒྲིག་འཛུགས་ཀྱི་ནང་ལ་མཉམ་ཞུགས་བྱས་ཏེ་དཀའ་ལས་རྒྱག་སྡོད་མཁན་གྱི་མདོ་སྨད་ཀྱི་རྒས་པོ་དེ་འདྲ་གང་ལ་གང་འཚམས་ཤིག་དེང་སང་ལྷག་བསྡད་འདུག ཁོང་ཚོས་ཡི་གེ་ཁུར་ཏེ་ང་ཚོའི་ལས་ཁུངས་ནང་ལ་ཡོང་ནས། མདོ་སྟོད་ཆུ་བཞི་སྒང་དྲུག་གི་སྒྲིག་འཛུགས་ཀྱི་ཐོག་ནས་ཨ་རི་ལ་གཏང་རྒྱུའི་ཐོ་རྒྱག་སྡོད་ཀྱིན་འདུག ང་ཚོ་ག་པར་འགྲོ་ནས་ཐོ་རྒྱག་དགོས་ཀྱི་རེད་ཅེས་དེ་འདྲའི་སྐད་ཆ་འདྲི་གི་འདུག ཡང་ཁ་ཤས་ཀྱིས་ང་ཚོ་ས་གནས་ག་གེ་མོ་ལ་ཡོད་དུས་ས་གནས་དེས་ཁྱེད་ཚོ་ཚུད་ཀྱི་མ་རེད་ལབ་ཀྱི་འདུག་ཟེར་གྱི་འདུག་ལ། ཡང་ས་གནས་ཁ་ཤས་ལ་ཚུད་ཀྱི་འདུག་ཟེར་གྱི་འདུག ད་དེ་ག་རེ་བྱེད་དགོས་རེད་ཅེས་སྐད་ཆ་འདྲི་མཁན་མང་པོ་སླེབས་སོང༌། ང་ཚོས་སྐབས་དེ་དུས་ལན་འདེབས་གང་ཡང་བྱེད་ཤེས་ཀྱི་མི་འདུག བྱས་ཙང་ངས་ད་ལྟ་དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་ལ་བཀའ་འདྲི་ཞུ་རྒྱུ་ལ། ད་ལྟ་ཁོང་ཚོའི་གནས་སྟངས་དེ་དང་བོད་གཞུང་གིས་ཕར་གཏང་རྒྱུའི་འཆར་གཞི་ཡོད་བསྡད་པ་དེ་གཉིས་གཅིག་པ་རེད་དམ། ཡང་ན་ཁག་ཁག་རེད།

བཀའ་ལན།
དེའི་སྐོར་དྲི་བ་སྔ་མ་ཚོའི་ལན་གྱི་ནང་བསྐྱར་ལྡབ་ཡང་ལྡབ་བྱས་ནས་ཞུས་ཟིན་པ་ལྟར་མིང་ཐོ་ལེན་རྒྱུའི་དུས་སུ་སླེབས་པའི་སྐབས་གཞུང་གི་ངོས་ནས་ལེན་གྱི་རེད་མ་གཏོགས། ཁག་ཀྱོག་ཁུག་ཀྱོག་ནས་མིང་ཐོ་ལེན་མཁན་དེ་ཚོ་ལས་གཞི་འདི་དང་འབྲེལ་བ་གང་ཡང་ཡོད་མ་རེད་ཅེས་བསྐྱར་ནན་གྱིས་ཞུ་རྒྱུ་ཡིན། ལར་ནས་སྤྱི་འཐུས་རྣམ་པ་ཚོར་མིང་ཐོ་ག་པར་བརྒྱབ་དགོས་ལམ་སྟོན་ཞུ་མཁན་ཡོང་སྐབས་ལམ་སྟོན་གནང་མ་མཁྱེན་པ་ཡིན་ན་དེ་འཕྲལ་བཀའ་དྲུང་ཡིག་ཚང་ལ་ཞལ་པར་གནང་སྟེ་བཀའ་བརྩད་གནང་ཆོག་ཆོག་རེད་བསམ་གྱི་ཡོད། གྲོས་ཚོགས་ཚོགས་དུས་རྗེས་མའི་བར་ཐུགས་དྭོགས་མ་ཆོད་པ་སྒུག་དགོས་དོན་མེད་པ་རེད་བསམ་གྱི་འདུག
སྔོན་དུ་ཡང་ཞུས་ཟིན་པ་ལྟར་མིང་གཞུང་ཕྱེད་ཀ་ཕུལ་ཟིན་པ་རེད། དེའི་ནང་མི་ ༤༧༠༠ ཡས་མས་ཤིག་ཡོད། མིང་གཞུང་དེའི་ནང་ཡོད་པ་ཚོ་དང་རྒྱུ་མཚན་མཚུངས་པ་སྐབས་དེར་མིང་གཞུང་ནང་མ་ཚུད་པ་ཡོད་ན་ཡང་བསྐྱར་བཅུག་དགོས་ཀྱི་རེད། མིང་གཞུང་ཕྱེད་ཀ་ད་ལྟ་འབུལ་རྒྱུ་རེད། ཨ་རི་གཞུང་གིས་འོས་ཆོས་གཏན་འབེབས་བྱས་པའི་ཐོག་མིང་གཞུང་འཁྱེར་ཤོག་གསུངས་པའི་སྐབས་དེར་བཙན་བྱོལ་གཞུང་གིས་འབྲེལ་ཡོད་སྒྲིག་འཛུགས་སུ་ཡིན་བརྒྱུད་མིང་གཞུང་བསྡུ་རུབ་བྱེད་ཀྱི་རེད། ད་ལྟའི་བར་དུ་ཨ་རིར་གཏོང་རྒྱུའི་སྐྱབས་བཅོལ་བའི་མིང་གཞུང་གཏན་ནས་ལེན་ཡོད་མ་རེད། མིང་གཞུང་སྡུད་མཁན་ཡོད་ན་དེ་ཚོ་གཞུང་དང་འབྲེལ་བ་མེད་ལ། ཨ་རིར་སྐྱབས་བཅོལ་གྱི་ལས་གཞི་དང་ཡང་འབྲེལ་བ་མེད། མིང་གཞུང་བཞེས་མཁན་ཚོར་ལས་གཞི་གཞན་པ་ཡོད་པ་ཡིན་ན་དེ་ནི་ང་ཚོས་ཤེས་ཀྱི་མེད། གལ་སྲིད་དེ་འདྲའི་མིང་གཞུང་ལེན་མཁན་དེ་ཚོས་བཙན་བྱོལ་གཞུང་དང་བཀའ་ཤག་གི་མིང་འཁྱེར་གྱི་ཡོད་ན་ཐུགས་འགན་ཡོད་མཁན་མི་སུ་འདྲ་ཞིག་གིས་གཟིགས་པ་ཡིན་ནའང་བཀའ་ཤག་ལ་ཞལ་པར་ཞིག་ངེས་པར་དུ་གནང་འོས་པ་རེད་བསམ་གྱི་འདུག གནས་ཚུལ་དེ་གྲོས་ཚོགས་ཚོགས་དུས་རྗེས་མ་མ་ཚོགས་བར་ཟླ་བ་དྲུག་ཙམ་བསྒུགས་ནས་གྲོས་ཚོགས་ནང་པར་ཆས་ཀྱི་མདུན་གསུང་རྒྱུ་ཁོ་ན་གལ་ཆེ་བར་དགོངས་པ་བཞེས་པ་ཡིན་ན་འོས་འཚམས་ཤིག་ཡིན་པར་མཐོང་གི་མི་འདུག

སྤྱི་འཐུས་རྣམ་རྒྱལ་དབང་འདུས་ལགས་ནས།
ད་ལྟ་དེའི་ཐོག་ལ་བཀའ་ཤག་གིས་ཚོགས་དུས་སྔོན་མའི་ཐོག་གང་ལ་གང་འཚམས་གསལ་པོ་བཀའ་གནང་སོང་དྲན་གྱི་འདུག ཐག་མ་ཆོད་པ་དེ་དག་ད་རིང་ཚོགས་དུས་འདིར་དྲི་བ་དྲིས་ལན་གྱི་ལམ་ནས་གསལ་པོ་ཆགས་སོང༌། དེར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་ནས་ངས་འདིར་དྲི་བ་གཅིག་ག་རེ་ཞུ་གི་ཡོད་རེད་ཅེ་ན། གློ་སྒྲིག་འཛུགས་ཀྱི་ཁོངས་གཏོགས་དེ་དག་དམིགས་བསལ་བྱས་ཏེ་གུན་གསབ་ཀྱི་ཚུལ་དུ་ཨ་རི་ལ་ལེན་གཏོང་གནང་རྒྱུའི་ཐུགས་གཏན་གང་ལ་གང་འཚམས་འཁེལ་འགྲོ་གི་ཡོད་རེད། ཡིན་ན་ཡང་གློ་སྒྲིག་འཛུགས་ཀྱི་མི་ངོ་དེ་དག་མང་ཆེ་བ་འདས་གྲོངས་སུ་ཕྱིན་ནས་ཕལ་ཆེར་བཞུགས་ཡོད་ཀྱི་མ་རེད་བསམ་གྱི་འདུག དེ་འདྲ་ཡིན་དུས་གློ་སྒྲིག་འཛུགས་ཀྱི་མི་སྣ་འདས་གྲོངས་སུ་ཕྱིན་པའི་མི་ངོ་དེ་ཚོའི་རྗེས་ཤུལ་འདོད་གཅིག་ནང་མི་བུ་ཕྲུག་མང་པོ་ཞིག་ཡོད་རེད། དེ་ཚོ་ཨ་རིས་གུན་གསབ་ཀྱི་ཚུལ་དུ་བཞེས་རྒྱུའི་གྲངས་ཁོངས་ལ་ཚུད་ཀྱི་ཡོད་དམ་མེད།
དེ་ནས་གློ་སྒྲིག་འཛུགས་ནང་ལ་ཡོད་པའི་མི་དེ་ཚོའི་ནང་གི་བུ་ཕྲུག་བལ་ཡུལ་ཙམ་མིན་པའི་རྒྱ་གར་དང༌། དེ་མ་ཡིན་པའི་ས་ཁུལ་ཁག་ལ་ཡོད་རེད། དེ་འདྲ་ཡིན་དུས་དེ་ཚོ་ཚང་མ་ཐམས་ཅད་ཕྱོགས་གཅིག་ལ་ཨ་རིར་གཏོང་རྒྱུ་ཡོང་གི་ཡོད་དམ།

བཀའ་ལན།
གནས་ཚུལ་དེའང་སྔོན་མའི་དྲི་བ་དྲིས་ལན་གྱི་སྐབས་ཞུས་ཟིན་པ་ཞིག་རེད། ཨ་རིའི་སྡེ་ཚན་ཞིག་དང་འབྲེལ་བ་ཡོད་པའི་སྒྲིག་འཛུགས་དེའི་ནང་ཡོད་པའི་མི་ཕལ་ཆེ་བ་རང་ལོ་བདུན་ཅུ་བརྒྱད་ཅུ་ཟིན་པ་དང༌། གཞོན་ཤོས་ཚོའང་ལོ་དྲུག་ཅུ་བརྒལ་བ་ཤ་སྟག་རེད། དེ་འདྲ་ཡིན་ཙང་ཨ་རི་གཞུང་གིས་འཆར་གཞི་དེ་བཏོན་པའི་སྐབས་གུན་གསབ་ཡིན་ན་ཁོ་ཚོར་ཕན་ཐོགས་ཡོང་བའི་དགོངས་པ་ག་འདྲ་བྱས་ནས་བཞེས་ཀྱི་རེད་ཅེས་དྭོགས་འདྲི་ཞུས་ཡོད། བཀུར་འོས་དམག་དཔོན་ཟུར་པ་དེ་ཚོས་དབྱིན་སྐད་གང་འཚམས་མཁྱེན་གྱི་ཡོད་རེད། དེ་འདྲ་སོང་ཙང་ངས་དབྱྀན་སྐད་ནང་ཞུས་ན་ Immediate family members སོ་སོའི་དེ་མ་ཐག་པའི་ཉེ་འབྲེལ་གང་ཡང་རུང་བ་ཞིག་ལ་དགོངས་བཞེས་གནང་ན་ཕན་ཐོགས་ཡོང་རྒྱུ་དང༌། དེའང་ཨ་རིའི་ཁྲིམས་སྲོལ་ལྟར་བུ་ཕྲུག་ལོ་བཅོ་བརྒྱད་མ་ལོན་པ་ཁོ་ན་ལྟོས་བཅས་ལ་བརྩི་བ་ཡིན་ན་དེའང་ཧ་ཅང་ཁྱབ་ཆུང་ཆུང་རེད། དེ་ཚོའི་ཐོག་དམིགས་བསལ་དགོངས་བཞེས་གནང་དགོས་ཀྱི་འདུག་ཅེས་བསམ་འཆར་ཆ་ཚང་ཞུས་ཡོད། དེའི་རྗེས་ད་ཆ་ཨ་རིའི་གཞུང་གིས་ཐག་ཆོད་ཇི་འདྲ་ཞིག་གནང་གི་ཡོད་མེད་ང་ཚོས་ཞུ་ཚོད་ཐིག་གི་མ་རེད། ཁོ་ཚོས་ཐག་ཆོད་ཇི་བྱས་ཀྱི་གསལ་ཆ་ཡོང་བའི་སྐབས་དེ་དོན་གཞིར་བཟུང་མིང་ཐོ་བླང་རྒྱུ་རེད།
ཨ་རིའི་སྒྲིག་འཛུགས་ཤིག་དང་འབྲེལ་བ་ཡོད་པའི་སྡེ་ཚན་ཞེས་པ་དེ་བལ་ཡུལ་དུ་ཡོད་དགོས་པའི་ངེས་པ་མེད། དེ་སྔོན་སྒྲིག་འཛུགས་དེའི་ནང་ཡོད་ཕྱིན་ཆད་ད་ལྟ་རྒྱ་བལ་འབྲུག་གསུམ་གང་དུ་ཡོད་ཀྱང་ཁྱད་པར་ཡོད་མ་རེད་ཅེས་གསལ་པོ་ཞུ་རྒྱུ་ཡིན། དེ་དང་ཕྱོགས་མཚུངས་གཞུང་གིས་ཐོག་མ་གློ་སྒྲིག་འཛུགས་ཞེས་མིང་འདོན་གནང་ཡང༌། ད་ཆ་ཁོ་རང་ཚོར་ཁྲིམས་ཐོག་ནས་སྐུ་ངལ་ཞིག་འཕྲད་པའི་དབང་གིས་དེ་སྔོན་ཨ་རི་གཞུང་གི་སྒྲིག་འཛུགས་ཁག་དང་འབྲེལ་བ་ཡོད་པའི་མི་སྣ་ཞེས་གསུང་གི་འདུག འདིའང་གྲོས་ཚོགས་ཀྱིས་མཁྱེན་དགོས་པ་ཞིག་རེད།

སྤྱི་འཐུས་བསྟན་འཛིན་ཆོས་ལྡན་ལགས་ནས།
ད་གིན་ཨ་རི་གཞུང་ནས་མཐུན་འགྱུར་རོགས་རམ་གནང་གི་ཡོད་རེད་གསུངས་སོང༌། བྱས་ཙང་ཨ་རི་གཞུང་ནས་མཐུན་འགྱུར་རོགས་རམ་དེ་ག་ཚོད་ཙམ་གནང་གི་ཡོད་མེད་ཀྱི་བཀའ་འདྲི་ཞུ་རྒྱུ་དེ་གལ་ཆེན་པོ་ཞིག་ཆགས་ཀྱི་འདུག་པས་བཀའ་འདྲི་ཞུ་རྒྱུ་ཡིན། སྐྱབས་བཅོལ་བའི་གྲས་ནང་ཕ་གིར་ཕེབས་ཚར་ནས་ཟླ་བ་དྲུག ཟླ་བ་གསུམ། ལོ་གཅིག་དེའི་ཐོག་ནས་དམིགས་བསལ་གཏན་འབེབས་གང་ཡང་བྱུང་ཡོད་དམ། འདི་གལ་ཆེན་པོ་ཞེ་དྲགས་མཐོང་གི་འདུག གང་ཡིན་ཞེ་ན། དོན་གཅོད་དང་ཨ་རིར་བཞུགས་མཁན་གྱི་བོད་རིགས་སྤྱི་མཐུན་ཚང་མ་ལ་ཕྱག་རོགས་གནང་རོགས་གནང་གསུངས་ཡོད་རེད། ང་ཚོའི་ངོས་ནས་ཀྱང་ཕྱག་རོགས་ཞུ་རྒྱུའི་རེ་བ་ཡོད། ཡིན་ན་ཡང་ས་གནས་ལ་སྔོན་མར་སྟོང་ཕྲག་གཅིག་ཕེབས་དུས་སྐབས་ཀྱི་གནས་ཚུལ་ཡིན་པ་ནང་བཞིན་ཞིག་ཡིན་ན་གྲ་སྒྲིག་ཏན་ཏན་དགོས་ཀྱི་ཡོད་རེད། བྱས་ཙང་ངའི་དྲི་བ་དེ་ག་རེ་རེད་ཅེ་ན། དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་ནས་ཨ་རིར་སླེབས་དུས་ཨ་རི་གཞུང་ནས་མཐུན་འགྱུར་ཚང་མ་གནང་གི་རེད་གསུངས་སོང༌། དེ་འདྲ་སོང་ཙང་དེའི་ཐོག་ལ་བོད་གཞུང་ནས་གྲ་སྒྲིག་དང་འཆར་གཞི་གང་ཡང་གནང་མི་དགོས་པའི་རྒྱུ་མཚན་ག་རེ་གཟིགས་ཀྱི་ཡོད་དམ། དེ་རོགས་དངུལ་མ་འདང་བའི་དཀའ་ངལ་མིན་ནམ། ཡང་ན་དུས་ཚོད་མེད་པ་ཡིན་ནམ། ཐོ་ཞིག་བསྡུས་གནང་ཐུབ་སྟེ་ཐོ་གཅིག་པུ་ཕུལ་ནས་ཨ་རི་གཞུང་ནས་ཚང་མ་གནང་དགོས་པའི་འགན་ཡོད་རེད་དམ།
དེ་ནས་གཞན་ཞིག་ལ། རོགས་རམ་དེ་རྒྱུན་རིང་ལོད་རག་གི་ཡོད་དམ། སྐྱེད་ཀ་མེད་པའི་བུ་ལོན་དེ་འདྲ་སྔོན་མར་ཝེ་ཏ་ན་མི་སི་ལ་ཡང་གནང་ཡོད་རེད། དེ་འདྲ་བོད་པ་ལ་ཡང་ཡོད་དམ་མ་རེད། སྐྱབས་བཅོལ་བ་དེར་ག་ཚོད་ཀྱི་མཐུན་འགྱུར་རག་གི་ཡོད་མེད་དེ་ང་ཚོར་ཐེ་ཚོམ་འདུག བྱས་ཙང་འདི་བཀའ་འདྲི་ཞུ་རྒྱུ་ཡིན།

བཀའ་ལན།
བཀའ་འདྲི་གནང་མཁན་བཀུར་འོས་སྤྱི་འཐུས་དེས་ཨ་རིའི་ཡུལ་ཁྲིམས་ལ་ཐུགས་སྣང་ངེས་པར་དུ་གནང་ཡོད་ཀྱི་རེད་བསམ་གྱི་ཡོད། ད་ལྟའི་ལས་གཞི་འདིའི་ཐོག་ཨ་རིའི་ནང་སྐྱབས་བཅོལ་གཞིས་ཆགས་སུ་ཞེས་པ་རྣམས་ལ་མཐུན་འགྱུར་རོགས་སྐྱོར་གནང་རྒྱུའི་ཁྲིམས་སྒྲིག་ཁག་གྀ་ནང་གང་གསལ་བ་ལྟར་སྤྱི་མཚུངས་གནང་རྒྱུ་ཞིག་མ་གཏོགས་བོད་མིར་དམིགས་བསལ་བྱས་ནས་གནང་རྒྱུ་གང་ཡང་ཡོད་མ་རེད། ཨ་རིའི་ཁྲིམས་ལུགས་གཞིར་བཟུང་དང་ཐོག་ཟླ་བ་གསུམ་དང་དེའི་རྗེས་ད་དུང་རང་འཚོ་མ་ཐུབ་ན་མངའ་སྡེ་སོ་སོའི་ཁྲིམས་ལུགས་ལྟར་ཟླ་བ་ཁ་ཤས་མཐུན་འགྱུར་མུ་མཐུད་གནང་རྒྱུའི་ཆ་རྐྱེན་ཡོད་པ་རེད། དེ་བཞིན་དངུལ་བུན་ལེན་རྒྱུ་དང་ལས་འཚོལ་གྱི་མཐུན་རྐྱེན་སོགས་ཀྱང་སྤྱི་མཚུངས་ཐོབ་ཀྱི་རེད། ད་རེས་ལས་གཞི་འདི་དེ་སྔོན་བོད་མི་ཆིག་སྟོང་གཞིས་ཆགས་ཕྱིན་པ་དང་གནས་ཚུལ་གཏན་ནས་མི་མཚུངས་པ་རེད། ད་ལྟའི་ལས་གཞི་འདི་སྐྱབས་བཅོལ་བ་བསྐྱར་དུ་གཞིས་ཆགས་ཀྱི་ལས་གཞི་Refugee Rehabilitation Program ཞེས་པ་དེའི་འོག་འགྲོ་རྒྱུ་རེད། ཡིན་ནའང་ང་ཚོའི་ངོས་ནས་གྲ་སྒྲིག་དང་རོགས་སྐྱོར་རྩ་བ་ནས་བྱེད་མི་དགོས་ཞེས་ངས་ཞུ་རྒྱུ་མ་བྱུང༌། ཨ་རིའི་དོན་གཅོད་དང་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་ཚང་མས་མཐུན་འགྱུར་གནང་དགོས་ཀྱི་རེད།

གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ། ༢༠༠༦།༣།༡༦ ནས་ ༢༠༠༦།༣།༢༩