བལ་ཡུལ་ནས་ཨ་རིར་གཞིས་ཆགས་གཏོང་རྒྱུ་དང་འབྲེལ་བའི་ཐོག་དྲི་བ་དྲིས་ལན།

སྤྱི་འཐུས་སྒྲོལ་མཚོ་མོ་ལགས་ནས། ༄༅། །བཙན་བྱོལ་བོད་གཞུང་གི་འཛིན་སྐྱོང་ལས་རིམ་གསར་ཤོག བོད་མིའི་རང་དབང་ འདོན་ཚེས་ ༢༠༠༥ ཟླ་ ༩ ཚེས་ ༧ འཁོད་ནང་ཨ་རི་གཞུང་ནས་བལ་ཡུལ་དུ་ཡོད་པའི་བོད་མི་སྐྱབས་བཅོལ་བ་མི་ཉུང་བ་ཞིག་ཨ་རིར་སྐྱབས་བཅོལ་གྱི་ལས་རིམ་འོག་ལེན་རྒྱུའི་ཐུགས་འདོད་ཡོད་ཚུལ་དང༌། དེ་བཞིན་འཆར་གཞི་འདིའི་ཁོངས་སུ་ཚུད་རྒྱུའི་བོད་མི་སྐྱབས་བཅོལ་བའི་འོས་གཞི་གཏན་འབེབས་དང༌། འདེམས་སྒྲུག་གནང་ཕྱོགས་བཅས་གཙོ་བོ་ཨ་རིའི་རྒྱལ་ནང་བདེ་སྲུང་ལས་ཁུངས་ནས་གནང་རྒྱུ་ཡིན་ཚུལ་བཅས་འཁོད་འདུག་ན། བཀའ་འདྲི་ཞུ་རྒྱུར། གོང་ཞུས་འཆར་གཞིའི་ཐོག་རང་གཞུང་མཉམ་ཞུགས་གནང་ཐུབ་ཀྱི་ཡོད་མེད་དང༌། རང་གཞུང་གི་གཟིགས་ཕྱོགས་དང༌། སྲིད་བྱུས་ཇི་ཡིན་གསལ་བཤད་གནང་སྐྱོང་ཡོང་བ་ཞུ།

བཀའ་ལན།
ཨ་རི་གཞུང་ནས་བལ་ཡུལ་དུ་གནས་འཁོད་བོད་མི་སྐྱབས་བཅོལ་བ་ཁག་ཅིག་ཨ་རིར་སྐྱབས་བཅོལ་གྱི་ལས་རིམ་འོག་ལེན་རྒྱུའི་འཆར་གཞི་དེ་ནི། བལ་ཡུལ་ནང་བོད་མི་སྐྱབས་བཅོལ་བ་ཁག་གཅིག་ལག་འཁྱེར་མེད་པའི་དཀའ་ངལ་ཡོད་མུས་ཐོག བལ་ཡུལ་ནང་བོད་མིའི་བདེ་དོན་སླད་ལས་གཞི་ཆེ་ཁག་གང་ཡང་བརྩམས་མ་ཐུབ་པའི་དབང་གིས་དེར་ཡོད་བོད་མི་གང་མང་རྒྱལ་ཁབ་གཞན་དུ་གནས་སྤོས་བྱེད་རྒྱུ་ལས་ཐབས་གཞན་མ་བྱུང་བས། ྋགོང་ས་མཆོག་དང་བཙན་བྱོལ་གཞུང་གིས་ཨ་རིར་རེ་སྐུལ་ཞུ་དགོས་བྱུང་བ་ཞིག་ཡིན། སྐྱབས་བཅོལ་བའི་ལས་གཞིའི་འོག་ཡིན་སྟབས་ཨ་རིའི་ཡུལ་ཁྲིམས་ལྟར་དེའི་ནང་ཚུད་རྒྱུའི་འོས་ཆོས་གཏན་འབེབས་གནང་རྒྱུ་དང༌། མཐའ་མའི་འདེམས་སྒྲུག་ཨ་རི་གཞུང་ནས་གནང་རྒྱུ་ཡིན་ནའང་བོད་གཞུང་ནས་མཐུན་འགྱུར་འབྲེལ་མཐུད་ཞུ་རྒྱུ་ཡིན། བལ་ཡུལ་དུ་ཉེན་ཁའི་འོག་ཡོད་པའི་བོད་མི་ཁག་གཅིག་ཨ་རིར་སྐྱབས་བཅོལ་ཐོབ་པས་གང་ལེགས་བྱུང་བའི་མཐོང་ཚུལ་ཡོད་ཅིང༌། གཞུང་གི་སྲིད་བྱུས་ཀྱང་བལ་ཡུལ་དུ་གནས་འཁོད་བོད་མི་ཉུང་དུ་གཏོང་ཐབས་བྱེད་རྒྱུ་དེ་ཡིན་ཞེས་ཞུ་རྒྱུ་ཡིན།

སྤྱི་འཐུས་སྒྲོལ་མ་མཚོ་མོ་ལགས་ནས་འཕྲོས་དོན་དྲི་བར།
བར་ལམ་བལ་ཡུལ་ནང་ཆབ་སྲིད་ཀྱི་འགྱུར་འགྲོས་མང་པོ་ཞིག་ཕྱིན་པ་ལྟར་དེའི་ནང་བཞུགས་མཁན་ཚོ་ལ་ཡང་དཀའ་ངལ་ཆེ་རུ་ཕྱིན་ཡོད་རེད། དེའི་ཐོག་རང་གཞུང་བཀའ་ཤག་སྐབས་ ༡༢ པས་ྋགོང་ས་མཆོག་གི་དབུ་ཁྲིད་འོག་དམིགས་བསལ་གྱི་ཐུགས་འགན་ཆེ་བཞེས་ཀྱིས་ལས་གཞི་དེ་འདྲ་ཞིག་སྤེལ་གནང་རྒྱུའི་དགོངས་བཞེས་གནང་ནས་བལ་ཡུལ་དུ་བཞུགས་བཞིན་པའི་བོད་མི་རྣམས་ཀྱི་དཀའ་ངལ་སེལ་ཐབས་སུ་འབད་བརྩོན་གནང་བར་ངས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་དང་བཀྲིན་ཆེ་ཞུ་རྒྱུ་ཡིན། འཕྲོས་དོན་དྲི་བ་དང་པོ་དེ་བཀའ་ལན་ནང་དུ་གསལ་བ་བཞིན་བོད་གཞུང་ནས་མཐུན་འགྱུར་གནང་རྒྱུ་ཡིན་ཞེས་བཀའ་གནང་འདུག་པས་མཐུན་འགྱུར་གྱི་རིགས་གང་དང་གང་ཚུད་ཀྱི་ཡོད་མེད། གཉིས་པ་ཉེན་ཁའི་འོག་ཏུ་བོད་མི་ཁག་ཅིག་ཅེས་བཀའ་གནང་འདུག་པས། དེའི་གྲངས་འབོར་ངེས་ཅན་ཞིག་ཡོད་དམ་ཞུ་རྒྱུ་དང༌། གསུམ་པ། ལས་གཞི་འདི་དབུ་འཛུགས་གནང་རྒྱུ་དང་ཡང་ན་ལག་བསྟར་བྱ་རྒྱུའི་དུས་ཚོད་ག་དུས་ཡིན་པ་དང༌། དུས་ཚོད་དེ་འདྲ་ཞིག་ལ་ཨ་རིའི་གཞུང་ནས་འཇུག་བསྡོམས་གནང་འཆར་ཡིན་སྐོར་བཀའ་ལན་ཡོང་བ་ཞུ།

བཀའ་ལན།
བཀུར་འོས་སྤྱི་འཐུས་ཀྱིས་འཕྲོས་དོན་དྲི་བ་མ་གནང་གོང་ལས་གཞི་འདི་འདྲ་ཞིག་བརྩམས་པ་ཡག་པོ་རེད། ཐུགས་རྗེ་ཆེ་ཞེས་གསུངས་སོང༌། ང་ཚོའི་ལས་གཞི་འདི་ཡག་པོ་ཞིག་ཡིན་པའི་སྤོབས་པ་བྱེད་ཀྱི་མེད། འུ་ཐུག་ཐབས་ཟད་ཀྱི་གནས་སྟངས་ཤིག་གིས་ལས་གཞི་མ་རྩོམ་མཐུ་མེད་བྱུང་བ་ཞིག་རེད། ཐབས་ལམ་འདི་འདྲ་ཞིག་མ་གཏོགས་བལ་ཡུལ་དུ་ཡོད་པའི་བོད་མི་སྐྱབས་བཅོལ་བ་ཁག་གཅིག་གི་དཀའ་ངལ་སེལ་ཐབས་གཞན་མ་རྙེད་པ་རེད། འཕྲོས་དོན་དྲི་བ་དང་པོ་གཞུང་གིས་མཐུན་འགྱུར་འབྲེལ་མཐུད་ཞུ་རྒྱུ་ཡིན་གསུངས་པ་དེའི་ནང་ག་རེ་ག་རེ་ཚུད་ཡོད་ཅེས་གསུངས་པའི་ཐད། བལ་ཡུལ་དུ་ཡོད་པའི་བོད་མི་ཉེན་ཁ་ཡོད་པ་སུ་དང་སུ་ཡིན་དང༌། ཉེན་ཁ་མེད་པ་སུ་དང་སུ་ཡིན་བོད་གཞུང་ལས་བྱེད་ཚོས་ངོ་སྤྲོད་ཞུས་ན་མ་གཏོགས་ཨ་རི་གཞུང་གིས་ཐད་ཀར་མཁྱེན་ཐུབ་ཀྱི་མ་རེད། ལོ་གསུམ་ཙམ་གྱི་སྔོན་ལ་བལ་ཡུལ་དོན་གཅོད་དང༌། ས་གནས་བོད་མིའི་དབུ་ཁྲིད་རྣམ་པས་བལ་ཡུལ་དུ་སྐྱབས་བཅོལ་བའི་ལག་འཁྱེར་གསར་བཟོའི་ཆེད་དུ་བོད་མི་ ༥༠༠༠ ཙམ་ཞིག་གི་མིང་ཐོ་ཕུལ་འདུག མིང་ཐོ་དེའི་འདྲ་བཤུས་ངོ་མ་ང་ཚོས་ཨ་རིའི་གཞུང་ལ་ཕུལ་བ་ཡིན། དེ་སྡེ་ཚན་གཅིག་རེད། སྡེ་ཚན་གཉིས་པ་སྔོན་མ་བལ་ཡུལ་ས་མཚམས་སུ་དྭང་བླངས་སྒྲིག་འཛུགས་ཤིག་ཡོད་པ་དེས་ཨ་རིའི་གཞུང་གི་ལས་ཁུངས་བྱེ་བྲག་པ་ཞིག་དང་ཐད་འབྲེལ་གྱི་ཐོག་ནས་ལས་འགུལ་བརྩམས་པ་རེད། མཐའ་མ་ལས་འགུལ་དེ་ཁ་ཐོར་བ་རེད། སྒྲིག་འཛུགས་དེའི་ནང་དངོས་སུ་ཞུགས་མཁན་མི་གྲངས་ཚད་ངེས་ཅན་ཞིག་ཡོད་པ་རེད། ཁོང་ཚོས་འདས་པའི་ལོ་བརྒྱད་དགུའི་རིང་ཨ་རིའི་གཞུང་ལ་གུན་གསབ་ཅིག་ཡོང་ཐབས་ཞུས་འདུག ཨ་རིའི་གཞུང་གིས་ཞིབ་འཇུག་མང་པོ་གནང་བའི་མཐར་ཁོང་ཚོར་དངུལ་གྱི་གུན་གསབ་ཐད་ཀར་སྤྲོད་རྒྱུའི་ཐབས་ལམ་རྙེད་མི་འདུག བྱས་ཙང་ད་རེས་སྐྱབས་བཅོལ་བ་བཞེས་རྒྱུའི་ནང་སྡེ་ཚན་གཅིག་དེ་དུས་ཀྱི་མི་འགྲོ་ངོ་མའམ་ཁོང་ཚོའི་དེ་མ་ཐག་པའི་ནང་མི་དེ་ཚོ་སྡེ་ཚན་གཅིག་རེད། ཨ་རི་གཞུང་གི་ཕྱག་བྲིས་ནང་ཉེན་ཁ་ཡོད་པ་ Vulnerable ཞེས་པའི་ཚིག་དེ་བཀོད་འདུག བལ་ཡུལ་དུ་གནས་སྡོད་ཆོག་པའི་སྐྱབས་བཅོལ་ལག་འཁྱེར་ཚད་ལྡན་ཡོད་མཁན་དང༌། བལ་པོའི་ཡུལ་མིའི་ཐོབ་ཐང་ཡོད་མཁན་དེ་ཚོ་ཚུད་ཐབས་ཡོད་མ་རེད། བལ་པོའི་ཡུལ་མི་མ་ཡིན་པ་སྐྱབས་བཅོལ་བའི་ལག་འཁྱེར་མེད་པའི་བོད་མི་བལ་ཡུལ་དུ་བསྡད་མཁན་དེ་ཚོ་ཁྲིམས་འགལ་རེད་ཅེས་བཙོན་ཁང་དུ་བཅུག་རྒྱུའི་ཉེན་ཁ་ཡོད་པ་རེད། གྲོས་ཚོགས་ཚོགས་དུས་སྔོན་མ་ཁག་གི་སྐབས་བལ་ཡུལ་དུ་ཡོད་པའི་བཙོན་པ་རྣམས་ཀྱི་སྐོར་དྲི་བ་དྲིས་ལན་ཡང་ཡང་ཡོང་བསྡད་པ་དེ་ཚོས་ནག་ཉེས་གང་ཡང་བྱས་ཡོད་མ་རེད། བལ་ཡུལ་དུ་འཛུལ་ཞུགས་སམ་གནས་སྡོད་ཆོག་པའི་ལག་འཁྱེར་མེད་པའི་དབང་གིས་བཙོན་ཁང་དུ་ཚུད་པ་རེད། ད་ལྟ་ང་ཚོས་ཕུལ་བའི་མིང་གཞུང་ནང་ཡོད་པ་དེ་ཚོའང་ཁོང་ཚོ་དང་གཅིག་པ་རེད། ཡང་གནས་ཚུལ་རེ་ཟུང་སྐྱབས་བཅོལ་ལག་འཁྱེར་ཡོད་ཀྱང་དྲག་སྤྱོད་པའི་ཉེན་ཁ་ཡོད་པ་ཡང་ཡོང་སྲིད་པ་རེད། གང་ལྟར་བལ་ཡུལ་ནང་ཁྲིམས་མཐུན་གྱི་གནས་སྡོད་བྱ་རྒྱུའི་ཐོབ་ཐང་མེད་པ་རྒྱུན་དུ་ཉེན་ཁ་ཡོད་པ་དེ་ཚོ་ཁག་གཅིག་རེད།
མཐོ་ཚད་ཀྱི་གྲངས་འབོར་གང་ཡིན་ད་ལྟ་ང་ཚོས་ཤེས་མ་སོང༌།
ལས་གཞི་དེ་ག་དུས་འགོ་བཙུག་གི་རེད། ག་དུས་མཇུག་བསྒྲིལ་གྱི་རེད་ཅེས་བཀའ་འདྲི་གནང་བའི་ཐད། ཐག་ཆོད་པོའི་གནས་ཚུལ་ཞུ་རྒྱུ་མེད། ཨ་རིའི་གཞུང་གི་ཡི་གེ་དང་མཉམ་དུ་རོབ་ཚོད་དུས་ཚོད་རེའུ་མིག་ཅིག་བཀོད་འདུག དེའི་ནང་ ༢༠༠༥ ཕྱི་ཟླ་ ༡༠།༡༢ བར་ལ་ལས་གཞི་དེའི་ནང་ལེན་རྒྱུའི་བོད་མི་ཚོ་ལ་ཁྱད་ཆོས་གང་དང་གང་དགོས་པ་དེ་གཏན་འབེབས་ཟིན་པ་བྱེད་རྒྱུ་དང༌། ༢༠༠༥ ཕྱི་ཟླ་ ༡༡ ནང་ཨ་རིའི་གཞུང་དང་མཉམ་དུ་ལས་དོན་ལག་བསྟར་བྱེད་མཁན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞིག་ངོས་འཛིན་བྱ་རྒྱུ་དང༌། དེ་མཉམ་ཆོད་གན་བཞག་ཟིན་པ་བྱ་རྒྱུ། ༢༠༠༦ ཕྱི་ཟླ་ ༡ ནས་ ༣ བར་ཀ་ཋ་མན་གྲུར་ལས་ཁུངས་ཚུགས་ཟིན་པ་བྱ་རྒྱུ། ༢༠༠༦ ཕྱི་ཟླ་ ༤ ནང་བོད་མི་གཞིས་བསྐྱོད་བྱེད་མཁན་རྣམས་ཀྱི་འགེངས་ཤོག་དང་ཡིག་ཆ་བཟོས་ཟིན་པ་བྱ་རྒྱུ། ༢༠༠༦ ཕྱི་ཟླ་ ༦ ནང་མིང་ཐོར་ཚུད་པའི་བོད་མི་རྣམས་ལ་ངོ་ཐུག་འདྲི་བརྩད་ Interview ཀྱི་ལས་རིམ་འགོ་འཛུགས་ཐུབ་པ་བྱ་རྒྱུ། ༢༠༠༦ ཕྱི་ཟླ་ ༨།༩ ནང་འཐོན་ཐེངས་དང་པོ་ཨ་རིར་འབྱོར་བ་བྱ་རྒྱུ། ༢༠༠༧ ཕྱི་ཟླ་ ༥ ནང་ལས་གཞི་འདི་མཇུག་བསྡུ་ཐུབ་པ་བྱ་རྒྱུ་བཅས་བཀོད་འདུག་ཅེས་ཞུ་རྒྱུ་ཡིན།

སྤྱི་འཐུས་སྒྲོལ་དཀར་ལྷ་མོ་ལགས་ནས།
བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བ་ཨ་རིར་གཏོང་གནང་རྒྱུ་དེའི་སྐོར་ལ་བཀའ་བློན་ཁྲི་པས་བཀའ་ལན་གནང་གྲུབ་སོང༌། ཡིན་ནའང་བཀའ་འདྲི་ཞུ་རྒྱུ་གཅིག་ཆགས་ཀྱི་འདུག བལ་ཡུལ་ནང་དུ་ཕྱིས་སུ་འབྱོར་བསྡད་མཁན་མང་པོ་ཞིག་ལ་བཀའ་ངལ་འཕྲད་བཞིན་པ་རེད། ཕྱིས་སུ་འབྱོར་མཁན་དེ་ཚོ་ཡང་ཨ་རིར་གཏོང་རྒྱུའི་ལས་གཞིའི་ནང་དུ་ཚུད་ཀྱི་ཡོད་རེད་དམ།

བཀའ་ལན།
བཀུར་འོས་སྤྱི་འཐུས་ཀྱིས་བཀའ་འདྲི་གནང་བ་དེ་ངས་གསལ་པོ་ཞིག་གོ་མ་སོང༌། ཕྱིས་སུ་འབྱོར་མཁན་ཞེས་པ་གང་གསུངས་ཀྱི་ཡོད་དམ། དཔེར་ན། རྒྱ་གར་དུ་འཛུལ་ཞུགས་ལག་འཁྱེར་གཏོང་རྒྱུའི་ལམ་སྲོལ་མགོ་བཙུགས་ཚར་ནས་བལ་ཡུལ་དུ་སྡོད་མཁན་ལ་དཀའ་ངལ་ཡོད་པ་ཞིག་ཡོད་མ་རེད། ཨ་རི་གཞུང་གི་ཕྱག་བྲིས་ནང་ཕྱི་ལོ་ ༢༠༠༠ སྔོན་དུ་སླེབས་པ་དང༌། ལག་འཁྱེར་མེད་པ་ཞེས་ལོ་མཚམས་ཤིག་བཀོད་འདུག དེ་མཐའ་མའི་ཐག་གཅོད་མ་རེད་དེ། ཐག་གཅོད་བྱ་རྒྱུའི་འཆར་གཞི་ཙམ་ཞིག་རེད། བལ་ཡུལ་གཞུང་གིས་ཕྱི་ལོ་ ༢༠༠༠ རྗེས་བོད་མི་རྣམས་རྒྱ་གར་དུ་འགྲོ་རྒྱུའི་ལམ་ག་སྤྲད་པ་མ་གཏོགས། བལ་ཡུལ་དུ་བཞག་གི་མེད་ཅེས་གསུང་གི་ཡོད་རེད། དེ་ལ་བརྟེན་ནས་ཨ་རི་དང་བལ་གཞུང་གཉིས་ཀས་ ༢༠༠༠ རྗེས་ལ་འབྱོར་བའི་བོད་མིའི་གྲས་ལ་རྒྱ་གར་དུ་འཛུལ་ཞུགས་ལག་འཁྱེར་ཞུ་སྒུག་བྱེད་མཁན་མ་གཏོགས་བལ་ཡུལ་དུ་གཏན་སྡོད་བྱེད་མཁན་མེད་པར་ངོས་འཛིན་གནང་གི་ཡོད་རེད།

སྤྱི་འཐུས་གཡུང་དྲུང་རྒྱལ་མཚན་ལགས་ནས།
བལ་ཡུལ་ལ་བོད་མི་སྐྱབས་བཅོལ་བ་ཁག་གཅིག་ལག་འཁྱེར་མེད་པའི་དཀའ་ངལ་གྱིས་ཨ་རིར་ལེན་ཚུལ་གྱི་ཐོག་ནས་གོ་ཚུལ་ལ་དཔེར་ན་ད་ལྟའི་ཆར་བལ་ཡུལ་སྐྱབས་བཅོལ་བ་མང་པོ་ཞིག་ཨ་རིར་སྐྱབས་བཅོལ་ལེན་གྱི་ཡོད་རེད་ཅེས་གོ་དུས་རྒྱ་གར་ནང་ཕར་བལ་ཡུལ་ནང་མང་པོ་ཞིག་གནས་སྤོས་བྱེད་བསྡད་ཀྱི་འདུག ཕ་གིར་སླེབས་ཚར་དུས་རང་དབང་ལག་དེབ་དེ་ཚོ་ལེན་རྒྱུར་བྲེལ་འཚབ་ཞེ་དྲགས་འདུག་ཅེས་མདང་དགོང་རང་ཁ་པར་བརྒྱུད་ནས་ཤེས་སོང༌། དེ་འདྲ་ཡིན་དུས་ཕྱི་ལོ་ ༢༠༠༠ སྔོན་ལ་སླེབས་བསྡད་མཁན་ཡིན་པ་ལ་རྒྱ་གར་ནང་དུ་གནས་སྡོད་བྱེད་བསྡད་མཁན་བལ་ཡུལ་ལ་ཕར་ལོག་འགྲོ་མཁན་དེ་ཚོ་མ་འོངས་པར་ངོས་འཛིན་བྱེད་ཚུལ་ག་འདྲ་ཞིག་བྱ་རྒྱུ་རེད། དེ་ཡང་ཕྱི་ལོ་ ༢༠༠༠ སྔོན་ལ་བལ་ཡུལ་ནང་དུ་སླེབས་བསྡད་མཁན་ཡིན་པ་དང༌། གཏན་འཇགས་རྒྱ་གར་ནང་བསྡད་པ་དེ་རིང་ཁ་སང་ཨ་རིར་གཏོང་གི་འདུག་ཟེར་བ་ཐོས་དུས་བལ་ཡུལ་ལ་ཕར་ལོག་འགྲོ་མཁན་དེ་འདྲ་མང་པོ་ཞེ་དྲགས་འདུག་ཅེས་བཤད་བསྡད་ཀྱི་འདུག་ལ། བཤད་མཁན་ཡང་ཁུངས་ཡོད་འདྲ་པོ་ཞིག་རེད། བོད་མི་སྐྱབས་བཅོལ་བ་དཀའ་ངལ་ཕྲད་པ་དེ་ངོས་འཛིན་བྱེད་སྟངས་ག་འདྲ་ཞིག་ཡིན་ནམ།

བཀའ་ལན།
དྲི་བ་དེའི་ལན་སྔོན་དུ་ཞུས་ཟིན་པ་ཡིན། རྒྱ་གར་དུ་བསྡད་མཁན་ད་ལྟ་བལ་ཡུལ་དུ་འགྲོ་མཁན་དེ་ཚོ་ཨ་རིའི་ལས་གཞི་འདིའི་འོག་ཚུད་རྒྱུའི་རེ་བ་གཏན་ནས་ཡོད་མ་རེད། ཁོང་ཚོ་དེ་སྔ་ཕུལ་བའི་མིང་ཐོའི་ནང་ཚུད་ཡོད་སྲིད་ཀྱི་མ་རེད། སྐབས་དེའི་མིང་ཐོའི་ནང་ཡོད་པ་དེ་རྗེས་རྒྱ་གར་དུ་ཡོང་ནས་ད་ལྟ་ཕྱིར་ལོག་བྱས་པ་ཡིན་ན་ཚུད་སྲིད་པ་རེད། མིང་གཞུང་དུ་མེད་པར་ད་ལྟ་རྒྱ་གར་ནས་གསར་དུ་བལ་ཡུལ་དུ་འགྲོ་མཁན་དེ་ཚོ་ཚུད་ཐབས་ནམ་ཡང་ཡོད་མ་རེད།
དྭང་བླངས་དཔྱ་ཁྲལ་ལག་དེབ་གསར་པ་བཟོ་མི་ཆོག་པ་ས་གནས་ལ་བཀོད་མངགས་བྱས་ཟིན་པ་ཡིན། སྔོན་མ་ནས་དཔྱ་ཁྲལ་འབུལ་བཞིན་པ་དེ་ཚོའི་དཔྱ་ཁྲལ་མུ་མཐུད་བསྡུ་རྒྱུ་དང་ཕྲུ་གུ་ལོ་དྲུག་ལོན་ནས་དཔྱ་ཁྲལ་ལག་དེབ་གསར་བཟོ་དགོས་རིགས་མ་གཏོགས། དེ་མིན་དཔྱ་ཁྲལ་ལག་དེབ་གསར་བཟོ་བྱེད་མཁན་དང༌། དཔྱ་ཁྲལ་ལོ་མང་ཆད་བསྡད་པ་གསབ་མཁན་དེ་ཚོ་ངོས་ལེན་བྱས་ན་མི་འགྲིགས་པའི་ལམ་སྟོན་ཞུས་ཟིན་པ་ཡིན།

སྤྱི་འཐུས་ཚེ་རིང་ཕུན་ཚོགས་ལགས་ནས།
དྲི་བ་ཆུང་ཆུང་གཅིག་གཉིས་ཙམ་ཞུ་རྒྱུ་ཡིན། དང་པོ་ཨ་རིར་བོད་མི་སྐྱབས་བཅོལ་གཏོང་རྒྱུའི་དགོངས་བཞེས་གནང་རྒྱུ་དང་ལས་ཀ་དངོས་སུ་འགོ་འཛུགས་གནང་རྒྱུ་ཐག་ཉེ་བ་ཡོད་པ་དེ་ལ་རྗེས་སུ་ཡི་རངས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྤྱིར་བཏང་ང་ཚོའི་བོད་མིའི་རང་དབང་དང་རླུང་འཕྲིན་ཁག དེ་བཞིན་ཁ་སང་རེས་གཟའ་ཉི་མའི་སྐབས་དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་ནས་གསུང་བཤད་གནང་བ། དེ་མིན་གྱི་གསར་འགྱུར་བརྒྱུད་ལམ་ཁག་མང་པོ་ཞིག་ནས་དེའི་སྐོར་གནས་ཚུལ་གོ་སོང༌། བརྒྱུད་ལམ་ཁག་ཁ་ཤས་ཀྱི་ནང་དུ་མང་མཐའ་ལ་ལྔ་སྟོང་ཙམ་ཞེས་དང༌། ཡང་དེ་མིན་གྱི་བརྒྱུད་ལམ་གྱི་གསར་འགྱུར་རླུང་འཕྲིན་དེ་འདྲའི་ནང་དུ་མང་མཐའ་ཁྲི་གཅིག་ཟེར་བ་དེ་འདྲ་གསལ་པོའི་ཐོག་གོ་སོང༌། གྲངས་མང་ཉུང་དེ་གསལ་པོ་མ་གནང་བའི་བཟོ་འདྲ་བ་ཞིག་མིན་འགྲོ་བསམ་པའི་དྭོགས་པ་དེ་རེད། ད་ལྟ་ནས་ཉིས་སྟོང་བདུན་གྱི་བར་དུ་ལྔ་སྟོང་ཙམ་ཞིག་ཡིན་ནའང་རྗེས་སུ་ལྔ་སྟོང་ཙམ་ཞིག་སྐྱབས་བཅོལ་གཏོང་རྒྱུའི་ད་ལྟ་ནས་རང་གཞུང་མཆོག་གི་འཆར་གཞི་དེ་འདྲ་ཡོད་དམ་ག་འདྲ་རེད། ད་ལྟ་མིང་གཞུང་ནང་འཁོད་ཡོད་པ་ཞེས་པའི་མིང་གཞུང་དེ་སྔོན་མ་འགྲོ་སོང་མང་པོ་བཏང་ཡིན། ང་ཚོ་ལ་ལག་འཁྱེར་རག་མ་སོང༌། དངུལ་དེ་བར་ཟ་ཡིན་ས་རེད་ཅེས་པའི་ཐོག་ལ་གྲོས་ཚོགས་ནང་སྐད་ཆ་གླེང་སློང་མང་པོ་ཞིག་སྔོན་མ་བྱུང་བསྡད་སོང༌། མིང་གཞུང་དེ་རེད་དམ། དེ་མ་ཡིན་པའི་མིང་གཞུང་དེབ་བཀོད་ག་དུས་གནང་ཡོད་དམ།
བཀའ་ལན།
ཁ་སང་རེས་གཟའ་ཉི་མའི་ཉིན་བཀའ་བློན་ཁྲི་པའི་གཏམ་བཤད་ཀྱི་ནང་མང་མཐར་ ༥༠༠༠ ཐམ་པ་རེད་ཅེས་ཞུ་རྒྱུ་མ་བྱུང༌། ངས་ལྔ་སྟོང་ཡས་མས་ཞེས་ཞུས་དགོས་པའི་རྒྱུ་མཚན་ནི་ང་ཚོས་མིང་ཐོ་ཕུལ་བའི་བོད་མི་སྐྱབས་བཅོལ་ལག་འཁྱེར་མེད་མཁན་ལྔ་སྟོང་ཙམ་ཞིག་ཡོད་རེད། དེ་ཚོ་ཚང་མ་ཚུད་པའི་རེ་བ་བྱེད་ཀྱི་ཡོད་རེད། ཨ་རི་གཞུང་གི་ངོས་ནས་ལྔ་སྟོང་དྲུག་སྟོང་གི་གྲངས་བཅད་གང་ཡང་གསུངས་མ་སོང༌། མིང་ཐོའི་ནང་ཡོད་པའི་མི་ ༥༠༠༠ སྐོར་དང༌། དྭང་ཟུར་དུ་ཡོད་པའི་མི་རྣམས་ཚུད་པ་ཡིན་ན་ལྔ་སྟོང་དྲུག་སྟོང་ག་ཚོད་ཆགས་ཀྱང་ང་ཚོའི་དགོས་འདུན་འགྲུབ་ཀྱི་ཡོད་པ་རེད། མང་མཐའ་ཁྲི་གཅིག་རེད་ཟེར་བ་ངས་གོ་མ་སོང༌། རླུང་འཕྲིན་ཁག་གི་ནང་བཤད་ཡོད་པ་ཡིན་ན་ Voice of America དང་ Voice of Tibet གཉིས་ལ་ཕྲན་བུ་ཁུངས་ལུང་ཡོད་པ་ཞིག་རེད། དེ་མིན་རླུང་འཕྲིན་ཁང་མང་ཆེ་བ་ཞིག་ཚོད་དཔག་དང་སྐྱག་རྫུན་ཡང་བཤད་སྲིད་པ་རེད། དེ་ཚོ་ལ་ཡིད་ཆེས་གནང་རྒྱུ་ཡོད་མ་རེད། བཙན་བྱོལ་གཞུང་གི་ལས་དོན་ལ་གནོད་སྐྱོན་གཏོང་རྒྱུའི་ཆེད་དུ་སྐད་ཆ་མང་པོ་བཤད་མཁན་ཡང་ཡོད་རེད། དེ་ཚོར་ཐུགས་སྣང་མ་གནང་ན་ཡག་གི་རེད།
མིང་ཐོ་དེ་སྔོན་མ་ལྐོག་རྔན་སྤྲད་པའི་སྐད་ཆ་མང་པོ་བྱུང་བའི་སྐབས་ཀྱི་མིང་ཐོ་དེ་རང་རེད་མ་གཏོགས་དེའི་རྗེས་མིང་ཐོ་གསར་པ་བཟོས་ཡོད་མ་རེད། ཡིན་ནའང་མིང་ཐོ་དེ་རྒྱག་པའི་སྐབས་འོས་ཆོས་ག་འདྲ་ཚང་བ་ཞིག་བརྒྱབས་ཡོད་པ་ལྟར། འོས་ཆོས་ཚང་བ་མིང་ཐོ་བཀོད་པའི་རྗེས་ལ་བྱུང་བ་དེ་ཚོའང་མིང་ཐོའི་ནང་ཚུད་དགོས་ཀྱི་རེད། དཔེར་ན་སྐབས་དེར་ལོ་ ༡༨ མ་ལོན་པ་ད་ལྟ་ལོན་པ་ལག་འཁྱེར་མ་ཐོབ་པ་དེ་རིགས་ཚུད་དགོས་ཀྱི་རེད། ཡང་མིང་ཐོ་དེའི་ནང་ཡོད་ཀྱང་ད་ལྟ་ཡུལ་དུ་མེད་པ་འདས་གྲོངས་ཕྱིན་པ། ཡང་ན་བལ་པོའི་ཡུལ་མིའམ་སྐྱབས་བཅོལ་བའི་ལག་འཁྱེར་ཐོབ་ཟིན་པ་དེ་ཚོ་མར་འཐེན་དགོས་ཀྱི་རེད། སྤྱིར་བཏང་སྐབས་དེའི་མིང་ཐོ་དེ་གཞི་རྩ་གཟུང་ས་དེ་རེད།

སྤྱི་འཐུས་བསོད་ནམས་ཚེ་རིང་ལགས་ནས།
ལས་གཞི་དེའི་ཐོག་ནས་བལ་ཡུལ་དུ་གནས་སྡོད་ཀྱི་བོད་མི་ཉུང་དུ་གཏོང་རྒྱུའི་ཐབས་ཤེས་དེའི་ཐོག་ལ་བཀའ་འདྲི་ཞུ་རྒྱུ་ཡིན། ལས་གཞི་དེའི་ཐོག་ནས་བལ་ཡུལ་ལ་ད་ལྟ་ཡོད་པའི་བོད་པའི་སྒྲིག་འཛུགས་སློབ་གྲྭ་ཁག་དང༌། དགོན་སྡེ་ཁག གཞིས་ཆགས་ཁག་དེ་དག་གི་གཞི་རྟེན་གྱི་ཐོག་ལ་དོ་ཕོག་ཡོང་གི་ཡོད་མེད་ཀྱི་བསམ་གཞིགས་དང་ཉམས་ཞིབ་བྱས་ཡོད་དམ་མེད།

བཀའ་ལན།
ད་ལྟ་ང་ཚོའི་ཉེན་ཁ་ཡོད་པའི་བོད་མི་ལྔ་སྟོང་སྐོར་ཞེས་པ་དེའི་ནང་ཕལ་ཆེར་སློབ་གྲྭ་དང་གཞིས་ཆགས་དགོན་སྡེ་ཁག་གི་ནང་ནས་ཀྱང་ཡོད་སྲིད་ཀྱི་རེད། མིང་ཐོ་ཆ་ཚང་ངས་ཀློག་རྒྱུ་མ་བྱུང༌། ཡིན་ནའང་དེ་ཙམ་གྱིས་མི་འབོར་ཉུང་དུ་ཕྱིན་པའི་དབང་གིས་བལ་ཡུལ་དུ་ཡོད་པའི་དགོན་སྡེ་དང༌། སློབ་གྲྭ གཞིས་ཆགས་དེ་ཚོ་གཞི་རྟེན་མེད་པར་ཐོར་འགྲོ་བའི་དྭོགས་གནས་བྱེད་ཀྱི་མེད། བལ་ཡུལ་ལ་བོད་མི་སྐྱབས་བཅོལ་བ་ཁྲི་གཉིས་བརྒལ་བ་ཞིག་ཡོད་རེད། ལྔ་སྟོང་ཕྱིན་པ་ཡིན་ན་བལ་ཡུལ་སྟོང་པ་ཆགས་པའི་ཉེན་ཁ་ཡོད་མ་རེད་ཅེས་ཞུ་རྒྱུ་ཡིན།

སྤྱི་འཐུས་བསོད་ནམས་དགྲ་འདུལ་ལགས་ནས།
འཕྲོས་དོན་དྲི་བ་ཞུ་རྒྱུ་ཁ་ཤས་ཆགས་བསྡད་ཀྱི་འདུག ཡིན་ནའང་གོང་དུ་བཀུར་འོས་སྤྱི་འཐུས་མང་པོ་ཞིག་གིས་བཀའ་འདྲི་ཞུས་པ་བཞིན་དུ་བཀའ་ཁྲི་རིན་པོ་ཆེ་མཆོག་ནས་གསལ་བཤད་གནང་གྲུབ་སོང༌། བལ་ཡུལ་ནང་དུ་བོད་མི་སྐྱབས་བཅོལ་ལག་དེབ་མ་རག་པའི་དཀའ་ངལ་ནང་ཡོད་པ་གཅིག་མཚུངས་རེད། དེ་བཞིན་དུ་རྒྱལ་ཁབ་ཁོ་རང་ཞི་བདེ་ལྷིངས་འཇགས་ཤིག་མེད་སྟབས་ཚང་མ་བློ་བདེ་བག་ཕེབས་ཐོག་གནས་ཐུབ་རྒྱུ་དེའི་ཐོག་བློ་འཚབ་ཡོད་པ་གཅིག་མཚུངས་རེད། དེ་འདྲ་ཡིན་ཙང་རང་གཞུང་གིས་ད་ལྟའི་ཆར་བལ་ཡུལ་ནང་ཞི་བདེ་ལྷིང་འཇགས་མེད་པའི་རྐྱེན་གྱིས་བོད་མི་དེ་དག་རིམ་པས་གཏོང་གནང་རྒྱུའི་དགོངས་གཞི་ཡིན་ནམ། ལག་འཁྱེར་མེད་པ་གཅིག་པུར་སྒུག་མ་བསྡད་པར་ཁ་ཤས་ཤིག་ལ་གཟིགས་ནས་གཏོང་གནང་རྒྱུ་ཡིན་ནམ་ཞུ་རྒྱུ་ཡིན། ལག་འཁྱེར་མེད་པའི་བོད་མི་བལ་ཡུལ་ནང་སྔོན་མ་ནས་གཞིས་ཆགས་ཡོད་པ་ཚོའི་བུ་ཕྲུག་མང་པོ་ཞིག་ལག་འཁྱེར་མ་བླངས་ནས་བསྡད་ཡོད་རེད། དེ་འདྲ་ཡིན་དུས་ལོ་ ༢༠༠༠ ནས་འབྱོར་བ་ལག་འཁྱེར་ཡོད་མེད་ཀྱི་དབྱེ་བ་དེ་ག་འདྲ་ཞིག་ཕྱེ་གནང་གི་ཡོད་དམ། དེ་ནས་ད་ལྟ་འབྲེལ་བ་ཆགས་ཀྱི་ཡོད་མེད་ལ་མ་ལྟོས་པར་ཞུ་རྒྱུ་ཞིག་ལ། གློ་སྒྲིག་འཛུགས་ཁོངས་ནས་ཡིན་པ་དེ་ཚོ་ལ་གོ་སྐབས་མང་ཆེ་བ་ཞིག་གནང་གི་མེད་འགྲོ་བསམ་པའི་ཟུར་གཅིག་ངས་ཧ་གོ་གི་འདུག དེ་ཡིན་དུས་གློ་སྒྲིག་འཛུགས་ཁོངས་ནས་ཡོང་བ་རྣམས་བལ་ཡུལ་དུ་སླེབས་ནས་དམིགས་བསལ་གྱི་གཞིས་ཆགས་བསྡད་ཡོད་རེད། གློ་སྒྲིག་འཛུགས་ནང་དུ་སྡུག་དཀའ་ལས་འདྲ་འདྲ་བརྒྱབས་པའི་མི་མང་པོ་ཞིག་རྒྱ་གར་ནང་དུ་སླེབས་བསྡད་པ་མང་པོ་ཞིག་ཡོད་པ་དང༌། དེ་དག་རྒྱ་གར་ནང་ཐོབ་ཐང་གང་ཡང་རག་ཡོད་མ་རེད། ད་ལྟ་ཕར་འཁྱམས་ཚུར་འཁྱམས་ནས་བསྡད་མཁན་མང་པོ་ཞིག་འདུག དེ་འདྲ་ཡིན་ཙང་རྒྱ་གར་ནང་ཡོད་པའི་གློ་སྒྲིག་འཛུགས་དེ་ཚོ་ལ་དགོངས་བཞེས་གནང་གི་ཡོད་དམ་མེད།

བཀའ་ལན།
དྲི་བ་དེ་ཚོ་ཚང་མ་ངས་གོང་དུ་ལན་ཞུས་ཟིན་པ་ཤ་སྟག་རེད་འདུག ངའི་ལན་དེ་ཚོ་གསལ་པོ་མ་བྱུང་བ་འདྲ། བལ་ཡུལ་ནས་བོད་མི་མང་པོ་ཨ་རིར་གཏོང་དགོས་པའི་རྒྱུ་མཚན་གོང་དུ་འཕྲོས་དོན་དྲི་བ་དང་པོའི་ལན་དུ་ཞུས་པ་བཞིན་ཁག་གཅིག་བོད་མི་བལ་ཡུལ་དུ་གནས་སྡོད་ཆོག་པའི་ལག་འཁྱེར་མེད་པ་དེ་ཚོ་རེད། ཁོང་ཚོའི་མིང་ཐོ་སྔ་མ་ནས་ཡོད་པ་རེད་ཅེས་ཞུས་པ་ཡིན། མིང་ཐོ་དེའི་ནང་ཡོད་པ་དང༌། རྒྱུ་མཚན་ཕྱོགས་ཐམས་ཅད་ནས་མཚུངས་པ་སྐབས་དེའི་མིང་ཐོའི་ནང་མ་ཚུད་པ་དེ་འདྲ་ཡོད་ན་བསྐྱར་དུ་མིང་ཐོའི་ནང་བཅུག་ཆོག་གི་རེད་ཅེས་ཞུས་པ་ཡིན། སྔོན་མ་མིང་ཐོ་རྒྱག་དུས་ལག་འཁྱེར་མེད་ནའང་འགྲིགས་ཀྱི་འདུག་བསམས་ཏེ་བསྡད་མཁན་དེ་ཚོ་ད་ལྟའང་འགྲིགས་ཀྱི་ཡོད་ཤག་རེད། ཡང་མིང་ཐོ་ཕུལ་བའི་སྐབས་རང་ལོ་ ༡༨ མ་ལོན་པ་ད་ལྟ་རང་ལོ་ ༡༨ ལོན་པ་དེ་ཚོ་ཡང་མིང་ཐོའི་ནང་གསར་འཇུག་བྱེད་ཆོག་གི་རེད། དེ་ཚོ་མ་གཏོགས་ཨ་རིར་འགྲོ་རྒྱུའི་གོ་སྐབས་ཙམ་ལ་བརྟེན་ནས་འཚང་ཁ་རྒྱག་མཁན་དེ་ཚོ་ཚུད་ཀྱི་མ་རེད་ཅེས་ཞུ་རྒྱུ་ཡིན།
ད་ལྟ་ང་ཚོས་བརྩམས་པའི་ལས་གཞི་འདི་བལ་ཡུལ་ནང་ཞི་བདེ་ལྷིང་འཇགས་མེད་པའི་དབང་གིས་བོད་མི་སྐྱབས་བཅོལ་བ་ཡོད་ཚད་བལ་ཡུལ་ནས་བཏོན་རྒྱུའི་བསམ་བློ་རྩ་བ་ནས་མ་རེད། བལ་ཡུལ་ཞི་བདེ་ལྷིང་འཇགས་ཡོད་མེད་ཇི་ལྟར་ཡང༌། བོད་མི་སྐྱབས་བཅོལ་བ་མང་ཆེ་བ་ཞིག་ཚུལ་མཐུན་གྱིས་འཚོ་བ་སྐྱེལ་ཐུབ་ཀྱི་ཡོད་རེད། མང་པོ་ཞིག་བལ་པོའི་ཡུལ་མི་བྱས་ཟིན་པ་དང༌། མང་པོ་ཞིག་ལ་སྐྱབས་བཅོལ་བའི་ལག་འཁྱེར་ཡོད་པ་དེ་ཚོ་བལ་ཡུལ་དུ་ཁྲིམས་འགལ་གྱིས་བསྡད་པ་མིན་ཙང་ཉེན་ཁ་གང་ཡང་ཡོད་མ་རེད། ཉེན་ཁ་མེད་པའི་མི་དེ་ཚོ་བལ་ཡུལ་དུ་བསྡད་རྒྱུ་མ་གཏོགས་གནས་སྤོས་བྱེད་དགོས་དོན་མེད།
འཕྲོས་དོན་དྲི་བ་སྔོན་མ་ལས་གཞི་འདི་ལ་བརྟེན་ནས་བལ་ཡུལ་དུ་ཡོད་པའི་སློབ་གྲྭ་དང་གཞིས་ཆགས་དགོན་སྡེ་སོགས་གཞི་རྟེན་མེད་པ་ཆགས་ཀྱི་མ་རེད་དམ་ཞེས་གསུངས་སྐབས་ཆགས་ཀྱི་མ་རེད་ཞུས་པ་དེ་བོད་མི་མང་ཆེ་བ་བལ་ཡུལ་ནང་བསྡད་རྒྱུ་ཡིན་པའི་རྒྱུ་མཚན་གྱིས་རེད།
ཁག་གཉིས་པ་གློ་སྒྲིག་འཛུགས་ཀྱི་ནང་ཡོད་པའི་དང་ཞབས་རྙིང་པ་དེ་ཚོ་རེད་ཅེས་གོང་དུ་གསལ་པོ་ཞུས་ཟིན་པ་ཡིན། བཀུར་འོས་སྤྱི་འཐུས་ཀྱིས་དེ་འདྲ་ཞིག་གོ་སོང་གསུངས་པ་དེ་གྲོས་ཚོགས་ནང་གསལ་པོ་ཞུས་ཟིན་པའི་དོན་གནད་ཅིག་རེད་མ་གཏོགས། ཕྱི་ནས་གསན་དགོས་པའི་དོན་གནད་ཅིག་མ་རེད། ཚོ་ཁག་དེ་ལ་བལ་ཡུལ་དུ་གནས་སྡོད་ཆོག་པའི་ལག་འཁྱེར་ཡོད་མེད་ཀྱི་ཆ་རྐྱེན་དེས་ཁྱབ་ཀྱི་མ་རེད། གང་ཡིན་ཟེར་ན། ཁོང་ཚོ་གུན་གསབ་ཀྱི་ཚུལ་དུ་ལེན་པ་ཡིན་ཙང་དེ་དུས་དཀའ་ངལ་རྒྱག་མཁན་གྱི་མི་དེ་ཚོ་ལག་འཁྱེར་ཡོད་མེད་དང༌། རྒྱ་བལ་འབྲུག་གསུམ་གང་དུ་གནས་སྡོད་ཡོད་མེད་ཀྱི་ཁྱད་པར་མེད་པར་གུན་གསབ་འཐོབ་རྒྱུའི་ཐོབ་ཐང་ཡོད་མཁན་ཚང་མ་ཚུད་ཀྱི་རེད་ཅེས་ཞུ་རྒྱུ་ཡིན།
སྤྱི་འཐུས་འཆི་མེད་རྡོ་རྗེ་ལགས་ནས།
བལ་ཡུལ་དུ་འབྱོར་བའི་གསར་འབྱོར་བ་ཉེས་འགལ་ཡོད་པ་ཁག་གཅིག་ཨ་རིར་གཏོང་རྒྱུའི་ལས་གཞི་འདི་ཧ་ཅང་ཡག་པོ་ཞིག་དང་ཕན་པོ་ཞིག་རེད་འདུག་པས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གང་ཡིན་ཞེ་ན། བོད་མི་ཞིག་ཡིན་ཕྱིན་ཆད་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་སླེབས་པ་ཡིན་ན་བོད་ལ་ཞེན་ཁོག་དང་ཤ་ཚ་མེད་པ་ཞིག་རྩ་བ་ནས་ཡོད་པ་མ་རེད། དེས་བོད་བསྟན་པ་ཆབ་སྲིད་དང་དཔལ་འབྱོར་སོགས་ལ་ཕན་གྱི་རེད་མ་གཏོགས་རྩ་བ་ནས་གནོད་ཀྱི་མ་རེད་ཞུ་རྒྱུ་ཡིན། བཀའ་འདྲི་ཞུ་རྒྱུར། འུ་ཐུག་ནས་ཡིན་ན་ཡང་འདྲ། ག་རེ་ཡིན་ནའང་ཕར་དགོས་འདུན་ཞུ་མི་དེ་ྋགོང་ས་མཆོག་དང་བོད་གཞུང་གཉིས་ཀྱིས་ཨ་རིར་ཞུས་པ་ཞིག་དང༌། ཨ་རི་ནས་ཀྱང་དེ་བཞིན་དུ་དགོངས་པ་བཞེས་ཡོང་དུས་དེ་རླབས་ཆེན་ཞིག་རེད། ཧ་ཅང་གལ་ཆེན་པོ་རེད། བྱས་ཙང་ཉེན་ཁ་དང་དཀའ་ངལ་ཡོད་པའི་བོད་མི་མང་པོ་ཡོད་པ་རེད། དེར་བརྟེན་ད་དུང་མུ་མཐུད་ནས་ཉེན་ཁ་དང་དཀའ་ངལ་ཡོད་པ་ཁག་ཅིག་མ་ཡིན་པར་བལ་ཡུལ་ནང་འབྱོར་ཟིན་པ་དང་འབྱོར་བཞིན་པ་གསར་འབྱོར་བ་དེ་དག་གང་མང་མང་ཞིག་ཨ་རིར་གཏོང་ཐུབ་པའི་འཆར་གཞི་འདྲ་མ་འོངས་པར་ཡོད་དམ། གཉིས་པ། ཨ་རི་ལ་ས་སྟོང་མང་པོ་རྒྱ་ཆེན་པོ་ཞེ་དྲགས་ཡོད་རེད། བཙན་བྱོལ་བོད་མི་ས་ཡ་དྲུག་ཕ་གིར་སླེབས་སོང་ནའང་སྡོད་ས་ཡོད་རེད། དེ་འདྲ་ཡིན་ཙང་ཕ་གིར་ཨ་རིར་གཞིས་ཆགས་ཤིག་བཙུག་ཐུབ་པའི་ཐབས་ཤེས་དང་འཆར་གཞི་འདྲ་ཡོད་རེད་དམ་ཞུ་རྒྱུ་ཡིན།

བཀའ་ལན།
གོང་དུ་ངས་ཞུས་ཟིན་པ་ལྟར་ད་རེས་ང་ཚོས་ཐག་གཅོད་དེ་འདྲ་ཞིག་བྱས་དགོས་བྱུང་བ་ལ་སྙིང་རྗེ་དགོངས་རོགས་གནང་མ་གཏོགས། རྗེས་སུ་ཡི་རངས་མ་གནང་རོགས་གནང༌། ཐུགས་རྗེ་ཆེ་མ་གསུང་རོགས་གནང༌། ང་ཚོའི་ཐག་གཅོད་འདི་འ་ཆད་འུ་ཐུག་གི་ལས་ཀ་ཞིག་རེད་མ་གཏོགས། ཕུན་སུམ་ཚོགས་པའི་ལས་ཀ་ཞིག་མ་རེད། བཀུར་འོས་སྤྱི་འཐུས་མཆོག་གིས་ད་ལྟ་དཀའ་ངལ་ཡོད་པའི་མི་འདི་ཚོ་རྫོགས་པའི་རྗེས་སུའང་ལས་གཞི་འདི་མུ་མཐུད་ནས་བྱེད་རྒྱུའི་འཆར་གཞི་ཡོད་དམ་ཞེས་གསུངས་པའི་ཐད། དེ་འདྲའི་འཆར་གཞི་གང་ཡང་མེད། འོན་ཀྱང་བོད་མི་སྐྱབས་བཅོལ་བ་ཕྱི་རྒྱལ་གཞིས་ཆགས་གཏོང་རྒྱུའི་སྲིད་བྱུས་འདི་ལ་འགྱུར་བ་མ་ཕྱིན་པའི་བར་ལས་གཞི་མུ་མཐུད་ཕྱིན་པ་ཡིན་ནའང་འགྲོ་གི་མ་རེད་ཅེས་ཞུ་ཐུབ་ཀྱི་མི་འདུག འོན་ཀྱང་ད་ལྟའི་གནས་སྐབས་སུ་བལ་ཡུལ་གྱི་དཀའ་ངལ་བསང་རྒྱུ་རྐྱང་པ་མ་གཏོགས། ལས་གཞི་མུ་མཐུད་བྱེད་རྒྱུའི་འཆར་གཞི་གང་ཡང་མེད། ད་ལྟའི་ཛ་དྲག་གི་ལས་གཞི་འདི་མཇུག་བསྒྲིལ་བའི་རྗེས་སུ་ཕྱོགས་གཉིས་ཀ་ནས་བསྐྱར་ཞིབ་བྱེད་ཆོག་གི་རེད།
ཡང་བོད་མི་དེ་ཚོ་ཨ་རིའི་ནང་རྒྱ་གར་གྱི་གཞིས་ཆགས་ནང་བཞིན་གྲོང་སྡེ་ཟུར་དུ་མཉམ་སྡོད་བྱེད་རྒྱུའི་ཐབས་ཤེས་ཡོད་རེད་དམ་ཞེས་གསུངས་པའི་ཐད། ད་ལྟའི་བར་དེ་འདྲའི་ཐབས་ཤེས་ཐོན་པ་བྱུང་མ་སོང༌། དེ་འདྲའི་ཐབས་ཤེས་བྱེད་རྒྱུར་བསམ་བློ་མ་འཁོར་བ་དང༌། ཐབས་ཤེས་མ་བྱས་པ་མིན། བྱང་ཨ་རིའི་ས་གནས་ཁ་ཤས་ཀྱི་ནང་ཞིང་ལས་བྱེད་མཁན་དཀོན་དུ་སོང་བའི་དབང་གིས་སོ་ནམ་གཞིས་ཆགས་ཞུས་པ་ཡིན་ན་མཉམ་སྡོད་གཞིས་ཆགས་ཡོང་བའི་རེ་བ་ཡོད་རེད་ཅེས་དགོངས་འཆར་གནང་མཁན་བྱུང་སོང༌། དེ་ཚོའི་ཐོག་ད་ལྟ་ཉམས་ཞིབ་ཞུ་བཞིན་པ་ཡིན། བོད་མི་སྟོང་ཕྲག་ཁ་ཤས་མཉམ་དུ་གཞིས་ཆགས་ནས་སོ་སོའི་འཚོ་ཐབས་ཀྱི་ལས་དོན་བྱེད་ཐུབ་པ་ཞིག་བྱུང་བ་ཡིན་ན་ཧ་ཅང་དགེ་མཚན་ཆེན་པོ་རེད་བསམ་གྱི་ཡོད། འོན་ཀྱང་ད་ལྟ་ལག་ལེན་ལ་འཁེལ་བ་གང་ཡང་མེད།

སྤྱི་འཐུས་གྲའུར་ཚེ་བརྟན་ལགས་ནས།
བོད་མི་སྐྱབས་བཅོལ་ཁག་གཅིག་ཨ་རིའི་སྐྱབས་བཅོལ་གྱི་ལས་རིམ་འོག་ལ་ཕེབས་འཆར་ཡོད་པ་དང༌། མིང་གཞུང་ཞིག་ཀྱང་ཕུལ་ཟིན་པ་རེད། དེར་བརྟེན་མིང་གཞུང་ཕུལ་བ་དེ་འཛིན་སྐྱོང་བཀའ་ཤག་མཆོག་ནས་དམིགས་བསལ་སྐུ་ཚབ་བཏང་ནས་དྲང་པོ་དང་བདེན་པ་ཏག་ཏག་ཅིག་རེད་ཡོད་མེད་བརྟག་དཔྱད་ཞིབ་འཇུག་བྱས་ཡོད་དམ། གལ་སྲིད་བཏང་གནང་མེད་ན། ད་ལྟ་མིང་གཞུང་ཡོད་པ་དེ་རྣམས་དྲང་བདེན་ཞིག་ཡིན་པའི་ངོས་ལེན་གནང་གི་ཡོད་རེད་དམ།
བཀའ་ལན།
དཔལ་ལྡན་ཚོགས་གཙོ་མཆོག་གིས་འདི་འཕྲོས་དོན་དྲི་བ་མཐའ་མ་རེད་གསུངས་སོང༌། ཧ་ཅང་དགའ་པོ་བྱུང༌། ང་ཚོས་བར་སྐབས་ཤིག་ནས་འཕྲོས་དོན་དྲི་བ་ཞེས་པ་དེ་མཐའ་མེད་ཡིན་པ་རེད་བསམ་བྱུང༌། བཀུར་འོས་སྤྱི་འཐུས་མཆོག་གིས་ང་ཚོས་ལུང་འདྲེན་བྱས་པའི་མིང་གཞུང་དེ་དྲང་པོ་བྱུང་ཡོད་དམ་ཞེས་བཀའ་འདྲི་གནང་བའི་ཐད། མིང་གཞུང་དེ་ལ་མ་དྲང་བ་ཡོང་དགོས་པའི་རྒྱུ་མཚན་ཞིག་ང་ཚོས་མཐོང་མ་སོང༌། མིང་གཞུང་བཟོ་བའི་སྐབས་བལ་ཡུལ་དུ་ཕྱི་ལོ་ ༡༩༩༨ སྔོན་ནས་འབྱོར་ཟིན་པ་སྐྱབས་བཅོལ་ལག་འཁྱེར་ཞུ་རྒྱུའི་ཐོབ་ཐང་ཡོད་པ་གང་ཞིག་སྐྱབས་བཅོལ་ལག་འཁྱེར་མ་ཐོབ་པ་དེ་ཚོའི་མིང་གཞུང་བཟོས་པ་རེད། མིང་གཞུང་དེ་བཟོ་སྐབས་དངུལ་གྱི་འགྲོ་སོང་ཕར་བཏང་ནས་ལག་འཁྱེར་བཟོ་རྒྱུའི་ཆེད་དུ་མ་གཏོགས་ཨ་རི་སོགས་སུ་འགྲོ་རྒྱུའི་སྐད་ཆ་རྨི་ལམ་ནའང་ཡོད་མ་རེད། དེ་འདྲ་ཡིན་དུས་མ་དྲང་བ་ཞིག་བྱུང་དགོས་པའི་རྒྱུ་མཚན་མཐོང་མ་སོང༌། ལག་འཁྱེར་མེད་མཁན་ཚོས་མིང་ཐོ་ཕུལ་བ་མ་གཏོགས། ལག་འཁྱེར་ཡོད་མཁན་ཚོས་མེད་ཅེས་ཕུལ་ཡོད་ཀྱི་མ་རེད། ཡིན་ནའང་སྐབས་དེར་ལག་འཁྱེར་མེད་ཀྱང་མིང་ཐོ་བརྒྱབ་ཏུ་མ་ཕྱིན་པ་ཆད་བསྡད་པ་དེ་འདྲ་ཡོད་སྲིད་པ་རེད། གལ་སྲིད་དེ་འདྲ་ཡོད་པ་ཡིན་ན་མིང་ཐོ་དེའི་ནང་ཡོད་པའི་མི་དེ་ཚོ་དང་གཅིག་གྱུར་ཡིན་པ་ར་འཕྲོད་བྱུང་ན་ད་ལྟའང་མིང་གཞུང་ནང་བཅུག་ཆོག་གི་རེད།

གྲོས་ཚོགས་ཚོགས་དུས་བཅུ་པ། ༢༠༠༥།༩།༡༤ ནས་ ༢༠༠༥།༩།༢༣