ཕྱི་རྒྱལ་དུ་ཁྲིམས་འགལ་གྱིས་སླེབས་པ་རྣམས་ཀྱི་ཐོག་དྲི་བ་དྲིས་ལན།
སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ནས། སུད་སི་ཐེ་བའི་ཡོ་རོབ་རྒྱལ་ཁབ་ཁ་ཤས་ནང་རང་རིགས་ན་གཞོན་ཕོ་མོ་མང་དག་ཅིག་ལས་འཚོལ་ཆེད་ཐབས་ཤེས་སྣེ་མང་ཐོག་ཕྱིར་བསྐྱོད་བྱས་པར། རྒྱལ་ཁབ་ཁ་ཤས་ནས་ཁོང་ཚོར་རྒྱལ་ཁབ་ནང་བསྡད་ཆོག་པ་དང༌། འཚོ་རྟེན་ལས་ཀ་བྱེད་ཆོག་པའི་ལག་འཁྱེར་མ་གནང་བར་ས་ཁུག་རེ་ཟུང་ནང་བཟང་བཙོན་དུ་བཅུག་སྟེ་དཀའ་ངལ་ཅི་ཆེ་འཕྲད་བཞིན་ཡོད་ལུགས་བར་ལམ་གོ་ཐོས་བྱུང་ན། བཀའ་འདྲི་ཞུ་རྒྱུར།
༡ གོང་གསལ་གནད་དོན་དེ་དག་དངོས་འབྲེལ་ཇི་ཙམ་ཡིན་མིན། ཅི་སྟེ་དངོས་འབྲེལ་ཡིན་ཚེ་ན་གཞོན་ཕོ་མོ་ཁ་གྲངས་ག་ཚོད་ཡོད་མེད། ཁོང་ཚོའི་དཀའ་ངལ་སེལ་ཐབས་སུ་རང་གཞུང་ནས་ཐབས་ཤེས་ཇི་གནང་དང་དོན་འབྲས་ཇི་ལྟར་སོན་ཡོད་མེད་གསལ་བཤད་ཡོང་བ་ཞུ།
བཀའ་ལན།
སུད་སི་ཐེ་བའི་ཡོ་རོབ་རྒྱལ་ཁབ་ཁ་ཤས་ནང་བོད་མི་ན་གཞོན་མང་དག་ཅིག་བསྡད་ཆོག་པ་དང༌། འཚོ་རྟེན་ལས་ཀ་བྱེད་ཆོག་པའི་ལག་འཁྱེར་མ་གནང་བར་ས་ཁུག་རེ་ཟུང་ནང་བཟང་བཙོན་དུ་བཅུག་སྟེ་དཀའ་ངལ་ཅི་ཆེ་འཕྲད་བཞིན་ཡོད་པ་ཤེས་རྟོགས་མ་བྱུང༌། འོན་ཀྱང་བོད་མི་ཁྲིམས་འགལ་གྱིས་བསྐྱོད་བསྡད་བྱས་པ་གང་འཚམས་ཤིག་ཡོད་ཚོད་འདུག་པ་འདི་ཚོར་འདི་ནས་འབྲེལ་ཡོད་དོན་ཁང་སོ་སོར་བོད་མི་སྐྱབས་བཅོལ་བ་སྤྱི་འགྲེ་མི་སྤྱོད་ཀྱི་བདེ་རྩའི་རོགས་རམ་གང་དགོས་བྱ་དགོས་ལས། བདེན་པ་དང་ཁྲིམས་མཐུན་མིན་པའི་རྒྱབ་གཉེར་སོགས་སྤྲོད་ཐལ་མེད་པའི་བཀོད་མངགས་བྱས་ཡོད།
སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ནས་འཕྲོས་དོན་དྲི་བར།
གཞི་རྩའི་གནད་དོན་འདིའི་ཐོག་ལ་ཁ་སང་གྲོས་ཚོགས་སྔོན་མའི་སྐབས་ལ་བཀའ་བསྡུར་བྱུང་ཚར་བ་སོང་ཙང༌། དྲི་བ་དམིགས་བསལ་ཞུ་རྒྱུ་གང་ཡང་ཆགས་ཀྱི་མི་འདུག ཡིན་ནའང་འདི་དང་འབྲེལ་བའི་ཐོག་ལ་འཕྲོས་དོན་དྲི་བ་ཞུ་རྒྱུར། བཀའ་ལན་ནང་ལ་དོན་ཁང་སོ་སོར་སྐྱབས་བཅོལ་བོད་མི་སྤྱི་འགྲེ་མི་སྤྱོད་ཀྱི་བདེ་རྩའི་རོགས་རམ་གནང་འོས་པ་དེ་གནང་དགོས་པའི་བཀོད་མངགས་ཤིག་གནང་འདུག བཀོད་མངགས་གནང་བ་བཞིན་དེ་འདྲའི་གནང་ཐུབ་པ་བྱུང་ཡོད་མེད་དང༌། བྱུང་ཡོད་ན་ཇི་ཙམ་ཞིག་བྱུང་ཡོད་པ་ཞུ་རྒྱུ་གཅིག་དང༌། གཉིས་པ་ཁ་སང་གྲོས་ཚོགས་ནང་དཔལ་ལྡན་བཀའ་ཁྲི་མཆོག་གིས་བཀའ་གནང་བ་རེད། བོད་གཞུང་གི་སྲིད་བྱུས་འགྱུར་བ་ཕྱིན་ཡོད་པ་སོང་ཙང༌། ཕྱི་རྒྱལ་ལ་གོ་སྐབས་ནམ་བྱུང་བོད་མི་གཏོང་རྒྱུ་ཡིན་གསུངས་པ་རེད། བྱས་ཙང་སུད་སི་གཙོས་པའི་ཡོ་རོབ་རྒྱལ་ཁབ་ཁག་ལ་ཁྲིམས་འགལ་དང་བདེན་པ་མེད་པའི་ཐོག་ནས་སླེབས་བསྡད་པ་དེ་ཚོ་ལྟ་གྲུབ་ཀྱི་ཐོག་ནས་བདེན་པ་དང་ཡག་པོ་རེད་ཅེས་ཞུ་ཐབས་བྲལ་བ་རེད་དེ། ཕ་གིར་སླེབས་ཚར་བ་རེད། དཀའ་ངལ་འཕྲད་ཀྱི་ཡོད་རེད། ང་ཚོའི་བོད་མི་རེད། དེ་བཞིན་དུ་འཛིན་སྐྱོང་གི་ཆ་ནས་ཀྱང་སོ་སོའི་ཁྱབ་ཁོངས་ཀྱི་མི་སྣ་ཞིག་ཡིན་པ་སོང་ཙང་སྐུ་ངལ་འཕྲད་པ་དེ་དག་གཞུང་ཁག་ལ་ཁྲིམས་འགལ་ཡིན་པར་ངོས་འཛིན་བྱེད་པའི་ཐོག་ནས་ཁྲིམས་མཐུན་མིན་པའི་གནས་ཚུལ་དེ་ལ་གང་ཡང་ཞུ་ཐུབ་ཐབས་ཡོད་མ་རེད། ཡིན་ནའང་དེ་ཚོ་ཕར་འགྲོ་རྒྱུ་དེ་འཚོ་བའི་དཀའ་ངལ་ཞིག་གི་ཐོག་ནས་རྩ་ཁ་བཟང་ས་ཞིག་ལ་ཕེབས་བསྡད་པའི་གནས་སྟངས་ཤིག་ཡིན་ཙང༌། དེའི་རིགས་ལ་ཐེངས་གཅིག་བྱམས་སྙིང་རྗེའི་ཐོག་ནས་དགོངས་བཞེས་གནང་བའི་འབོད་བསྐུལ་ཞུ་ན་ལྟ་གྲུབ་དང་འགལ་གྱི་ཡོད་དམ་མེད། དེ་ལྟར་གནང་ན་སྐུ་ངལ་འཕྲད་ཀྱི་ཡོད་མེད་ཀྱི་ཐོག་ལ་གསལ་བཤད་གནང་རོགས་གནང༌།
བཀའ་ལན།
ནུབ་ཕྱོགས་ཀྱི་ཡུལ་ལུང་ཁག་ཏུ་ཁྲིམས་མཐུན་མ་ཡིན་པའི་གནས་སྡོད་བོད་མི་དེ་ཚོ་ལ་མི་སྤྱོད་དང་འབྲེལ་བའི་བདེ་རྩའི་རོགས་རམ་གང་དགོས་བྱེད་དགོས་ཀྱི་རེད་ཅེས་བཀོད་མངགས་བྱས་པ་བཞིན་དུ་འབྲེལ་ཡོད་དོན་གཅོད་ཚང་མས་ད་བར་ཞུས་དང་ཞུ་བཞིན་པ་རེད། འཚོ་བའི་མཐུན་རྐྱེན་དང༌། སྨན་བཅོས། དེ་བཞིན་མི་སྤྱོད་དང་འབྲེལ་བའི་དཀའ་ངལ་གང་བྱུང་བ་ཡིན་ནའང༌། དོན་གཅོད་ལ་འབྲེལ་བ་ཞུ་མཁན་ཚོར་རོགས་རམ་གང་ཐུབ་ཞུ་བཞིན་པ་རེད། ལྷག་པར་བོད་མི་ཡིན་པའི་ངོ་སྦྱོར་ཞུ་མཁན་ཚོར་དང་བླང་དཔྱ་དངུལ་ལག་དེབ་ཡོད་ན་དོན་གཅོད་ཁག་ནས་ངོ་སྦྱོར་འབུལ་གྱི་ཡོད། དཔེར་ན་བེལ་ཇི་ཡམ་ནང་བོད་མི་ ༥༢༩ ལ་ངོ་སྦྱོར་ཕ་རན་སི་དོན་གཅོད་ནས་ཕུལ་འདུག སུད་སི་དོན་གཅོད་ནས་བོད་མི་ ༣༢༧ ལ་ངོ་སྦྱོར་ཕུལ་འདུག
ཡང་བཀུར་འོས་སྤྱི་འཐུས་མཆོག་གིས་ཁོ་ཚོ་ཕྱི་རྒྱལ་ལ་སླེབས་ཚར་བ་རེད། ཁྲིམས་འགལ་ཡིན་ཡང་ལན་གཅིག་དགོངས་བཞེས་གནང་རོགས་ཞེས་དོན་གཅོད་ཁག་ནས་འབྲེལ་ཡོད་གཞུང་ལ་རྒྱབ་གཉེར་གནང་བ་ཡིན་ན་བཙན་བྱོལ་གཞུང་གི་ལྟ་གྲུབ་དང་འགལ་གྱི་རེད་དམ་ཞེས་བཀའ་འདྲི་གནང་བའི་ཐད། རྒྱུ་མཚན་མེད་པར་ཁྲིམས་འགལ་ལ་གུ་ཡངས་གནང་རོགས་ཞུས་པ་ཡིན་ན། ང་ཚོའི་ལྟ་གྲུབ་དང་འགལ་གྱི་རེད་ཞུ་རྒྱུ་ཡིན། དོན་གཅོད་རེ་ཟུང་ནས་བཀའ་ཤག་གི་བཀའ་འཁྲོལ་མེད་པར་རྒྱབ་གཉེར་ཞུས་པ་བྱུང་འདུག དེ་ལ་བརྟེན་ནས་འབྲེལ་ཡོད་གཞུང་གིས་མ་འོངས་པར་དེ་འདྲའི་ཕྱག་བྲིས་མ་གནང་ན་ཡག་གི་རེད། གང་ཡིན་ཞེ་ན། ཚང་མ་ཁྲིམས་ཀྱི་འགྲོ་སྟངས་གཞིར་བཟུང་འགྲོ་རྒྱུ་མ་གཏོགས། ཁྱེད་ཚོས་རྒྱབ་གཉེར་གནང་བ་ལ་བརྟེན་ནས་དམིགས་བསལ་གཏོང་ཐབས་ཡོད་མ་རེད་ཅེས་ཡི་གེ་འབྱོར་སོང༌། ང་ཚོས་དགོངས་སེལ་ཞུ་དགོས་བྱུང༌། དེ་འདྲ་ཡིན་ཙང་མ་འོངས་པར་དེ་འདྲའི་ཡི་གེ་མ་གཏོང་ཞེས་བསྐྱར་དུ་དོན་གཅོད་ཁག་ལ་ལམ་སྟོན་བྱེད་དགོས་བྱུང་བ་རེད། ཕྱོགས་གཞན་ཞིག་ནས་ཁོ་ཚོར་རོགས་པ་བྱེད་མཁན་གྱི་ཁྲིམས་རྩོད་པ་དེ་ཚོ་ལ་མཐུན་འགྱུར་གང་དགོས་དོན་གཅོད་སོ་སོས་བྱེད་ཀྱི་ཡོད་རེད། ཁོང་ཚོ་ས་གནས་ཀྱི་ཁྲིམས་རྩོད་པ་ཡིན་ཙང༌། ཡུལ་ཁྲིམས་དང་མཐུན་པའི་ཁྲིམས་རྩོད་བྱེད་ཀྱི་ཡོད་པ་ཡིན་སྟབས། ཁོང་ཚོར་དགོས་མཁོའི་གནས་ཚུལ་སྤྲོད་རྒྱུར་ཡུལ་ཁྲིམས་དང་ང་ཚོའི་ལྟ་གྲུབ་གང་དག་ཡང་འགལ་གྱི་མེད་པར་ངོས་འཛིན་བྱེད་ཀྱི་ཡོད།
སྤྱི་འཐུས་བེ་རི་འཇིགས་མེད་དབང་རྒྱལ་ལགས་ནས།
ད་རིང་གི་དྲི་བ་འདི་སྐྱ་སེར་རིས་སུ་མ་ཆད་པའི་སྤྱི་ཚོགས་ནང་བོད་མི་མང་པོ་ཞིག་ལ་དཀའ་ངལ་འཕྲད་བསྡད་ཡོད་པ་ཞིག་ཡིན། དེ་གོ་སྐབས་ག་འདྲ་ཞིག་ལེན་དགོས་པ་ཤེས་མ་སོང༌། དེ་རིང་འདི་ཕལ་ཆེར་ཐད་ཀར་དེ་དང་འབྲེལ་བ་ཆགས་ཀྱི་འདུག་བསམ་གྱི་འདུག ང་ཚོ་ཕྱི་རྒྱལ་ཁག་ལ་ཁྲིམས་འགལ་བྱས་ནས་འགྲོ་མཁན་ཉིན་རེ་ནས་ཉིན་རེ་དང༌། ཟླ་རེ་ནས་ཟླ་རེ། ལོ་རེ་ནས་ལོ་རེ་མང་དུ་མང་དུ་འགྲོ་གི་ཡོད་རེད། འགྲོ་བའི་རྒྱུ་མཚན་དེ་དཔལ་འབྱོར་གྱི་གནས་བབ་འ་ཆད་འུ་ཐུག་དང༌། མི་ཚེའི་འགྲོ་སྟངས་ཀྱི་ཐོག་ལ་དཀའ་ངལ་མང་པོ་ཞིག་འཕྲད་ནས་འགྲོ་གི་ཡོད་རེད་མ་གཏོགས་སྐྱིད་དྲགས་པ་དང་རྒྱགས་དྲགས་ནས་འགྲོ་མཁན་ཧ་ལམ་ཡོད་མ་རེད། འགྲོ་སའི་ལམ་ཁྲིམས་འགལ་མ་ཡིན་པ་ཞིག་འཚོལ་དགོས་ཀྱི་ཡོད་ན་ཡང་ལམ་དེ་མ་རྙེད་སྟབས་དཀའ་ངལ་མང་པོ་ཞིག་གི་འོག་ནས་མ་འཚོལ་རང་འཚོལ་རེད་མ་གཏོགས་དགའ་བཞིན་སྤྲོ་བཞིན་དུ་བཙལ་བ་ཞིག་མ་རེད། བཙལ་ནས་འགྲོ་བའི་མཐའ་མཇུག་ཁྲིམས་འགལ་ལམ་ག་ལ་ཁྲིམས་འགལ་གྱི་ས་གནས་ལ་སླེབས་ས་མ་གཏོགས་མེད་པ་ཡིན་ཙང༌། དཀའ་ངལ་མང་པོ་འཕྲད་པ་རེད། དཀའ་ངལ་ནང་ལྷུང་ཚར་བ་དེ་ཚར་བ་རེད། ལུས་ལས་ལུས་དབང་ཇི་བཞིན་དུ། །གཏི་མུག་ཀུན་ལ་གནས་གྱུར་པ། །དེ་ཕྱིར་ཉོན་མོངས་ཐམས་ཅད་ནི། །གཏི་མུག་བཅོམ་པས་འཇོམས་པར་གྱུར། །ཞེས་པ་དང་ཁོག་འདྲ་བར་དེ་དག་གང་གའི་འགག་རྩ་ཐུག་ས་དེ་ག་པར་ཐུག་ཡོད་ཅེས་ལབ་པ་ཡིན་ན། བཙན་བྱོལ་གྱི་ནང་ལ་དཔལ་འབྱོར་གྱི་གནས་སྟངས་དང༌། ཚོང་དང་ཞིང་ཁའི་གནས་སྟངས་སྐྱོ་རུ་སྐྱོ་རུ་འགྲོ་གི་ཡོད་ཙང༌། འུ་ཐུག་ནས་གྲ་པའི་ནང་ནས་སྡོམ་པ་ཁུངས་མ་འཁྱོལ་མཁན། ཨ་འོ་ནང་ནས་བཟའ་ཟླ་ཁུངས་མ་འཁྱོལ་མཁན། ཞིང་པ་ཁུངས་མ་འཁྱོལ་མཁན། ཚོང་པ་ཁུངས་མ་འཁྱོལ་མཁན་མང་པོ་ཞིག་འུ་ཐུག་ནས་འགྲོ་གི་ཡོད་རེད། ད་དུང་ཡང་དེ་རིང་ཁ་སང་འགྲོ་མཁན་དེ་ལས་མང་དུ་ཕྱིན་ཡོད་རེད། དེ་ཚོ་ཚང་མའི་འགག་རྩ་ཐུག་ས་དེ་དཔལ་འབྱོར་གྱི་གནས་སྟངས་ལ་ཐུག་ཡོང་གི་ཡོད་རེད། བཙན་བྱོལ་ནང་མུ་མཐུད་བསྡད་དགོས་དུས་དཀའ་ངལ་འབ་སུ་མ་འདུས་པ་རེད། ཁྲིམས་འགལ་དེ་འདྲ་བཟོ་བའི་ལམ་དེ་ཡར་ཡར་ཁུངས་གཏུགས་ཡོང་དུས། བཙན་བྱོལ་ནང་ལ་དཔལ་འབྱོར་གནས་བབས་ཀྱི་ཐོག་ལ་དཀའ་ངལ་འཕྲད་པ་དེ་ལ་ཐུག་ཡོད་སྟབས། དེའི་ཐོག་འབྲེལ་ཡོད་འཛིན་སྐྱོང་ལྷན་ཚོགས་ཀྱིས་ཁྲིམས་འགལ་བཟོ་མི་དགོས་པའི་ཐབས་ལམ་གཞན་པའི་ཐོག་ནས་མི་མང་གི་དཀའ་ངལ་སེལ་བའི་ལམ་དེ་འདྲ་ཞིག་དཔེར་ན་བལ་ཡུལ་ལ་ང་ཚོས་ཉེ་ཆར་ལམ་ཀ་བཙལ་བ་དེ་བཞིན་ལམ་ཞིག་རག་པའི་དགོངས་འཆར་དེ་འདྲ་བྱུང་དང་མ་བྱུང་ཞུ་རྒྱུ་གཅིག་ཡིན། དེ་ནས་དྲི་བ་གཉིས་པ་དེ། དེ་འདྲའི་དཀའ་ངལ་དེ་ལ་ཡོ་བསྲང་བཟོ་བའི་ཆེད་དུ་ཕྱི་རྒྱལ་ལ་གཏོང་ཆེ་ཐུབ་ཆུང་ཐུབ་ཕར་གཏོང་བཞག་པ་ཡིན་ན། བཙན་བྱོལ་གཞུང་གི་ངོ་བོ་དང་མ་འོངས་པའི་འཆར་གཞི། བོད་ཀྱི་ཆོས་དང་རིག་གཞུང༌། ལུང་པ་འཛིན་སྐྱོང་བྱ་རྒྱུའི་ལམ་ག་དེ་བྱེ་མའི་ནང་དུ་ཆུ་ཐིམ་པ་བཞིན་དུ་མེད་པ་ཆགས་འགྲོ་གི་ཡོད་དུས་འགན་བཟོད་ཐབས་ག་ལ་ཡོད། ཡིན་ནའང་མང་ཚོགས་ཀྱི་ནང་དུ་དེ་རིང་ཁ་སང་བར་དུ་འབྲེལ་ཡོད་མང་པོ་ཞིག་གི་བསམ་འཆར་དང་དགོངས་འཆར་བཏོན་བསྡད་པ་མང་པོ་ཞིག་ང་ཚོ་མང་ཚོགས་ཀྱི་འཐུས་མི་ཡིན་པའི་ཆ་ནས་དེ་རིང་སྡིངས་ཆ་འདིའི་ཐོག་ལ་དྲི་བ་བཏང་ན་འོས་ཤིང་འཚམས་པ་འདུག་བསམ་གྱི་འདུག བཙན་བྱོལ་གྱི་ནང་ནས་བལ་ཡུལ་ཙམ་མ་ཡིན་པར་རྒྱ་གར་ནང་དཔལ་འབྱོར་གྱི་དཀའ་ངལ་འཕྲད་སྟངས་མང་པོ་ཞིག་ཡོད་རེད། དེ་འདྲ་ཡིན་དུས་དཔེར་ན་མི་ཚང་རེ་རེ་ནས་མི་རེ་རེ་བཟོ་འདྲ་པོ་ཞིག་ཁྲིམས་མཐུན་གྱི་ཐོག་ཕྱིའི་རྒྱལ་ཁབ་ཁག་ལ་དཔལ་འབྱོར་གྱི་གནས་བབས་ཡོ་བསྲང་བཟོ་བའི་ཆེད་དུ་ལམ་ཞིག་འཚོལ་བ་ཡིན་ན། དེ་ང་ཚོའི་བཙན་བྱོལ་གྱི་དམིགས་ཡུལ་དང་ལྟ་ཕྱོགས་མ་འོངས་པའི་ལམ་ཐོག་ལ་གོད་ཆག་འགྲོ་རྒྱུ་གང་ཡང་མེད་པའི་བཟོ་འདྲ་པོ་ཞིག་དང༌། གནས་སྐབས་དཔལ་འབྱོར་གྱི་ཐོག་ལ་ཡོ་བསྲང་བཟོ་ཐུབ་པ་ཞིག་ང་ཚོའི་ངོས་ནས་དྲན་གྱི་འདུག འཛིན་སྐྱོང་གི་ངོས་ནས་ཐབས་ལམ་དེ་འདྲ་ཞུ་མཁན་སུ་བྱུང་ཡོད་མེད་དང༌། གལ་སྲིད་བྱུང་ཡོད་ན་དེའི་ཐོག་ལ་ཐུགས་ཁུར་ག་འདྲ་བཞེས་ཡོད་མེད། གལ་སྲིད་བྱུང་མེད་པ་ཡིན་ན། མ་འོངས་པར་དེ་འདྲའི་ཐོག་ལ་ཐབས་ལམ་ག་འདྲ་ཞིག་བརྟེན་ན་དྲག་གི་ཡོད་མེད་དེ་ཚོར་བ་རྣོན་པོའི་ཐོག་ནས་མང་ཚོགས་ཀྱི་སྐུ་ཚབ་བྱེད་ནས་འདྲི་གི་ཡོད། དེ་ཡང་སྒེར་དང་འབྲེལ་བ་གང་ཡང་མེད། སྒེར་དང་འབྲེལ་བ་མེད་ཅེས་ལབ་དགོས་པ་དེ་འུར་ཤོབ་བཤད་པ་ཞིག་མིན། ཕྱི་རྒྱལ་གྱི་ཨ་རི་ཨིན་ཌི་ཡ་ན་སློབ་གྲྭ་ཆེན་མོའི་ Indiana University དགེ་རྒན་ཡིན་དང་ཡིན་བཞིན་པ་ཡིན། བྱས་ཙང་མང་ཚོགས་ཀྱི་དཀའ་ངལ་དེ་ལ་གདོང་ལེན་བཟོ་སྟངས་དང་གཅིག ཁྲིམས་འགལ་གྱི་ལམ་ཐོག་ནས་མུ་མཐུད་འགྲོ་མི་དགོས་པའི་ཐབས་ལམ་དེ། དེ་ཕྱིར་ཉོན་མོངས་ཐམས་ཅད་ནི། །གཏི་མུག་བཅོམ་པས་འཇོམས་པར་གྱུར། །ཞེས་པ་བཞིན་མཐར་གཏུགས་ཡོང་དུས། དེ་རིང་ཁ་སང་ལྡི་ལི་ནས་ཁྲིམས་འགལ་ཐོག་འགྲོ་མཁན་ཡོད་དང་ཡོད་བཞིན་པ་རེད། ད་དུང་ཡང་མང་དུ་འགྲོ་གི་རེད། དཔལ་འབྱོར་གྱི་གནས་བབ་དེ་ལ་ཐུག་ཡོང་དུས་མ་འགྲོ་ཐབས་མེད་བྱུང་བ་རེད། མ་འགྲོ་ཐབས་མེད་བྱུང་བ་དེ། ཁྲིམས་འགལ་ཐོག་འགྲོ་མ་དགོས་པ་ཞིག་དང་བོད་པའི་རྩ་དོན་ཐོག་ལ་གནོད་མ་སྐྱེལ་བ་དང་མང་ཚོགས་ཀྱི་དཀའ་ངལ་སེལ་ཐུབ་པའི་ལམ་ཞིག་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་དམིགས་བསལ་ཞིག་འཚོལ་ཐུབ་ས་རེད་དམ་མ་རེད་ཞུ་རྒྱུ་ཡིན།
བཀའ་ལན།
བཀུར་འོས་སྤྱི་འཐུས་ཀྱིས་འཕྲོས་དོན་དྲི་བའི་ནང་ཁྲིམས་འགལ་བྱས་ནས་ཕྱི་རྒྱལ་དུ་འགྲོ་མི་དགོས་པའི་ཆཻད་དུ་བཙན་བྱོལ་གཞུང་གིས་ཐབས་ཤེས་བྱ་རྒྱུ་ཡོད་པ་རེད་དམ་ཞེས་བཀའ་འདྲི་གནང་སོང༌། དྲི་བ་དེའི་འགྲེལ་བརྗོད་ཀྱི་ནང་ད་བར་ཁྲིམས་འགལ་བྱས་ནས་འགྲོ་མཁན་ཚང་མ་འ་ཆད་འུ་ཐུག་དཔལ་འབྱོར་གྱི་དཀའ་ངལ་ཚད་མེད་བྱུང་ནས་འགྲོ་དགོས་ཆགས་པ་མ་གཏོགས། སྐྱིད་པོ་རྒྱགས་པ་བྱས་ནས་ཕྱིན་པ་མ་རེད་ཅེས་བཀའ་གནང་སོང༌། དེ་ངས་ངོས་ལེན་ཞུས་ཐུབ་ས་མ་རེད་ཞུ་རྒྱུ་ཡིན། ཁྲིམས་འགལ་བྱས་ནས་འགྲོ་མཁན་དེ་ཚོ་སྒོར་མོ་འབུམ་ཕྲག་མང་པོ་འགྲོ་སོང་བཏང་ནས་འགྲོ་བ་མ་གཏོགས། དཔལ་འབྱོར་མེད་པར་འ་ཆད་འུ་ཐུག་གིས་འགྲོ་མཁན་གཅིག་ཀྱང་ཡོད་པ་མ་རེད་ཅེས་ཞུས་ན་རྫུན་ཆགས་ཀྱི་མ་རེད། སྒོར་མོ་འབུམ་བདུན་བརྒྱད་སྤྲད་པ་རེད་ཅེས་སྤྱི་ཚོགས་ནང་ཡོངས་གྲགས་རེད། གལ་སྲིད་མི་གཅིག་ལ་སྒོར་འབུམ་བདུན་བརྒྱད་ཡོད་པ་ཡིན་ན། རྒྱ་གར་ནང་འཚོ་བ་བཟང་པོ་བསྐྱལ་ནས་བསྡད་མི་ཐུབ་པ་གང་ཡང་ཡོད་མ་རེད། ཁྲིམས་འགལ་གྱིས་འགྲོ་མཁན་དེ་ཚོ་དཀའ་ངལ་དབང་གིས་མ་ཡིན་པར་རྒྱ་གར་ནང་ཡོད་པའི་འཚོ་བ་བཟང་པོ་དེས་འདོད་པ་མ་ཁེངས་པར་དེ་ལས་ལྷག་པ་ཧ་ཅང་ཕྱུག་པོ་བྱེད་རྒྱུའི་འདོད་རྔམས་ཀྱི་དབང་གིས་འགྲོ་བ་རེད། དེ་འདྲའི་འདོད་རྔམས་མེད་པ་བཟོ་རྒྱུའི་ཐབས་ཤེས་བཙན་བྱོལ་གཞུང་གིས་བྱེད་ཐུབ་ཐབས་མི་འདུག ཉམ་ཐག་རྣམས་ལ་འཚོ་བ་འཁྱོལ་ཙམ་ཡོང་རྒྱུའི་ཐབས་ཤེས་བཙན་བྱོལ་གཞུང་གིས་བྱས་ཐུབ་ཀྱང་འདོད་རྔམས་བསྐང་བའི་ཐབས་ཤེས་བྱེད་ཐུབ་ཀྱི་མི་འདུག
ཁྲིམས་མཐུན་གྱི་ཐོག་ནས་འགྲོ་རྒྱུའི་ཐབས་ལམ་བཙལ་རྒྱུ་མི་འདུག་གམ་ཞེས་བཀའ་འདྲི་གནང་བའི་ཐད། བཙན་བྱོལ་གཞུང་གིས་བོད་མི་ཕྱི་རྒྱལ་གཞུང་འབྲེལ་གཞིས་ཆགས་གཏང་རྒྱུའི་ལས་གཞི་ལག་བསྟར་མི་བྱེད་པའི་སྲིད་བྱུས་འགྱུར་བ་བཏང་བ་དང་ཆབས་ཅིག་ཕྱི་རྒྱལ་དོན་གཅོད་ཚང་མར་བོད་མི་གཞིས་ཆགས་ལེན་མཁན་ཡོད་མེད་འདྲི་བརྩད་དགོས་པའི་བཀོད་མངགས་བྱས་པ་ཡིན། འོན་ཀྱང་ད་བར་གཞིས་ཆགས་ལེན་མཁན་བྱུང་མི་འདུག བཙན་བྱོལ་བོད་མི་རྒྱ་གར་ནང་གཞིས་ཆགས་ཟིན་པ་དེ་ཚོ་ཡང་བསྐྱར་གཞིས་ཆགས་གསར་པ་ཞིག་བཙལ་དགོས་པའི་རྒྱུ་མཚན་ཚད་ལྡན་ང་ཚོས་བཤད་ཐུབ་ཀྱི་མི་འདུག
ཡང་འཕྲོས་དོན་དྲི་བ་གཞན་ཞིག་ལ། བོད་མི་ཚང་མ་ཕྱི་རྒྱལ་དུ་བཏང་བཞག་ན་བྱེ་མའི་ནང་དུ་ཆུ་སིམ་པ་ལྟར་ང་ཚོའི་ཕུགས་རེ་བརླག་གི་རེད། དེ་ལས་མི་ཚང་རེ་རེ་ནས་མི་རེ་རེ་གཏོང་རྒྱུའི་ཐབས་ཤེས་བྱེད་དགོས་ཀྱི་འདུག དེ་འདྲ་བྱེད་ཐུབ་ཀྱི་རེད་དམ་ཞེས་བཀའ་འདྲི་གནང་བའི་ཐད། མི་ཚང་རེ་རེ་ནས་མི་རེ་རེ་བཏང་བ་དང༌། ནང་མི་ཆ་ཚང་བཏང་བ་མཐའ་དོན་གཅིག་པ་རེད། མི་རེ་རེ་བཏང་བ་ཡིན་ནའང་ལོ་གཉིས་གསུམ་ནང་ཚང་མ་ནང་མི་ཟླ་བསྒྲིལ་བྱེད་ཀྱི་རེད་མ་གཏོགས། ནང་མི་གཞན་ཚང་མ་རྒྱ་གར་དུ་གཏན་སྡོད་བྱེད་མཁན་དེ་སྔའང་བྱུང་མ་སོང་ལ། ད་དུང་ཡང་ཡོང་རེ་མེད། མདོར་བསྡུས་ན་བཙན་བྱོལ་གཞུང་གིས་ཐབས་ཤེས་ཇི་འདྲ་ཞིག་བྱས་པ་ཡིན་ནའང་བོད་མི་ཁྲིམས་འགལ་བྱས་ནས་ཕྱི་རྒྱལ་དུ་འགྲོ་མཁན་མེད་པ་ཞིག་ཡོང་རྒྱུའི་རེ་བ་ང་ཚོས་མཐོང་གི་མི་འདུག་ཅེས་ཞུ་རྒྱུ་ཡིན།
སྤྱི་འཐུས་ངག་དབང་བསྟན་པ་ལགས་ནས།
ད་ལྟ་དྲི་བའི་ནང་ལ་སུད་སི་ཐེ་བའི་ཡོ་རོབ་རྒྱལ་ཁབ་ཁག་གི་ནང་བོད་མི་ཁྲིམས་འགལ་ཚོའི་སྐོར་རེད་འདུག ད་ལྟ་དྲི་བ་དང་དྲིས་ལན་གཉིས་ཀའི་ནང་ནས་གསལ་པོ་ཆགས་ཡོད་པ་ཡོད། ཡིན་ནའང་ངའི་དྲི་བ་དེ་སུད་སི་ནང་ལ་དམིགས་སུ་བཀར་ནས་ཞུ་རྒྱུ་ཡིན། ད་ལྟ་བཀའ་ལན་གང་གསུངས་སོང་ལབ་ན། དེ་འདྲ་ཡོད་ནའང་ང་ཚོས་ཤེས་རྟོགས་མ་བྱུང་གསུང་རྒྱུ་ཞིག་དང༌། འདིར་བཞུགས་མཁན་ཚོ་ལས་མེད་ཅེས་ལབ་སོང༌། ངས་དྲི་བ་དེ་བལྟས་པའི་སྐབས་ལ་སུད་སི་ནང་ལ་ལས་མེད་ཆགས་པ་དེའི་སྐོར་སྔོན་མ་གྲོས་ཚོགས་བདུན་པ་བརྒྱད་པ་གང་རུང་ཞིག་གི་ནང་ལ་གྲོས་མོལ་འདི་རང་བྱུང་སོང༌། དཀའ་ངལ་ཡོད་པ་དང་ལས་ཀ་མེད་པ་གང་ལྟར་ཁྲིམས་འགལ་ཡིན་ནའང་མིན་ནའང་ཕྱི་རྒྱལ་སླེབས་ཚར་རྗེས་ལས་ཀ་མེད་པར་དཀའ་ངལ་ཆེན་པོ་ཞིག་གི་ནང་ལྷུང་བསྡད་པ་དེ་ཏན་ཏན་སུད་སི་རང་གི་ནང་ལའང་མི་བདུན་ཅུ་དོན་གྲངས་ཤིག་དང༌། དེ་རིང་སང་ཉིན་ཧ་གོ་དུས་མི་ལྔ་བཅུ་ང་གཉིས་ལ་དཀའ་ངལ་འཕྲད་བསྡད་པ་ཞིག་ཡོད་རེད། རང་གཞུང་བཀའ་ཤག་གི་བཀའ་ལན་ནང་དུ་དེ་ཧ་གོ་མ་སོང་གསུངས་སོང༌། ཧ་གོ་མ་བྱུང་ཞེས་འདི་རང་ལ་བཞག་རྒྱུ་ཡིན་ནམ། ཡང་ན་ཐབས་ཤེས་བྱེད་ཀྱི་ཡོད་དམ། སོ་སོའི་གོ་ཐོས་ལ་ལྷག་བསྡད་པ་དེ་ཚོར་གཞོན་ནུ་དང་བུད་མེད་སུད་སི་སྤྱི་འཐུས་དེ་བཞིན་གཞུང་བཅས་ཀྱིས་གང་ཡོང་ཅི་ཡོང་གནང་གི་ཡོད་རེད་ཅེས་གོ་སོང༌། དེ་ཚོ་དེ་ག་ཙམ་གཡུགས་བཞག་པ་ཡིན་ན་སྐྱབས་བཅོལ་སྒང་ལ་སྐྱབས་བཅོལ་དང༌། རྒྱ་བལ་འབྲུག་གསུམ་དང་སྡེ་ར་དུན་སོགས་ལ་ཁ་པར་སླེབས་ནས་དཀའ་ངལ་ནང་ལྷུང་ཡོད་པ་བཤད་ཀྱི་ཡོད་རེད། རང་གཞུང་གིས་དེ་ཚོའི་དཀའ་ངལ་བསལ་ཐུབ་པ་གནང་རོགས་གནང༌། དྲི་བ་རྡོག་རྡོག་དེ་བཀའ་ཤག་གིས་དེ་མཁྱེན་མ་སོང་ཞེས་དེར་གཡུགས་བཞག་གི་རེད་དམ།
བཀའ་ལན།
བཀའ་ཤག་གི་དྲིས་ལན་ནང་ཤེས་མ་སོང་ཞུས་པ་དེ་ནུབ་ཕྱོགས་ལ་ཁྲིམས་འགལ་བྱས་ནས་འགྲོ་མཁན་ཡོད་པ་ཤེས་མ་སོང་ཞེས་ཞུས་པ་མིན། ས་ཁུག་རེ་ཟུང་ནང་བཟང་བཙོན་དུ་བཅུག་ནས་བཞག་ཡོད་པ་ཤེས་མ་སོང་ཞུས་པ་ཡིན།
སྤྱི་འཐུས་ཚེ་རིང་ཕུན་ཚོགས་ལགས་ནས།
དོན་ཚན་དང་པོ་དེ་སུད་སི་ཐེ་བའི་ཡོ་རོབ་རྒྱལ་ཁབ་ཁ་ཤས་ནང་ཟེར་དུས། ད་ལྟ་སུད་སི་དང་བེལ་ཇི་ཡམ་གཉིས་ཀྱི་ནང་བསྡད་ཡོད་པའི་བོད་མི་ཚོར་རང་གཞུང་ཕྱོགས་ནས་རོགས་རམ་གང་གནང་བ་དེ་གསུངས་སོང༌། སུད་སི་དང་བེལ་ཇི་ཡམ་མ་ཡིན་པ་གཞན་དག་རྒྱལ་ཁབ་ཀྱི་ནང་བོད་རིགས་ག་ཚོད་ཡོད། དེ་དག་ལ་རོགས་རམ་གནང་ཡོད་དམ་མ་རེད། བཀའ་འདྲི་ཞུ་རྒྱུ་གཉིས་པ། སུད་སིའི་ནང་དུ་མི་ལྔ་བརྒྱ་ཉི་ཤུ་རྩ་དགུ་དང༌། དེ་བཞིན་བེལ་ཇི་ཡམ་གྱི་ནང་དུ་གསུམ་བརྒྱ་ཉི་ཤུ་རྩ་བདུན་ལ་རོགས་རམ་བྱས་ཡོད་རེད་གསུངས་སོང༌། ད་དུང་རོགས་པ་བྱེད་མ་ཐུབ་པ་དེ་ཚོའི་ནང་བོད་མི་ག་ཚོད་ལྷག་ཡོད་རེད། བཀའ་འདྲི་ཞུ་རྒྱུ་གསུམ་པ་དེ་བོད་མི་ཁྲིམས་འགལ་ལ་རོགས་པ་བྱེད་ཐུབ་ཀྱི་མི་འདུག དེ་ཁོང་ཚོར་བོད་མི་སྤྱི་འགྲེ་སྤྱི་མཚུངས་རོགས་པ་གནང་རྒྱུ་ཞིག་དོན་གཅོད་ཁག་ལ་བཀའ་གནང་ཡོད་ཅེས་བཀའ་ཕེབས་འདུག བཀའ་ཤག་གིས་ཁོང་ཚོ་བོད་མི་ཡིན་པར་ངོས་ལེན་གནང་ནས་རོགས་པ་བྱེད་ཀྱི་ཡོད་པ་ཞིག་ངས་གོ་སོང༌། དེ་འདྲ་ཡིན་ན་ཁོང་ཚོ་བོད་མི་རེད་ཅེས་པའི་ལག་འཁྱེར་གནང་མ་ཐུབ་པ་གང་ཡིན་ནམ། གལ་སྲིད་མ་གནང་ན་དྲང་པོ་དང་བདེན་པ་ང་རང་ཚོའི་གཞུང་གི་ལངས་ཕྱོགས་དང་འགྲིག་གི་ཡོད་རེད་དམ། དེ་རྒྱལ་ཁབ་གཞན་ལ་སྲིད་ཇུས་གཟིགས་ནས་ང་ཚོས་མ་སྤྲད་པ་ཡིན་ན་ང་ཚོ་བོད་མི་ཡིན་པ་ལ་ཡིད་ཆེས་ཡོད་བཞིན་རོགས་རམ་མ་བྱས་པ་ཡིན་ན། དེ་དྲང་པོ་དང་བདེན་པའི་གནས་ཚུལ་དང་བསྡད་ཀྱི་ཡོད་རེད་དམ།
བཀའ་ལན།
བཀུར་འོས་སྤྱི་འཐུས་མཆོག་གིས་འཕྲོས་དོན་དྲི་བའི་ནང་སུད་སི་དང་བེལ་ཇི་ཡམ་ནང་བོད་མི་ཁ་ཤས་ལ་རོགས་པ་བྱས་པ་ཡིན་ཞེས་ལབ་སོང༌། རོགས་པ་བྱས་མ་ཐུབ་པར་ལྷག་བསྡད་པ་ག་ཚོད་ཡོད་རེད་ཅེས་བཀའ་འདྲི་གནང་བའི་ཐད། རོགས་པ་བྱས་མ་ཐུབ་པ་ལྷག་བསྡད་པ་འདི་ཙམ་ཡོད་ཅེས་ངས་ཞུ་ཐུབ་ཀྱི་མི་འདུག དོན་གཅོད་ཁང་དུ་འབྲེལ་བ་གནང་མཁན་ཚོ་ལ་ཕྱག་རོགས་ཞུ་གི་ཡོད་རེད། དཔེར་ན་བེལ་ཇི་ཡམ་ལྟ་བུར་ཆ་མཚོན་ན་བོད་མི་བདུན་བརྒྱ་ནས་བརྒྱད་བརྒྱའི་བར་ཡོད་ཚུལ་གོ་རྒྱུ་འདུག ཡིན་ནའང་དོན་གཅོད་ནས་བོད་མི་ཡིན་པའི་ངོ་སྦྱོར་ཞུ་མཁན་ ༥༢༩ ལས་བྱུང་མི་འདུག ཡང་བོད་མི་ཡིན་པའི་ངོ་སྦྱོར་གང་བྱས་ནས་སྤྲོད་ཀྱི་ཡོད་མ་རེད་ཅེས་བཀའ་འདྲི་གནང་སོང༌། ངས་སྔོན་དུ་ཞུས་པ་དེ་གསལ་པོ་བྱུང་ཡོད་ས་མ་རེད། བོད་མི་ཡིན་པའི་ངོ་སྦྱོར་སྤྲོད་ཀྱི་ཡོད་ཞུས་པ་ཡིན། མི་སོ་སོས་དོན་ཁང་དུ་དཔྱ་ཁྲལ་ལག་དེབ་དང་མཉམ་ངོ་སྦྱོར་ཞུ་བར་ཕྱིན་པ་ཡིན་ན། ངོ་སྦྱོར་ཕུལ་གྱི་ཡོད་རེད། བོད་མི་མིན་པའི་ཁུ་ནུ། ཤར་པ། དེ་བཞིན་མི་རིགས་གཞན་ཁ་ཤས་ཀྱིས་བོད་མི་ཡིན་པའི་ངོ་སྦྱོར་ཞུ་མཁན་ཡང་བྱུང་འདུག་ཀྱང༌། ཧ་ཅང་འགལ་ཚབས་ཆེ་བ་ཡོད་པར་མཐོང་གི་མེད།
སུད་སི་དང་བེལ་ཇི་ཡམ་གཉིས་མ་གཏོགས་རྒྱལ་ཁབ་གཞན་པའི་ནང་ཁྲིམས་འགལ་བྱས་ནས་སྡོད་མཁན་ཡོད་མ་རེད་དམ་ཞེས་བཀའ་འདྲི་གནང་བའི་ཐད། སུད་སི་དང་བེལ་ཇི་ཡམ་གཉིས་པོ་དེ་དངོས་གསལ་དོད་ཤོས་རེད། དེ་མིན་དབྱིན་ལེན་དང༌། ཧོ་ལེན། པོར་ཅུ་གལ། སི་པེན་སོགས་ཀྱི་ནང་དུའང་གང་འཚམས་ཤིག་ཡོད་བཟོ་འདུག
སྤྱི་འཐུས་རྒྱ་རི་བུ་ཕྲུག་ལགས་ནས།
འཕྲོས་དོན་དྲི་བ་མ་དྲིས་གོང་ལ་ཚིག་གཅིག་ཞུ་འདོད་བྱུང་སོང༌། ངས་རྒྱུན་དུ་བསམ་ཚུལ་ལ་ཁྲིམས་འགལ་བྱེད་དང་མ་བྱེད་པའི་བོད་མི་ཡིན་ཕྱིན་ཆད་བདག་པོ་རྒྱག་དགོས་ཀྱི་ཡོད་རེད་བསམ་གྱི་ཡོད། ངའི་འཕྲོས་དོན་དྲི་བ་ནི་དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་གི་བཀའ་ལན་ནང་དུ་ལྟ་གྲུབ་ཀྱི་ཐོག་ནས་ཁྲིམས་འགལ་གྱི་ལས་ཀ་བྱེད་མཁན་དེ་ཚོར་རོགས་རམ་གནང་ཐུབ་ཀྱི་མ་རེད་ཅེས་པ་ལྟ་བུ་ཞིག་གོ་སོང༌། ང་རང་གི་བསམ་པར་དེ་ཏག་ཏག་ཅིག་བསྡད་ཀྱི་ཨེ་ཡོད་བསམ་གྱི་འདུག གང་ཡིན་ཞེ་ན་ཐོག་མར་ཁྲིམས་འགལ་གྱི་ཐོག་ནས་ལུང་པ་གཞན་དེར་ཕྱིན་པ་དེ་ལྟ་གྲུབ་དང་འགལ་གྱི་ཡོད་ནའང་ཁོང་ཚོ་གནས་ཡུལ་གྱི་རྒྱལ་ཁབ་དེ་ཚོའི་ནང་སྐྱབས་བཅོལ་བའི་གནས་བབ་ཞུ་ཆོག་གི་ཡོད་ན། དེའི་ཐོག་ལ་རོགས་རམ་གནང་བ་ཡིན་ན་དེ་ལྟ་གྲུབ་དང་འགལ་གྱི་ཡོད་རེད་བསམ་གྱི་མི་འདུག སྐྱབས་བཅོལ་བ་སུ་འདྲ་ཞིག་ཡིན་ནའང་ཐོག་མར་ལུང་པ་དེར་སླེབས་པར་ཁྲིམས་འགལ་གྱི་ཐོག་ནས་བྱེད་ཀྱི་ཡོད་རེད་ཀྱང༌། ལུང་པ་དེར་སླེབས་ཟིན་རྗེས་སྐྱབས་བཅོལ་བའི་གནས་བབ་གནང་གི་ཡོད་པའི་ལམ་སྲོལ་ཞིག་འཛམ་གླིང་སྤྱི་ལ་ཡོད་རེད། ངའི་དྲི་བ་གཙོ་བོ་དེ་ཁོང་ཚོར་རོགས་རམ་གནང་རྒྱུ་དེ་གཞུང་གི་མིང་ཐོག་ནས་གནང་བ་ཡིན་ན་མཛད་དཀའ་འཕྲད་ཀྱི་ཡོད་དམ།
བཀའ་ལན།
ངས་གོང་དུ་ཞུས་པའི་ལན་དེ་ཚོ་ད་དུང་ཡང་གསལ་པོ་བྱུང་མེད་པ་འདྲ། ཁྲིམས་འགལ་གྱི་ཐོག་ནས་ཕྱི་རྒྱལ་དུ་བསྐྱོད་མཁན་གྱི་བོད་མི་དེ་ཚོར་མི་སྤྱོད་དང་འབྲེལ་བའི་རོགས་རམ་གང་ཐུབ་བྱེད་དགོས་ཞེས་དོན་གཅོད་ཁག་ལ་བཀོད་མངགས་བྱས་ཡོད། དེའང་ཁོང་ཚོ་བཟའ་རྒྱུ་མེད་ན་ཁ་ལག་ཐབས་འཚོལ། ནད་པ་ཆགས་ན་སྨན་བཅོས་ལྟ་རྟོག་སོགས་རང་མེད་གཞན་འཚོལ་ག་རེ་བྱེད་དགོས་བྱུང་ཡང་བྱེད་དགོས་ཀྱི་རེད། དེ་ལྟ་གྲུབ་དང་འགལ་གྱི་འདུག་ཅེས་ནམ་ཡང་ཞུས་མེད། བོད་མི་ཡིན་པ་ར་འཕྲོད་ན་བོད་མི་ཡིན་པའི་ངོ་སྦྱོར་ཡང་སྤྲད་ཆོག་གི་རེད་ཅེས་བཤད་ཡོད། དེའང་ལྟ་གྲུབ་དང་འགལ་གྱི་འདུག་ཅེས་ཞུས་མེད། ལྟ་གྲུབ་དང་འགལ་བ་ང་ཚོས་བྱེད་མི་ཐུབ་པ་གང་རེད་ཅེ་ན། ཁོང་ཚོ་རྒྱ་གར་ནང་བསྡད་ན་བཙོན་ཁང་དུ་ཚུད་རྒྱུ་དང༌། ཉེས་རྡུང་མནར་གཅོད་ཡོང་རྒྱུའི་ཉེན་ཁ་ཡོད་པས་སྐྱབས་བཅོལ་གནང་རོགས་ཞེས་ཞུ་ཐུབ་ཀྱི་ཡོད་མ་རེད། ཁོང་ཚོ་རྒྱ་གར་ནས་ཡོང་བ་མ་རེད། ཐད་ཀར་བོད་ནས་ཡོང་བ་རེད་ཅེས་ངོ་སྦྱོར་སྤྲད་ཐུབ་ཀྱི་ཡོད་མ་རེད། བདེན་པ་མིན་པའི་གནས་ཚུལ་རྫུན་གཏམ་བཤད་ན་ལྟ་གྲུབ་དང་འགལ་གྱི་རེད། ཁྲིམས་འགལ་བྱས་ནས་སླེབས་པ་ཡིན་ནའང་ཕྲན་བུ་ཆག་ཡང་གནང་རྒྱུ་མེད་དམ་ཞེས་ཞུ་སྐབས། འབྲེལ་ཡོད་གཞུང་ནས་བཙན་བྱོལ་བོད་གཞུང་གིས་དེ་འདྲ་མ་གསུངས་པ་ཡིན་ན་ཡག་པོ་འདུག་ཅེས་གསུངས་འདུག དེའང་ཕན་ཐོགས་མེད་པའི་རྐྱེན་གྱིས་རེད།
སྤྱི་འཐུས་ཚུལ་ཁྲིམས་བསྟན་འཛིན་ལགས་ནས།
ཕྱི་རྒྱལ་ཁག་ལ་འགྲོ་མཁན་གྱི་ན་གཞོན་དེ་ཚོས་སྒོར་འབུམ་ལྔ་དྲུག་སྤྲད་ནས་འགྲོ་གི་ཡོད་པ་ཡིན་ཙང༌། ཁོང་ཚོར་འཚོ་གོས་ཀྱི་དཀའ་ངལ་མ་ཡིན་པར་འདོད་རྔམས་ཀྱི་ཐོག་ནས་འགྲོ་གི་ཡོད་པ་རེད་ཅེས་ངས་གོ་ནོར་ཐེབས་མེད་ན། བཀའ་ལན་གྱི་ནང་ལ་དེ་འདྲ་ཞིག་གསུངས་སོང་བསམ་བྱུང༌། དེ་ཏག་ཏག་ཅིག་བསྡད་ཀྱི་ཨེ་ཡོད་བསམ་གྱི་འདུག གང་ཡིན་ཞེ་ན། སྒོར་མོ་འབུམ་ལྔ་དྲུག་སྤྲད་ནས་ཏན་ཏན་འགྲོ་གི་ཡོད་རེད། ཡིན་ན་ཡང་འབུམ་ལྔ་དྲུག་དེ་རང་གཞུང་ཕྱོགས་ནས་སྒེར་གྱི་ཡིན་ནམ་གཞན་གྱི་ས་ནས་བུ་ལོན་བླངས་པ་ཡིན་གང་ཡིན་བརྩད་གཅོད་གནང་ཡོད་དམ།
གཉིས་པ་དེར། ཁོང་ཚོ་དངུལ་དེ་ཙམ་སྤྲད་ནས་ཕྱིན་པའི་རྗེས་ལ་ཕ་གིར་ཁྲིམས་མཐུན་ཆགས་ཐུབ་པ་བྱུང་བ་དེ་དག་གིས་འདིར་ཡོད་པའི་ནང་མི་དེ་ཚོ་དང་སྤྱི་ཚོགས་ལ་ཕན་ཐོགས་ག་ཚོད་བྱུང་ཡོད་མེད་ཐུགས་ཞིབ་གནང་ཡོད་དམ། ཁོང་ཚོས་འཚོ་གོས་ལ་སོགས་པའི་ཐོག་ལ་ནང་མི་གཉེན་འབྲེལ་སོགས་ལ་ཕན་ཐོགས་བྱུང་བ་དེས་རང་གཞུང་ལ་མཛད་དཀའ་ཉུང་དུ་འགྲོ་གི་མི་འདུག་གམ།
གསུམ་པ་དེར། ང་ཚོའི་ན་གཞོན་དེ་ཚོར་སྐྱབས་བཅོལ་བ་ཡིན་པའི་དབང་གིས་རྒྱ་གར་གཞུང་གི་ལས་ཀ་འཐོབ་ཀྱི་ཡོད་མ་རེད། ཡང་རྒྱ་གར་གྱི་ནང་ལ་ཡོད་པའི་སྒེར་གྱི་བཟོ་གྲྭ་ཁག་གི་ནང་ནའང་ལས་ཀ་འཐོབ་ཀྱི་ཡོད་མ་རེད། རང་གཞུང་ཕྱོགས་ནས་དེ་ཚོར་ཕྱག་ལས་ལྡེང་བ་ཞིག་གནང་རྒྱུ་ཡོད་མ་རེད། ལོ་བཅོ་ལྔ་ཉི་ཤུའི་རིང་སློབ་སྦྱོང་བྱས་ནས་མར་ཐོན་ཡོང་དུས་ལས་མེད་བར་ལྡིང་དུ་བསྡད་དགོས་པ་ཆགས་དུས་ཝ་མི་བརྒྱལ་ཀ་མེད་འདྲེ་ཡི་འགྲམ་ལྕག་ཅེས་པ་ལྟར་ཕྱི་རྒྱལ་མི་འགྲོ་ཀ་མེད་ཆགས་ཀྱི་ཡོད་པ་རེད། འདིར་གྲོད་ཁོག་སྟོང་པར་བསྡད་ཐུབ་ཀྱི་ཡོད་མ་རེད། དེ་ཚོའི་ཐོག་ལ་ཐུགས་ཞིབ་གནང་ཡོད་དམ། གལ་སྲིད་དེ་ཚོའི་ཐོག་ལ་ཐུགས་ཞིབ་གནང་ཡོད་པ་ཡིན་ན། ན་གཞོན་དེ་རིགས་ཕྱི་རྒྱལ་ལ་ཁྲིམས་འགལ་གྱི་ཐོག་ནས་འགྲོ་མི་དགོས་པར་ཁོང་ཚོར་ལས་ཀ་ཞིག་རང་གཞུང་ཕྱོགས་ནས་གནང་བའམ་གནས་ཡུལ་རྒྱ་གར་གཞུང་ལ་སྐྱབས་འཇུག་ཞུས་པ་ཡིན་ནའང་འདྲ། སྒེར་གྱི་བཟོ་གྲྭ་ཁག་ལ་འབྲེལ་བ་གནང་གི་ཡོད་པ་ཡིན་ནའང་འདྲ། ཐབས་ཤེས་གང་དྲག་གི་ཐོག་ནས་དེ་ཚོ་ལས་མེད་དུ་སྡོད་མི་དགོས་པ་ཞིག་ཡོང་བའི་དགོངས་བཞེས་གནང་གི་ཡོད་དམ། ད་ལྟ་བར་དུ་དེའི་ཐོག་ལ་ཕྱག་ལས་ག་ཚོད་ཅིག་གནང་ཡོད་དམ། གཞིས་སྒར་ཁག་ལ་མི་རེ་ལ་ས་ཞིང་ཨེ་ཀར་གཅིག་མ་གཏོགས་ཡོད་མ་རེད། དེ་ཡང་ ༡༩༥༩ ལོར་སླེབས་པ་དེ་ཚོར་ཡོད་རེད་མ་གཏོགས་དེའི་རྗེས་ལ་སྐྱེས་པའི་ཕྲུ་གུ་དེ་ཚོར་ས་སྐལ་སོགས་གང་ཡང་ཡོད་མ་རེད། ༡༩༥༩ ལོར་སླེབས་པའི་ཕ་མ་དེ་ཚོས་ས་ཞིང་ཨེ་ཀར་རེ་ལ་བརྟེན་ནས་བུ་ཕྲུག་ལྔ་དྲུག་གསོ་ཐུབ་ཀྱི་མེད་པ་དེ་རང་གཞུང་ནས་གསལ་པོ་མཁྱེན་གྱི་ཡོད་རེད་བསམ་གྱི་འདུག ན་གཞོན་མང་པོ་ཞིག་ལ་ལས་ཀ་མེད་པའི་དབང་གིས་སེམས་མ་སྐྱིད་པ་ཆགས་ནས་རྫས་སྨན་ Drugs འཐུང་མཁན་ཡོང་གི་ཡོད་རེད་ལ། རྐུ་མ་ཡང་རྒྱག་མཁན་ཡོང་གི་ཡོད་རེད། དེ་ཚོའི་ཐོག་ལ་རང་གཞུང་ནས་དགོངས་བཞེས་གནང་གི་ཡོད་མ་རེད་བསམ་གྱི་མི་འདུག་ཀྱང༌། དེ་ལ་གྲུབ་འབྲས་ག་ཚོད་ཙམ་ཞིག་ཐོབ་ཡོད་དམ། མ་འོངས་པར་ང་ཚོའི་སྤྱི་ཚོགས་ཀྱི་ནང་དུ་ལས་མེད་ཀྱི་དཀའ་ངལ་མེད་པ་ཆགས་པར་ད་དུང་ལོ་ག་ཚོད་ཅིག་འགོར་གྱི་རེད་དམ། དེའི་ཐོག་ལ་ད་ལྟའི་ཆར་འཆར་གཞི་ག་རེ་ཡོད་དམ།
བཀའ་ལན།
བཀུར་འོས་སྤྱི་འཐུས་མཆོག་གིས་སྒོར་མོ་འབུམ་ལྔ་དྲུག་སྤྲད་པ་དེ་སོ་སོ་སྒེར་གྱི་མ་ཡིན་པར་བུ་ལོན་བླངས་ནས་སྤྲོད་ཀྱི་ཡོད་རེད་ཅེས་གསུངས་སོང༌། དངོས་གནས་ཡིན་གྱི་རེད། སྒོར་མོ་འབུམ་ལྔ་དྲུག་བུ་ལོན་གཡར་མཁན་བྱུང་ན་དེ་བེད་སྤྱོད་བཏང་ནས་རྒྱ་གར་ནང་འཚོ་ཐབས་བཙལ་མི་ཐུབ་པ་ཞིག་རྩ་བ་ནས་ཡོད་མ་རེད། བཙན་བྱོལ་གཞུང་གིས་སྒོར་མོ་ཁྲི་ལྔ་ནས་འབུམ་གཅིག་བར་གྱི་བུ་ལོན་གཡར་ནས་ད་ལྟ་སོ་སོའི་རྐང་པའི་སྒང་ལ་འགྲོ་སྟངས་སྡོད་སྟངས་ཤེས་མཁན་མང་པོ་བྱུང་ཡོད། སྒོར་མོ་འབུམ་ལྔ་དྲུག་བུ་ལོན་གཡར་མཁན་བྱུང་ན་ཁྲིམས་མཐུན་གྱིས་འཚོ་བ་སྐྱེལ་ཐབས་མ་བྱས་པར་ཁྲིམས་འགལ་གྱིས་ཕྱི་རྒྱལ་དུ་འགྲོ་དགོས་དོན་གང་ཡང་ཡོད་མ་རེད། རྒྱ་གར་ནང་ལ་ཆ་མཚོན་ན་འཚོ་བ་ཡག་ཐག་ཆོད་བསྐྱལ་ནས་སྡོད་མཁན་དེ་ཚོའང་དུས་གཅིག་ལ་མ་རྩ་སྒོར་འབུམ་ལྔ་དྲུག་བཏོན་རྒྱུ་ཡོད་མཁན་ཧ་ཅང་དཀོན་པོ་རེད།
ཡང་ཁྲིམས་འགལ་གྱི་ཐོག་ནས་ཕྱི་རྒྱལ་དུ་སོང་བ་དེ་ཚོས་ནང་མི་ལ་ཕན་ཐོགས་ག་ཚོད་བྱུང་ཡོད་མེད་གཞུང་གིས་ཞིབ་འཇུག་གནང་ཡོད་དམ་ཞེས་གསུངས་པའི་ཐད། ཁྲིམས་འགལ་གྱི་ཐོག་ནས་འགྲོ་མཁན་ག་ཚོད་བྱུང་བ་དང༌། དེ་ཚོས་ནང་མི་ལ་ཕན་ཐོགས་ག་ཚོད་བྱུང་བའི་སྐོར་ཞིབ་འཇུག་ཞུ་རྒྱུ་མ་བྱུང༌། ཚོད་དཔག་བྱེད་ན་འདས་པའི་ལོ་ལྔ་དྲུག་ནང་ཁྲིམས་འགལ་གྱིས་ཕྱི་རྒྱལ་དུ་འགྲོ་མཁན་སུའང་རང་མགོ་ཐོན་ནས་ནང་མི་ལ་ཕན་ཐོགས་ཐུབ་པའི་གནས་བབ་ལ་སླེབས་མཁན་ཕལ་ཆེར་བྱུང་ཡོད་མ་རེད་བསམ་གྱི་ཡོད། མ་འོངས་པར་ཁྲིམས་འགལ་གྱིས་ཕྱི་རྒྱལ་ལ་འགྲོ་མཁན་དེ་ཚོས་རྒྱ་གར་གྱི་ནང་མི་ལ་ཕན་ཐོགས་བྱུང་ན་ཡག་པོ་རེད། འོན་ཀྱང་དེའི་རྒྱུ་མཚན་གྱིས་ཁྲིམས་འགལ་བྱས་ནས་འགྲོ་ན་འགྲིགས་ཀྱི་ཡོད་པ་བསྒྲུབ་ཐུབ་ཀྱི་མ་རེད། རྒྱ་གར་གྱི་ནང་ཁྲིམས་མཐུན་གྱི་ཐབས་ལམ་སྣ་ཚོགས་ཐོག་ནས་སོ་སོའི་འཚོ་བ་བསྐྱལ་རྒྱུའི་ཐབས་ཤེས་ཡོད་པ་ཞིག་རེད།
འཕྲོས་དོན་དྲི་བ་གསུམ་པ་བོད་མི་རྣམས་སྐྱབས་བཅོལ་བ་ཡིན་པའི་ཆ་ནས་རྒྱ་གར་གཞུང་གི་ལས་ཀ་ཐོབ་ཀྱི་མེད་པ་དང༌། སྒེར་གྱི་བཟོ་གྲྭ་ཁག་གི་ནང་དུའང་ལས་ཀ་ཐོབ་ཀྱི་ཡོད་མ་རེད་ཅེས་གསུངས་སོང༌། དེ་དངོས་ཡོད་ཀྱི་གནས་ཚུལ་མ་རེད། རྒྱ་གར་གྱི་ལས་ཀའི་ཁྲོམ་རྭའི་ནང་འགྲན་བསྡུར་བྱས་ནས་འགྲོ་མ་ཐུབ་པ་མ་གཏོགས། ཁྲིམས་ཀྱི་ཐོག་ནས་བོད་མི་སྐྱབས་བཅོལ་བ་ཡིན་པའི་རྒྱུ་མཚན་གྱིས་ལས་ཀ་བྱེད་མི་ཆོག་པའི་གནས་ཚུལ་གཏན་ནས་ཡོད་མ་རེད། རྒྱ་གར་དབུས་གཞུང་ཞབས་འདེམས་བསྐོ་ལྷན་ཁང་གི་གསལ་བསྒྲགས་ནང༌། ཕྱི་ལོ་ ༡༩༦༢ སྔོན་ལ་རྒྱ་གར་དུ་སྐྱབས་བཅོལ་ཞུས་ཏེ་གཏན་སྡོད་བྱས་པའི་མི་སུ་འདྲ་ཞིག་ཡིན་ནའང་འཚང་རྒྱུགས་གཏོང་ཆོག་གི་ཡོད་ཅེས་ལོ་ལྟར་འཁོད་ཀྱི་ཡོད་རེད། ཉེ་བའི་ལོ་ཁ་ཤས་ཀྱི་ནང་ཕྱི་ལོ་ ༡༩༦༢ སྔོན་ལ་སླེབས་པ་དང༌། ཁོ་ཚོའི་རྒྱུད་འཛར་བུ་ཕྲུག་རྣམས་ IAS IPS ལ་སོགས་པའི་གཞུང་ཞབས་ས་མིག་ག་འདྲ་ཞིག་ཏུ་འཚང་རྒྱུགས་གཏོང་ཆོག་པའི་གསལ་བསྒྲགས་བྱེད་ཀྱི་ཡོད་རེད། འོན་ཀྱང་ད་ལྟ་བར་དུ་བོད་མི་གཅིག་གིས་དེའི་གོ་སྐབས་བླངས་ནས་འཚང་རྒྱུགས་གཏོང་མཁན་བྱུང་བ་ཞིག་ངས་གོ་མ་སོང༌། རྒྱ་གར་གཞུང་གི་ཆེས་མཐོའི་གཞུང་ཞབས་དེ་ཚོའི་ནང་འཛུལ་ཞུགས་བྱེད་ཆོག་གི་ཡོད་ན་བཟོ་གྲྭ་ཁག་གི་ནང་ལས་ཀ་བྱེད་མི་ཆོག་པའི་གནས་ཚུལ་ཡོང་ཤེས་ཐབས་ཡོད་མ་རེད། ཞིབ་འཇུག་མ་བྱས་པ་དང༌། གོ་བརྡ་མ་འཕྲོད་པའི་དབང་གིས་དཀའ་ངལ་བྱུང་ཡོད་སྲིད་པ་ཞིག་རེད། ངའི་བསམ་པར་རྒྱ་གར་གྱི་བཟོ་གྲྭ་ཁག་གི་ནང་བོད་མིར་ལས་ཀ་མ་ཐོབ་པའི་རྒྱུ་མཚན་གཞན་ཞིག་མཐོང་བ་མ་གཏོགས། སྐྱབས་བཅོལ་བ་ཡིན་པའི་རྒྱུ་མཚན་གྱིས་ལས་ཀ་མ་ཐོབ་པ་མ་རེད་བསམ་གྱི་ཡོད།
ན་གཞོན་ལས་མེད་ཉུང་དུ་གཏོང་ཐབས་སུ་བཙན་བྱོལ་བོད་གཞུང་ལ་འཆར་གཞི་ག་རེ་ཡོད་དམ། ན་གཞོན་ལས་མེད་ག་དུས་མེད་པ་ཆགས་ཀྱི་རེད་ཅེས་བཀའ་འདྲི་གནང་བའི་ཐད། ཁ་སང་དྲི་བ་གཞན་པ་ཞིག་གི་ལན་དུ་ཧ་ཅང་གསལ་པོ་ཞུས་ཟིན་པ་ལྟར། ད་ལྟའི་གནས་བབ་འདིའི་འོག་ནས་ཕྱིན་པ་ཡིན་ན་བོད་མི་ན་གཞོན་ལས་མེད་མེད་པ་ཡོང་རྒྱུའི་གོ་སྐབས་ཤིག་མཐོང་གི་མི་འདུག ལོ་རེ་བཞིན་དུ་ལས་ཀ་འཚོལ་བའི་གྲངས་ཚད་དང༌། ན་གཞོན་བར་ལྡིང་གསར་ཐོན་གཉིས་ཁ་མ་མཉམ་པ་ཡོང་གི་ཡོད་རེད། ཐོན་སྐྱེད་མང་ལ་བེད་སྤྱོད་ཉུང་བའི་རྐྱེན་གྱིས་ཇི་སྲིད་ཀྱི་བར་གཞི་རིམ་ཤེས་ཡོན་གྱི་ལམ་སྲོལ་དང་བོད་མིའི་སྤྱི་ཚོགས་ཀྱི་བསམ་བློའི་འཁྱེར་སྟངས་གཉིས་ལ་འགྱུར་བ་མ་ཕྱིན་པ་དེ་སྲིད་དུ་ན་གཞོན་བར་ལྡིང་མེད་པ་བཟོ་ཐབས་ཡོད་པའི་གནས་སྟངས་ཤིག་ངས་མཐོང་གི་མི་འདུག བོད་གཞུང་ལ་འཆར་གཞི་གང་ཡོད་དེ་སྔོན་དྲི་བ་གཞན་གྱི་ལན་དུ་རྒྱས་པར་ཞུས་ཟིན་པ་ཡིན།
གྲོས་ཚོགས་ཚོགས་དུས་བཅུ་པ། ༢༠༠༥།༩།༡༤ ནས་ ༢༠༠༥།༩།༢༣