གཅིག་བསྡུས་ཡར་རྒྱས་འཆར་གཞི་གསུམ་པའི་ནང་དོན་འགའ་ཞིག་དང་འབྲེལ་བའི་དྲི་བ་དྲིས་ལན།
སྤྱི་འཐུས་ཐུབ་བསྟན་འཕེལ་རྒྱས་ལགས་ནས། ༄༅། །བཀའ་ཤག་སྐབས་བཅིུས་པས་གཅིག་བསྡུས་ཡར་རྒྱས་འཆར་གཞི་གསུམ་པའི་དགོངས་དོན་ ༢༠༠༣ ནས་ ༢༠༠༦ བར་གྱི་ལས་གཞི་ལག་བསྟར་ལམ་སྟོན་ནང་གསལ་རྒྱ་བལ་འབྲུག་གསུམ་དུ་ཡོད་པའི་བོད་མིའི་སྤྱི་ཚོགས་ནང་ཧ་ཅང་ཁ་ཚ་དགོས་གཏུགས་ཀྱི་ཛ་དྲག་ཆེ་བའི་ལས་གཞི་གསུམ་དང་གྲུབ་དོན་ཁག་བཅས་ངོས་འཛིན་གནང་བའི་ནང་ཚན།
ག ཁ་ཐོར་བོད་མི་རྣམས་བོད་མིའི་གནས་ཡུལ་ཆེ་ཁག་ཏུ་ཟླ་བསྒྲིལ་ཐུབ་ཐབས་སུ།
༡ མྱོས་རྫས་ལ་བག་མེད་ལོངས་སྤྱོད་དང༌། ལྷན་སྐྱེས་སྲིན་འབུ་འཁྲུགས་པའི་ནད་གཞི། ན་གཞོན་ལས་མེད་ལྟ་བུ་ཛ་དྲག་གི་འཚོ་ཐབས་ཀྱི་དཀའ་ངལ་རྣམས་བསལ་ཏེ་གཞིས་ཆགས་ཐུབ་ཐབས་ཀྱི་མཐུན་རྐྱེན་སྦྱར་རྒྱུ་དང༌།
༢ ཁ་ཐོར་དུ་གནས་པ་རྣམས་རིམ་བཞིན་སྤྱི་ཡོངས་སུ་ཟླ་བསྒྲིལ་ཐུབ་ཐབས་ཀྱི་ལས་གཞི་ཁག་ལག་བསྟར་དང༌། གཞི་རིམ་གྱི་ཤེས་ཡོན་སློབ་སྦྱོང་གི་མཐུན་རྐྱེན་གོ་སྒྲིག་བྱེད་དགོས། ཞེས་སོགས་དོན་ཚན་སོ་སོའི་ལས་གཞིའི་གནས་སྟངས་ད་ཆ་ཇི་ལྟར་ཆགས་ཡོད་དམ།
བཀའ་ལན།
༡ མྱོས་རྫས་ལ་བག་མེད་ལོངས་སྤྱོད་དང༌། ལྷན་སྐྱེས་སྲིན་འབུ་འཁྲུགས་པའི་ནད་གཞི་ཅན་རྣམས་ཀྱི་ཆེད། བོད་གཞུང་འཕྲོད་བསྟེན་ལས་ཁུངས་ནས་ ༢༠༠༤ ཟླ་ ༡༠ ཚེས་ ༢༠ ཉིན་ལ་དམིགས་བསལ་ལས་གཞི་གཏན་འབེབས་ཀྱིས་ལས་རིམ་གང་ཐུབ་འགྲོ་བཞིན་པ་ཡིན།
༢ ཁ་ཐོར་གནས་པ་རྣམས་རིམ་བཞིན་སྤྱི་ཡོངས་སུ་ཟླ་བསྒྲིལ་ཐུབ་ཐབས་སུ་ས་ཁང་སྒྲིག་གཞི་གཏན་འབེབས་བྱུང་མཚམས་གཞིས་ཆགས་ཁག་གི་ས་ཁང་བསྐྱར་ཞིབ་ཀྱིས་སྒྲིག་མཐུན་སྒུག་ཐོ་ཡོད་པ་རྣམས་འཇུག་ཐབས་དང༌། ན་གཞོན་ལས་མེད་རྣམས་ལ་ལས་རྩོལ་དང་ལས་རིགས་སྦྱོང་བརྡར། ཚོང་ལས་མཐུན་འགྱུར་སོགས་ཀྱི་ལམ་ནས་བོད་མིའི་སྡོད་སྒར་རམ་བོད་མིའི་གནས་ཡུལ་ཁག་གི་ཉེ་འཁོར་དུ་རིམ་བཞིན་འཚོ་གནས་ཐུབ་ཐབས་ཀྱི་ལས་གཞི་འགྲོ་བཞིན་པ་ཡིན།
སྤྱི་འཐུས་ཐུབ་བསྟན་འཕེལ་རྒྱས་ལགས་ནས་འཕྲོས་དོན་དྲི་བར།
ད་ལྟ་ལན་ནང་གསལ་བ་བཞིན་བག་མེད་མྱོས་རྫས་ལོངས་སྤྱོད་མཁན་ད་ལྟའི་ཆ་ལ་བོད་པའི་སྤྱི་ཚོགས་ནང་ལ་གྲངས་འབོར་ག་ཚོད་ཡོད་དམ། དེའི་གནས་སྟངས་ག་འདྲ་ཡིན་མིན་གྱི་དྲི་བ་གཅིག་དང༌། དེ་ནས་དེ་ག་ནང་བཞིན་ལྷན་སྐྱེས་སྲིན་འབུ་འཁྲུགས་པའི་ནད་གཞི་ཡོད་མཁན་ད་ལྟ་བོད་པའི་སྤྱི་ཚོགས་ནང་ལ་ག་ཚོད་དང༌། དེ་ཚོའི་གནས་སྟངས་གང་འདྲ་ཡིན་མིན། དེ་ནས་ལས་གཞི་དབུ་འཛུགས་གནང་ཡོད་གསུང་གི་ཡོད་རེད། ལས་གཞི་དབུ་འཛུགས་གནང་བ་དེ་དག་གང་དང་གང་ཡིན་ནམ་ཞུ་རྒྱུ་ཡིན།
བཀའ་ལན།
བོད་པའི་སྤྱི་ཚོགས་ནང་མྱོས་རྫས་ངན་གོམས་ཅན་གྲངས་འབོར་ག་ཚོད་ཡོད་པ་ད་ལྟ་གསལ་པོ་ཞིག་ཞུ་ཐུབ་ཀྱི་མི་འདུག གང་ཡིན་ཟེར་ན། མྱོས་རྫས་ངན་གོམས་ཅན་རྣམས་གསལ་པོ་མ་ཐོན་པར་གབ་སྟེ་བསྡད་པ་མང་པོ་ཡོད་པ་དང༌། ཐེངས་གཅིག་ཞིབ་འཇུག་བྱེད་སྐབས་ཀྱི་གྲངས་འབོར་དང་ཐེངས་གཉིས་པ་ཞིབ་འཇུག་བྱེད་སྐབས་ཀྱི་གྲངས་འབོར་གཅིག་པ་མ་བསྡད་པའི་གནས་ཚུལ་མང་པོ་ཡོང་བསྡད་ཀྱི་འདུག ད་ལྟ་ང་ཚོས་ཞུ་ཐུབ་པ་ཞིག་ནི་འཕྲོད་བསྟེན་ལས་ཁུངས་ནས་སྨན་བཅོས་བྱས་ཟིན་པ་དང་སྨན་བཅོས་བྱེད་བཞིན་པ་དེ་ཚོའི་གྲངས་འབོར་དེ་རེད། ༢༠༠༤ ཟླ་བ་ ༤ ཚེས་ ༡ ནས་ ༢༠༠༥ ཟླ་ ༣ ཚེས་ ༣༡ གི་བར་ལ་སྨན་བཅོས་བྱས་ཟིན་པའི་མྱོས་རྫས་ངན་གོམས་ཅན་གྱི་ན་གཞོན་གྲངས་ ༢༨ དང༌། བྱེད་བཞིན་པ་གྲངས་ ༡༥ ད་ལྟ་རྩ་བའི་སྨན་བཅོས་བྱས་ཟིན་པ་ཡིན་ནའང་མཇུག་སྐྱོང་གི་ལྟ་རྟོག་འོག་ལ་འགྲོ་བཞིན་པ་གྲངས་ ༩ ཡོད། དེ་བཞིན་ལྷན་སྐྱེས་སྲིན་འབུ་འཁྲུགས་པའི་ནད་གཞི་སྨན་བཅོས་བྱེད་བཞིན་པ་གྲངས་ ༣ ཡོད། སྔ་ལོ་ཕྱི་ཟླ་ ༡༠ ནས་ཛ་དྲག་གི་ལས་གཞི་དེ་འགོ་བཙུགས་ནས་གཙོ་ཆེ་ཤོས་སློབ་གྲྭ་ཁག་གི་ནང་དུ་ཚོགས་ཆུང་ཟུར་འཛུགས་ཀྱིས་མྱོས་རྫས་ངན་གོམས་འགོག་ཐབས་ཀྱི་ལས་གཞི་སྤེལ་བཞིན་པ་ཡིན། སློབ་གྲྭ་ཁག་སོ་སོའི་ནང་སྨན་བཅོས་བྱེད་རྒྱུའི་ཐབས་ཤེས་བྱེད་ཀྱི་ཡོད། འདི་ལོ་ཕྱི་ཟླ་ ༩ པའི་ནང་སློབ་གྲྭ་ཡོངས་རྫོགས་ཀྱི་ནང་ལས་གཞི་གང་འདྲ་འགྲོ་གི་འདུག་བསྐྱར་ཞིབ་བྱ་རྒྱུའི་ཆེད་དུ་རྡ་རམ་ས་ལར་ཚོགས་འདུ་ཞིག་བསྐོང་རྒྱུའི་བང་བསྒྲིགས་ཡོད། འོན་ཀྱང་ཕྱི་ཟླ་ ༩ པའི་ནང་ཚོགས་མ་ཐུབ་པར་ཕྱི་ཟླ་ ༡༠།༡༡ ནང་ལ་ཚོགས་འཆར་འདུག དེའི་སྐབས་ལོ་གཅིག་གི་ཛ་དྲག་ལས་གཞི་དེས་སློབ་གྲྭ་ཁག་གི་ནང་ཕན་ཐོགས་ག་འདྲ་བྱུང་ཡོད་མེད་བསྐྱར་ཞིབ་བྱས་པའི་ཐོག་ལོ་གཉིས་པའི་ལས་གཞི་ལག་བསྟར་བྱེད་ཕྱོགས་ཇི་དགེ་གྲོས་བསྡུར་བྱེད་ཀྱི་ཡིན།
སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ནས།
གོང་དུ་དྲི་བ་གཅིག་ཞུས་ཟིན་པ་སོང་ཙང་བསྐྱར་ཟློས་མ་དགོས་པར་དྲི་བ་གཅིག་རང་ཞུ་རྒྱུ་དེ། བཀའ་ལན་དང་པོའི་ནང་ལ་མྱོས་རྫས་དང་ལྷན་སྐྱེས་སྲིན་འབུ་འཁྲུགས་པའི་ནད་གཞིའི་ཐོག་ལ་ལས་རིམ་བང་སྒྲིག་བསྡད་ཡོད་ཅེས་གསུངས་སོང༌། ཕྲན་གྱིས་དྲི་བ་ཞུ་རྒྱུ་དེ་ལྷན་སྐྱེས་སྲིན་འབུ་འཁྲུགས་པའི་ནད་གཞི་ཞེས་པ་དང་འབྲེལ་བ་ཆགས་ཀྱི་ཡོད། སྤྱིར་བཏང་བྱས་ན་ལྷན་སྐྱེས་སྲིན་འབུ་འཁྲུགས་པའི་ནད་གཞི་ཞེས་པའི་ཚིག་འདི་ཁོ་རང་ངོས་ལེན་ཞུ་མཁན་ཞིག་མིན། སྔོན་མ་གསལ་བཤད་ཞུས་ཟིན་པ་ཡིན། ཚིག་དེ་ཐོག་མར་ཨ་རིའི་རླུང་འཕྲིན་ཁང་ནས་བེད་སྤྱོད་བཏང་སོང༌། ཡིན་ནའང་ལྷན་སྐྱེས་སྲིན་འབུ་འཁྲུགས་པའི་ནད་གཞི་ཟེར་བ་འདི། ནད་གཞི་གང་འདྲ་ཞིག་ཡིན་ནའང་ནད་བུ་མ་འཁྲུགས་པའི་ནད་གཞི་ཞིག་ཡོད་མ་རེད་ཅེས་སྔོན་མ་ཞུས་ཟིན་པ་ཡིན། HIV དང་ Aids ཟེར་བ་དེར་གོ་དགོས་ཀྱི་ཡོད་རེད། HIV དང་ Aids དེ་ཤད་གུག་ནང་ལ་བཅུག་པ་ཡིན་ན་དེའི་ནང་ལ་མ་མཁྱེན་པ་མང་པོ་ཞིག་གིས་མཁྱེན་ཐུབ་ཀྱི་རེད་ལ། གོ་བརྡ་ཡང་ཡག་ཏུ་འགྲོ་གི་རེད་ཞུ་རྒྱུ་ཞིག་དང༌། དཔལ་ལྡན་བཀའ་ཁྲི་མཆོག་ལ་བཀའ་འདྲི་ཞུ་རྒྱུ་དེ་ལྷན་སྐྱེས་སྲིན་འབུ་འཁྲུགས་པའི་ནད་གཞི་ཟེར་བ་དེ་ HIV དང་ Aids འཛམ་བུ་གླིང་གི་ནང་ལ་ཕྱི་ཟླ་ ༡༢ པའི་ཚེས་ ༡ དེ་ World Aids Day ཞེས་སྲུང་རྩི་ཞུས་ནས་ན་ཚ་དེ་སྔོན་འགོག་དང་བཅོས་ཐབས་ཀྱི་ཆེད་དུ་མི་མང་ལ་སློབ་གསོའི་ཟབ་སྦྱོང་རྒྱལ་ཁབ་ཚང་མའི་ནང་ལ་སྤེལ་གྱི་ཡོད་རེད། དེ་འདྲ་ཡིན་དུས་རང་གཞུང་གི་ཕྱོགས་ནས་དུས་ཚོད་དེ་སྤྱི་མཚུངས་ཀྱི་རྩ་ཆེན་པོ་ཞིག་རྩིས་ནས་ལས་འཆར་སྤེལ་རྒྱུར་དགོངས་བཞེས་ག་རེ་ཡོད་དམ་ཞུ་རྒྱུ་ཡིན།
བཀའ་ལན།
སྤྱིར་བཏང་རྒྱལ་སྤྱིའི་ནང་སྲུང་བརྩི་ཞུ་རྒྱུའི་ཉིན་མོ་དེ་ཚོ་ཕྱོགས་གཅིག་ནས་གལ་ཆེན་པོ་ཡིན་གྱི་རེད། ཕྱོགས་གཞན་པ་ཞིག་ནས་དེ་ལས་གལ་ཆེ་བ་ཉིན་གཅིག་སྲུང་བརྩི་ཞུས་པ་ཙམ་མ་ཡིན་པར་ལོ་འཁོར་ཟླ་བ་བཅུ་གཉིས་ཞག་ནག་སུམ་བརྒྱ་དྲུག་ཅུའི་རིང་ལ་ལས་འགུལ་ག་རེ་ཡིན་ནའང་མུ་མཐུད་ནས་བྱེད་རྒྱུ་དེ་ཡིན་པར་མཐོང་གི་ཡོད། མ་འོངས་པར་ཉིན་མོ་དེ་ཚོ་སྲུང་བརྩི་ཞུ་རྒྱུའི་འཆར་གཞི་འདི་འདྲ་ཞིག་ཡོད་ཅེས་ངས་ད་ལྟ་ཞུ་ཐུབ་ཀྱི་མི་འདུག་ཀྱང༌། སྲུང་རྩི་ཞུས་ན་དགེ་མཚན་ཡོད་པ་ཡིན་ན་ངེས་པར་དུ་བསམ་ཞིབ་བྱེད་ཀྱི་ཡིན་ཞུ་རྒྱུ་ཡིན།
སྤྱི་འཐུས་སྒྲོལ་མ་མཚོ་མོ་ལགས་ནས།
མྱོས་རྫས་བག་མེད་ལོངས་སྤྱོད་གནང་མཁན་ཚོའི་ཆེད་དུ་ལས་འགུལ་སྤེལ་གནང་གི་ཡོད་ཅེས་བཀའ་གནང་བ་དེ་ང་ཚོ་བལ་ཡུལ་ལ་ཁྱབ་ཀྱི་ཡོད་རེད་དམ་མ་རེད་ཅེས་བཀའ་འདྲི་ཞུ་རྒྱུ་ཡིན། སྔོན་མ་ཉམ་ཐག་བསྐྱར་ཞིབ་བྱས་སྐབས་ལ་བལ་ཡུལ་ལ་དཀའ་ངལ་ཤུགས་ཆེན་པོ་ཞེ་དྲགས་དང་ཛ་དྲག་ཡིན་ཞེས་ང་ཚོས་སྙན་ཐོའི་ནང་ཞུ་རྒྱུ་བྱུང༌། བྱས་ཙང་དེའི་ཐོག་ལ་གལ་སྲིད་གཅིག་གནང་རྒྱུའི་དགོངས་བཞེས་ཡོད་ན་བལ་ཡུལ་ལ་གནང་རྒྱུ་དེ་དུས་ཚོད་ག་ཚོད་འགོར་གྱི་རེད།
བཀའ་ལན།
ཐོག་མར་ལས་གཞི་སྒྲིག་པའི་སྐབས་བལ་ཡུལ་ཡང་མཉམ་དུ་ཚུད་དགོས་པའི་བསམ་ཚུལ་ཡོད་པ་དང༌། ད་ལྟ་ཡིན་ནའང་བལ་ཡུལ་ནང་ལས་གཞི་དེ་སྤེལ་དགོས་པའི་ཚོར་སྣང་ཡོད། ཡིན་ནའང་བལ་ཡུལ་ནང་ལས་གཞི་སྤེལ་རྒྱུ་དཀའ་ལས་ཁག་པོ་རེད། བལ་ཡུལ་རང་གི་ནང་ནས་མི་འགྲོའི་མཐུན་རྐྱེན་འཛོམས་ན་མ་གཏོགས་རྡ་རམ་ས་ལ་ནས་གཞུང་གི་ལས་བྱེད་ཆེད་གཏོང་བྱེད་རྒྱུ་དང༌། ཁོང་ཚོ་བལ་ཡུལ་ནང་བསྡད་དེ་ལས་གཞི་སྤེལ་རྒྱུ་ཧ་ཅང་དཀའ་པོ་འདུག བལ་ཡུལ་ནང་བར་ལམ་ཞིག་ནས་སྤྱི་ཚོགས་དང་ཤེས་ཡོན་གང་གི་ཐོག་ལའང་ལས་གཞི་རྒྱ་ཆེ་བ་གང་ཡང་སྤེལ་མ་ཐུབ་པ་ཡིན་ཙང༌། ད་ལྟའི་ལས་གཞི་འདི་ཡང་ལག་ལེན་འཁེལ་ཡོད་པ་མ་རེད། མ་འོངས་པར་ལག་ལེན་འཁེལ་བའི་ཐབས་ཤེས་ཞུ་ཐུབ་པ་དང་ཞུ་དགོས་པའི་གནས་བབ་ཅིག་བྱུང་ན་ངེས་པར་དུ་ཞུ་རྒྱུ་ཡིན།
སྤྱི་འཐུས་ཚེ་རིང་སྒྲོལ་མ་ལགས་ནས།
དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་ལ་འཕྲོ་དོན་དྲི་བ་གསུམ་ཙམ་ཞིག་ཆགས་ཀྱི་འདུག་སྟེྟ། གཉིས་ད་ལྟ་སྐར་རྟགས་ཅན་གྱི་དྲི་བ་གཏོང་གནང་མཁན་གྱིས་བཏང་ཚར་བ་སོང་ཙང་བསྐྱར་དུ་ཞུ་གི་མིན། དྲི་བ་གསུམ་པ་དེ་ལྷན་སྐྱེས་སྲིན་འབུ་འཁྲུགས་ནད་གཞི་དེའི་སྐོར་ལ་རང་གཞུང་ནས་སྨན་བཅོས་གནང་རྒྱུའི་མཐུན་རྐྱེན་ག་ཚོད་ཅིག་ཡོད་དམ་ཞུ་རྒྱུ་ཡིན།
བཀའ་ལན།
ལྷན་སྐྱེས་སྲིན་འབུ་འཁྲུགས་པའི་ནད་གཞི་ཟེར་བ་དེ་གཙང་དྲག་འགྲོ་བའི་སྨན་བཅོས་བྱེད་རྒྱུ་མེད་པ་ཡོངས་གྲགས་རེད། ཡིན་ཡང་འཕྲོད་བསྟེན་ལས་ཁུངས་ནས་ལྷན་སྐྱེས་སྲིན་འབུ་འཁྲུགས་པའི་ནད་པ་གསུམ་ལ་ལྟ་རྟོག་བྱེད་ཀྱི་ཡོད་ཞུས་པ་དེའི་ནང་གི་ནད་པ་གཅིག་བལ་ཡུལ་ནས་རེད་འདུག ཁོ་ཚོ་ལ་འཚོ་སྣོན་དང་སྨན་གྱི་འགྲོ་གྲོན་སོགས་སྤྲད་ཀྱི་ཡོད་པ་མ་གཏོགས། སྨན་བཅོས་འདི་དང་འདི་འདྲ་ཞིག་བྱེད་དགོས་པའི་ལམ་སྟོྟན་ཞུས་ཐུབ་ཀྱི་མི་འདུག ནད་པ་སོ་སོས་བོད་སྨན་དང་རྒྱ་སྨན་གང་བསྟེན་གྱི་ཡོད་ནའང་དེའི་སྨན་གྲོན་ཆ་ཚང་དང༌། གཟུགས་པོ་འཕྲོད་བསྟེན་གྱི་ཆེད་དུ་འཚོ་སྣོན་ཟླ་བ་ལ་སྒོར་ལྔ་བརྒྱ་ལས་མ་ཉུང་བ། དེ་བཞིན་བརྟག་དཔྱད་དང་དེའི་ཆེད་ལམ་གྲོན་ཆ་ཚང་འབུལ་གྱི་ཡོད།
སྤྱི་འཐུས་ཐོགས་མེད་ལགས་ནས།
འཕྲོད་བསྟེན་ལས་ཁུངས་ནས་ལྷན་སྐྱེས་སྲིན་འབུ་འཁྲུགས་པའི་ནད་གཞི་ལ་སྨན་བཅོས་གནང་ཡོད་རེད་དམ། ཡང་ན་འཕྲོད་བསྟེན་གྱི་སྟེང་ནས་ཟབ་སྦྱོང་དང་སློབ་གསོ་དེ་འདྲ་གནང་ཡོད་དམ།
བཀའ་ལན།
དེ་ད་གིན་ཞུས་ཟིན་པ་ཡིན། སྤྱིར་བཏང་འདིའི་ཐོག་སྔོན་འགོག་གི་ཆེད་དུ་ཟབ་སྦྱོང་སྤྲད་རྒྱུ་དང༌། དེབ་ཆུང་བཀྲམ་རྒྱུ། དེ་བཞིན་རྩིག་པ་ལ་སྦྱར་རྒྱུའི་ཤོག་བུ་བཀྲམ་རྒྱུ། ཡང་ཡང་ས་གནས་ཁག་ལ་དྲིལ་བསྒྲགས་བྱེད་རྒྱུ་དེ་ཚོ་བྱེད་ཀྱི་ཡོད་རེད། ནད་གཞི་ཕོག་མཁན་ཚོ་ལ་ག་པར་བརྟག་དཔྱད་བྱེད་པར་ཕྱིན་པ་ཡིན་ནའང་དེའི་ལམ་གྲོན་སྤྲོད་ཀྱི་ཡོད། སྨན་རིན་སྤྲོད་ཀྱི་ཡོད། འཚོ་སྣོན་སྤྲོད་ཀྱི་ཡོད། དེ་མ་གཏོགས་འཕྲོད་བསྟེན་ལས་ཁུངས་ནས་ཐད་ཀར་སྨན་བཅོས་བྱེད་ཀྱི་མེད།
སྤྱི་འཐུས་ཚེ་རིང་ཕུན་ཚོགས་ལགས་ནས།
ངའི་དྲི་བ་དང་པོ་དེ་དྲིས་ལན་གསུངས་པའི་ནང་དུ་སོ་སོ་རང་ལ་ཤེས་ཡོན་མེད་པ་ཡིན་དུས་ཁ་གསལ་ལ་མི་གསལ་བ་འདྲ་པོ་ཆགས་སོང༌། དེ་འདྲ་སོང་ཙང་སོ་སོའི་དྭོགས་པའི་དྲི་བ་ཞུ་ཆོག་པ་ཞུ། ད་ལྟ་དྲི་བ་དང་པོའི་ནང་ལ་མྱོས་རྫས་བག་མེད་ལོངས་སྤྱོད་དང་ལྷན་སྐྱེས་སྲིན་འབུ་འཁྲུགས་པའི་ནད་གཞིའི་སྐོར་ལ་བཀའ་འདྲི་གནང་འདུག བཀའ་ལན་གྱི་ནང་དུ་ ༢༠༠༤ ཟླ་ ༡༠ ཚེས་ ༢༠ ནས་དམིགས་བསལ་ལས་གཞི་འགྲོ་བཞིན་པ་ཡིན་ཞེས་གསུངས་འདུག དྲི་བ་ཞུ་རྒྱུ་ལ། སྨན་སྤྲད་རྒྱུ་དང༌། དངུལ་སྤྲད་རྒྱུ། རྩིག་ལྡེབ་ལ་པར་སྦྱར་རྒྱུ་ཙམ་རེད་དམ། ཡང་ན་དམིགས་བསལ་ལས་གཞི་དེའི་ནང་མ་འདུས་པའི་འཕྲོད་བསྟེན་ལས་ཁུངས་ནས་ལས་གཞི་གང་སྤེལ་ཡོད་མེད་གསལ་ཁ་ཡོང་བ་ཞུ་རྒྱུ་ཞིག་དང༌། དོན་ཚན་གཉིས་པའི་ནང་ལ་ཁ་ཐོར་གནས་པ་རྣམས་སྤྱི་ཡོངས་ཟླ་བསྒྲིལ་གཏོང་གི་ཡིན། དེའི་ཆེད་དུ་གཞིས་ཆགས་ཁག་གི་སྒྲིག་གཞི་བསྐྱར་བཅོས་དང་སྒུག་ཐོའི་ནང་ཡོད་པ་གཞིས་ཆགས་ཀྱི་ཁོངས་སུ་འཇུག་ཐབས་ཡིན་ཞེས་གསུངས་འདུག ངས་འདིའི་ལན་གྱི་ནང་དུ་སོ་སོའི་གོ་སྟངས་ལྟར་བྱས་ན་ཁ་ཐོར་གནས་པ་དེ་ཚོ་ཁ་ཐོར་བྱེད་མ་དགོས་པར་གཞིས་ཆགས་ཁག་ལ་བཅུག་རྒྱུ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། ཡིན་ནའང་གཞིས་ཆགས་ཁག་གི་ས་ཁང་བསྐྱར་ཞིབ་ཀྱིསསྒྲིག་མཐུན་སྒུག་ཐོ་ཡོད་པ་རྣམས་འཇུག་ཐབས་ཞེས་པ་ངའི་བསམ་ཚུལ་བྱས་ན་སྒྲིག་མཐུན་སྒུག་ཐོ་ཡོད་པ་དེ་ཡང་ཁག་གཉིས་ཆགས་ས་རེད་དྲན་གྱི་འདུག བྱས་ཙང་སྒྲིག་མཐུན་སྒུག་ཐོ་ཡོད་པ་ཞེས་པ་དེའི་སྐོར་ང་ལ་གསལ་བཤད་ཅིག་གནང་རོགས། ཁ་ཐོར་གནས་པའི་གཞིས་ཆགས་ཁག་མ་ཡིན་པའི་རྡ་རམ་ས་ལ་ལ་སོགས་པ་གལ་སྲིད་ས་གནས་གཞན་དག་ལ་མཐུན་པ་ཡོང་གི་ཡོད་ན། གཞིས་ཆགས་ཁག་གི་གཞིས་ཆགས་མི་མང་ལ་ཞིབ་འཇུག་བྱེད་ཡོང་དུས་དེའི་ནང་ལ་གཞིས་ཆགས་དང་པོ་སླེབས་ཡོང་མཁན་ཚོ་ཕྲུ་གུ་བུ་རྒྱུད་མང་པོ་ཞིག་གཞིས་ཆགས་སོསོའི་ནང་ལ་སྒུག་ཐོ་ཡོད་རེད། བྱས་ཙང་ས་ཁང་སྒྲིག་གཞི་ཞིབ་འཇུག་བྱཻད་ཡོང་དུས་དེའི་སྒུག་ཐོ་དེ་དང་པོ་གཞིས་ཆགས་ཁོ་རང་གི་ནང་དུ་ཡོད་པའི་སྒུག་ཐོ་དེ་རེད་དམ། ཡང་ན་དེ་མིན་པ་ས་གནས་གཞན་དག་ལ་ཞིབ་འཇུག་བྱས་ནས་སྒུག་ཐོ་ཡོད་པ་བཅས་ཁག་གཉིས་ཡོད་རེད། དེའི་སྒུག་ཐོའི་སྐོར་ལ་གསལ་བཤད་ཅིག་གནང་རོགས། དོན་དག་གཞན་པ་ཞིག་ལ་ན་གཞོན་ལས་མེད་རྣམས་ལ་ལས་འཚོལ་དང༌། ལས་རིགས་སྦྱོང་བརྡར། ཚོང་ལས་མཐུན་འགྱུར་སོགས་ཞེས་གསུངས་འདུག འདི་ཞེ་དྲགས་གི་གནད་འགག་ཆེན་པོ་རེད། ནང་སྲིད་ལས་ཁུངས་ནས་དེ་འདྲའི་ལས་གཞི་འགོ་འཛུགས་གནང་བ་དེ་སོ་སོ་ཡིན་ནའང་གོ་སོང༌། ཡིན་ནའང་ཤེས་དགོས་པ་ཞིག་ལ་ན་གཞོན་ལས་མེད་ལས་འཚོལ་དང༌། ལས་རིགས་སྦྱོང་བརྡར། ཚོང་གི་མཐུན་འགྱུར་གནང་རྒྱུ་དེའི་འཆར་གཞི་དང་རོགས་རམ་ག་ཚོད་ལ་གནང་གི་ཡོད་མེད་དེ་གསུང་ཆོག་གི་ཡོད་ན། དེའི་ཚོར་ཆ་རྐྱེན་ག་ཚོད་དགོས་པ་བཅས་མི་མང་གི་མཁྱེན་རྟོགས་ཆེད་གསུང་རོགས་གནང་ཞུ་རྒྱུ་ཡིན།
བཀའ་ལན།
སྨན་སྤྲད་པ་ཙམ་མིན་པའི་ལས་གཞི་གཞན་པའི་འཆར་གཞི་གང་དང་གང་བསྒྲིགས་ཡོད་ཅེས་གསུངས་པའི་ཐད། སྤྱིར་བཏང་འཕྲོད་བསྟེན་གྱི་སྲིད་ཇུས་ནང་སྨན་བཅོས་དང་སྔོན་འགོག་གཉིས་ཀྱི་ནང་ནས་སྔོན་འགོག་དེ་གལ་ཆེ་བ་དང༌། སྨན་བཅོས་དེ་རིམ་པ་གཉིས་པ་ལ་བཞག་གི་ཡོད། དེ་འདྲ་སོང་ཙང་མྱོས་རྫས་ངན་གོམས་དང་ལྷན་སྐྱེས་སྲིན་འབུ་འཁྲུགས་པའི་ནད་གཞི་གཉིས་ཀའི་ཆེད་དུ་སྔོན་འགོག་གི་ལས་གཞིའི་ཐོག་ལ་འབད་བརྩོན་ཆེན་པོ་བྱེད་ཀྱི་ཡོད། གོང་དུ་ཞུས་པ་ལྟར་ཟབ་སྦྱོང་སྤྲོད་རྒྱུ་དང༌། ཡིག་ཆ་བཀྲམ་རྒྱུ། སྦྱར་གྱང་སྦྱར་རྒྱུ་ལ་སོགས་པའི་ལས་གཞི་མང་པོ་ཞིག་སྤེལ་གྱི་ཡོད། དེ་ཡང་གཙོ་ཆེ་ཤོས་སློབ་གྲྭ་ཁག་གི་ནང་མྱོས་རྫས་ངན་གོམས་གསར་པ་མི་འབྱུང་བའི་ཆེད་དུ་ཚོགས་ཆུང་བཙུགས་ནས་སྔོན་འགོག་གི་ལས་དོན་དང་གོ་རྟོགས་སྤེལ་རྒྱུའི་ལས་དོན་ཤུགས་གང་ཆེ་བྱེད་ཀྱི་ཡོད། སྤྱིར་བཏང་ངས་དྲི་བ་གང་ཡིན་པ་དེ་གསལ་པོ་ཤེས་མ་སོང་ཞུ་རྒྱུ་ཡིན།
སྒྲིག་མཐུན་སྒུག་ཐོ་ཞེས་པ་དེ་ག་རེ་རེད་གསུངས་སོང༌། སྒྲིག་མཐུན་སྒུག་ཐོ་ཞེས་དེ་སྔ་ཡོད་པའི་ས་ཁང་སྒྲིག་གཞིའི་ནང་ལ་སྒུག་ཐོ་རྒྱག་སྟངས་ཆ་རྐྱེན་ཞིག་ཡོད་རེད། ཆ་རྐྱེན་དེའི་འོག་ཐོག་མར་གཞིས་ཆགས་གསར་འཛུགས་སྐབས་ས་ཁང་ཐོབ་མཁན་གྱི་མི་ཚང་ཁག་གི་རྒྱུད་འཛིན་མི་རབས་གསར་སྐྱེས་དང་གཉེན་སྒྲིག་གི་ལམ་ནས་གསར་པ་སླེབས་པ་སོགས་སྒུག་ཐོ་བརྒྱབ་ཆོག་པའི་ཆ་རྐྱེན་ཚང་བ་དེ་རིགས་ས་གནས་སོ་སོར་སྒུག་ཐོ་ཉར་གྱི་ཡོད་རེད། སྒུག་ཐོའི་ནང་མེད་པའི་ཁ་ཐོར་ག་པར་ཡོད་ས་ནས་མི་ཞིག་གཞིས་ཆགས་ནང་ལ་བཞག་ཆོག་ཆོག་ཡོད་མ་རེད། ད་ལྟ་གྲོས་ཚོགས་སུ་འགྲོ་བཞིན་པའི་ས་ཁང་སྒྲིག་གཞི་འདི་གཏན་འབེབས་བྱུང་བའི་རྗེས་སུ་འདིའི་བར་བརྒལ་གྱི་ཆ་རྐྱེན་ནང་གསལ་བ་ལྟར་ལན་གཅིག་བསྐྱར་ཞིབ་བྱས་ནས་ཚང་མ་སྒྲིག་མཐུན་བཟོ་རྒྱུའི་འབད་བརྩོན་བྱེད་རྩིས་རེད། དེ་ལག་ལེན་ལ་འཁེལ་བ་ཡིན་ན་གཞིས་ཆགས་སོ་སོའི་ནང་སྒུག་ཐོ་ཡོད་པ་དེ་ཚོ་ཕལ་ཆེར་ཚུད་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། ན་གཞོན་ལས་མེད་ཀྱི་ལས་འཚོལ་སྦྱོང་བརྡར་དང་ཚོང་ལས་མཐུན་འགྱུར་དེ་དག་ལ་ཆ་རྐྱེན་ག་རེ་ཚང་དགོས་རེད་ཅེས་བཀའ་གནང་བའི་ཐད། ལས་རིགས་མི་འདྲ་བ་སོ་སོ་ལ་ཆ་རྐྱེན་མི་འདྲ་བ་རེ་རེ་ཡོད་རེད། དེ་ད་ལྟ་ངས་ཆ་ཚང་ཞིག་ངག་ཐོག་ནས་ཞུ་ཐུབ་ཀྱི་མི་འདུག བཀུར་འོས་སྤྱི་འཐུས་མཆོག་གམ་ཡང་ན་བཀུར་འོས་སྤྱི་འཐུས་རྣམ་པས་ཐུགས་སྣང་ཡོད་པ་ཡིན་ན་ང་ཚོའི་ལས་གཞི་དེའི་ཡིག་ཆ་ཡོངས་རྫོགས་རྗེས་མ་ཕུལ་ཆོག གང་ལྟར་ཉམ་ཐག་གི་ནང་ནས་ལས་འཕེར་དཔལ་འབྱོར་དབུལ་བའི་ཉམ་ཐག་ཟེར་བ་ཞིག་ཡོད་རེད། དེ་ཚོ་ལ་ལྟ་སྐྱོང་བྱེད་རྒྱུ་དང་དེ་མ་ཡིན་པའི་སློབ་གྲྭ་ཁུངས་མ་འཁྱོལ་བའམ་ཡང་ན་ལས་གཞི་གང་རུང་སྦྱོང་བརྡར་བྱེད་འདོད་ཡོད་པ་དེ་དག་ད་ལྟ་ Yes ལས་གཞིའི་འོག་ལོ་རེ་བཞིན་མི་ ༡༥༠ ནས་ ༡༦༠ བར་ལ་སློབ་སྦྱོང་སྤྲོད་ཀྱི་ཡོད། དེ་ཚོ་ཟླ་བ་བཞི་ནས་ལོ་གཅིག ལོ་གཅིག་དང་ཕྱེད་ཀ་སོགས་དུས་ཡུན་རིང་ཐུང་སྣ་ཚོགས་ཡོད་པའི་སློབ་སྦྱོང་ཞིག་རེད། དེའི་གཞི་རྩའི་བསྟི་གནས་དེ་སྦེང་ལོར་ལ་ཡོད།
དེའི་ནང་ལ་མི་ག་ཚོད་ལ་རོགས་བྱེད་ཐུབ་ཀྱི་ཡོད་རེད་གསུངས་པའི་ཐད། ད་ལྟ་ཡས་སོ་མས་འགེལ་གྱི་ལོ་རེ་རེའི་ནང་ན་གཞོན་བརྒྱ་དང་ལྔ་བཅུ་ཙམ་ལ་མཐུན་འགྱུར་སྤྲོད་ཐུབ་ཀྱི་ཡོད། དེ་ནས་སྦྱོང་བརྡར་ཐོན་པ་དེ་ཚོ་ལ་རོགས་རམ་སྤྲོད་སྟངས་ནི་སོ་སོའི་སྦྱོང་བརྡར་གང་ཐོན་ཡོད་པ་ཡིན་ནའང་དེའི་ལས་ཀ་ཐོབ་ཐབས་དང༌། ཡང་ན་སྒེར་གྱི་ལས་གཞི་འགོ་འཛུགས་བྱ་རྒྱུའི་མ་རྩ་སྔ་འདོན་འབུལ་གྱི་ཡོད་རེད། དངུལ་འབབ་ཆེ་ཆུང་ལས་གཞི་གང་ཡིན་ལ་རག་ལུས་པ་རེད། དེ་ཚོ་བོད་མིའི་གནས་ཡུལ་ཁག་གི་ཉེ་འཁོར་ལ་ཟླ་བསྒྲིལ་བྱ་རྒྱུའི་ཐབས་ཤེས་བྱེད་ཀྱི་ཡོད་ཞུས་པ་དེ་ལས་གཞི་གང་ཡིན་ཡང་གཞིས་ཆགས་རང་གི་ནང་ལ་བྱེད་ཐུབ་པ་ཡིན་ན་ཡག་ཤོས་དང༌། དེ་མ་བྱུང་བ་ཡིན་ན་གཞིས་ཆགས་དང་ཐག་ཉེ་ས་ལ་ལས་ཀ་འཚོལ་དགོས་པ་དང༌། བོད་མི་གནས་ཡུལ་གང་རུང་ནས་ས་ཐག་ཀེ་ལོ་མི་ཊར་ ༣༠༠ ལས་བརྒལ་བའི་ས་ལ་ལས་གཞི་བརྩམས་པ་ཡིན་ན་དེ་ལ་མཐུན་འགྱུར་སྤྲད་ཀྱི་ཡོད་པ་མ་རེད། མཐུན་འགྱུར་སྤྲད་སའི་ལས་གཞི་ཚང་མའི་ལས་ཀ་བྱེད་སའི་གནས་ཡུལ་བོད་མིའི་སྡོད་སྒར་ནང་དང༌། བོད་མིའི་སྡོད་སྒར་གྱི་ཉེ་འཁོར་ལ་ཡིན་དགོས་པའི་ཆ་རྐྱེན་བཞག་ཡོད།
སྤྱི་འཐུས་ངག་དབང་ལྷ་མོ་ལགས་ནས།
ད་ལྟ་དྲི་བ་འགའ་ཤས་གོང་ལ་ཞུས་གྲུབ་སོང༌། དེ་ཚོ་ཞུ་མ་དགོས་ཀྱང༌། ཁ་ཐོར་གནས་པའི་སྐོར་ལ་བཀའ་ད་ལྟ་གནང་སོང༌། དེའི་ནང་ལ་རྒྱ་གར་གྲོང་གསེབ་དེ་འདྲའི་ནང་ལ་དབྱར་དགུན་ཚོང་ཡོད་མེད་ལ་མ་ལྟོས་པར་བོད་མི་ཁ་ཐོར་བསྡད་ཡོད་རེད། སྤྱིར་བཏང་ད་ལྟ་ཚུར་སྒུག་ཐོ་ཕུལ་བ་རེད་གསུངས་སོང་སྟེ། ད་ལྟ་ང་ཚོ་བོད་གཞུང་གི་ཕྱག་ལས་གཙོ་བོ་གཅིག་ནི་བོད་མི་ཚོ་ཁ་ཐོར་མི་འགྲོ་བའི་ཐབས་ལམ་དེ་ཡིན་པ་སོང་ཙང༌། ད་ལྟ་འགའ་ཤས་གྲོང་གསེབ་ནང་ལ་ཧ་མ་གོ་བར་མགོན་མེད་སྐྱབས་མེད་ལྷག་པ་དེ་ཚོ་ང་རང་ཚོ་བོད་གཞུང་གི་སྒྲིག་འཛུགས་འོག་ལ་ཚུར་སླེབས་ཐབས་ཀྱི་ཐབས་ལམ་ཞིག་གནང་རྒྱུ་དེ་གལ་ཆེན་པོ་གཟིགས་ཀྱི་ཡོད་དམ་མེད་ཀྱི་བཀའ་འདྲི་ཞུ་རྒྱུ་གཅིག་ཡིན། བཀའ་འདྲི་གཉིས་པ་དེ་སྤྱིར་བཏང་ན་གཞོན་ལས་མེད་དང་ཚོང་ལས་སྐོར་ལ་འབྲེལ་བ་ཡོད་པའི་ཆ་ནས་བཀའ་ལན་གནང་སོང༌། དེ་ང་རང་གིས་གསལ་པོ་མ་ཤེས་པ་དེ་དེའི་ནང་ལ་སྔོན་མ་ཉམ་ཐག་བསྐྱར་ཞིབ་གནང་བའི་སྐབས་ལ་ན་གཞོན་ལས་མེད་མང་པོ་ཞིག་ཡོད་པ་དང་དེའི་ནང་ཡང་ཚོང་ལས་ཀྱི་ཆེད་སྐྱེད་ཆུང་བུན་གཡར་སོགས་ཀྱི་རོགས་སྐྱོར་འབུལ་རྒྱུའི་སྐད་ཆ་ཞིག་ཡོད་རེད། དེ་ཚོའི་ལས་མེད་ན་གཞོན་འདིའི་ནང་ལ་ཚུད་ཡོད་དམ་མེད། གཅིག་མཚུངས་ཡིན་དང་མིན། ཡང་མིན་ན་སྔོན་མ་དེ་ཚོ་དེའི་ནང་དུ་ཚུད་ཡོད་ན། དེ་ཚོར་ཚོང་ལས་ཀྱི་མཐུན་འགྱུར་ག་ཚོད་གནང་ཐུབ་ཡོད་མེད་དང་གནང་འཆར་ག་ཚོད་ཡོད་མེད་སྐོར་ཞུ་རྒྱུ་གཅིག་ཡིན། ཡང་གཞན་པ་བོད་མིའི་སྡོད་སྒར་དང་བོད་མི་གནས་ཡུལ་ཁག་གི་ཉེ་འཁོར་དུ་ཞེས་བཀའ་གནང་སོང༌། དེའི་ནང་རྡ་རམ་ས་ལ་དང་ལྡི་ལི་འདྲ་པོ་ཚུད་ཀྱི་ཡོད་དམ་མེད་ཞུ་རྒྱུ་ཡིན། རྡ་རམ་ས་ལར་ཆ་བཞག་ན། སྔོན་མ་ནས་འདི་གར་མི་མང་དྲགས་པའི་དཀའ་ངལ་ཡོད་པ་གསུང་གི་ཡོད་རེད། ལྡི་ལི་འདྲ་པོ་ཡིན་ན་ད་ལྟ་ན་གཞོན་དེ་ཚོ་མན་ཇུའི་ཌི་ལ་ཁོ་རང་གི་ནང་ལ་འཚང་ཀ་ཚ་པོ་ཞིག་ཡོད་པ་དང༌། ཡང་གཡས་གཡོན་གྱི་ཁོར་ཡུག་ནི་ཏག་ཏག་མེད་པ་འདྲ་པོ་མཐོང་གི་འདུག དེ་འདྲ་སོང་ཙང་ཉེ་འཁོར་ཞུས་པའི་ནང་དེ་གཉིས་ཚུད་ཀྱི་ཡོད་མེད་ཞུ་རྒྱུ་ཡིན།
བཀའ་ལན།
བཙན་བྱོལ་གཞུང་གི་བོད་མི་ཁ་ཐོར་བ་རྣམས་མཉམ་རུབ་བྱ་རྒྱུའི་ལས་གཞི་ཟེར་བ་དེའི་གོ་དོན་ངོ་མ་སྔོན་མ་གཞིས་ཆགས་ལ་ཡོད་བཞིན་པའི་བོད་མི་ད་ཆ་གཞིས་ཆགས་བཞག་ནས་ག་ས་ག་ལ་འཐོར་འགྲོ་བ་དེ་ཚོ་སོ་སོའི་གཞིས་ཆགས་ཡོད་ས་དེའི་ནང་ལ་ཚུར་ལོག་ཐུབ་པ་དང༌། དེའི་ནང་ལ་གནས་ཐུབ་པ་ཞིག་ཡོང་བའི་འབད་བརྩོན་ཞུ་རྒྱུ་ཡིན་ཞུས་པ་མ་གཏོགས་སྔོན་མ་གཞིས་ཆགས་མེད་པ་དང་པོ་ནས་ཁ་ཐོར་དུ་གནས་པ་དེ་དག་ད་ལྟ་གཞིས་ཆགས་ནང་ལ་གསར་དུ་བཅུག་རྒྱུ་དང༌། ཡང་ན་དེའི་ཆེད་དུ་གཞིས་ཆགས་གསར་པ་འཛུགས་རྒྱུ་ཡིན་ཞུས་པ་མ་རེད། དེ་གསལ་པོ་མ་བཟོས་ན་བཀའ་འདྲི་གནང་མཁན་མང་པོ་ཞིག་གི་གསུང་སྟངས་ལ་བལྟས་པ་ཡིན་ན་བོད་པ་ཁ་འཐོར་ལ་ཡོད་པ་ཚང་མ་ར་ལུག་བཞིན་དུ་རུག་རུག་བཟོས་ནས་གཞིས་ཆགས་གཅིག་གི་ནང་དེ་འགྲོ་རྒྱུ་འདྲ་པོ་ཞིག་དགོངས་པ་བཞེས་པ་ཡིན་ན་ནོར་བ་རེད། གཞིས་ཆགས་ཁག་དེ་དག་རིམ་པས་མི་ཉུང་དུ་ཉུང་དུ་ཕྱིན་ནས་གཞིས་ཆགས་ཀྱི་མཐུན་རྐྱེན་དེ་དག་ཀྱང་རིམ་པས་མི་གཞན་ལ་ཤོར་འགྲོ་བའི་ཉེན་ཁ་སླེབས་ཡོད་རེད། དེ་འདྲ་ཡིན་ཙང་གཞིས་ཆགས་ཁ་འཐོར་ལ་མི་འགྲོ་བའི་གནད་དོན་གཙོ་བོ་དེ་གཞིས་ཆགས་ལ་ཡོད་པ། གཞིས་ཆགས་སུ་སྐྱེས་པ། གཞིས་ཆགས་སུ་འཚར་བ་དེ་དག་གཞིས་ཆགས་ནང་གནས་ཐུབ་པ། ཡང་ན་གཞིས་ཆགས་ཀྱི་ཉེ་འཁོར་ལ་གནས་ཐུབ་པའི་ཐབས་ལམ་བྱ་རྒྱུ་དེ་རེད། རྒྱ་གར་གྲོང་གསེབ་ཁག་ལ་རྒྱུན་རིང་པོ་ནས་ཁ་འཐོར་དུ་གནས་སྡོད་བྱས་པའི་བོད་མི་དེ་ཚོ་རགས་པ་ཙམ་བྱས་ན་བོད་མིའི་གཞིས་ཆགས་ཀྱི་ལས་གཞི་འགྲོ་བཞིན་པའི་སྐབས་ཁོང་ཚོ་དྭང་བླངས་ཀྱི་ཐོག་ནས་ཟུར་དུ་བསྡད་པ་མ་གཏོགས། གཞིས་ཆགས་ཀྱི་ནང་ཐོ་འགོད་བྱས་ཡོད་པ་ཡིན་ན་དེ་དུས་ཁོང་ཚོ་གཞིས་ཆགས་མ་ཐོབ་པའི་གནས་སྟངས་ཤིག་བྱུང་ཡོད་མདོག་ཁ་པོ་མ་རེད། སོ་སོའི་རང་དབང་གི་ཐོག་ནས་ཁ་ཐོར་བསྡད་པ་དེ་དག་བཙན་བྱོལ་གཞུང་གིས་ཚུར་བསྡུ་རུབ་བྱེད་རྒྱུ་ཁག་པོ་རེད། ཁོང་ཚོ་ཡང་བོད་ཀྱི་ཡུལ་མིའི་ལས་འགན་སྒྲུབ་མཁན་ཞིག་ཡིན་ན། གཞུང་གི་ངོས་ནས་སློབ་ཡོན་དང་སྨན་དོད་སོགས་ཁེ་ཕན་ག་རེ་ཡིན་ནའང་གཞིས་ཆགས་ནང་དུ་བསྡད་མཁན་དང་ཁ་ཐོར་དུ་བསྡད་མཁན་བར་དབྱེ་འབྱེད་བྱེད་ཀྱི་ཡོད་པ་མ་རེད། ཁ་འཐོར་དུ་སྡོད་མཁན་དེ་ཚོ་གལ་ཆེན་པོ་མ་རེད་ཅེས་རྩ་བ་ནས་ཞུས་ཀྱི་མེད། ཡིན་ནའང་གཞུང་གི་འབད་བརྩོན་གྱིས་ཁྱབ་ཐུབ་ཀྱི་མི་འདུག ཁོ་རང་ཚོ་ཚུར་ཕེབས་ནས། ང་ཚོ་འདི་འདྲ་ཞིག་ལ་ཡོད། དཀའ་ངལ་འདི་འདྲ་ཞིག་འདུག མཐུན་འགྱུར་འདི་འདྲ་ཞིག་དགོས་ཀྱི་འདུག་གསུངས་པ་དེ་དག་ལ་ཐུབ་པ་དེ་ཚོ་ཞུ་ཐབས་བྱེད་རྒྱུ་དང་མ་ཐུབ་པ་དེ་ཚོ་ལུས་འགྲོ་རྒྱུ་རེད། དེ་དང་ཆབས་ཅིག་ཁ་འཐོར་ལ་གནས་སྡོད་མང་པོ་ཞིག་ས་གནས་འགོ་འཛིན་ཁག་གི་ཁྱབ་ཁོངས་སུ་བཅུག་རྒྱུའི་འབད་རྩོལ་ཞུས་པ་ཡིན། ཁྱབ་ཁོངས་ལ་བཅུག་མ་ཐུབ་པའི་རིགས་ལ་འབྲེལ་མཐུད་པ་གསར་པ་བསྐོས་ནས་ལྟ་རྟོག་ཞུ་རྒྱུའི་འབད་བརྩོན་ཞུ་བཞིན་པ་ཡིན། ཡིན་ནའང་དེ་ཚོ་ཚང་མ་བློ་ཁ་ཁེངས་པ་ཞིག་དང་ཕུན་སུམ་ཚོགས་པ་ཞིག་ཡོང་ཐུབ་ཀྱི་མི་འདུག ན་གཞོན་དཔལ་འབྱོར་དབུལ་བའི་ཉམ་ཐག་རྣམས་ལ་སྐྱེད་མེད་བུན་གཡར་གྱི་ལས་གཞི་རྒྱ་ཆེན་པོ་བརྩམ་ཐུབ་རྒྱུ་དཀའ་ལས་ཁག་པོ་ཆགས་འདུག ༢༠༠༥།༠༦ གི་རྩིས་ལོའི་ནང་མི་ ༢༠ ཐམ་པར་སྐྱེད་མེད་བུན་གཡར་གྱི་ཐོག་ནས་ལས་གཞི་འགོ་འཛུགས་ཐུབ་རྒྱུའི་བང་སྒྲིག་གི་ཡོད། བུ་ལོན་ཞུ་མཁན་ཧ་ལམ་དྲུག་ཅུ་བདུན་ཅུ་ཞིག་ཡོད་ས་རེད། དེའི་ནང་ནས་ཉི་ཤུ་ཐམ་པ་རྩིས་ལོ་འདིའི་ནང་འགྲོ་རྒྱུ་དང་རྩིས་ལོ་རྗེས་མའི་ནང་ལ་དེ་ལས་མང་ཙམ་ཞིག་གཏང་རྒྱུའི་འཆར་གཞི་ད་ལྟ་བང་སྒྲིག་བཞིན་པ་ཡིན། ཡིན་ན་ཡང་ན་གཞོན་ལས་མེད་རྣམས་ལ་གཞུང་གི་དངུལ་སྤྲད་པ་རྐྱང་རྐྱང་གིས་ཕན་གྱི་མི་འདུག སྔོན་ལ་མི་དེས་ལས་ཀ་ག་རེ་བྱེད་ཐུབ་ཀྱི་རེད། ལས་ཀ་བྱེད་སའི་ས་གནས་གང་དུ་རེད། ལས་ཀ་དེ་ཕུགས་འཕེར་དང་རང་འགོ་ཐོན་པ་ཞིག་ཡོང་གི་ཡོད་མེད་སོགས་དེ་ཚོ་ཚང་མ་ཞིབ་འཇུག་མ་བྱས་ན་ལས་གཞི་ཕན་ཐོགས་མེད་པ་ཡོང་རྒྱུའི་ཉེན་ཁ་འདུག་ཅེས་ཞུ་རྒྱུ་ཡིན།
སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ནས།
ན་གཞོན་ལས་མེད་སྐོར་དེ་བཀའ་ཤག་གིས་སྤྱི་འཐུས་གྲོས་ཚོགས་སྐབས་ ༣།༤ པའི་ཐོག་ལ་སྤྱི་ཚོགས་ནང་ལ་ཛ་དྲག་དཀའ་ངལ་ཆེ་བའི་དོན་ཚན་ལྔ་འམ་དྲུག་གཅིག་གི་ནང་ནས་ན་གཞོན་ལས་མེད་དེ་གཅིག་ཆགས་ཀྱི་ཡོད་རེད། དེའི་ཐོག་ལ་སྔོན་རྩིས་ནས་དངུལ་བཀའ་འཁྲོལ་ཞུས་ཐོབ་བྱུང་བསྡད་ཡོད་རེད། དེ་འདྲ་གཞིར་བཟུང་འདིར་འཁོད་ལས་རིགས་སྦྱོང་བརྡར་དང་ཚོང་ལས་ཀྱི་མཐུན་འགྱུར་བཅས་གནང་ཡོད་རེད། བྱས་ཙང་ངས་རྡོག་རྡོག་དྲི་བ་ཞུ་རྒྱུ་དེ་ག་རེ་ཡིན་ཟེར་ན། ང་ཚོས་ཡར་ག་ཚོད་ཀྱི་ input འམ་འགྲོ་སོང་བཏང་བ་གཞིར་བཟུང་གི་གྲུབ་འབྲས་ག་ཚོད་ཙམ་ཞིག་ཐོན་ཡོད་མེད་དེ་མང་ཚོགས་ཀྱི་འཐུས་མི་ཚོ་དང་མང་ཚོགས་ཀྱིས་ཤེས་དགོས་པ་ཞིག་དང༌། ལྷག་པར་དུ་འཛིན་སྐྱོང་བཀའ་ཤག་གི་གྲུབ་འབྲས་ཐོན་པ་དེ་དངོས་སུ་ཤེས་དགོས་པ་དེ་གལ་ཆེན་པོ་སོང་ཙང༌། ངས་དྲི་བ་དྲི་རྒྱུའི་དམིགས་ཡུལ་གཙོ་བོ་དེ་དེ་ཡིན། ལས་རིགས་སྦྱོང་བརྡར་གནང་ས་ཚོ་བརྒྱ་ཆ་བརྒྱ་ཐམ་པ་སོ་སོའི་ཡོད་པ་གཞིར་བཟུང་གི་ལས་རིགས་སྦྱོང་བརྡར་གནང་གི་ཡོད་པ་དེ་ངས་ངོས་འཛིན་ཞུ་གི་ཡོད། དེ་འདྲའི་ལས་རིགས་སྦྱོང་བརྡར་ད་ལྟ་བར་དུ་ལོ་གསུམ་བཞིའི་ནང་ལ་ག་ཚོད་ཙམ་ལ་ལས་རིགས་སྦྱོང་བརྡར་གནང་ཡོད་རེད། ལས་རིགས་སྦྱོང་བརྡར་གནང་བ་གཞིར་བཟུང་གི་ཐོག་ནས་ལས་གཞི་དངོས་སུ་བཙུགས་ཐུབ་པ་དེ་ག་ཚོད་ཙམ་ཞིག་བྱུང་ཡོད་རེད། དེ་མཚུངས་ཚོང་ལས་མཐུན་འགྱུར་གནང་བ་དང་གཅིག སྦྱོང་བརྡར་གནང་བ་གཞིར་བཟུང་གི་ཐོག་ནས་ལས་རིགས་དངོས་སུ་བཙུགས་པ་དང་གཉིས། དེ་མིན་ལས་འཚོལ་ཐུབ་པ་དེ་འདྲའི་ཐོག་ནས་ད་ལྟ་བར་དུ་ལོ་གསུམ་བཞི་ཙམ་གྱི་རིང་ལ་ན་གཞོན་ལས་མེད་ག་ཚོད་ཙམ་ལ་ལས་ཀ་ཐབས་འཚོལ་དང་གཞིས་གནས་ཐུབ་པ་ཆགས་ཡོད་རེད།
བཀའ་ལན།
ན་གཞོན་བར་ལྡིང་འདི་ག་ཙམ་ཞིག་ལ་ལས་ཀ་སྤྲད་ཐུབ་སོང་ཞེས་གྲངས་ཀ་ད་ལྟ་ཞུ་ཐུབ་ཀྱི་མི་འདུག གང་ཡིན་ཞུས་ན་སྡེ་ཚན་མི་འདྲ་བ་ལྔ་དྲུག་བརྒྱུད་ནས་ལས་གཞི་དེ་རྩོམ་གྱི་ཡོད་རེད། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གསུམ་བཞི་ཞིག་ལ་གཞུང་གིས་འབོད་བསྐུལ་ཞུས་ནས་ན་གཞོན་བར་ལྡིང་ལ་ལམ་སྟོན་དང་མཐུན་འགྱུར་བྱ་རྒྱུའི་ཕྱག་ལས་གནང་གི་ཡོད་རེད། གཞུང་གི་ངོས་ནས་ནང་སྲིད་ལས་ཁུངས་དང༌། དེ་བཞིན་འབྲེལ་ཡོད་ལས་ཁུངས་ཁག་ཁ་ཤས་ནས་དེའི་སྐོར་ལ་ལས་གཞི་རྩོམ་གྱི་ཡོད་རེད། དེ་འདྲ་སོང་ཙང་ཁོང་ཚང་མའི་ལས་གཞི་ནས་མི་གྲངས་ཇི་ཙམ་ལ་འབྲེལ་བ་བྱུང་ཡོད་ཕྱོགས་བསྡོམས་བྱ་རྒྱུ་མ་བྱུང་བས་གྲངས་ཀ་དེ་ཞུ་ཐུབ་ཀྱི་མི་འདུག དགོས་གལ་ཆེན་པོ་ཡོད་ན་རྗེས་མ་ཡིག་ཐོག་ནས་ཞུས་ཆོག་པ་ཞུ་རྒྱུ་ཡིན། དེ་མ་ཡིན་པའི་གྲུབ་འབྲས་ག་འདྲ་ཞིག་ཐོན་ཡོད་རེད་གསུངས་པའི་ཐད། གྲུབ་འབྲས་ཀྱི་ཚད་གཞི་འཇལ་སྟངས་ག་འདྲ་ཞིག་གི་སྒོ་ནས་འཇལ་བ་ལ་རག་ལུས་པ་ཞིག་རེད། ན་གཞོན་བར་ལྡིང་གི་གྲངས་འབོར་ཉུང་དུ་ཕྱིན་ཡོད་རེད་དམ་གསུངས་པ་ཡིན་ན། གྲངས་འབོར་རྩ་བ་ནས་ཉུང་དུ་ཕྱིན་ཡོད་མ་རེད། མང་དུ་ཕྱིན་ཡོད་རེད། དེ་འདྲ་ཡིན་ན་ལས་ཀ་བྱས་པའི་གྲུབ་འབྲས་གང་ཡང་མ་ཐོན་པ་རེད་དམ་གསུངས་པ་ཡིན་ན། ན་གཞོན་བརྒྱ་ཕྲག་མང་པོ་ལ་ལས་ཀ་སྤྲད་དེ་འགྲོ་སྟངས་བཟོས་ཐུབ་ཡོད་རེད། འགྲོ་སྟངས་བཟོས་ཐུབ་པ་དེ་ཚོའི་ངོས་ནས་བལྟས་པ་ཡིན་ན་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོན་ཡོད་པ་རེད། ཡིན་ནའང་ན་གཞོན་བར་ལྡིང་ཉུང་དུ་མི་འགྲོ་བ་དེ། ང་ཚོས་མཐུན་འགྱུར་ཞུ་ཐུབ་པའི་གྲངས་ཀ་དང་ལོ་རེ་ལོ་རེར་གསར་དུ་ཐོན་པའི་ན་གཞོན་བར་ལྡིང་གཉིས་པོ་དེའི་བར་ལ་ཁྱད་པར་ཆེན་པོ་ཕྱིན་པ་དེའི་དབང་གིས་རེད། རྒྱ་གར་ནང་ན་གཞོན་ལས་ཀ་མི་འཕེར་བ་བཟོ་མཁན་གྱི་བཟོ་གྲྭ་གཙུག་ལག་སློབ་ཁང་ University བརྒྱ་ཕྲག་མང་པོ་ཡོད་རེད། དེ་ཚོའི་ནང་ནས་ལོ་རེ་བཞིན་ན་གཞོན་ལས་ཀ་མི་འཕེར་མཁན་ཧ་ཅང་མང་པོ་ཞིག་ཐོན་ཡོང་གི་ཡོད་པ་རེད།
སྤྱི་འཐུས་རྣམ་རྒྱལ་དབང་འདུས་ལགས་ནས།
དང་པོ་དེ་ད་ལྟ་མྱོས་རྫས་ལ་བག་མེད་ལོངས་སྤྱོད་དང་ལྷན་སྐྱེས་ཀྱི་སྲིན་འབུ་འཁྲུགས་པའི་ནད་གཞི་སྐོར་ལ་སྔོན་དུ་ཕྱག་རོགས་སྤྱི་འཐུས་ཁ་ཤས་ཤིག་གིས་དྲི་བ་གནང་བ་དེའི་ཐོག་ལ་བཀའ་ལན་གནང་སོང༌། བྱས་ཙང་དམིགས་བསལ་གྱིས་ཞུ་རྒྱུ་མི་འདུག་སྟེ། ཡིན་ནའང་ངས་ད་ལྟ་དྲི་བ་ཞུ་རྒྱུ་འདི་ག་རེ་རེ་ཟེར་ན། རྩ་བའི་རང་གཞུང་འཕྲོད་བསྟེན་ལས་ཁུངས་ནས་ ༢༠༠༤ ཟླ་ ༡༠ ཚེས་ ༢༠ ལ་དམིགས་བསལ་གྱི་ལས་གཞི་གཏན་འབེབས་གནང་ནས་ལས་རིམ་གང་ཐུབ་ཀྱིས་འགྲོ་བཞིན་པ་ཡིན་པ་ཡིན་དུས་ཞེ་དྲགས་ཀྱི་ཡག་པོ་རེད་ཅེས་ཞུ་རྒྱུ་མ་གཏོགས། གཞན་གང་ཡང་མི་འདུག དེའི་ཐོག་ལ་ང་རང་གི་མཐོང་ཚུལ་ག་རེ་འདུག དྲི་བ་ཞུ་དགོས་པ་ག་རེ་རེད་ཞུས་ན། རྩ་བའི་དབུས་ནས་ལས་གཞི་གཏན་འབེབས་གནང་རྒྱུ་ལ་སོགས་དངོས་གནས་ཡག་ཐག་ཆོད་ཅིག་རེད་དེ། ཡིན་ནའང་བོད་མིའི་འདུས་སྡོད་སོ་སོའི་ནང་ལ་འཕྲོད་བསྟེན་ལས་ཁུངས་ཀྱི་ཡན་ལག་ཡོད་བསྡད་པ་ཞིག་རེད། དེ་ཡིན་པ་ཡིན་དུས་ཡན་ལག་སོ་སོའི་ཐོག་ནས་ལས་གཞི་དེ་ཚོའི་ཐོག་ལ་ལས་གཞི་གཞིར་བཟུང་གི་ཕྱག་ལས་གང་འདྲ་ཞིག་བསྟར་གནང་གི་ཡོད་དམ། དེ་ཚོ་ལ་གྲུབ་འབྲས་ག་རེ་ཐོན་མིན། དེ་བཞིན་དེ་ཚོའི་ཐོག་ལ་དཀའ་རྙོག་ག་རེ་འཕྲད་ཀྱི་ཡོད་མེད། དེ་ཚོའི་ཐོག་ལ་དབུས་ནས་འཕྲོད་བསྟེན་བཀའ་བློན་དང་དྲུང་ཆེ་ལ་སོགས་ཡང་ཡང་ཆིབས་བསྒྱུར་གནང་ཐུབ་ཀྱི་མ་རེད་དེ། ཡིན་ནའང་སྐུ་ཚབ་ཆེད་གཏོང་གནང་ནས་ལས་གཞི་གཞིར་བཟུང་གི་ཕ་གིར་ཕྱག་ལེན་བསྟར་གྱི་འདུག་གམ་མི་འདུག དེ་ཚོ་ཡང་ཡང་གཟིགས་རྟོག་གནང་ཐུབ་པ་ཞིག་མ་བྱུང་ན། ས་གནས་སོ་སོ་ནས་སྐབས་སོ་སོར་ལས་བསྡོམས་འབུལ་དུས་ལས་དོན་ཇི་ཞུུས་དང་གྲུབ་འབྲས་ཇི་ཐོན་དེ་འདྲ་ཆགས་པོ་ཞིག་བྱས་ནས་ཕུལ། ཡང་སྙིང་ས་གནས་ས་ཐོག་ལ་དེ་དངོས་ཡོད་ཀྱི་ཐོག་ནས་མེད་བསྡད་པའི་གནས་ཚུལ་རབས་དང་རིམ་པ་ཆགས་ཡོང་གི་ཡོད་པའི་མཐོང་ཚུལ་འདུག དེ་ཡིན་དུས་དེ་ཚོའི་ཐོག་ལ་འཕྲོད་བསྟེན་ལས་ཁུངས་ནས་ཞིབ་འཇུག་བྱེད་མཁན་གྱི་སྐུ་ཚབ་གཏོང་གནང་གི་ཡོད་པའི་གནས་ཚུལ་ཡིན་ན་ནི་གནས་ཚུལ་ལོགས་ཁ་རེད། དེ་འདྲ་མེད་པ་དེ་འདྲ་ཡིན་ན་ཡང་ཡང་གཏོང་གནང་རྒྱུར་དགོས་པ་རྒྱུ་མཚན་དང་དགོངས་བཞེས་ཡོད་དམ་མེད། དེ་ཚོའི་ཐོག་ལ་བཀའ་གསལ་ཞིག་སྐྱབས་འཇུག་གནང་རོགས་གནང་ཞུ་རྒྱུ་གཅིག་དེ་ཡིན།
གཉིས་པ། ན་གཞོན་ལས་མེད་ལ་ལས་འཚོལ་དང་ལས་རིགས་སྦྱོང་བརྡར་ཟེར་བ་ཞིག་འདུག དེ་ཚོའི་གྲས་དེ་ཡུན་རིང་པོར་ལོ་ལྟར་བཀའ་མོལ་ཡོང་བསྡད་པ་ཞིག་རེད། དེ་འདྲ་ཡིན་དུས་རྩ་བའི་རང་གཞུང་ནས་ན་གཞོན་ལས་མེད་རྣམས་ལ་ལས་འཚོལ་དང་ལས་རིགས་སྦྱོང་བརྡར་ལ་སོགས་པ། ཚོང་ལས་མཐུན་འགྱུར་ལ་སོགས་པ་དེ་ཚོའི་ནང་ལ་འཇུག་ཐབས་ཀྱི་ལས་གཞི་དང་སྦྲགས་ནས་ཕྱག་ལས་གནང་བཞིན་པ་ཞིག་རེད། དེ་ཡིན་ནའང་ད་ལྟ་དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་གིས་བཀའ་ལན་གནང་བའི་ནང་ལ་དེ་ཚོའི་གྲས་མང་དུ་འགྲོ་རྒྱུ་མ་གཏོགས་ཉུང་དུ་འགྲོ་རྒྱུ་མི་འདུག་ཅེས་གསུངས་སོང༌། དེ་ཚོ་རིམ་པས་རིམ་པས་མང་དུ་ཕྱིན་པ་ཡིན་ན། གང་འཚམས་ནས་བོད་མིའི་སྤྱི་ཚོགས་ཀྱི་ནང་ལ་གྲ་མ་འགྲིག་མང་པོ་ཞིག་ཆགས་ཀྱི་རེད་བསམ་གྱི་འདུག རྩ་བའི་ལས་འཚོལ་དང་ལས་རིགས་སྦྱོང་བརྡར་ཚོང་ལས་མཐུན་འགྱུར་ལ་སོགས་པའི་མཐུན་འགྱུར་གནང་རྒྱུའི་དགོངས་བཞེས་ཡོད་བསྡད་པ་ཞིག་རེད་དེ། ང་རང་བསམ་ཚུལ་བྱས་པ་ཡིན་ན། ན་གཞོན་ལས་མེད་མང་པོ་ཡོད་བསྡད་པ་དེ་ཚོའི་གྲས་དེ་དྭང་སློབ་དམག་སྒར་ཞིག་ང་ཚོ་ལ་ཡོད་བསྡད་པ་ཞིག་རེད། དེ་ཚོའི་ནང་ལ་གང་མང་འཇུག་རྒྱུའི་དགོངས་བཞེས་ག་རེ་གནང་གི་ཡོད་དམ། དྭང་སློབ་ནང་ལ་ཕྱིན་ཆད་ན་གཞོན་གསར་འཇུག་བྱ་རྒྱུའི་ཐོག་ལ་རྩ་བའི་ཆ་རྐྱེན་ཁག་ཁ་ཤས་ཤིག་བཞག་ནས་ཡོད་བསྡད་པ་ཞིག་རེད། དེའི་ནང་ནས་གལ་ཆེ་ཤོས་ལ་འཛིན་གྲྭ་བརྒྱད་པའི་ལག་འཁྱེར་དེ་རེད། དེ་མེད་པ་ཡིན་ན་གང་ལྟར་འཇུག་ཐབས་མེད་པ་ཞིག་ཆགས་ཀྱི་ཡོད་རེད། དེར་བརྟེན་ཆ་རྐྱེན་དེ་ཚོར་དམིགས་བསལ་ཆག་ཡང་ཡོང་ཐབས་དང་འབྲེལ་བའི་དྭང་སློབ་དམག་སྒར་ནང་ལ་འཛུལ་འཇུག་ཐུབ་ཐབས་ཀྱི་འབྲེལ་ཡོད་ལ་བཀའ་མོལ་གནང་ནས་གང་མང་མང་འཇུག་ཐབས་བྱུང་བ་ཡིན་ན། ན་གཞོན་ལས་མེད་རིམ་པས་ཉུང་དུ་འགྲོ་རྒྱུར་ཕན་ཐོགས་ཡོང་གི་རེད་བསམ་པ་ཞིག་དྲན་གྱི་འདུག བྱས་ཙང་དེ་ཚོའི་ཐོག་ལ་ད་བར་ཐབས་ཤེས་འབད་རྩོལ་ག་འདྲ་གནང་ཡོད་དམ་མེད། མེད་ན་གནང་འཆར་ག་རེ་ཡོད།
བཀའ་ལན།
འཕྲོས་དོན་དྲི་བ་དང་པོར་འཕྲོད་བསྟེན་ཡན་ལག་ཁག་ནས་ལས་དོན་ཚགས་ཚུད་པོ་ཡོང་གི་ཡོད་མེད་དང༌། དེ་ཞིབ་འཇུག་གི་ཆེད་དུ་དབུས་ནས་ལས་བྱེད་ཡང་ཡང་གཏོང་རྒྱུའི་བསམ་ཚུལ་ཡོད་དམ་མེད་ཅེས་བཀའ་གནང་བའི་ཐད། དེའི་བསམ་ཚུལ་ངེས་པར་དུ་ཡོད་ཅེས་ཞུ་རྒྱུ་ཡིན། བར་ལམ་ས་གནས་འཕྲོད་བསྟེན་ཡན་ལག་ཁག་དང༌། དེ་བཞིན་སློབ་གྲྭ་ཁག་གི་ནང་ལས་དོན་ཤུགས་ཆེ་རུ་གཏོང་དགོས་པའི་སྲིད་བྱུས་ཤིག་འཛིན་ཡོད། དེ་འདྲ་ཡིན་ཙང་ས་གནས་ལ་ཚོགས་ཆུང་བཙུག་རྒྱུ་དང༌། ས་གནས་འཕྲོད་ལས་པ་ལ་འགན་སྤྲད་རྒྱུ། ས་གནས་ཀྱི་ལས་དོན་ཚགས་ཚུད་ཡོང་རྒྱུའི་ཆེད་དུ་བྱ་སྤུ་གནོན་གྱིས་དབུས་ནས་ཉམས་ཞིབ་སྟངས་འཛིན་བྱ་རྒྱུ་དེ་དག་ཚད་ལྡན་ཡོང་ཐབས་བྱ་རྒྱུའི་བསམ་ཚུལ་ཡོད་པ་ཙམ་དུ་མ་ཟད། ལག་ལེན་ཐོག་ལའང་འགྲོ་མུས་ཡིན་ཞེས་ཞུས་ཆོག་པ་ཡོད།
ན་གཞོན་བར་ལྡིང་མང་དུ་འགྲོ་བཞིན་ཡོད་ཅེས་ཞུས་པ་དེ་དངོས་ཡོད་ཀྱི་གནས་ཚུལ་ཞུས་པ་མ་གཏོགས། རོབ་ཚོད་བྱས་ནས་ཞུས་མེད། དེ་འདྲ་ཡིན་ཙང་ཕུགས་རྒྱང་རིང་པོར་ན་གཞོན་བར་ལྡིང་གི་དཀའ་ངལ་མི་ཡོང་བའི་ཆེད་དུ་གཞི་རིམ་ཤེས་ཡོན་གྱི་ལམ་སྲོལ་གསར་བརྗེ་དགོས་པ་དེ་སྔོན་མ་ནས་གལ་ཆེན་པོར་མཐོང་གི་ཡོད། རང་ཁ་རང་གསོ་ཐུབ་པའི་མི་ཞིག་སྐྲུན་མ་ཐུབ་པར་གཡོག་པོ་བཀོལ་མཁན་ཞིག་བསྒུགས་ནས་སྡོད་མཁན་གྱི་མི་སྐྲུན་མཁན་གྱི་ཤེས་ཡོན་གྱི་ལམ་སྲོལ་འདི་འགྱུར་བ་མ་ཕྱིན་བར་དུ་ན་གཞོན་བར་ལྡིང་གི་དཀའ་ངལ་སེལ་ཐུབ་ཀྱི་མ་རེད། རྒྱལ་ཁབ་སུ་ཡིན་ནའང་སེལ་ཐུབ་ཡོད་མ་རེད། གཅིག་སྡུད་དབང་འཛིན་རིང་ལུགས་པ་རྒྱ་ནག་ལྟ་བུ་ཡིན་ནའང་ན་གཞོན་ལས་མེད་ལོ་རེ་ནས་ལོ་རེར་མང་དུ་འགྲོ་བཞིན་རེད། བྱས་ཙང་ང་ཚོའི་གྲུབ་འབྲས་ཟེར་དུས་ལོ་རེ་རེའི་ནང་མི་ག་ཚོད་ལ་མཐུན་རྐྱེན་སྦྱར་ཐུབ་མིན་གྱི་ཐོག་ནས་གཟིགས་པ་མ་གཏོགས། ལོ་རེ་རེའི་ནང་ན་གཞོན་བར་ལྡིང་ག་ཚོད་ཉུང་དུ་ཕྱིན་འདུག དེའི་ཐོག་ནས་གཟིགས་པ་ཡིན་ན་གྲུབ་འབྲས་རྩ་བ་ནས་གཟིགས་ཐུབ་ཀྱི་མ་རེད་ཞུ་རྒྱུ་ཡིན།
དྭང་སློབ་ཀྱི་ནང་དུ་ཆ་རྐྱེན་ཡང་དུ་བཏང་དགོས་པ་སོགས་ཀྱི་གནས་ཚུལ་སྔོན་མ་ནས་བཀའ་མོལ་བྱུང་བ་རེད། དེར་བརྟེན་འབྲེལ་ཡོད་ཁག་དང་བཀའ་བསྡུར་ཞུས་པ་རེད། ད་ལྟ་ཉེ་བའི་ཆར་གྱི་ངས་གནས་ཚུལ་གསལ་པོ་ཞུ་རྒྱུ་མེད་ཀྱང༌། འདས་པའི་ཟླ་བ་གཉིས་གསུམ་གྱི་སྔོན་འབྲེལ་ཡོད་རྣམས་ལ་གོ་བསྡུར་བྱེད་སྐབས་ད་ལྟ་ས་མིག་སྟོང་པ་གཅིག་ཀྱང་མེད་པའི་ཐོག་ལ་སྒུག་ཐོའི་ནང་ལ་མི་གང་འཚམས་ཡོད་པའི་གནས་ཚུལ་གསུངས་གནང་སོང༌། དེ་འདྲ་སོང་ཙང་ང་ཚོའི་ན་གཞོན་བར་ལྡིང་ཉུང་དུ་བཏང་བ་ལ་ཕན་ཐོགས་ཆེན་པོ་ཞིག་ཡོང་རེ་མི་འདུག དྭང་སློབ་ཀྱི་རྩ་འབོར་མང་དུ་གཏང་རྒྱུའི་རེ་བ་ཡང་འབྱུང་འགྱུར་ལོ་ལྔ་དྲུག་བདུན་བརྒྱད་ཀྱི་ནང་ལ་མཐོང་གི་མེད། ད་ལྟ་རྩ་འབོར་གང་ཡོད་ནང་ས་མིག་སྟོང་པ་མ་ལུས་པ་ཞིག་ང་ཚོས་ཐབས་ཤེས་བྱེད་ཀྱི་ཡོད། འོན་ཀྱང་ཐབས་ཤེས་དེའི་ཐོག་ནས་ན་གཞོན་བར་ལྡིང་མང་པོ་ཞིག་ལ་ཕན་ཐོགས་ཡོང་བའི་གནས་ཚུལ་ཞིག་མཐོང་གི་མི་འདུག ཡིན་ནའང་དགོངས་འཆར་ཕེབས་པ་བཞིན་ང་ཚོ་འབྲེལ་ཡོད་དང་བསྐྱར་དུ་བཀའ་བསྡུར་ཞུ་རྒྱུ་ཡིན།
གྲོས་ཚོགས་ཚོགས་དུས་བཅུ་པ། ༢༠༠༥།༩།༡༤ ནས་ ༢༠༠༥།༩།༢༣