དྷ་ས་ཕོ་སར་གྷན་ཇིར་གནས་སྡོད་བོད་མི་དང་འབྲེལ་བའི་དྲི་བ་དྲིས་ལན།
སྤྱི་འཐུས་ངག་དབང་ལྷ་མོ་ལགས་ནས། ཕོ་སེད་གྷན་ཇིའི་གནས་སྡོད་བོད་མི་རྣམས་ནས་ཡུལ་མིའི་ཁང་བདག་སོ་སོས་ཚིག་རྩུབ་དང༌། སྡིགས་རའི་ཐོག་ཁང་གླ་སྤར་དགོས་དང༌། ཕྱིར་འབུད་ཀྱི་ཉེན་བརྡ་གཏོང་བ། དངོས་སུ་ཕུད་པ་སོགས་ཀྱི་དཀའ་ངལ་མུ་མཐུད་ཡོད་པར་དཀའ་ངལ་སེལ་ཐབས་རང་གཞུང་ནས་རོགས་མགོན་ཡོང་བའི་སྙན་ཞུ་ ༢༠༠༠ ཕྱི་ཟླ་ ༤ ཚེས་ ༡ དང༌། ཉེ་ཆར་ནང་སྲིད་ལ་ཕུལ་ཡོད་འདུག་ན། བཀའ་འདྲི་ཞུ་རྒྱུར། ཕོ་སེད་གྷན་ཇིའི་གནས་སྡོད་མི་མང་གི་ཞུ་དོན་ལ་རོགས་མགོན་ནམ། ཐབས་ལམ་སོགས་གང་གནང་དང་གནང་འཆར་གྱི་གསལ་བཤད་ཡོང་བ་ཞུ།
བཀའ་ལན།
ཕོ་སར་གྷན་ཇིར་གནས་སྡོད་བོད་མི་རྣམས་ཀྱིས་ཕྱི་ལོ་ ༢༠༠༠ ཟླ་ ༣ ཚེས་ ༣༡ ལ་གནང་བའི་ཕྱག་བྲིས་ལ་ནང་སྲིད་ལས་ཁུངས་ནས་ ༢༠༠༠ ཟླ་ ༦ ཚེས་ ༡༢ འཁོད་ལམ་སྟོན་གནས་ལན་ཕུལ་ཟིན། ཉེ་ཆར་འདི་ཟླ་ ༩ ཚེས་ ༩ ལ་ཕྱག་བྲིས་གནང་འབྱོར་བྱུང་བ་ལའང་ལན་སྔོན་མ་ལྟར་ཞུས་ཡོད། ད་ཆ་རྒྱ་གར་གཞུང་ནས་བོད་མི་སྐྱབས་བཅོལ་བའི་ཆེད་གཞིས་གསར་འཛུགས་བསྐྲུན་གང་ཡང་གནང་བཞེད་མེད་པ་དང༌། རང་གཞུང་ནས་ཀྱང་ད་ལྟ་ལག་ཡོད་ལས་འཆར་རྣམས་མཇུག་སྐྱོང་བྱ་རྒྱུའི་ཐབས་ཤེས་འབད་བརྩོན་བྱེད་རྒྱུ་ཙམ་ལས་གཞིས་ཁང་གསར་རྒྱག་གི་ལས་གཞི་སྤེལ་རྒྱུའི་མཐུན་རྐྱེན་མེད་པའི་སྐོར་སྔ་རྗེས་བར་གསུམ་དུ་ཡིག་ངག་གཉིས་ནས་གསལ་བཤད་ཞུས་ཡོད་ལགས།
སྤྱི་འཐུས་ངག་དབང་ལྷ་མོ་ལགས་ནས་འཕྲོས་དོན་དྲི་བར།
ད་ལྟ་བཀའ་གནང་བ་ལྟར་རང་གཞུང་ནས་ད་ལྟ་ལག་ཡོད་ལས་འཆར་རྣམས་མཇུག་སྐྱོང་བྱ་རྒྱུ་མ་གཏོགས་གཞིས་ཆགས་གསར་རྒྱག་བྱ་རྒྱུ་མིན་ཞེས་བཀའ་སྔ་ཕྱི་བར་གསུམ་དུ་གནང་བ་ཡིན་གསུངས་པ་དེ་དེ་རང་རེད། ང་རང་ཡང་དེ་བདེན་པ་ཡིན་པ་ཤེས་བཞིན་པ་ཡིན། དེར་བརྟེན་ངའི་དྲི་བའི་ནང་གཞིས་ཆགས་གསར་འཛུགས་སྐོར་གང་ཡང་ཞུས་མེད། དྲི་བའི་ནང་གང་ཞུས་ཡོད་ཟེར་ན། རོགས་མགོན་ནམ་ཐབས་ལམ་སོགས་གཞན་གང་དང་གང་གནང་ཡོད་མེད་དེ་འདྲ་ཞིག་གསལ་བཤད་ཡོང་བ་ཞུ་ཞེས་ཞུས་ཡོད། འཕྲོས་དོན་དྲི་བ་དང་པོ་དེ་གང་ཆགས་ཀྱི་ཡོད་རེད་ཅེ་ན། ཕྱི་ལོ་ ༢༠༠༠ ཟླ་ ༦ ཚེས་ ༡༢ འཁོད་ལམ་སྟོན་གནས་ལན་ཞིག་གནང་ཡོད་རེད། དེ་དང་ད་ལྟ་འདི་ལོའི་ཟླ་ ༩ ཚེས་ ༩ ལ་ཕྱག་བྲིས་གནང་འབྱོར་བྱུང་བ་ལའང་སྔོན་མ་ལྟར་ལན་གནང་ཡོད་ཅེས་གསུངས་པ་དེའི་ལམ་སྟོན་དེ་གང་གནང་ཡོད་དམ། གཉིས་པར་ད་ལྟ་དཀའ་ངལ་འཕྲད་བཞིན་པའི་མི་རྣམས་གཞིས་ཆགས་གཞན་པ་གཞིས་ཆགས་ཐོན་ཚར་བའི་ས་ཁང་སྟོང་པ་ཡོད་ན། དེ་འདྲའི་ནང་ལ་གཏོང་ཐབས་ཀྱི་བཀའ་མོལ་དེ་འདྲ་བྱུང་ཡོད་དམ།
བཀའ་ལན།
བཀུར་འོས་སྤྱི་འཐུས་མཆོག་གི་འཕྲོས་དོན་དྲི་བར་ལན་འདེབས་ཞུ་རྒྱུར། ཕྱི་ལོ་ ༢༠༠༠ ཟླ་ ༣ ཚེས་ ༣༡ ལ་གནང་བའི་ཕོ་སར་གྷན་ཇིར་བཞུགས་མཁན་གྱི་བོད་མི་ཚོའི་ཕྱག་བྲིས་ནང་དྷརྨ་ཤཱ་ལའི་གཡས་གཡོན་དུ་གཞིས་ཆགས་གསར་པ་ཞིག་བཙུག་རོགས་གནང༌། དེའི་ནང་ཁོང་ཚོ་སྤོས་ཀྱི་ཡིན་ཞེས་དགོས་འདུན་བཏོན་འདུག དེ་མ་གཏོགས་དཀའ་ངལ་བསལ་བའི་ཐབས་ལམ་གཞན་པའི་སྐོར་ཕྱག་བྲིས་དེའི་ནང་གསལ་གྱི་མི་འདུག དེར་བརྟེན་ཕྱི་ལོ་ ༢༠༠༠ ཟླ་ ༦ ཚེས་ ༡༢ ལ་སྐབས་དེའི་ནང་སྲིད་ལྷན་ཁང་གིས་བཀའ་ལན་གནང་བ་དེའི་ནང་གཞིས་ཆགས་གསར་པ་ད་ཆ་ཡོང་ཐབས་ཡོད་མ་རེད། དེར་བརྟེན་རོགས་རམ་ཞུས་ཐུབ་ཀྱི་མི་འདུག་ཅེས་གསུངས་འདུག གལ་སྲིད་ཁྱེད་རང་ཚོའི་ངོས་ནས་ས་ཆ་བཙལ་ཏེ་ཉོ་རྒྱུའི་འབད་བརྩོན་གནང་བ་ཡིན་ན་དེ་ལ་ནང་སྲིད་ལས་ཁུངས་ནས་མཐུན་འགྱུར་དང་ཁང་པ་རྒྱག་རྒྱུའི་རོགས་རམ་ཐབས་ཤེས་བྱེད་རྒྱུ་ཡོད་མེད་གཟིགས་ཆོག་རྒྱུ་དང༌། ཡང་ད་ལྟ་ཁྱེད་རང་ཚོར་སུན་བཙེར་ཡོང་བ་དེ་ཚོ་ཁྲིམས་གཏུགས་བྱེད་ན་ཕན་ཐོགས་མེད་དམ། ཁང་གླ་དང༌། ཆུ་དང་གློག་རིན་སྤྲད་པ་ལ་སོགས་པའི་བྱུང་འཛིན་དང༌། སྔོན་ཁང་པ་ལེན་པའི་སྐབས་ཀྱི་ཆོད་གན་དེ་ཚོ་ཡོད་ན། ཁྲིམས་གཏུགས་བྱས་ན་ཡག་པོ་ཡོད་རེད། དེ་ཚོའི་ཐོག་ལ་མཐུན་འགྱུར་རོགས་རམ་ཞུ་དགོས་བྱུང་ན་ཞུ་གི་ཡིན་ཞེས་དོན་ཚན་འདི་གཉིས་ནང་སྲིད་ཀྱི་ཕྱག་བྲིས་ནང་གསལ་འདུག་ཀྱང༌། དེ་ལ་ད་ལོ་བར་དུ་ཕོ་སར་གྷན་ཇིར་བཞུགས་མཁན་ཚོས་འདི་བྱ་འདི་མིན་གྱི་གནས་ཚུལ་གསུངས་རིགས་བྱུང་མི་འདུག ཁ་སང་བཀུར་འོས་སྤྱི་འཐུས་མཆོག་གི་དྲི་བ་ཨང་ ༡༥ པ་དེ་ནང་སྲིད་ལ་འབྱོར་ཟིན་པའི་ཉི་མ་གཅིག་གི་རྗེས་ཕྱི་ཟླ་ ༩ ཚེས་ ༩ ཉིན་ཡང་བསྐྱར་ཕྱག་བྲིས་ཤིག་བསྐྱལ་གནང་སོང༌། དེའི་ནང་ལ་ཡང་གནད་དོན་གསར་པ་གང་ཡང་མི་འདུག སྔོན་མ་དེ་དང་གཅིག་པ་རེད་འདུག བྱས་ཙང་ལན་ཡང་གཅིག་པ་འདྲ་ཞིག་ཕྱིན་སོང༌།
ཐབས་ལམ་གཞན་གང་བསྟན་ཡོད་དམ་ཞེས་གསུངས་ཐད། ཁོང་རང་ཚོའི་ངོས་ནས་ས་ཆ་ཉོས་པ་དང་ཁང་པ་རྒྱག་པའི་ལས་གཞི་བརྩམས་ཐུབ་ན། དེ་ལ་མཐུན་འགྱུར་ཞུ་ཆོག་ཅེས་ཐབས་ལམ་གཅིག་འདི་ཞུས་འདུག ཐབས་ལམ་གཞན་རྒྱུན་རིང་ནས་བསྡད་པ་སོང་ཙང་ད་ལྟ་མ་འབུད་པའི་ཆེད་ཁྲིམས་རྩོད་བྱེད་ན་དེའི་ཐོག་ལ་ཡང་མཐུན་འགྱུར་ཞུ་གི་ཡིན་ཞེས་ཐབས་ལམ་གཉིས་བསྟན་འདུག་ཅེས་ཞུ་རྒྱུ་ཡིན།
སྤྱི་འཐུས་བསོད་ནམས་སྟོབས་རྒྱས་ལགས་ནས།
བོད་མིའི་བདེ་སྡུག་གི་དཀའ་ངལ་དེ་ས་ཁང་གི་སྐོར་ལ་རེད། ཡིན་ནའང་བཀའ་བློན་ཁྲི་པར་དྲི་བ་ཞུ་རྒྱུར། དྷརྨ་ཤཱ་ལའི་ས་ཁུལ་འདིར་གཞིས་ཆགས་མཛུབ་མོ་བཙུག་ས་མེད་པའི་གསར་འབྱོར་སྟོང་ཕྲག་མང་པོ་ཞིག་དེ་འདྲ་བྱེད་ནས་སྡོད་ཡོད་རེད། དེ་འདྲ་བྱེད་ནས་སྡོད་ཡོད་པའི་རྒྱུ་མཚན་གྱི་ཆ་ནས་གསར་འབྱོར་དེ་དག་བོད་ནས་ཚུར་ཐོག་མར་ཡོང་དུས་ནས་ྋརྒྱལ་བ་རིན་པོ་ཆེ་དང་བོད་གཞུང་ཞིག་ཡོད་བསམས་ནས་དྷརྨ་ཤཱ་ལར་སླེབས་ཡོད་རེད། དྷརྨ་ཤཱ་ལར་སླེབས་པའི་རྗེས་ཁོང་ཚོར་སྡོད་ས་ཡོད་མ་རེད། འཚོ་རྟེན་གྱི་དམིགས་ཡུལ་གང་ཡང་ཡོད་མ་རེད། དེ་རིང་ལན་འདིའི་ནང་གང་གསུངས་ཡོད་རེད་ཟེར་ན། དྷརྨ་ཤཱ་ལར་གཞིས་གསར་བཟོ་རྒྱུ་གང་ཡང་མེད་ཅེས་གསུངས་སོང༌། དེང་སང་གཞིས་གསར་བཙུག་རྒྱུ་མེད་ན་གསར་འབྱོར་དེ་དག་གི་སྡོད་ཁང་ལ་དཀའ་ངལ་ཕྲད་བསྡད་ཡོད་རེད། སྡོད་ཁང་གི་སྐོར་ལ་བོད་གཞུང་གིས་དགོངས་པ་བཞེས་ཀྱི་ཡོད་དམ་མེད། ཁང་པར་ཉུང་མཐར་སྒོར་སྟོང་ཕྲག་གཉིས་ལྷག་ཙམ་མ་སྤྲད་ན་དྷརྨ་ཤཱ་ལར་ཁང་པ་རག་གི་ཡོད་པ་མ་རེད། དཀའ་ངལ་དང་པོ་གཅིག་འདི་རེད།
དཀའ་ངལ་གཉིས་པ་དེ་གང་རེད་ཟེར་ན། འཚོ་རྟེན་གྱི་ཆ་རྐྱེན་གང་ཡང་ཡོད་པ་མ་རེད། དེ་དག་གིས་གང་བྱེད་བསྡད་ཡོད་རེད། བག་ལེབ་དང༌། རྒྱུ་མ། གློ་བ་ཁ་ཚ་བཙོངས་ནས་སྡོད་ཡོད་རེད། དེས་ག་ཚོད་བར་ཁུངས་འཁྱོལ་གྱི་རེད། དམིགས་རྟེན་གང་ཡང་ཡོད་པ་མ་རེད། དེ་འདྲའི་འཚོ་བའི་དམིགས་རྟེན་ཆགས་ཀྱི་ཡོད་དམ་མེད། དེ་ནས་སྐྱབས་བཅོལ་ལག་ཁྱེར་གྱི་ཐོག་ལ་དཀའ་ངལ་འཕྲད་བསྡད་ཀྱི་ཡོད་རེད།
བཀའ་ལན།
ཕོ་སར་གྷན་ཇིའི་བོད་མི་ཡོངས་སུ་རྫོགས་པ་མི་བཞི་བཅུ་ཞེ་བདུན་གྱིས་སྔོན་མ་ཕྱག་བྲིས་གནང་འདུག དེའི་ནང་ལ་དེ་ཚོ་གསར་འབྱོར་ཡིན། དེ་ཚོ་རྙིང་འབྱོར་ཡིན་ཞེས་ཞུས་པ་གང་ཡང་མི་འདུག ང་ཚོ་ད་ལྟ་འབྲེལ་བ་ཞུས་བསྡད་པ་དེ་ཕོ་སར་གྷན་ཇིར་ཡོད་པའི་བོད་མི་ཡོངས་རྫོགས་ཁོང་རང་ཚོས་ཕྱག་བྲིས་བཏང་བ་དེ་ལ་ང་ཚོས་ལན་གང་བཏང་བ་དེའི་སྐོར་ལ་ཞུ་གི་ཡོད། དེ་ཞུས་ཚར་བ་ཡིན།
གྲོས་ཚོགས་ཚོགས་དུས་བཅུ་པ། ༢༠༠༥།༩།༡༤ ནས་ ༢༠༠༥།༩།༢༣