ྋགོང་ས་མཆོག་གི་སྐུ་ཕྱའི་གནད་དོན་ཐོག་གསལ་བཤད།

དཔལ་ལྡན་ཚོགས་གཙོ་མཆོག་གིས་བཀའ་ཤག་གིས་གསལ་བཤད་གྲ་སྒྲིག་ཡོད་མེད་བཀའ་ཕེབས་སྐབས་གྲ་སྒྲིག་མེད་ཅེས་ཞུས་ན་མ་འཚམས་པ་ཆགས་ཀྱི་འདུག ཡིན་ནའང་དངོས་ཡོད་ཀྱི་གནས་ཚུལ་ལ། འདས་པའི་རེས་གཟའ་པ་སངས་ཉིན་སྤྱི་འཐུས་རྣམ་པ་ཚོས་བགྲོ་གླེང་གནང་ཟིན་པའི་དགོངས་འཆར་རྣམས་ལ་གསལ་བཤད་ཞུ་རྒྱུ་གྲ་སྒྲིག་ཡོད་རུང༌། ད་རིང་གནང་བའི་དགོངས་འཆར་གྱི་ཁྲོད་དུ་དགོངས་འཆར་སྔོན་མའི་ལྡབ་སྐྱོར་མ་ཡིན་པའི་གསར་པ་ཁ་ཤས་བྱུང་སོང་བ་དེ་ཚོའི་ནང་གི་དོན་གནད་རེ་ཟུང་ལ་ད་ལྟ་གསལ་བཤད་ཞུ་རྒྱུའི་གྲ་སྒྲིག་ཆ་ཚང་མེད། བྱས་ཙང་དེ་ཚོའི་ཐོག་གྲ་སྒྲིག་མེད་པར་ད་རིང་འདིར་གང་ཞུས་པ་རྣམས་བདེ་སྲུང་བཀའ་བློན་སྒེར་གྱི་བསམ་ཚུལ་མ་གཏོགས་ལས་ཁུངས་ཀྱི་ཡིག་ཆ་དང་གནས་ཚུལ་ལ་ཞིབ་འཇུག་བྱས་ནས་ཞུས་པ་ཞིག་མིན་པར་དགོངས་འཇགས་གནང་རོགས་གནང༌།
ཐོག་མར་སྤྱི་འཐུས་ལྷན་ཚོགས་ནས་ྋསྐྱབས་མགོན་རིན་པོ་ཆེའི་སྐུའི་སྲུང་སྐྱོབ་ཀྱི་སྐོར་གཞན་དང་མི་འདྲ་བའི་ཐུགས་ཚོར་ཆེན་པོའི་ཐོག་ནས་ཐུགས་འགན་བཞེས་ཏེ་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་གནང་བ་ཧ་ཅང་ཡག་པོ་བྱུང༌། ལྷག་པར་དུའང་འཛིན་སྐྱོང་གི་ལས་ཀ་བྱེད་མཁན་ཚོས་སྙིང་བཅང་ཞུ་རྒྱུའི་ལམ་སྟོན་ཕན་ཐོགས་ཆེན་པོ་བྱུང་བས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་ལྟ་བཀའ་ཤག་གིས་གསལ་བཤད་ཞུ་རྒྱུ་ནི་བགྲོ་གླེང་ནང་བྱུང་བའི་གནས་ཚུལ་རྣམས་ཀྱི་ཐོག་བཀའ་ཤག་གིས་དེ་སྔ་ཕན་ཆད་ཕྱག་ལས་གནང་ཕྱོགས་ཇི་འདྲ་ཡིན་པའི་སྤྱི་ཡོངས་གསལ་བཤད་ཞུ་རྒྱུ་ཞིག་མ་གཏོགས། ཉེ་ཆར་ཇ་མུ་ལ་བྱུང་བའི་གནས་ཚུལ་དང༌། དེ་བཞིན་དེ་སྔོན་སྐུའི་སྲུང་ཆའི་ཐོག་ལས་དོན་ཚགས་སུ་མ་ཚུད་པ་བྱུང་བའི་རིགས་དེ་ཚོར་ང་ཚོས་འཐུས་ཤོར་ཕྱིན་མེད་པའི་གསལ་བཤད་ཞུ་རྒྱུ་མིན། ལས་དོན་འཐུས་ཤོར་ཕྱིན་པ་རྣམས་འཐུས་ཤོར་ཕྱིན་པར་ངོས་ལེན་ཞུ་རྒྱུ་དང༌། མ་འོངས་པར་འཐུས་ཤོར་མི་འགྲོ་བའི་འབད་རྩོལ་ལྷོད་མེད་ཞུ་རྒྱུ་ཡིན་ཞེས་ཞུ་བ་ཙམ་མ་གཏོགས། དེ་ལས་ལྷག་པའི་མ་འོངས་པར་འཐུས་ཤོར་རྩ་བ་ནས་ཡོང་གི་མ་རེད་ཅེས་མཐའ་གཅིག་ཏུ་ཁས་ལེན་ཞུས་ཐུབ་པའི་གནས་སྟངས་ནི་རང་བཞིན་གྱི་ཆགས་ཁག་པོ་རེད་བསམ་གྱི་འདུག མིའི་ནུས་པ་དང༌། བསམ་བློ། འབད་རྩོལ་གྱིས་གང་དུ་སླེབས་སའི་བར་དུ་སྣང་ཆུང་དང་ལེ་ལོར་མ་སོང་བར་སོ་སོའི་ནུས་པའི་ས་མཚམས་ཀྱི་ནང་གང་བྱེད་ཐུབ་པ་རྣམས་བྱེད་རྒྱུའི་འབད་བརྩོན་མཐའ་གཅིག་ཏུ་ཞུ་རྒྱུ་ཡིན།
ད་རིང་གཞུང་འབྲེལ་གྲོས་འཆར་གྱི་དོན་ཚན་དང་པོའི་ནང་དུ་སྐབས་ ༡༢ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་དགུ་པའི་ཐོག་བཞག་པའི་སྐུའི་སྲུང་སྐྱོབ་ཞུ་ཕྱོགས་དང་འབྲེལ་བའི་དོན་ཚན་ཁག་བདུན་དང༌། ྋགོང་ས་ཆེན་པོར་ཕྱག་འཚལ་སྔོན་དུ་འགྲོ་བའི་གསོལ་འདེབས་ཞུ་རྒྱུའི་དོན་ཚན་ཁག་ལྔ་བཅས་འཁོད་པ་དེ་དག་འབྲེལ་ཡོད་ཚང་མས་དུས་ནས་དུས་སུ་བསྐྱར་ཞིབ་ཀྱིས་བརྩི་སྲུང་དང་ཕྱག་བསྟར་ལྷོད་མེད་གནང་དགོས་བཀའ་གནང་བ་རྣམས་ངེས་པར་དུ་ཞུ་རྒྱུ་ཡིན། གྲོས་ཆོད་དེ་བྱུང་མ་ཐག་གྲོས་ཆོད་ཀྱི་དགོངས་དོན་རྣམས་གཞུང་གི་ཁྱབ་ཁོངས་ཀྱི་ལས་ཁུངས་མ་ལག་ཡོངས་རྫོགས་དང༌། ཕྱི་རྒྱལ་གྱི་དོན་གཅོད་ཡོངས་རྫོགས་ལ་བཀའ་ཤག་སྔོན་མས་ཡིག་ཆུང་ཐོག་ནས་སྤྱི་ཡོངས་གྲོས་ཆོད་ཀྱི་དོན་ཚན་ཚང་མ་ལ་བསམ་ཞིབ་བྱེད་དགོས་པ་དང༌། ལྷག་པར་དུ་ལས་ཁུངས་བྱེ་བྲག་པ་སོ་སོ་དང་འབྲེལ་བ་ཡོད་པའི་དོན་ཚན་ཟུར་འདོན་བྱས་ནས་ལས་ཁུངས་སོ་སོས་ཐུགས་སྣང་དགོས་རྒྱུའི་བཀའ་ཁྱབ་ནན་པོ་གནང་འདུག དེའི་བཀའ་ཁྱབ་དང་གྲོས་ཆོད་བཅས་ཚང་མ་རྩ་འཛིན་རྩིས་སྤྲོད་ཡིག་ཆའི་ནང་བཞག་དགོས་རྒྱུ་དང༌། ལས་བྱེད་གསར་པ་ཚོ་ལའང་ངོ་སྤྲོད་བྱེད་དགོས་པའི་ལམ་སྟོན་བསྐྱར་དུ་ཞུ་བ་དང་ཆབས་ཅིག་དུས་ནས་དུས་སུ་འདིའི་ཐོག་ལ་བསྐྱར་ཞིབ་དང་དྲན་གསོ་གཏང་དགོས་རྣམས་བཀའ་ཤག་གིས་ངེས་པར་དུ་ཞུ་རྒྱུ་ཡིན།
དོན་ཚན་གཉིས་པ་སྐུ་ཕྱྭའི་སྲུང་སྐྱོབ་དང་ཆིབས་སྒྱུར་གྱི་ཕེབས་སྒྲིག་ཐད་འཐུས་ཤོར་ལྷོད་ཡངས་ཀྱི་སྐྱོན་གནད་བྱུང་ཚེ་སྐབས་དེའི་དབང་ལྡན་འགན་འཛིན་ནམ་འབྲེལ་ཡོད་ལེ་ཐོག་པ་སུ་ཡིན་ལ་འཛིན་སྐྱོང་བཀའ་ཤག་གིས་འགལ་འཛོལ་ལ་གཞིགས་པའི་ཉེས་ཆད་ཡན་པོར་མ་སོང་བ་གནང་དགོས་པ་དང༌། དོ་བདག་སོ་སོས་ཉེས་ཆད་དྭང་བླང་དགོས་རྒྱུའི་སྐོར་བཀོད་འདུག རྐྱེན་ངན་གྱི་གནས་ཚུལ་བྱུང་སྐབས་ནོར་འཁྲུལ་གཏོང་མཁན་མཛུབ་མོ་འཛུགས་ཐུབ་པ་དང༌། འགན་འཛིན་ནམ་ལས་བྱེད་འདི་དང་འདིས་འཐུས་ཤོར་ཕྱིན་འདུག་ཅེས་དན་རྟགས་ཐོན་པ་ཞིག་ཡོད་ན་ངེས་པར་དུའང་བཏང་འཛིན་ཡན་པོར་མ་སོང་བ་ཞུ་དགོས་པ་ནི་སྤྱིར་བཏང་སྒྲིག་གཞིའི་གནས་སྟངས་ཤིག་ཡིན་པ་སྨོས་མེད་རེད། ཡིན་ནའང་སྐབས་དང་གནས་ཚུལ་འགའ་ཞིག་ལ་རྐྱེན་ངན་བྱུང་རུང་ནོར་འཁྲུལ་གཏོང་མཁན་དམིགས་ཀྱིས་བཀར་ནས་མཛུབ་མོ་འཛུགས་དཀའ་བའི་གནས་སྟངས་རིམ་པས་ཡོང་གི་འདུག འདས་པའི་གནས་སྟངས་ལ་གཞིགས་ཏེ་མ་འོངས་པ་ལའང་དེ་རིགས་ཡོང་མ་སྲིད་པ་མིན་སྙམ། སྤྱིར་ང་ཚོའི་ངོས་ནས་ཞིབ་འཇུག་མཐར་ཕྱིན་པ་ཞུ་དགོས་པ་ཡིན་མོད་ཀྱང༌། སྐབས་རེ་མིས་ནོར་འཁྲུལ་མེད་ནའང་སྐབས་བབས་ཀྱི་གནས་སྟངས་གཞན་པའི་དབང་གིས་གྲ་མ་འགྲིགས་པ་ཡོང་མྱོང་བ་དང་མ་འོངས་པ་ལའང་ཡོང་སྲིད་པ་ཞིག་རེད། གནས་ཚུལ་འདི་རིགས་ཀྱི་ཐོག་ནས་འགལ་རྐྱེན་བྱུང་སྐབས། བཀའ་ཤག་དང༌། བདེ་སྲུང་ལྷན་ཁང༌། བདེ་སྲུང་བཀའ་བློན། བདེ་སྲུང་གི་ལས་བྱེད་ཡོངས་སུ་རྫོགས་པ་ལ་རང་བཞིན་གྱིས་འགན་འཁྲི་ཡོད་པས། དེ་ཚོར་ཉེས་ཅན་ལ་བརྩིས་ནས་བཏང་འཛིན་བྱས་པ་ཡིན་ན་གཞུང་དང་མང་ཚོགས་ཀྱི་དགོས་དོན་ལ་ཕན་པ་ཞིག་ཡོང་གི་ཨེ་ཡོད། ཕྱོགས་གཅིག་ནས་བལྟས་ན་རྒྱ་གར་གྱི་ས་གནས་ཐག་རིང་ཞིག་ཏུ་མེ་འཁོར་ལ་བརྡབ་ཆག་བྱུང་བ་ཡིན་ན་ལྡི་ལིར་སྡོད་མཁན་གྱི་མེ་འཁོར་བློན་ཆེན་གྱིས་དགོངས་པ་ཞུ་བའི་ལམ་སྲོལ་བཟང་པོ་ཞིག་སྔོན་མ་ནས་ཡོད་པ་དང་མཚུངས་པར། བཀའ་ཤག་དང་བདེ་སྲུང་བཀའ་བློན་ལ་སོགས་པས་རྐྱེན་ངན་བྱུང་སྐབས་བཟང་སྤྱོད་ཀྱི་འགན་འཁྱེར་ནས་དགོངས་པ་ཞུ་རྒྱུར་དཀའ་ངལ་གང་ཡང་ཡོང་གི་མ་རེད། བཏང་འཛིན་བྱེད་རྒྱུའི་གནས་སྟངས་ལ་ཆ་མཚོན་ན། ད་ལྟ་ངས་གོང་དུ་དཔེ་ཞུས་པ་ལྟར་རྒྱ་གར་ཨཱ་སམ་ལ་མེ་འཁོར་བརྡབ་ཆག་བྱུང་བ་དེ་ལྡི་ལིར་སྡོད་མཁན་གྱི་བློན་ཆེན་དེས་ལན་པ་རེད་ཅེས་ཉམས་ཞིབ་ཇི་ལྟར་བྱས་ཀྱང་ལབ་ཁག་པོ་རེད། དེས་ན་བཟང་སྤྱོད་ཀྱི་ཐོག་ནས་འགན་བླངས་པ་དང་ཞིབ་འཇུག་བྱས་ནས་འགན་དཀྲི་བ་གཉིས་ཐ་དད་དུ་དབྱེ་དགོས། དེར་བརྟེན་སྐབས་འགའ་ཞིག་ལ་ང་ཚོས་དམིགས་ཀྱིས་བཀར་ནས་མི་འདིས་ནོར་འདུག་ཅེས་བརྗོད་ཐུབ་པའི་གནས་ཚུལ་མེད་པ་ཆགས་མི་སྲིད་པ་མ་རེད་ཅེས་གསལ་པོ་ཞུ་རྒྱུ་ཡིན། དེ་ལྟར་གོང་དུ་ཞུས་པའི་རྒྱབ་ལྗོངས་དང་གོ་དོན་གྱི་ཐོག་ནས་དོན་ཚན་གཉིས་པའང་ང་ཚོས་ངེས་པར་དུ་ལག་ལེན་བསྟར་རྒྱུའི་ཆོད་སེམས་ཡོད།
དོན་ཚན་གསུམ་པའི་ནང་དོན་རྣམས། དེ་སྔ་ཕན་ཆད་ལའང་གང་འཚམས་དང་གང་ཐུབ་ཞུས་དང་ཞུ་བཞིན་པ་རེད། དེ་བཞིན་མ་འོངས་པ་ལའང་ངེས་པར་དུ་ཞུ་དགོས་པ་དང་ལག་ལེན་ཐེབས་པ་ཞིག་ཡིན་པས་ངེས་པར་དུ་ཞུ་རྒྱུ་ཡིན།
དོན་ཚན་བཞི་པའི་དགོངས་ཚུལ་ནི་སྔོན་མ་ནས་མི་མང་པོ་ལ་བྱུང་ཡོད་པ་དང་ང་རང་ལའང་དེ་ལྟའི་བསམ་ཚུལ་བྱུང་མྱོང་བས། དོན་ཚན་བཞི་པའི་དོན་གནས་ཚང་མ་ངེས་པར་དུ་ལག་བསྟར་བྱེད་རྒྱུའི་ཆེད་དུ་སྒྲིག་འཛུགས་བཟོ་རྒྱུ་ཡིན།
དོན་ཚན་ལྔ་པའི་ནང་གི་དོན་གནས་རྣམས་ཀྱང་ང་ཚོས་ལག་བསྟར་ཞུ་མ་ཐུབ་པ་མེད་པས་ངེས་པར་ལག་ལེན་དུ་འཁེལ་བའི་ཐབས་ཤེས་ཞུ་རྒྱུ་ཡིན།
དོན་ཚན་དྲུག་པ་ནི་རྒྱ་གར་གཞུང་ལ་འབོད་བསྐུལ་ཞུ་རྒྱུ་ཞིག་ཡིན་སྟབས་དོན་སྨིན་སོན་པ་དང་མ་སོན་པ་གཉིས་ཀ་ཡོང་སྲིད་པ་རེད། ཡང་ད་རིང་ཐེངས་གཅིག་དོན་སྨིན་སོན་པ་བྱུང་ནའང་རྒྱུན་མཐུད་དོན་སྨིན་སོན་པ་ཞིག་ཡོང་བའི་ངེས་པ་ཡོད་མ་རེད། སྤྱིར་བཏང་རྒྱ་གར་གཞུང་གི་ལས་བྱེད་བཀོད་བསྒྲིགས་ཀྱི་འགྲོ་སྟངས་རྒྱུན་སྲོལ་ལྟར་འགྲོ་དགོས་པས། དཀའ་རྙོག་མུ་མཐུད་ནས་ཡོང་རྒྱུ་ཞིག་རེད། ཡིན་ནའང་ང་ཚོའི་ངོས་ནས་རྒྱ་གར་གཞུང་ལ་འབོད་བསྐུལ་ངེས་པར་དུ་ཞུ་རྒྱུ་ཡིན།
དོན་ཚན་བདུན་པའང་རྒྱ་གར་གཞུང་ལ་འབོད་སྐུལ་ཞུ་རྒྱུའི་གནས་ཚུལ་ཞིག་རེད་འདུག དེ་ཡང་དོན་ཚན་དྲུག་པ་འབོད་སྐུལ་ཞུ་རྒྱུ་དང༌། དོན་ཚན་བདུན་པ་འབོད་སྐུལ་ཞུ་རྒྱུ་གཉིས་དབར་སྒྲིག་འཛུགས་ཀྱི་གནས་སྟངས་ཀྱི་ཆ་ནས་དོན་ཚན་བདུན་པ་འབོད་སྐུལ་ཞུ་དཀའ་བ་རེད་བསམ་གྱི་འདུག འབོད་སྐུལ་ཞུས་རྗེས་ཞུ་དོན་ལྟར་དོན་སྨིན་པ་ཡོང་མིན་འཛིན་སྐྱོང་བཀའ་ཤག་གིས་འགན་ལེན་ཞུ་མི་ཐུབ་ཀྱང༌། འབོད་སྐུལ་ངེས་པར་དུའང་ཞུ་རྒྱུ་ཡིན།
དོན་ཚན་བརྒྱད་པའི་ནང་ཡོད་ཀྱི་དོན་གནས་ཀྱང་ད་ཕན་བདེ་སྲུང་བཀའ་བློན་དང་བདེ་སྲུང་དྲུང་ཆེས་འབྲེལ་ཡོད་རྒྱ་གར་ལས་བྱེད་ལ་གྲོས་བསྡུར་དང་བསྐྱར་ཞིབ་ཞུས་དང་ཞུ་མུས་ཡིན་པས། མ་འོངས་པ་ལའང་མུ་མཐུད་ནས་ངེས་པར་དུ་ཞུ་རྒྱུ་ཡིན།
དོན་ཚན་དགུ་པའི་སྐོར་ད་རིང་བཀའ་ཤག་གི་གསལ་བཤད་ནང་བཀོད་ལྟར་བདེ་སྲུང་ལས་ཁུངས་ཀྱི་ད་ཡོད་སྒྲིག་འཛུགས་བསྐྱར་བཅོས་ཞུ་རྒྱུ་དང་འབྲེལ་བ་ཡོད་པ་ཞིག་རེད། སྒྲིག་འཛུགས་བསྐྱར་བཅོས་ཞུས་སྐབས་སྐུ་སྲུང་དང་འབྲེལ་བ་ཡོད་པའི་སྡེ་ཚན་དེ་ཐད་ཀར་སྐུ་སྒེར་ཡིག་ཚང་དང་གཅིག་གྱུར་ལྟ་བུའི་རྒྱང་ཐག་མེད་པ་ཞིག་བཟོ་རྒྱུའི་བསམ་བློ་ཡོད། སྐུ་སྒེར་ཡིག་ཚང་དང༌། བཀའ་དྲུང་ལས་ཁུངས། སྐུ་སྲུང་དང་འབྲེལ་ཡོད་ཀྱི་བདེ་སྲུང་གི་སྡེ་ཚན་བཅས་གསུམ་པོ་ཕྱིའི་ཆ་ནས་ལས་ཁུངས་གསུམ་གྱི་རྣམ་པ་ཡོད་ཀྱང༌། ནང་དོན་ྋསྐྱབས་མགོན་རིན་པོ་ཆེ་ཕྱོགས་ཕེབས་ཀྱི་ཕེབས་སྒྲིག་དང་སྐུའི་སྲུང་སྐྱོབ་ཞུ་རྒྱུའི་སྐོར་ལ་ཚང་མས་གཅིག་གྱུར་མཉམ་རུབ་ཐོག་ནས་ལས་ཀ་བྱེད་ཐུབ་པ་ཞིག་བཟོ་རྒྱུའི་རེ་བ་ཡིན།
དོན་ཚན་བཅུ་པ་ཕེབས་བསུ་ཞུ་ཕྱོགས་སྐོར་རེད་འདུག སྤྱིར་བཏང་སྤྱི་འཐུས་ནས་སྤྱི་མོས་སམ་མང་མོས་གང་རུང་གི་ཐོག་ནས་གྲོས་ཆོད་བཞག་པ་ཡིན་ན། འཛིན་སྐྱོང་གི་ངོས་ནས་ལག་ལེན་བསྟར་རྒྱུའི་ཐབས་ཤེས་ངེས་པར་དུའང་ཞུ་རྒྱུ་ཡིན། འོན་ཀྱང་ཕེབས་བསུ་དང་ཕེབས་སྐྱེལ་ཞུ་ཕྱོགས་ཐད་མང་ཆེ་བ་ནི་ཚང་མས་དགོངས་པར་མངའ་གསལ་ལྟར་སྐུ་སྒེར་ཡིག་ཚང་བརྒྱུད་ྋསྐྱབས་མགོན་རིན་པོ་ཆེ་རང་གིས་སྐབས་འཚམས་སྐབས་འཚམས་ལ་བཀའ་མངགས་ཕེབས་ཀྱི་ཡོད་རེད། སྐབས་རེ་སང་ཞོགས་བཀའ་ཤག་དང་ཚོགས་གཙོ་སོགས་ཕེབས་སྐྱེལ་ལ་མ་ཡོང་ཞེས་བཀའ་ཕེབས་སྐབས་བཅར་ནུས་ཀྱི་ཡོད་མ་རེད། དེ་དང་ཕྱོགས་མཚུངས་སྐབས་རེ་ཕྱི་རྒྱལ་ནས་ཚུར་ཕེབས་སྐབས་ཕོ་བྲང་དུ་ཕེབས་བསུར་བཅར་བ་མ་གཏོགས་གནམ་ཐང་དུ་བཅར་མི་དགོས་པའི་སྔོན་ཚུད་ནས་བཀའ་མངགས་ཕེབས་པ་སོགས་ཀྱི་གནས་ཚུལ་ཡོང་དུས། ྋསྐྱབས་མགོན་རིན་པོ་ཆེས་བཀའ་མངགས་ཕེབས་དོན་བཞིན་མ་ཞུ་ཚད་བྲལ་མ་གཏོགས་ང་ཚོས་སྤྱི་འཐུས་གྲོས་ཆོད་གཞི་བཟུང་ངེས་པར་བཅར་གྱི་ཡིན་ཞེས་ཞུས་ན་དགོངས་པ་འགལ་གཞི་ཆགས་སྲིད་པ་རེད། སྤྱིར་བཏང་གྲོས་ཆོད་ཀྱི་ཀུན་སློང་དང་རྒྱབ་ལྗོངས་ངོས་ལེན་ཞུས་པའི་ཐོག་ནས་དེ་རིགས་གནས་ཚུལ་དམིགས་བསལ་བ་རྣམས་ནི་འདུལ་བ་ཡིན་ནའང་སྤྱིར་སྟངས་དམིགས་བསལ་གྱི་དབྱེ་བ་ཡོད་པ་བཞིན་དམིགས་བསལ་བསྒྲུབ་མ་ཐུབ་པ་རྣམས་དམིགས་བསལ་ཡོང་བ་ཞུ་རྒྱུ་ཡིན།
ད་རིང་གྲོས་ཆོད་གྲོས་འཆར་གྱི་ཐོག་བཀའ་བསྡུར་གནང་སྐབས་འདས་པའི་སྲུང་སྐྱོབ་ལས་དོན་འཐུས་ཤོར་ཕྱིན་རིགས་ཁ་ཤས་མཛུབ་སྟོན་གནང་བ་མ་ཟད། དམིགས་བཀར་ཉེ་ཆར་ཇ་མུར་བྱུང་བའི་རྐྱེན་ངན་གྱི་སྐོར་ཚང་མས་ཐུགས་ཁུར་ཆེ་བཞེས་ཀྱིས་བཀའ་གནང་བ་ལྟར། ཇ་མུའི་གནས་ཚུལ་འདི་འཐུས་ཤོར་མ་ཕྱིན་པ་དང་ནོར་འཁྲུལ་བྱུང་མེད་ཅེས་ཞུ་རྒྱུ་མེད། ནོར་འཁྲུལ་དང་འཐུས་ཤོར་ཕྱིན་པ་ནི་དངོས་ཡོད་ཀྱི་གནས་ཚུལ་རེད། ཡིན་ནའང་འཐུས་ཤོར་དང་ནོར་འཁྲུལ་དེ་མི་བྱེ་བྲག་པ་ཞིག་གི་བྱེད་སྟངས་མ་འགྲིགས་པའི་དབང་གིས་བྱུང་བ་རེད་ཅེས་དམིགས་འཛུགས་བྱེད་རྒྱུ་ནི་གནས་ཚུལ་གྱི་བྱུང་རིམ་ལ་གཞིགས་ཏེ་གསལ་པོར་བརྗོད་ཐུབ་ཀྱི་མི་འདུག དེ་ཡང་ཞིབ་འཇུག་རིམ་པ་གཅིག་གནང་ཟིན་པ་དང༌། རིམ་པ་གཞན་ཞིག་གི་གྲུབ་འབྲས་ད་ལྟ་ང་ཚོས་ཆ་ཚང་ཤེས་ཀྱི་མེད། ཅི་སྟེ་རིམ་པ་གཞན་པ་དེའི་གྲུབ་འབྲས་ནང་གནས་ཚུལ་གསར་པ་ཞིག་འཐོན་རྒྱུ་ཡོད་མེད་མི་ཤེས། ང་རང་ཚོས་བྱེད་ཐུབ་ཚད་ཀྱི་ཞིབ་འཇུག་བྱེད་པའི་གྲུབ་འབྲས་ལ་གཞིགས་ན། དམིགས་ཀྱིས་བཀར་ནས་གང་ཟག་བྱེ་བྲག་པ་གཅིག་གམ་གང་ཟག་བྱེ་བྲག་པ་ཁ་ཤས་ཀྱི་བྱེད་འཛོལ་དང་ནོར་འཁྲུལ་ཡིན་པའི་ཐག་གཅོད་བྱེད་མི་ཐུབ་པ་ཞིག་དང་པོའི་མཐོང་ཚུལ་ལ་བྱུང༌། དང་པོའི་མཐོང་ཚུལ་ནི་མཐའ་གཅིག་ཏུ་མཐར་ཐུག་གི་བདེན་པ་ཡིན་པའི་ངེས་པ་ནི་ཡོད་མ་རེད། འབྲེལ་ཡོད་བཀའ་བློན་དང་འབྲེལ་ཡོད་དྲུང་ཆཻས་ཉེས་པ་ངོས་ལེན་གྱིས་བར་བརྒལ་བཀའ་ཤག་ལ་དགོངས་པའང་ཞུས་རྩིས་གནང་འདུག་ཀྱང༌། བར་བརྒལ་བཀའ་ཤག་གིས་འབྲེལ་ཡོད་བཀའ་བློན་དགོངས་པ་ཞུས་པས་དཀའ་རྙོག་སངས་ཐུབ་ཀྱི་མེད་ཚུལ་དང༌། དེ་ནི་ཕྱག་རྒྱ་ཙམ་ཞིག་མ་གཏོགས་དོན་ལ་ཕན་པ་མེད་པས་དགོངས་པ་འཁྲོལ་བ་དང་ཉེས་པ་བཅད་པ་སོགས་བར་བརྒལ་བཀའ་ཤག་གི་སྐབས་སུ་བྱུང་མི་འདུག་ཅིང༌། བཀའ་ཤག་གསར་པའི་ཐོག་ནས་ཉེས་པ་བཅད་དགོས་པའི་ཚོར་སྣང་ད་བར་བྱུང་མ་སོང༌། རྩ་བའི་ཇ་མུའི་བྱུང་རིམ་གྱི་སྐོར་སྐབས་དེ་དུས་བཀའ་ཤག་ནས་སྤྱི་འཐུས་རྒྱུན་ལས་ལ་ཡིག་ཐོག་གསལ་བཤད་རྒྱས་པ་ཞིག་འབུལ་གནང་འདུག དེའི་རྗེས་ལ་བཀའ་བློན་ཁྲི་པ་གསར་པ་དམ་འབུལ་ཞུས་པའི་ཉི་མ་གཉིས་པར་བཀའ་སྤྱི་ལྷན་ཚོགས་ཐོག་མ་གནང་བའི་ཉིན་སྤྱི་འཐུས་རྒྱུན་ལས་རྣམ་པ་ཚོས་ཐུགས་སྣང་ཆེན་པོའི་ཐོག་ནས་ཇ་མུའི་གནས་སྟངས་ཀྱི་ཐོག་ལ་བཀའ་འདྲི་ཕེབས་པའི་སྐབས། བཀའ་བློན་ཁྲི་པས་གང་ཤེས་ཀྱི་བྱུང་རིམ་གནས་སྟངས་རྣམས་སྙན་གསན་ཞུས་ཡོད། ད་རིང་གྲོས་ཚོགས་ཀྱི་ནང་དེ་ཚོར་བསྐྱར་ལྡབ་བྱས་ནས་མ་ཞུས་ན་སྤྱི་འཐུས་མང་པོས་ཐུགས་འཁུར་ཆེ་བཞེས་ཀྱིས་འདིའི་སྐོར་ཡང་ཡང་བཀའ་གནང་བ་ཡིན་ཙང༌། རྒྱུན་ལས་མ་ཡིན་པའི་སྤྱི་འཐུས་རྣམ་པ་ཚོས་གནས་ཚུལ་མ་མཁྱེན་པའང་ཡོང་སྲིད། སྤྱིར་བཏང་རྒྱུན་ལས་ལ་ཕུལ་བའི་ཡིག་ཐོག་གི་གསལ་བཤད་དེ་གཟིགས་པ་ཡིན་ན་གནས་ཚུལ་གང་འཚམས་གསལ་པོ་ཡོང་ངེས་ལགས་མོད། མདོར་ཙམ་བསྐྱར་ཟློས་ཞུ་རྒྱུ་ཡིན།
ྋསྐྱབས་མགོན་རིན་པོ་ཆེ་ཕྱི་ཚེས་ ༦ ཉིན་ཇ་མུ་ནས་ཚུར་ཆིབས་བསྒྱུར་གནང་རྒྱུ་སྔོན་ཚུད་ནས་མཛད་འཆར་ཐུགས་གཏན་འཁེལ་ནས་གནམ་གྲུའི་ཕྱག་འཁྱེར་བཞེས་རྒྱུས་མཚོན་པའི་གྲ་སྒྲིག་ཡོངས་རྫོགས་གནང་ཟིན་འདུག སྤྱི་འཐུས་ཚང་མས་ཕལ་ཆེར་རྒྱབ་ལྗོངས་ཀྱི་ལོ་རྒྱུས་མཁྱེན་གྱི་ཡོད་པ་ལྟར་དུས་ཚོད་རིང་པོ་ཞིག་གི་བར་དུ་རྒྱ་གར་གཞུང་གི་འབྲེལ་ཡོད་སྐུ་སྲུང་ལས་ཁུངས་ཁག་ནས་ཇ་མུའི་གནམ་ཐང་ནས་ཆིབས་བསྒྱུར་གནང་རྒྱུ་ཉེན་ཁར་བརྩིས་ཏེ་ཆིབས་བསྒྱུར་གནང་རྒྱུར་དགག་བྱ་ཞུས་ནས། ལོ་མང་པོའི་རིང་ཇ་མུ་བརྒྱུད་ཆིབས་བསྒྱུར་གནང་མ་ཐུབ་པར་ལུས་པ་རེད། ྋསྐྱབས་མགོན་རིན་པོ་ཆེའི་དགོངས་བཞེད་དང་བསྟུན་ནས་བཙན་བྱོལ་གཞུང་གིས་ཇ་མུའི་བརྒྱུད་ཕེབས་ཆོག་ཐབས་སུ་འབྲེལ་ཡོད་མི་སྣ་མང་པོ་དང་འབྲེལ་བ་གནང་ནས། བར་ལམ་པཱན་ཇབ་ཀྱི་གནས་ཚུལ་དྲག་ཏུ་ཕྱིན་པ་དང༌། ཇ་མུ་ཀཤ་མཱིར་གྱི་གནས་ཚུལ་ཕྲན་བུ་དྲག་ཏུ་ཕྱིན་པའི་སྐབས། ཇ་མུ་ས་གནས་སྲིད་གཞུང་དང་རྒྱ་གར་དབུས་གཞུང་དབར་བཀའ་བསྡུར་གྱིས་ཇ་མུ་བརྒྱུད་ཕེབས་འཐུས་མོས་མཐུན་བྱུང་བ་གཞིར་བཟུང་ཆིབས་བསྒྱུར་མང་ཆེ་བ་ཇ་མུ་བརྒྱུད་གནང་འགོ་ཚུགས་ཤིང༌། དེ་ནི་ཕྱོགས་གཅིག་ནས་དུས་ཚོད་མང་པོ་མི་འགོར་བ་དང༌། གཉིས་ནས་ྋསྐྱབས་མགོན་རིན་པོ་ཆེར་སྐུ་ངལ་ཆུང་བའི་ཆེད་དུ་དམིགས་པ་ཞིག་རེད། འདི་ནས་དིལླཱིར་ཕྱག་ཚོད་ ༡༠ ལྷག་རིང་ཕེབས་ལམ་ཐོག་ནས་ཕེབས་དགོས་བྱུང་ན་སྐུ་ངལ་ཙམ་མིན་པར། ཕེབས་ལམ་གྱི་ཐོག་སྐུའི་སྲུང་སྐྱོབ་ལ་ཉེན་ཁ་གནམ་གྲུ་ལས་ཆེ་བ་མ་གཏོགས་ཆུང་བ་ཞིག་ཡོད་མ་རེད། སྤཊནཀཱོ་ཊི་ནས་དིལླཱི་བར་མེ་འཁོར་གྱི་ཐོག་ཕེབས་རྒྱུ་ད་ལྟའང་རྒྱ་གར་གཞུང་ནས་མོས་མཐུན་ཞུས་ཀྱི་ཡོད་མ་རེད། དེས་ན་དེང་སང་ྋགོང་ས་མཆོག་ཇ་མུ་ནས་གནམ་གྲུ་ལ་ཕེབས་རྒྱུ་དང༌། ཡང་ན་འདི་ནས་དིལླཱི་བར་ཕེབས་ཊོའི་ནང་དུ་ཕེབས་རྒྱུ་གཉིས་མ་གཏོགས་གདམ་ག་གཞན་ཡོད་མ་རེད། བར་ལམ་ཞིག་ནས་གནམ་གྲུ་ཆུང་ཆུང་ཞིག་དིལླཱི་ནས་རྡ་རམ་ས་ལར་བདུན་ཕྲག་ལ་ཉི་མ་གསུམ་ཡོང་གི་ཡོད་ཀྱང༌། ཕལ་ཆེར་དུས་ཐོག་འགྲོ་མི་ཐུབ་པ་དང༌། སྐབས་རེ་གློ་བུར་དུ་འགྲོ་ཁར་ཕྱིར་བཤོལ་བྱེད་པའི་གནས་སྟངས་ཡང་ཡང་ཡོང་གི་ཡོད་རེད། མ་གཞི་ནས་ྋསྐྱབས་མགོན་རིན་པོ་ཆེས་གནམ་གྲུ་ཆུང་ཆུང་དེའི་ནང་ཕེབས་རྒྱུ་མཉེས་པོ་གནང་གི་མེད་ཀྱང་དུས་སྐབས་འཁེལ་ན་དེའི་ནང་གདན་འདྲེན་ཞུ་རྒྱུ་དང༌། དེ་མིན་མང་ཆེ་བ་ཇ་མུ་ནས་གདན་འདྲེན་ཞུ་རྒྱུའི་ལམ་སྲོལ་འདས་པའི་ལོ་ཤས་རིང་ལག་བསྟར་ཞུ་བཞིན་པ་ལྟར། ཁ་སང་ཇ་མུ་ནས་གདན་འདྲེན་ཞུ་དགོས་པའི་རྒྱུ་མཚན་ཡང་དེ་འདྲ་རེད། དེ་ཉིན་ཇ་མུར་བཀག་བསྐྱིལ་གྱི་ལས་འགུལ་ཡོད་པའི་སྐོར་ཉི་མ་མང་པོའི་སྔོན་ནས་སྔོན་བརྡ་བཏང་མི་འདུག ཚེས་ ༦ ཉིན་ཇ་མུ་ལ་བཀག་བསྐྱིལ་ཡོད་པའི་གནས་ཚུལ་ཟླ་ ༨ ཚེས་ ༣ ཉིན་ནས་གསལ་པོ་དང་ངེས་གཏན་མེད་པ་ཞིག་གོ་རྒྱུ་ཡོད་ཚོད་འདུག་ཀྱང༌། དངོས་སུ་གཟུགས་མཐོང་རླུང་འཕྲིན་གྱི་ཐོག་ཚེས་ ༥ ཉིན་དྲིལ་བསྒྲགས་བྱས་འདུག འོན་ཀྱང་སྟབས་མ་ལེགས་པ་ཞིག་ལ་དེ་ཉིན་འབྲེལ་ཡོད་ལས་བྱེད་ཚོས་དོ་སྣང་བྱུང་མི་འདུག ཚེས་ ༦ སྔ་དྲོ་ཕྱག་ཚོད་ ༥ པར་ཕེབས་བསུར་འགྲོ་མཁན་གྱི་ཕེབས་འཁོར་རྣམས་འདི་ནས་ཐོན་ཟིན་པའི་རྗེས་ལ་གཞི་ནས་ཇ་མུར་བཀག་བསྐྱིལ་ཡོད་པའི་གནས་ཚུལ་ཤེས་འདུག འདི་ནི་ཕྱོགས་གཅིག་ནས་མཐུན་རྐྱེན་གྱིས་མ་འདང་བ་ཞིག་དང༌། ཕྱོགས་གཞན་པ་ཞིག་ནས་གནས་ཚུལ་འདི་རིགས་སྔོན་ཚུད་ནས་མྱངས་ཞིབ་དགོས་པ་ཞིག་ཡིན་མོད། ཚེས་ ༦ གི་སྔ་དྲོ་མ་གཏོགས་ཤེས་རྟོགས་མ་བྱུང་བ་དེ་ལས་བྱེད་པས་འཐུས་ཤོར་ཕྱིན་པ་ཞིག་ལ་ངོས་འཛིན་ཞུ་རྒྱུ་ཡིན། ཚེས་ ༦ སྔ་དྲོ་གནས་ཚུལ་དེ་ཤེས་མ་ཐག་ཏུ་འབྲེལ་ཡོད་ཀྱི་ལས་ཁུངས་ཁག་དང་འབྲེལ་བ་བྱས་འདུག དེ་ཡང་ས་གནས་འབྲེལ་ཡོད་ལས་ཁུངས་བརྒྱུད་སིམ་ལ་དང་སིམ་ལ་ནས་ཇ་མུ། ཇ་མུ་ནས་སིམ་ལ། སིམ་ལ་ནས་བསྐྱར་དུ་རྡ་སར་གནས་ཚུལ་འབྱོར་བའི་ནང་དོན་ཇ་མུའི་བཀག་བསྐྱིལ་ནི་ཇ་མུའི་གྲོང་ཁྱེར་ནང་ལ་རེད་མ་གཏོགས། གཞུང་ལམ་ལ་ཡོད་མ་རེད། གནམ་ཐང་ནས་ཐད་ཀར་གཞུང་ལམ་བརྒྱུད་ཕེབས་རྒྱུ་ཡིན་སྟབས་གནད་འགག་གང་ཡང་ཡོད་མ་རེད་ཅེས་བརྗོད་འདུག དེ་དང་ཆབས་ཅིག་ཕེབས་བསུར་འགྲོ་མཁན་གྱི་ཁ་ལོ་པ་རྣམས་ཇ་མུར་འབྱོར་བ་དང་འདི་ནས་ཞལ་པར་ཐོག་འབྲེལ་བ་གནང་སྐབས་ང་ཚོའི་འགྲོ་ལམ་ལ་རྙོག་ཁྲ་གང་ཡང་མི་འདུག གན་དཱི་ཅོག་བཞི་མདོའི་སྒང་ལ་མི་ཁ་ཤས་ཡོད་པ་དང༌། འགྱིག་འཁོར་རྙིང་པ་ཁ་ཤས་མེར་བསྲེགས་འདུག་ཀྱང་ཕེབས་འཁོར་བཀག་བསྐྱིལ་གང་ཡང་བྱེད་ཀྱི་མི་འདུག དེ་ལས་གཞན་པའི་གཞུང་ལམ་གྱི་ཐོག་མི་མང་འདུ་འཛོམས་དང་ལམ་བཀག་བསྐྱིལ་སོགས་གང་ཡང་མི་འདུག་ཅེས་ལན་འདེབས་བྱུང་ཡོད་པ་དང༌། གནམ་ཐང་དུ་ྋསྐྱབས་མགོན་རིན་པོ་ཆེ་གདན་ཞུར་ཡོང་བའི་སྔོན་འགྲོའི་ལམ་སེལ་བ་དང་རྗེས་བཅར་སྐུ་སྲུང་བ་འགོ་ཁྲིད་ཚང་མའི་ལྷན་དུ་བཀའ་བསྡུར་གནང་འདུག་ཀྱང༌། ཁོ་ཚོས་ཀྱང་གཞུང་ལམ་གྱི་ཐོག་ནས་ཉེན་ཁ་གང་ཡང་ཡོང་གི་མ་རེད་ཅེས་ཞུས་འདུག གནམ་ཐང་སྲུང་སྐྱོབ་འགན་འཛིན་དང་ལྷན་དུའང་འབྲེལ་བ་གཅིག་གྱུར་བྱུང་འདུག གཞུང་གི་སྣེ་ལེན་པ་ངོ་མ་མ་འབྱོར་ཡང་སྣེ་ལེན་པ་གཞོན་པ་ཞིག་བཅར་འདུག་པས་ཁོང་གིས་ཀྱང་གཞུང་ལམ་ལ་ཉེན་ཁ་གང་ཡང་མེད་ཚུལ་སོགས་མདོར་ན་ཁོ་ཚོས་འབྲེལ་བ་བྱེད་སའི་ས་གནས་ཀྱི་སྲུང་སྐྱོབ་པ་ཚང་མས་གཞུང་ལམ་ལ་སྐུ་ངལ་མེད་པར་ཆ་འཇོག་བྱས་ནས་ཞུས་པའི་གནད་དོན་གཅིག་གྱུར་བྱུང་ཡོད་པ་དང༌། གནས་དོན་གཞན་པ་ཞིག་ནི་འདི་ནས་ཉེན་ཁ་མ་བཟོད་པར་སླར་དིལླཱིར་འབྲེལ་བ་བྱེད་སྐབས་དིལླཱི་དོན་གཅོད་དྲུང་ཆེས་ྋསྐྱབས་མགོན་རིན་པོ་ཆེ་གནམ་གྲུའི་ནང་དུ་ཕེབས་ཟིན་པ་དང༌། གནམ་གྲུའང་རྒྱུག་ལམ་གྱི་ཐོག་ལ་རྒྱུགས་ཟིན་སོང་བས་ཆིབས་བསྒྱུར་ཕྱིར་བཤོལ་ཞུ་རྒྱུའི་ཐབས་ཤེས་མི་འདུག་ཅེས་ཞུས་འདུག དེས་ན་ཇ་མུ་གནམ་ཐང་དུ་ཆིབས་བསྒྱུར་གནང་བ་དང་གདན་འདྲེན་ཞུ་རྒྱུ་མ་གཏོགས་ཐབས་ལམ་གཞན་པ་གང་ཡང་ལྷག་མི་འདུག གནམ་གྲུ་བབས་མ་ཐག་ྋསྐྱབས་མགོན་རིན་པོ་ཆེ་དེ་གའི་གནམ་ཐང་གི་སྐོར་སྲུང་བ་སྤྱི་ཁྱབ་དང༌། གཞུང་གི་སྣེ་ལེན་པ་གཉིས་ཀྱིས་གནམ་གྲུའི་ནང་ནས་ཕེབས་འཁོར་ནང་དུ་ཐད་ཀར་གདན་འདྲེན་ཞུས་ཏེ་ཕེབས་ཐོན་གནང་འདུག གནམ་ཐང་དུ་སྐུ་ངལ་གསོ་གནང་མ་མཛད་སྟབས་ཕེབས་བསུར་བཅར་མཁན་གྱི་སྐུ་སྲུང་བ་དང་ཁ་ལོ་པ་ཇ་མུར་བཀག་བསྐྱིལ་ཡོད་པ་དང༌། ཕེབས་ལམ་དུ་ཉེན་ཁ་ཡོང་སྲིད་པའི་གནས་ཚུལ་ཆིབས་ཞབས་རྣམ་པའི་ལྷན་དུ་བཀའ་མོལ་ཞུ་རྒྱུའི་གོ་སྐབས་བྱུང་མི་འདུག དེ་ནས་ཡར་ཆིབས་བསྒྱུར་གནང་སྐབས་མི་ཚོགས་ཡོད་ས་དང་པོར་སྐུ་ངལ་གང་ཡང་བྱུང་མི་འདུག གཱན་དི་ཅོག་བརྒལ་ནས་སྐར་མ་ལྔ་ཙམ་ཕྱིན་རྗེས་ས་གནས་གཅིག་ལ་ྋསྐྱབས་མགོན་རིན་པོ་ཆེའི་ཕེབས་འཁོར་མདུན་གྱི་རྒྱ་གར་སྐོར་སྲུང་ལམ་སེལ་བའི་ཕེབས་འཁོར་གྱི་སྔོན་དུ་དམག་མིའི་སྣུམ་འཁོར་ཆེན་པོ་ཞིག་ག་ལེར་འགྲོ་བཞིན་ཡོད་པ་དེ་བརྒལ་མ་ཐུབ་པའི་བར་ྋསྐྱབས་མགོན་རིན་པོ་ཆེའི་ཕེབས་འཁོར་ཅུང་ཟད་དལ་པོ་གཏོང་དགོས་བྱུང་འདུག་མ་གཏོགས་ཕེབས་འཁོར་བཀག་དགོས་པའི་གོ་སྐབས་སྐད་ཅིག་ཙམ་ཡང་བྱུང་མི་འདུག དེ་ལྟར་ཕེབས་འཁོར་དལ་པོར་ཕེབས་པའི་སྐབས་དེར་རྡོ་དང་དབྱུག་པ་ཕོག་སྟེ་སྐུ་རྒྱབ་ཀྱི་ཞལ་ཤེལ་ཆག་པའི་གནས་ཚུལ་དེ་བྱུང་འདུག དེ་སྐབས་སྐུ་སྲུང་བའི་སྣུམ་འཁོར་ཡང་འགྲོ་བཞིན་པ་ཡིན་རུང༌། ཕེབས་འཁོར་གྱི་སྐུ་རྒྱབ་ཏུ་ཡོང་མཁན་གྱི་སྣུམ་འཁོར་གཉིས་པའི་ནང་ནས་སྐུ་སྲུང་བ་ཞིག་སྣུམ་འཁོར་འགྲོ་བཞིན་པའི་ནང་ནས་མཆོངས་ཏེ་ྋསྐྱབས་མགོན་རིན་པོ་ཆེའི་ཕེབས་འཁོར་འགྲམ་དུ་འགྲོ་རྩིས་ཀྱིས་ཡར་ཙམ་རྒྱུགས་ཀྱང་ྋསྐྱབས་མགོན་རིན་པོ་ཆེའི་ཕེབས་འཁོར་མགྱོགས་སུ་སོང་བས། ཁོ་རང་བསྐྱར་དུ་སྣུམ་འཁོར་ནང་དུ་བསྡད་དགོས་བྱུང་འདུག ཁ་སང་བཀུར་འོས་སྤྱི་འཐུས་མང་པོ་ཞིག་གི་གསུང་སྟངས་ལ་བལྟས་ན་ྋསྐྱབས་མགོན་རིན་པོ་ཆེའི་ཕེབས་འཁོར་བཀག་པའི་སྐབས་རྡོ་དང་དབྱུག་པ་བཞུས་པ་ལྟ་བུའི་དགོངས་ཚུལ་བྱུང་འདུག་ཅིང༌། ཁ་ཤས་ཀྱིས་སྐུ་སྲུང་བ་ཚོ་མར་མ་བབས་པའི་རྒྱུ་མཚན་གང་ཡིན་ནམ་ཞེས་གསུངས་པ་ཐུགས་བདེན་ཡང༌། རྡོ་དང་དབྱུག་པ་བཞུས་པའི་སྐབས་ལ་ྋསྐྱབས་མགོན་རིན་པོ་ཆེའི་ཕེབས་འཁོར་ཕེབས་མུས་མ་གཏོགས་བཀག་ནས་བཞུས་པ་བྱུང་མི་འདུག དེ་ནས་ཡར་ཙམ་ཕེབས་སྐབས་མི་ལྔ་བརྒྱ་དྲུག་བརྒྱ་ཙམ་ཞིག་གིས་རྒྱ་གར་གྱི་སྣུམ་འཁོར་ཆེ་ཆུང་ཚང་མ་བཀག་ནས་ལམ་ཟུར་བང་བསྒྲིགས་ཏེ་བཞག་ཡོད་ས་དེར་ྋསྐྱབས་མགོན་རིན་པོ་ཆེའི་ཕེབས་འཁོར་ཡུད་ཙམ་བཀག་དགོས་བྱུང་བ་དང༌། དེ་དུས་སྐུ་སྒེར་དྲུང་ཆེ་ཕྱིར་ཐོན་ནས་ྋསྐྱབས་མགོན་རིན་པོ་ཆེ་ཕེབས་ཀྱི་ཡོད་པས་ཕེབས་ལམ་གཏང་རོགས་གནང་གསུངས་དུས། བཀག་མཁན་གྱི་མི་དེ་ཚོས་ྋསྐྱབས་མགོན་རིན་པོ་ཆེ་ཕེབས་ཀྱི་ཡོད་ན་ཡིན་དང་ཡིན་ཞེས་ཕེབས་ལམ་བཤངས་འདུག དེ་ལ་གཟིགས་ན་ཉིན་སྔོན་མར་ཅེ་ནཱ་ཡི་ལ་བྱུང་བའི་གནས་ཚུལ་ལ་བསྙད་ནས་༧རྒྱལ་བ་རིན་པོ་ཆེའི་ཕེབས་འཁོར་ཡིན་པ་ཤེས་བཞིན་དུ་ངོ་རྒོལ་བྱས་པ་མིན་པའི་ར་སྤྲོད་གསལ་པོ་བྱུང་འདུག དེ་ལྟར་ཇ་མུའི་ཕེབས་ལམ་དུ་བྱུང་བའི་རྐྱེན་ངན་སྐོར་ང་རང་དངོས་སུ་སྐབས་དེར་ཆིབས་ཞབས་སུ་མེད་ནའང༌། ལྷན་དུ་ཡོད་མཁན་ཚོས་དངོས་མཐོང་གི་གནས་ཚུལ་གང་གསུངས་པ་རྣམས་གོ་རིམ་མ་འཁྲུགས་པར་ངས་གྲོས་ཚོགས་སུ་ཞུས་པ་ཡིན། བྱུང་རིམ་འདི་ལ་གཞིགས་ན་མི་བྱེ་བྲག་པ་ཞིག་གིས་དུས་ཚོད་ངེས་ཅན་ཞིག་ལ་འགལ་འཛོལ་དམིགས་བསལ་ཞིག་བྱས་པའི་དབང་གིས་རྐྱེན་ངན་འདི་བྱུང་འདུག་ཅེས་མཛུབ་སྟོན་བྱེད་རྒྱུ་མེད་པ་ལྟ་བུར་མཐོང་གི་འདུག་ཅེས་ཞུ་རྒྱུ་གཅིག་དང༌།
གཉིས་པ་ལ་ྋསྐྱབས་མགོན་རིན་པོ་ཆེའི་ཕེབས་འཁོར་ལ་རྡོ་བཞུས་པ་ནི་རྒྱ་གར་གྱི་དཔོན་རིགས་ཤིག་དང་ནོར་ནས་བཞུས་པ་རེད་ཅེས་རྩལ་དུ་བཏོན་ནས་བཤད་པ་ནི་མ་འོས་པ་རེད་ཅེས་བཀའ་གནང་སོང༌། འདི་ནི་ང་ཚོས་རང་སྐྱོན་འགེབས་ཐབས་སུ་བདེ་སྲུང་ལས་ཁུངས་དང་བཀའ་ཤག་གིས་རྩལ་དུ་བཏོན་ནས་བཤད་པ་ཞིག་རྩ་བ་ནས་མ་རེད་ཅེས་ཞུ་རྒྱུ་ཡིན། གནས་ཚུལ་འདི་ནི་ཇ་མུའི་བྱུང་རྐྱེན་ལ་རྒྱ་གར་གཞུང་ཐུགས་ཚབས་ཆེན་པོ་བྱུང་ནས་ཞིབ་འཇུག་གནང་ནས་ཚེས་ ༦ གི་དགོང་མོ་རྒྱ་གར་ནང་སྲིད་ལས་ཁུངས་ཀྱི་འགན་འཛིན་མཐོ་ཤོས་ཤིག་གིས་སྐུ་སྒེར་དྲུང་ཆེ་ལ་ཞལ་པར་ཕུལ་ནས་ད་རིང་ཇ་མུའི་གནས་ཚུལ་བྱུང་བ་དེས་ང་ཚོར་སེམས་འཚབ་དང་ངོ་ཚ་པོ་བྱུང༌། ཡིན་ནའང་སྟབས་ལེགས་པ་ཞིག་ལ་ྋསྐྱབས་མགོན་རིན་པོ་ཆེའི་སྐུ་གཟུགས་ལ་གནོད་སྐྱོན་གང་ཡང་བྱུང་མེད་པ་དང༌། གནས་ཚུལ་དེའི་བྱུང་རྐྱེན་ནི་རྒྱ་གར་གྱི་མངའ་སྡེའི་དཔོན་རིགས་ཤིག་དང་ནོར་ནས་བྱུང་བ་མ་གཏོགས་༧རྒྱལ་བ་རིན་པོ་ཆེ་ཡིན་པ་ཤེས་བཞིན་དུ་བྱུང་བ་ཞིག་མ་རེད་ལ། ལྷག་པར་དུ་ཁ་སང་ཅེ་ནཱ་ཡེ་ལ་བྱུང་བའི་གནས་ཚུལ་དང་འབྲེལ་བ་ཡོད་པ་ཞིག་རྩ་ནས་མིན་པས་ཐུགས་དྭོགས་མ་གནང་རོགས་ཞེས་ཞུས་འདུག གནས་ཚུལ་འདི་རིགས་ང་ཚོས་ངེས་པར་དུ་གསལ་པོ་བཟོ་དགོས་པ་ཞིག་ཡིན། ཆབ་སྲིད་ཀྱི་ཐོག་ནས་བལྟས་པ་ཡིན་ནའང་རྒྱ་གར་གྱི་མི་མང་གིས་༧རྒྱལ་བ་རིན་པོ་ཆེ་ལ་ངོ་རྒོལ་བྱེད་ཀྱི་ཡོད་པའི་རྣམ་པ་ཕྱི་ལ་ཐོན་པ་ཡིན་ན་ཡག་པོ་མ་རེད། དེ་ཡང་རྒྱ་གར་གྱི་དཔོན་རིགས་ཤིག་དང་ནོར་འཁྲུལ་གྱིས་བྱུང་བ་རེད་ཅེས་རྒྱ་གར་གཞུང་གིས་གསུངས་པ་ཡིན་པས་ང་ཚོས་དེ་ལྟར་གསལ་བཤད་བྱེད་ན་མ་འགྲིག་པ་མི་འདུག ཡང་སྐུ་སྲུང་ཞབས་ཕྱི་ཞུ་མཁན་ཚོས་ནོར་འཁྲུལ་ཕྱིན་མེད་པའི་སྒྲུབ་བྱེད་ཀྱི་ཚུལ་དུ་ཞུས་པ་ཞིག་རྩ་བ་ནས་མ་རེད། རྒྱ་གར་གྱི་དཔོན་རིགས་དང་ནོར་ནས་བྱུང་རེད་ཅེས་ལབ་ནས་སྐུ་སྲུང་གིས་ལས་དོན་འཐུས་ཤོར་ཕྱིན་པ་བཀབ་ཐུབ་ཐབས་ཡོད་མ་རེད།
རྒྱ་གར་གཞུང་གིས་ྋསྐྱབས་མགོན་རིན་པོ་ཆེའི་སྲུང་སྐྱོབ་ཞུ་ཕྱོགས་སྐོར་ལ་གྲལ་རིམ་གང་ཡིན་པ་དང༌། Z གྲལ་རིམ་ནང་དུ་ཡོད་ཀྱང་གྲལ་རིམ་ Z གཞིར་བཟུང་ཕྱག་ལེན་དུ་འཁེལ་གྱི་མི་འདུག་ཅེས་སྤྱི་འཐུས་ཁ་ཤས་ཀྱིས་བཀའ་གནང་སོང༌། རྒྱ་གར་གྱི་མངའ་སྡེ་དང་ས་ཁུལ་མི་འདྲ་བའི་ནང་སྐུ་སྲུང་གི་གོ་སྒྲིག་ས་གནས་སོ་སོའི་གནས་བབས་ཀྱིས་ཡག་ཉེས་མི་འདྲ་བ་ཡོང་གི་འདུག Z གྲལ་རིམ་ནང་དུ་ཡོད་པའི་སྲུང་སྐྱོབ་སྒྲིག་གཞི་གཞིར་བཟུང་གིས་དགོས་མཁོ་གང་ཡོད་པ་རྣམས་ྋསྐྱབས་མགོན་རིན་པོ་ཆེ་གང་དུ་ཆིབས་བསྒྱུར་གནང་བ་ཡིན་ནའང་གོ་སྒྲིག་གནང་གི་ཡོད་པ་རེད། མངའ་སྡེ་སོ་སོའི་སྲུང་སྐྱོབ་པ་ཚོའི་འཇོན་ནུས་དང་སྦྱོང་བརྡར་ལེགས་ཞན་གྱི་ཆ་ནས་སྤུས་དག་ཞན་གྱི་གནས་ཚུལ་འདྲ་མིན་ཡོང་བ་སྔོན་ཞུས་ལྟར་རེད།
དེ་ནས་སྤྱི་འཐུས་ཁ་ཤས་ཀྱིས་ཅེ་ནཱ་ཡེ་ལ་ཧུ་རི་ཡཏ་ཀོན་ཕེ་རེན་སིའི་མི་ཁ་ཤས་མཇལ་ཁར་བཏང་འདུག་ཅེས་བཀའ་གནང་སོང༌། འདིའི་སྐོར་སྐུ་སྒེར་དྲུང་ཆེས་གསར་ཤོག་ཐོག་གནས་ཚུལ་གསུངས་ཟིན་པ་ཞིག་རེད། ྋསྐྱབས་མགོན་རེན་པོ་ཆེ་མཛད་སྒོའི་སྡིངས་ཆའི་སྟེང་དུ་བཞུགས་བཞིན་པའི་སྐབས་ཁོ་ཚོས་མཇལ་ཁ་ཡོང་བའི་འབད་བརྩོན་ཞུས་སོང༌། མཇལ་ཁ་སྙན་གསན་ཞུས་སྐབས་བརྟག་དཔྱད་གནང་རྗེས་མཇལ་ཁ་མ་གནང་ན་ལེགས་པའི་དགོངས་ཚུལ་བྱུང་བ་མ་ཟད། དུས་ཚོད་ཀྱང་ལྕོགས་མིན་ལ་བརྟེན། མཇལ་ཁ་ཡོང་ཐབས་མེད་པའི་བཀའ་ལན་གནང་སོང༌། སྐབས་དེར་ང་རང་ྋསྐྱབས་མགོན་རིན་པོ་ཆེའི་སྐུ་རྒྱབ་ཏུ་ཡོད་པས་གནས་ཚུལ་རྣམས་གསལ་པོ་ཤེས་ཀྱི་ཡོད། ྋསྐྱབས་མགོན་རིན་པོ་ཆེ་སྡིངས་ཆའི་ཐོག་ནས་སྐུ་བཞེངས་གནང་སྟེ། མར་ཕེབས་སྐབས་གཡས་གཡོན་གྱི་མི་མང་པོ་སྐུ་མདུན་དུ་བཅར་ནས་འཚམས་འདྲི་དང་བཀའ་མོལ་རེ་གཉིས་ཞུ་རྒྱུའི་གོ་སྐབས་གང་དུའང་ཡོང་གི་ཡོད་པ་ལྟར། དེ་དུས་ཁོ་ཚོས་མཇལ་འཕྲད་བྱུང་ཡོད་ཚུལ་དང༌། དེའི་ཐོག་ནས་གསར་ཤོག་གི་ནང་དུ་བདེན་པ་མ་ཡིན་པའི་གནས་ཚུལ་སྣ་ཚོགས་ཤིག་བརྗོད་པའི་རྐྱེན་གྱིས་རྙོག་ཁྲ་བྱུང་བ་རེད། སྐུ་སྒེར་ཡིག་ཚང་གི་ཕྱག་ལས་གནང་མཁན་ཚོས་མཇལ་ཁ་བཏང་བ་དང༌། མཇལ་ཁ་མ་བཏང་བའི་སྔོན་དུ་གནས་ཚུལ་གསལ་པོ་མ་ཤེས་པ་སོགས་ཀྱི་གནས་ཚུལ་རྩ་བ་ནས་བྱུང་ཡོད་མ་རེད་ཅེས་གསལ་པོ་ཞུ་རྒྱུ་ཡིན།
དེ་ནས་བཀུར་འོས་སྤྱི་འཐུས་ཁ་ཤས་ཀྱིས་ྋསྐྱབས་མགོན་རིན་པོ་ཆེ་བོད་མིའི་གནས་ཡུལ་ཁག་ཏུ་ཆིབས་བསྒྱུར་གནང་སྐབས་ཕེབས་འཁོར་དང་སྦག་སྦག་ལ་སོགས་པ་མང་པོ་ཡོང་གི་ཡོད་པ་དང༌། དེ་ཚོ་ནི་སུ་མགྱོགས་ལྟ་མཁན་འདྲ་པོའི་འཚང་ཁ་བརྒྱབས་ནས་ཉེན་ཁ་ཡོང་གི་འདུག་གསུངས་པ་ནི་དངོས་ཡོད་ཀྱི་གནས་ཚུལ་རེད། དེ་འདྲ་བྱུང་བ་སྲུང་སྐྱོབ་ཀྱི་འབྲེལ་བ་ཡོད་པའི་མི་མང་པོར་དོ་སྣང་བྱུང་འདུག དཀའ་ངལ་འདི་མང་ཆེ་བ་བོད་མིའི་གཞིས་སྒར་ཁག་དང༌། ལྷག་པར་དུའང་ཆོས་སྡེ་ཆེན་པོ་ཡོད་ས་ཁག་ལ་ཡོང་གི་འདུག་ཅེས་སྐུ་སྲུང་བ་ཚོས་གསུངས་ཀྱི་འདུག འདི་ནི་ཕེབས་བསུ་ཞུ་མཁན་ཚོའི་ངོས་ནས་དེ་འདྲའི་ཟིང་ཆ་མི་འོང་བ་བྱེད་དགོས་པ་ཞིག་ཡིན། བདེ་སྲུང་དང་བཀའ་ཤག་ནས་ས་གནས་ཚང་མ་ལ་ཕེབས་འཁོར་མང་པོ་ཡོང་ཆོག་གི་མེད་པ་དང༌། ཕེབས་འཁོར་རེ་རེའི་ནང་དུ་མི་གསུམ་ལས་མི་མང་བ་མ་གཏོགས་མི་རེ་ངོ་རེས་སྣུམ་འཁོར་འཁྲིད་ན་འགྲིག་གི་མེད་ཚུལ། སྦག་སྦག་རྩ་བ་ནས་བཏང་ཆོག་གི་མེད་པ། ཕེབས་འཁོར་བང་རིམ་སྒྲིག་སྟངས་བཅས་ཀྱི་བཀོད་ཁྱབ་སྔོན་མ་ནས་བཏང་ཟིན་པས་མ་འོངས་པ་ལའང་དོ་ནན་བྱས་ནས་དེ་རིགས་ཀྱི་གནས་ཚུལ་མི་ཡོང་བའི་ཐབས་ཤེས་ངེས་པར་དུ་ཞུ་རྒྱུ་ཡིན། སྤྱིར་བཏང་ནི་ས་གནས་སོ་སོའི་ནང་དུ་གྲ་གང་རྒྱས་རྒྱས་དང་གང་རྫིག་རྫིག་འདྲ་པོ་བྱེད་རྒྱུའི་བསམ་བློ་བཏང་བའི་དབང་གིས་བྱུང་བ་ཡིན་པས་ས་གནས་སོ་སོ་ནས་བཀག་དགོས་ཀྱི་འདུག སྤྱི་འཐུས་རྣམ་པ་ཚོ་ས་གནས་ལ་བཞུགས་ཀྱི་ཡོད་ཙང་ངེས་པར་དུ་ས་གནས་ལ་བཀའ་སློབ་གནང་ཐུབ་ཀྱི་རེད་བསམ་གྱི་འདུག དེང་སང་བོད་པ་མང་པོ་དཔལ་འབྱོར་ཆེན་པོ་ཆགས་པས་མི་ཚང་སྒེར་དང་དགོན་པ་ལ་སོགས་པ་ཚང་མ་ལ་སྣུམ་འཁོར་མང་པོ་ཡོད་པས་སྣུམ་འཁོར་ངོམ་རྒྱུའི་ཆེད་དུ་ྋསྐྱབས་མགོན་རིན་པོ་ཆེའི་ཕེབས་བསུར་བཅར་ན་ཡག་པོ་མིན་པ་འཛིན་སྐྱོང་གིས་ངོས་འཛིན་ཞུ་གི་ཡོད། ཡིན་ནའང་མི་མང་ལ་གསལ་བཤད་ཡག་པོ་ཞིག་མ་བྱུང་ན་ཕེབས་བསུར་ཡོང་ཆོག་གི་མ་རེད་གསུངས་པ་ལྟ་བུ་གོ་ནོར་འགྲོ་བའི་ཉེན་ཁ་ཡོད་པ་ཞིག་རེད།
ཡང་ྋསྐྱབས་མགོན་རིན་པོ་ཆེའི་སྐུ་སྲུང་བ་ཚོས་ས་གནས་སོ་སོ་ནས་རང་གི་དགའ་ཉེ་ཕྱོགས་གཏོགས་དང་ནང་མི་ལ་སོགས་པ་མཇལ་ཁ་མང་པོ་འཁྲིད་ཀྱི་འདུག་ཅེས་གསུངས་སོང༌། ྋསྐྱབས་མགོན་རིན་པོ་ཆེའི་གཟིམ་ཆུང་མཇལ་ཁ་ནས་བཟུང་ཕེབས་ལམ་གྱི་ཉེ་འགྲམ་དུ་ཞལ་མཇལ་ཞུ་མཁན་ཚང་མ་ལུགས་མཐུན་སྐུ་སྒེར་དྲུང་ཆེའི་བརྒྱུད་ནས་སྙན་གསན་ཞུས་ཏེ་བཀའ་ཁྲོལ་ཐོབ་ནས་མཇལ་ཁར་བཏང་བ་མ་གཏོགས་སྐུ་སྲུང་བ་ཚོས་རང་འཚམས་ཀྱིས་མཇལ་ཁ་བཏང་བ་དེ་སྔ་ཕན་ཆད་གཏན་ནས་བྱུང་མི་འདུག སྐུ་སྲུང་བ་ཚོས་སྐུ་སྒེར་དྲུང་ཆེ་ལ་མཇལ་ཁ་སྙན་གསན་ཞུ་བརྒྱུད་བྱས་པ་ནི་བྱུང་འདུག དེ་ཚོ་ལ་མ་འོངས་པར་ནད་མནར་ཚབས་ཆེན་དང་རང་གི་ནང་མི་ཡིན་ན་མ་གཏོགས་གང་བྱུང་མཇལ་ཁ་སྙན་གསན་ཞུ་བརྒྱུད་གནང་མི་ཆོག་པ་བདེ་སྲུང་གི་བརྒྱུད་ནས་བཀོད་ཁྱབ་བྱེད་ཀྱི་ཡིན།
ད་རིང་འདིར་བཟོ་བཅོས་གྲོས་འཆར་གྱི་ནང་ྋསྐྱབས་མགོན་རིན་པོ་ཆེར་མཇལ་ཁ་གཏོང་སྐབས་ཕྱི་ནང་གི་མི་རིགས་ཡོངས་རྫོགས་ལ་ལུས་བཤེར་བྱེད་དགོས་ཀྱི་རེད་ཅེས་གསུངས་འདུག གྲོས་ཚོགས་ཀྱི་གྲོས་ཆོད་ག་འདྲ་ཞིག་བཞག་གནང་བ་ཡིན་ནའང་འཛིན་སྐྱོང་གི་ངོས་ནས་གྲོས་ཆོད་མ་བཞག་རོགས་གནང་ཞེས་ཞུ་ཐབས་ཡོད་མ་རེད། འོན་ཀྱང་སྙན་གསན་ཞུ་རྒྱུ་ཞིག་ལ། གལ་སྲིད་གྲོས་ཆོད་འདི་འདྲ་ཞིག་བཞག་གནང་བ་ཡིན་ན་འཛིན་སྐྱོང་གི་ངོས་ནས་ཆ་ཚང་ལག་ལེན་བསྟར་ཐུབ་ཀྱི་མ་རེད་ཅེས་ད་ལྟ་ནས་ཞུས་ན་མ་གཏོགས་ལག་ལེན་བསྟར་མི་ཐུབ་པ་ཞིག་ལག་ལེན་བསྟར་ཐུབ་ཀྱི་རེད་ཅེས་ཞུ་ན་རྫུན་དུ་གྱུར་པ་ཙམ་དུ་མ་ཟད། གྲོས་ཚོགས་ཚོགས་དུས་རྗེས་མའི་ནང་ལག་ལེན་བསྟར་མི་འདུག་ཅེས་སྐྱོན་བརྗོད་བྱེད་རྒྱུའི་གཞིར་འགྱུར་ངེས་རེད། ཆེས་མཐོའི་ཁྲིམས་ཞིབ་པ་རྣམ་པ་དང༌། བཀའ་བློན་སོགས་ལ་ལུས་བཤེར་བཏང་གསུངས་ན་དགག་བྱ་གང་ཡང་མེད། འོན་ཀྱང་ཕྱི་ནང་གི་མི་རིགས་ཚང་མ་ལ་ལུས་བཤེར་བྱེད་དགོས་གསུང་ན་རྒྱ་གར་དང་ཕྱི་རྒྱལ་གྱི་གནད་ཡོད་མི་སྣ་ཆེན་པོའི་རིགས་ལ་ལུས་བཤེར་ཞུས་པ་ཡིན་ན་སྲོལ་མཐུན་དང་འོས་ཤིང་འཚམས་པ་ཞིག་རྩ་བ་ནས་ཆགས་ཀྱི་མ་རེད་བསམ་གྱི་འདུག གནད་ཡོད་མི་སྣ་མང་པོ་ང་ཚོས་ཆེད་མངགས་གདན་ཞུ་བྱས་པ་ཡང་ཡོང་གི་ཡོད་པས་བླ་ཆེན་མི་ཆེན་ཚང་མ་ལ་ལུས་བཤེར་བྱེད་ན། ང་ཚོའི་མི་མང་འབྲེལ་མཐུད་ལ་གནོད་སྐྱོན་དང༌། དེ་བཞིན་རྒྱ་གར་དང་ཕྱི་རྒྱལ་གྱི་གནད་ཡོད་མི་སྣ་མང་པོ་ཞིག་ཐུགས་ཕམ་ཡོང་སྲིད་པ་རེད་བསམ་གྱི་འདུག དེ་འདྲ་བྱས་ན་ྋསྐྱབས་མགོན་རིན་པོ་ཆེའི་ཐུགས་ལའང་བབས་མདོག་ཁ་པོ་མ་རེད། ཕྱི་རྒྱལ་ཁག་ལ་ཆིབས་བསྒྱུར་གནང་སྐབས་བཀའ་འབྲེལ་གྱིས་ལུས་བཤེར་མ་བཏང་བར་མཇལ་ཁ་བཏང་གི་ཡོད་པ་རེད། བཀའ་འབྲེལ་གྱི་ཐོག་ནས་བྱེད་མི་ཐུབ་པའི་རིགས་དེ་ཚོ་ང་ཚོས་༧རྒྱལ་བ་རིན་པོ་ཆེ་ལ་ལག་པ་ཕྱིས་པ་མིན་ཡང་དངོས་ཡོད་ཀྱི་གནས་ཚུལ་གྲོས་ཚོགས་ཀྱིས་མཁྱེན་རྟོགས་དགོས་པས་ཞུས་པ་ཡིན། གལ་སྲིད་གྲོས་ཚོགས་ཀྱིས་ྋསྐྱབས་མགོན་རིན་པོ་ཆེར་གསོལ་འདེབས་ཞུས་ཏེ་བཀའ་ཁྲོལ་ཐོབ་པ་ཡིན་ན་འཛིན་སྐྱོང་ལ་བྱེད་བདེ་པོ་ཆགས་ཀྱི་རེད།
ྋགོང་ས་མཆོག་ཉེ་སྔོན་གཞོན་ནུའི་ཚོགས་འདུ་ལ་ཕེབས་སྐབས་མེག་ལོར་ལ་ཕེབས་འཁོར་འགགས་པ་དང༌། རྒྱ་གར་གྱི་སྣུམ་འཁོར་གཉིས་གློ་བུར་དུ་སླེབས་པའི་སྐོར་བཀའ་གནང་བ་ནི་འཐུས་ཤོར་ཕྱིན་པ་དངོས་ཡོད་ཀྱི་གནས་ཚུལ་རེད། དེ་ཡང་ནམ་རྒྱུན་འཆར་ཅན་ཕེབས་ལམ་གོང་མ་ནས་ཕེབས་ཀྱི་ཡོད་ཀྱང་སྐབས་དེར་ས་རུད་ཀྱིས་ཕེབས་ལམ་འགགས་རྐྱེན་ཕེབས་ལམ་འོག་མ་ནས་གདན་འདྲེན་ཞུ་དགོས་བྱུང་བ་དང༌། དེའི་སྐོར་འགྲིམས་འགྲུལ་ལྟ་རྟོག་སྐོར་སྲུང་བར་ཕེབས་ལམ་འོག་མ་ནས་ཡིན་པའི་བརྡ་ལན་གསལ་པོ་མ་བྱུང་བའི་དབང་གིས་སྐབས་དེར་རྒྱ་གར་གྱི་སྣུམ་འཁོར་གཉིས་གློ་བུར་དུ་ཤོར་ནས་འཁོར་ལམ་འགགས་རྐྱེན་བྱུང་འདུག མ་འོངས་པར་དེ་རིགས་མི་འབྱུང་བའི་ཆེད་དུ་ངེས་པར་འབད་རྩོལ་ཞུ་རྒྱུ་ཡིན།
དེ་ནས་སྐུ་སྲུང་བ་དང་ཕེབས་འཁོར་ཁ་ལོ་པ་རྣམས་ལ་དམིགས་བསལ་གྱི་སྦྱོང་བརྡར་དགོས་ཀྱི་འདུག་གསུངས་པ་གཞིར་བཟུང་གིས་ཞུ་ཆོག་པ་ཞུ་རྒྱུ་ཡིན། ཡིན་ནའང་སྦྱོང་བརྡར་གྱི་གནས་ཚུལ་རྣམས་གྲོས་ཚོགས་སུ་ཞུ་བདེ་པོ་མི་འདུག་པས་གྲོས་ཚོགས་ཀྱི་དགོངས་ཚུལ་ཡོད་པ་བཞིན་སྦྱོང་བརྡར་སྤྲད་ཀྱི་ཡིན། ད་ལྟའི་ཞབས་ཞུ་བ་རྣམས་ལའང་སྦྱོང་བདར་ཚད་ལྡན་ཡོད་ཅེས་ཞུ་རྒྱུ་ཡིན།
མདེའུ་མི་ཚུགས་པའི་ཕེབས་འཁོར་ག་དུས་སླེབས་ཀྱི་རེད་ཅེས་བཀའ་འདྲི་གནང་སོང༌། ཕལ་ཆེར་མགྱོགས་ན་ཟླ་བ་གཉིས་དང་འགོར་ན་ཟླ་བ་གསུམ་ནང་ཚུད་ལ་འབྱོར་རྒྱུའི་ངེས་གཏན་རྙེད་པ་ཞིག་ཡིན། གང་ལགས་ཤེ་ན་ཕེབས་འཁོར་བདམས་ནས་མདེའུ་མི་ཚུགས་པའི་ཆ་རྐྱེན་བཟོ་རྒྱུའི་ཆེད་བཏང་ཟིན་འདུག རིང་པོ་མ་ཐོགས་པར་འབྱོར་མདོག་ཁ་པོ་རེད།
ཡང་བགྲོ་གླེང་ནང་བྱུང་བའི་བཀའ་མོལ་གཅིག་གི་གོ་དོན་ངས་རྟོགས་མ་སོང༌། བཀུར་འོས་སྤྱི་འཐུས་ཤིག་གིས་ང་ཚོ་སྐྱབས་བཅོལ་དུ་རྒྱ་གར་ལ་སླེབས་པ་རེད། རྒྱ་གར་མ་ཡིན་པ་ཞིག་ལ་སླེབས་ཡོད་ན། གཅིག་བྱས་ན་ད་ལྟ་ང་ཚོ་བོད་ལ་སླེབས་ཚར་ཡོད་མདོག་ཁ་པོ་རེད་ཅེས་གསུངས་སོང༌། དེའི་དགོངས་དོན་རྒྱ་གར་མ་ཡིན་པའི་རྒྱལ་ཁབ་ཅིག་ལ་སླེབས་ཡོད་ན་ཁོ་ཚོས་བོད་མི་སྐྱབས་བཅོལ་བ་རྣམས་རྒྱ་མི་ལ་ཕར་རྩིས་སྤྲད་ཡོད་མདོག་ཁ་པོ་རེད་གསུངས་པ་ཡིན་ན་བདེན་སྲིད། དེ་མིན་རྒྱ་གར་མ་ཡིན་པའི་རྒྱལ་ཁབ་ཅིག་ལ་སླེབས་ཡོད་ན། ང་ཚོ་རང་དབང་ཐོབ་ནས་བོད་ལ་ལོག་ཆོག་པ་ཞིག་ཆགས་ཡོད་རྒྱུ་རེད་ཅེས་དགོངས་པ་ཡིན་ན། དེ་ནི་བདེན་པ་མ་རེད། ང་ཚོ་བོད་ནས་སྐྱབས་བཅོལ་དུ་ཡོང་བའི་སྐབས་ཕེབས་ཐུབ་སའི་ལུང་པ་ང་ཚོ་དང་ས་འབྲེལ་ཡོད་པ་ནི་འབྲུག་དང༌། རྒྱ་གར། བལ་ཡུལ་གསུམ་ལས་ཡོད་པ་མ་རེད། དེ་གསུམ་ནས་ང་ཚོས་འདེམས་དགོས་བྱུང་ན། རང་བཞིན་གྱིས་རྒྱ་གར་མ་གཏོགས་གདམ་རྒྱུ་གཞན་གང་ཡང་ཡོད་མ་རེད། པ་ཀི་སི་ཏཱན་ང་ཚོ་དང་ཐད་ཀར་ས་འབྲེལ་ཆགས་ཀྱི་ཡོད་མ་རེད། འོན་ཀྱང་ལྔ་བཅུ་ང་དགུ་དང་དྲུག་ཅུའི་སྐབས་ལ་པ་ཀི་སི་ཏཱན་ཕྱོགས་བསྒྲིལ་སྤངས་པའི་ནང་དུ་མེད་པར་ཨ་རིའི་མཉམ་དུ་ཡོད་པས། པ་ཀི་སི་ཏཱན་གྱི་རླུང་འཕྲིན་གྱི་ནང་ལ་ྋརྒྱལ་བ་རིན་པོ་ཆེ་སྐྱབས་བཅོལ་ཞུ་ས་ནོར་བ་རེད་ཅེས་དྲིལ་བསྒྲགས་དང༌། ཧ་ལམ་པ་ཀི་སི་ཏཱན་ལ་སྐྱབས་བཅོལ་དུ་ཕེབས་ཡོད་ན་བོད་རང་བཙན་མགྱོགས་པོ་བསྒྲུབས་ཐུབ་ཡོད་པ་ལྟ་བུའི་གནས་ཚུལ་བཤད་པ་བྱུང་ཡོད་རེད། འོན་ཀྱང་དེ་ནི་དངོས་ཡོད་ཀྱི་གནས་ཚུལ་མིན་པར་ད་ཆའི་པ་ཀི་སི་ཏཱན་རྒྱ་དམར་མཉམ་དུ་འབྲེལ་བ་ཇི་འདྲ་ཡོད་མེད་ལ་གཟིགས་ན་ཤེས་ཐུབ་ཀྱི་རེད། གཞན་ཡང་སྐབས་དེ་དུས་ང་ཚོས་ཕྱི་རྒྱལ་གྱི་ལུང་པ་ཐག་རིང་པོའི་ནང་དུ་ཕེབས་རྒྱུའི་དགོངས་པ་བཞེས་ཡོད་པ་ཡིན་ནའང༌། དེ་དུས་དགོངས་པ་བཞེས་ས་ཡོད་ན་མེད་ན་ཨ་རི་ཆགས་ཀྱི་ཡོད་རེད། ཨ་རིས་དྲུག་ཅུ་རེ་དྲུག་རེ་བདུན་གྱི་བར་བོད་དང་མཉམ་དུ་འབྲེལ་བ་གནང་བཞིན་པའི་ལས་དོན་རྣམས་ཀི་སིན་ཇར་རྒྱ་ནག་ལ་ཕེབས་ཐེངས་གཅིག་གི་ཐོག་མཚམས་འཇོག་ཇི་འདྲ་གནང་ཡོད་མེད་ད་ལྟའང་ང་ཚོས་བརྗེད་ཡོད་པ་མ་རེད། སྤྱིར་ཨ་རིས་ད་ལྟ་ང་ཚོར་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཀྱང༌། ཕྱི་ལོ་ ༡༩༦༦།༦༧ སྐབས་ལ་ཨ་རིས་བོད་ལ་བྱེད་སྟངས་ག་འདྲ་བྱས་པ་ཚང་མས་མཁྱེན་གསལ་རེད། གཅིག་བྱས་ན་ ༥༩ ལོར་ཨ་རིར་ཕེབས་ཡོད་ན་ཏན་ཏན་ཀི་སིན་ཇར་གྱིས་རྒྱ་ནག་དང་འབྲེལ་བ་བཙུགས་དུས་ལག་རྟགས་འབུལ་རྒྱུ་དྲག་ཤོས་ཤིག་༧རྒྱལ་བ་རིན་པོ་ཆེ་དང་བོད་མི་ཚོ་ཆགས་ཡོད་ཀྱི་རེད་བསམ་གྱི་འདུག དེ་དུས་ཨ་རི་དང་རྒྱ་མི་འབྲེལ་བ་བྱུང་བའི་རྐྱེན་གྱིས་ང་ཚོ་ལ་དཀའ་ངལ་གང་དང་གང་བཟོས་ཡོད་པ། དེ་དུས་ཡོད་པའི་བོད་མི་ཚང་མས་ད་ལྟའང་མ་བརྗེད་པ་གསལ་པོ་དྲན་གྱི་ཡོད་རེད། བོད་མི་རྣམས་རྒྱ་གར་ལ་ཕེབས་ཐུབ་པ་དང་རྒྱ་གར་ལ་བཞུགས་ཐུབ་པ་དེའི་དབང་གིས་ད་ལྟ་ང་ཚོ་བཙན་བྱོལ་གཞུང་འདི་འདྲ་ཞིག་གཞུང་འབྲེལ་གྱིས་ངོས་ལེན་ཡོད་མེད་ལ་མ་ལྟོས་པར་ཚུགས་ཐུབ་པ་ཞིག་དང༌། གཞུང་ཡོད་པ་ནང་བཞིན་གྱི་ལས་ཀ་བྱེད་ཐུབ་པ་འདི་བྱུང་བ་རེད། ཨ་རི་ལྟ་བུར་མཚོན་ན་སྐབས་དེ་དུས་གཞན་ཕར་བཞག ྋསྐྱབས་མགོན་རིན་པོ་ཆེའི་ཆོས་ཕྱོགས་ཀྱི་གསུང་བཤད་ཡོད་པའི་བརྙན་ཐག་འཁོར་ལོ་ཡང་ཨ་རིའི་ནང་བསྟན་མ་ཆོག་པ་བཟོས་པ་རེད།ཆབ་སྲིད་ཀྱི་གནས་སྟངས་ཉིན་རེ་བཞིན་འགྱུར་འགྲོ་བ་ཡིན་པས་རྒྱ་གར་ནང་བཞིན་གུ་ཡངས་དང་ལྷུག་པོ་བརྟན་པོ་བྱས་ནས་སྡོད་མཁན་རྒྱལ་ཁབ་གཞན་ཧ་ལམ་དཀོན་པོ་རེད། རྒྱ་གར་གྱི་ནང་གཤམ་འོག་ལས་བྱེད་རེ་ཟུང་གི་ཐོག་ནས་བྱེད་སྟངས་འགྲིག་མ་འགྲིག་གི་གནས་ཚུལ་འདྲ་མིན་ཡོང་གི་ཡོད་ཀྱང་དེ་ཚོ་ང་ཚོས་ཐད་ཀར་མིང་འདོན་བྱས་ནས་ལབ་བསྡད་ཀྱི་ཡོད་རེད། ཡིན་ནའང་གཞུང་གི་སྲིད་བྱུས་འཛིན་ཕྱོགས་ཀྱི་ཐད་ལ་ལོ་བཞི་བཅུ་ཞེ་གཉིས་རིང་འགྱུར་བ་མེད་པ་གནས་པ་རེད། མ་འོངས་པ་ལ་ཡིན་ནའང་ང་ཚོས་རྒྱ་གར་ལ་མ་བསྟེན་པ་དང་རྒྱ་གར་གྱི་རྒྱབ་སྐྱོར་མེད་པར་བོད་ཀྱི་ལས་དོན་མུ་མཐུད་ནས་བྱེད་ཐུབ་པའི་རེ་བ་ཡོད་པ་མ་རེད།
དེ་ནས་ཡང་བགྲོ་གླེང་གི་ནང་དུ་བཀའ་མོལ་བྱུང་བ་གཞན་ཞིག་ལ། ཅེ་ན་ཡེ་ནས་གསར་ཤོག་ནང་གནས་ཚུལ་འདྲ་མིན་བྱུང་བའི་སྐབས་བཀའ་ཤག་དང་ཕྱི་དྲིལ་ནས་གཞུང་འབྲེལ་གྱི་ལན་གསལ་པོ་ཞིག་གནང་མ་སོང་ཞེས་གསུངས་པའི་ཐད་ལ་ཞུ་རྒྱུར། སྐབས་དེ་དུས་ང་རང་བཀའ་ཤག་ཏུ་མེད་ཀྱང༌། བཀའ་ཤག་ཏུ་སླེབས་ཉེ་ཡིན་ཞིང༌། ལྷག་པར་དུའང་ཅེ་ནཱ་ཡེའི་གནས་ཚུལ་འགོ་ནས་མཇུག་བར་ཤེས་ཀྱི་ཡོད་ཙང་ཚེས་ ༥ དགོང་མོ་ྋསྐྱབས་མགོན་རིན་པོ་ཆེ་ཕེབས་པ་དང་མཉམ་དུ་ང་རང་ཡང་དིལླཱིར་འབྱོར་ཡོད། ཚེས་ ༦ ལ་ྋསྐྱབས་མགོན་རིན་པོ་ཆེ་རྡ་རམ་ས་ལར་ཆིབས་བསྒྱུར་གནང་བ་དང༌། དེ་ཉིན་ང་རང་མེ་ར་ཋ་ལ་ཡོད། ཚེས་ ༦ དང་ཚེས་ ༧ གྱི་ཉིན་གཉིས་རིང་ཧ་ལམ་ཉིན་གང་ལས་དོན་འདི་གའི་ཐོག་དིལླཱི་དང་རྡ་རམ་ས་ལ་གཉིས་ཀར་ཐེངས་མང་པོ་ཞལ་པར་གྱི་ཐོག་ནས་བཀའ་མོལ་ཞུས་པ་ཡིན། ཚེས་ ༧ ཉིན་གང་བཀའ་ཤག་ལྷན་ཚོགས་གནང་སྟེ་གསལ་བཤད་གནང་རྒྱུའི་ཟིན་བྲིས་ཀྱང་བཟོས་ཡོད་ཚོད་རེད། མཐའ་མར་ཉིན་དང་པོའི་ཉིན་སྐུ་སྒེར་ཡིག་ཚང་གི་ཐོག་ནས་གསལ་བཤད་མདོར་བསྡུས་ཤིག་གནང་བ་དེས་ནུས་པ་མ་ཐོན་པ་སོང་ཙང༌། ཉིན་གཉིས་པའི་ཉིན་ྋསྐྱབས་མགོན་རིན་པོ་ཆེ་རང་གི་མཚན་ཐོག་ནས་གསལ་བཤད་གནང་ན་ལེགས་ཚུལ་དགོངས་འཆར་བྱུང་སྟེ་མཐའ་དོན་ྋསྐྱབས་མགོན་རིན་པོ་ཆེ་རང་གི་མཚན་ཐོག་ནས་གསལ་བཤད་གནང་རྒྱུ་ཐུགས་གཏན་འཁེལ་བས་ཕྱི་དྲིལ་དང་བཀའ་ཤག་ནས་གསལ་བཤད་མ་གནང་བའི་རྒྱུ་མཚན་དེ་ཡིན། ྋསྐྱབས་མགོན་རིན་པོ་ཆེས་གསལ་བཤད་གནང་བའི་རྗེས་ལ་གཞན་དག་གིས་གསལ་བཤད་གནང་དགོས་དོན་ཡོད་མ་རེད། ཕྱོགས་གཞན་པ་ཞིག་ནས་ཅེ་ན་ཡེའི་གནས་ཚུལ་བྱུང་རྐྱེན་ནི་གསར་འགོད་པས་༧གོང་ས་མཆོག་གི་གསུང་བཤད་སྐོར་རྫུན་གཏམ་སྤེལ་བའི་གནས་ཚུལ་ཞིག་ནས་བྱུང་བ་ཡིན་པས། དེ་ལ་ྋསྐྱབས་མགོན་རིན་པོ་ཆེ་རང་གིས་གསལ་བཤད་གནང་དགོས་པའི་གནས་སྟངས་ཤིག་ཆགས་པ་རེད། དེ་བཞིན་ཁ་སང་གཟའ་ཉི་མའི་ཧིན་དུ་སུ་ཏཱན་ཊ་ཡིམ་སེའི་ནང་ཉེ་དུས་གསར་འགོད་པ་མང་ཙམ་ཞིག་ྋསྐྱབས་མགོན་རིན་པོ་ཆེའི་སྐུ་མདུན་བཅར་སྐབས་སུ་མ་གསུངས་པའི་གནས་ཚུལ་མང་པོ་ཞིག་གསུངས་སོང་ཞེས་བཀོད་འདུག་པ། འདིའི་ལན་ཡང་ྋསྐྱབས་མགོན་རིན་པོ་ཆེ་རང་ནས་ཞུ་རྒྱུའི་ཐབས་ཤེས་མང་པོ་བྱས་ཀྱང༌། ཁ་སང་གཟའ་ཉི་མ་ཡིན་པ་དང་སྐུ་སྒེར་དྲུང་ཆེ་རྣམ་པ་བཞུགས་མེད་པས་ྋསྐྱབས་མགོན་རིན་པོ་ཆེའི་མཚན་ཐོག་ནས་གསལ་བཤད་གནང་རྒྱུ་མ་བྱུང་བ་རེད། འདི་ལ་འཕྲལ་དུ་གསལ་བཤད་ངེས་པར་དུ་དགོས་པ་ཡིན་སྟབས་བཀའ་བློན་ཁྲི་པས་གསལ་བཤད་ཞུས་པ་རེད། ཡིན་ནའང་ད་རིང་བསྐྱར་དུ་གསར་འགོད་པ་ཚོས་ྋསྐྱབས་མགོན་རིན་པོ་ཆེ་ལ་ཐད་ཀར་ཡིག་ཐོག་དྲི་བ་ཞུས་ཏེ་དྲིས་ལན་རྣམས་སང་ཉིན་གསར་ཤོག་ཁག་ཏུ་ཐོན་པའི་རེ་བ་ཡོད།
ཡང་ྋསྐྱབས་མགོན་རིན་པོ་ཆེའི་ཕེབས་འཁོར་ནང་བོད་པའི་སྐུ་སྲུང་བ་ཞིག་མཉམ་དུ་ཕེབས་དགོས་ཀྱི་འདུག་གསུངས་པའི་དགོངས་འཆར་དེ་ཡག་པོ་འདུག་ཀྱང༌། དུས་རྒྱུན་དུ་བསྒྲུབ་ཐུབ་པ་ཞིག་མ་རེད། ལྷག་པར་དུའང་ས་གནས་ནང་ཁུལ་ཁག་ལ་སྣེ་ཤན་མཉམ་དུ་ཕེབས་པ་མ་གཏོགས་ཐག་རིང་པོར་ཆིབས་བསྒྱུར་གནང་སྐབས་སྣེ་ཤན་ཁོ་རང་ཆིབས་འཁོར་གཞན་གྱི་ནང་དུ་བཞུགས་པ་ལས་ྋསྐྱབས་མགོན་རིན་པོ་ཆེའི་ལྷན་དུ་ཕེབས་ཀྱི་ཡོད་མ་རེད། ལྷན་དུ་སུ་ཕེབས་དང་མ་ཕེབས་ྋསྐྱབས་མགོན་རིན་པོ་ཆེ་རང་གི་དགོངས་པ་དང་བསྟུན་ནས་ཕེབས་དགོས་པ་ཞིག་རེད། སྔོན་མ་ང་ཚོའི་དོན་ཚན་ལྔའི་གསོལ་འདེབས་ཀྱི་ནང་དུའང་ྋསྐྱབས་མགོན་རིན་པོ་ཆེ་ཕེབས་འཁོར་གྱི་མདུན་ལ་མ་བཞུགས་རོགས་གནང་ཞེས་གསོལ་བ་བཏབ་ཡོད་ཀྱང༌། རེ་དོན་སྨིན་པ་བྱུང་མ་སོང༌། བྱས་ཙང་གནས་དོན་འདི་རྣམས་སྐབས་བསྟུན་དང་དགོངས་བསྟུན་ཞུ་དགོས་པ་ཞིག་རེད།
ཡང་སྤྱི་འཐུས་གཅིག་གིས་ྋསྐྱབས་མགོན་རིན་པོ་ཆེས་ཀཱ་ཤི་མིར་གྱི་སྐོར་ལ་གང་གསུངས་ཡོད་པ་མཁྱེན་དགོས་པ་དང་དེ་ལ་རྒྱབ་སྐྱོར་གནང་དགོས་རེད་ཅེས་གསུངས་སོང་སྙམ་ཡང་གསལ་པོ་རང་གོ་མ་སོང༌། ཅི་སྟེ་དེ་འདྲ་གསུངས་པ་ཡིན་ན་ྋསྐྱབས་མགོན་རིན་པོ་ཆེས་ཅེ་ན་ཡེ་ལ་གང་གསུངས་པ་རྣམས་སྒྲ་འཛིན་དང་གཟུགས་མཐོང་འཁོར་ཐག་གི་ནང་དུ་ཡོད་པས། དེ་ནས་གསན་པ་ཡིན་ན་གསལ་པོ་མཁྱེན་རྟོགས་ཡོང་གི་རེད། དེའི་རྗེས་སུ་ྋསྐྱབས་མགོན་རིན་པོ་ཆེ་ཚེས་ ༧ ཉིན་གནང་བའི་གསལ་བཤད་ཀྱི་ནང་༧རྒྱལ་བ་རིན་པོ་ཆེས་ཀཱ་ཤི་མིར་སྐོར་ལ་དགོངས་ཚུལ་གང་ཡོད་གསལ་པོ་བཀོད་ཡོད་པ་དེར་གཟིགས་ན་གསལ་པོ་མཁྱེན་རྟོགས་ཡོང་གི་རེད། ཅི་སྟེ་ཡིག་ཆ་དེ་སྤྱི་འཐུས་རྣམ་པ་ཚོའི་ཕྱག་ལ་མེད་ན་འདྲ་བཤུས་བཟོས་ནས་འབུལ་ཆོག
དེ་བཞིན་ཅེ་ན་ཡེ་ལ་བྱུང་བའི་གནས་ཚུལ་ལ་གཞིགས་ཏེ་ཇ་མུ་ནས་གདན་འདྲེན་ཞུས་པ་འདི་རྩ་བ་ནས་མ་འགྲིགས་པ་རེད་གསུངས་པ་དེ་ཕྱོགས་གཅིག་ནས་བདེན་པ་འདྲ་ཞིག་འདུག་ཀྱང༌། གཞན་ཞིག་ནས་ཅེ་ན་ཡེའི་གནས་ཚུལ་འདིས་ཇ་མུའི་གནས་ཚུལ་འདི་འདྲ་ཞིག་ཡོང་སྙམ་པའི་དྭོགས་པ་རྒྱ་གར་ལའང་བྱུང་མེད་པ་མ་ཟད། བོད་པ་ལའང་བྱུང་ཡོད་མ་རེད། ཇ་མུ་ལ་བྱུང་བའི་གནས་ཚུལ་འདི་ཅེ་ན་ཡེ་གནས་ཚུལ་དང་འབྲེལ་བ་ཡོད་མེད་མཐའ་གཅིག་ཏུ་ཐག་བཅད་ནས་ཞུ་རྒྱུ་དཀའ་ཡང་བརྒྱ་ཆ་ ༩༩ འབྲེལ་བ་མེད་ས་རེད་བསམ་གྱི་ཡོད།
དེ་ནས་སྐུ་སྲུང་བ་ཚོ་ཟླ་བ་དྲུག་རེའི་ཐོག་གནས་སྤོས་གཏོང་རྒྱུའི་ལམ་སྲོལ་ལ་འགྱུར་བ་གཏོང་དགོས་ཀྱི་འདུག་ཅེས་བཀའ་གནང་སོང༌། སྐུ་སྲུང་བ་གནས་སྤོས་གཏོང་སྟངས་ཀྱི་དུས་ཚོད་ཇི་འདྲ་ཡིན་མིན་ད་ལྟ་ངས་གསལ་པོ་ཞུ་ཐུབ་ཀྱི་མི་འདུག སྤྱིར་བཏང་གཞུང་འབྲེལ་གྱི་སྐུ་སྲུང་བ་མང་ཆེ་བ་རྒས་ཡོལ་མ་ཕེབས་ཀྱི་བར་དུ་གཏན་འཇགས་བཞུགས་ཀྱི་ཡོད། དེ་མིན་གྱི་སྐུ་སྲུང་ལས་བྱ་དམའ་རིམ་རྣམས་ཕྱོགས་གཞན་ནས་ཡོང་དགོས་རིགས། ཁོ་རང་ཚོས་འཁོར་རེས་བཟོ་ཡོད་ཚོད་འདུག གནས་ཚུལ་ཞིབ་ཕྲ་བཀའ་ཤག་གི་གསལ་བཤད་ཀྱི་ཐོག་ལ་བཀའ་ལན་ཞུས་པའི་སྐབས་གསལ་པོ་ཞུ་རྒྱུ་ཡིན། རང་གི་བསམ་ངོ་ལ་ལྟོས་ཏེ་སྤྱི་འཐུས་རྣམ་པ་ཚོས་བཀའ་གནང་བ་མང་ཆེ་བ་ལ་གསལ་བཤད་ཞུས་ཟིན་པ་ཡིན་བསམ་གྱི་འདུག ཡིན་ནའང་སྤྱི་འཐུས་ཁ་ཤས་ཀྱིས་བཀའ་གནང་བ་གསལ་བཤད་མེད་པ་ལྷག་ཡོད་ན་དྲན་པས་མ་ཟིན་པའི་དབང་གིས་ལྷག་པ་མ་གཏོགས་ཆེད་མངགས་ཀྱིས་བཞག་པ་མིན་པས་དགོངས་པ་མ་འགལ་རོགས་གནང་ཞུ་རྒྱུ་དང༌། འདི་འདྲ་ཞིག་ལྷག་སོང་ཞེས་རྗེས་མ་བཀའ་གནང་བ་ཡིན་ན་སྤྱི་འཐུས་བྱེ་བྲག་པ་སོ་སོ་ལ་གསལ་བཤད་ཞུ་ཆོག་པ་ཞུ་རྒྱུ་ཡིན། དུས་ཚོད་རིང་པོ་ལེན་པ་ལ་དགོངས་འགལ་མེད་པ་དང་དུས་ཚོད་ཆ་ཚང་གནང་བར་དཔལ་ལྡན་ཚོགས་གཙོ་མཆོག་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་གསུམ་པའི་ཚོགས་དུས་གཉིས་པ། ༢༠༠༡།༩།༡༩ ནས་ ༢༠༠༡།༩།༢༨