བོད་རྒྱའི་འབྲེལ་ལམ་སྐོར་གྱི་གྲོས་འཆར་གྱི་ནང་དོན་རྣམས་ཀྱི་ཐོག་གསལ་བཤད།

བོད་རྒྱའི་འབྲེལ་བའི་སྐོར་གྱི་གྲོས་འཆར་དེར་སྤྱི་འཐུས་རྣམ་པས་གསུང་བཤད་གནང་སྐབས། གྲོས་འཆར་དེ་གནས་ཚད་མར་བབས་པའི་བཟོ་འདྲ་ཞིག་འདུག་གསུངས་ཀྱི་འདུག ཆ་རྐྱེན་གྱི་ཐོག་ནས་གནས་ཚད་ཡར་འཕར་བ་དང་མར་བབས་པ་ལྟ་བུ་གང་ཡང་ཡོད་མ་རེད། གྲོས་ཆོད་སྔོན་མའི་གནས་ཚད་དེ་ནས་ཕར་ཐད་ཀར་འགྱུར་བ་ཕྱིན་པ་ཞིག་ལས། སྔ་མ་གནས་ཚད་མཐོན་པོ་ཞིག་ཡོད་པ་དང༌། ད་ལྟ་ཆ་རྐྱེན་ཉུང་དུ་བཏང་ནས་གནས་ཚད་དམའ་རུ་བཏང་བ་དེ་འདྲ་མ་རེད། གྲོས་ཆོད་སྔོན་མའི་དོན་ཚན་དང་པོ་བཙན་བྱོལ་གཞུང་གི་ངོས་ནས་རྒྱ་ནག་ལ་ཕར་འབྲེལ་བ་བྱ་རྒྱུ་དེ་མཚམས་འཇོག་དགོས་པ་བཀོད་ཡོད། ད་ལྟ་དེ་གོ་ཟློག་ནས་རྒྱ་ནག་ནང་དང༌། རྒྱལ་སྤྱིའི་གནས་ཚུལ་དང༌། ལྷག་པར་རྒྱ་ནག་གི་འགོ་ཁྲིད་ཚོ་འགྱུར་བ་འགྲོ་བཞིན་པ་ཡིན་ཙང༌། གོ་སྐབས་དེ་བཟུང་ནས་སྔར་ཕར་འབྲེལ་བྱེད་རྒྱུ་སྒོ་བརྒྱབས་པ་དེ་ད་ཆ་སྒོ་ཕྱེ་བ་ཙམ་མ་ཟད། བཀའ་ཤག་ལ་རྒྱ་ནག་དང་མཉམ་དུ་ཕར་འབྲེལ་བ་ཞིག་བྱེད་རྒྱུའི་ལས་འགན་བསྐུར་ཡོད་པ་རེད། གྲོས་ཆོད་སྔོན་མའི་ནང་ད་ལྟ་ཡོད་པའི་རྒྱ་མིའི་འགོ་ཁྲིད་ཚོ་འགྱུར་བ་མ་ཕྱིན་བར་གྲོས་མོལ་ཡོང་བའི་རེ་བ་མེད་སྟབས་ཕར་འབྲེལ་མཚམས་འཇོག་བྱེད་དགོས་བཀོད་ཡོད། ད་ཆ་སྒོ་ཐམས་ཅད་ནས་རྒྱ་ནག་ནང་འགྱུར་བ་ཕྱིན་པ་དེ་གོ་སྐབས་ལ་བཟུང་ནས་སྔར་རེ་བ་མེད་པ་དེ་ད་ལྟའི་ཆར་རེ་བ་ཡོད་པ་ཆགས་ཡོད་མེད་བརྟག་ཞིབ་ཀྱི་ཆེད་གྲོས་འཆར་དོན་ཚན་དང་པོའི་ནང་ཆ་རྐྱེན་གསུམ་བཤད་ཡོད། རྒྱ་ནག་དང་མཉམ་དུ་འབྲེལ་བ་བྱ་རྒྱུའི་གོ་སྐབས་སྨིན་པའི་བཟོ་འདྲ་ཞིག་གྲོས་ཚོགས་ནས་གཟིགས་ཀྱང་དངོས་གནས་གོ་སྐབས་སྨིན་མིན་བཀའ་ཤག་ནས་ཞིབ་འཇུག་བྱེད་དགོས་པ་དང༌། ཐབས་བྱུས་ཇི་བཟང་ལ་ཡང་ཉམས་ཞིབ་བྱེད་དགོས་བཀོད་ཡོད། ཉམས་ཞིབ་བྱས་པའི་གྲུབ་དོན་དུ་ཕར་འབྲེལ་བ་བྱེད་རྒྱུ་དེ་རེ་བ་ཡོད་པ་ཞིག་གཟིགས་ཚེ་འབྲེལ་བ་འཕྲལ་དུ་གནང་དགོས་དང༌། རེ་བ་དང་བྲལ་བ་གཟིགས་ཚེ། འཛིན་སྐྱོང་ནས་ཡང་བསྐྱར་གྲོས་ཚོགས་ལ་ཉམས་ཞིབ་བྱས་རྗེས་རེ་བ་མེད་པ་ངེས་རྙེད་བྱུང་སྟངས་དང༌། དེ་ལ་བརྟེན་ནས་འབྲེལ་བ་མ་གནང་བའི་གནས་ཚུལ་བཅས་གསལ་བཤད་དགོས་པ་ཡིན། གྲོས་ཚོགས་ནས་གྲོས་འཆར་སྔོན་གླེང་ནང་འཁོད་ཡོད་པ་གཞིར་བཟུང་བར་སྐབས་ཀྱི་འགྱུར་བ་ཁག་ལ་བརྟེན་ནས་རེ་བ་ཡོད་པའི་གཟིགས་ཚུལ་ཞིག་བྱུང་ཡོད་ན་ཡང༌། བཀའ་ཤག་ནས་རེ་བ་ཡོད་མིན་དང་ཐབས་བྱུས་ཇི་བཟང་སྐོར་ཉམས་ཞིབ་དགོས་ལུགས་དང༌། ཉམས་ཞིབ་ཐོག་ནས་རེ་བ་ཡོད་པ་གཟིགས་ཚེ་ངེས་པར་དུ་འབྲེལ་བ་གནང་དགོས་བཅས་གྲོས་འཆར་དོན་ཚན་དང་པོའི་ནང་དོན་རེད།

དོན་ཚན་གཉིས་པའི་ནང་དོན་ནི་གྲོས་ཆོད་སྔ་མར་ང་ཚོར་བར་བཞུགས་ཤིག་བརྒྱུད་ཚུར་འབྲེལ་བ་བྱེད་ཆོག་པ་ཙམ་ཞིག་བཀོད་ཡོད་རེད། ད་ལྟ་ང་ཚོས་ཕར་འབྲེལ་བྱེད་ཕྱོགས་དེ་རྒྱ་ནག་དང་ཐད་ཀར་འབྲེལ་བ་བྱེད་མ་ཆོག་པ་མ་རེད་དེ། འབྲེལ་མཐུད་བྱེད་མཁན་བར་བཞུགས་ཤིག་བརྒྱུད་འབྲེལ་ལམ་བྱ་རྒྱུ་དམིགས་བསལ་རྩལ་བཏོན་བྱེད་དགོས་ཞེས་བཀོད་ཡོད། དེ་ནི་འདས་པའི་ལོ་ ༡༨ རིང་གི་ཉམས་མྱོང་གི་ཐོག་ནས་ང་ཚོས་ཕར་ཐད་ཀར་འབྲེལ་ལམ་བྱེད་སྐབས་ཆ་འཇོག་བྱེད་ཀྱི་མེད་སྟབས། སྙན་གྲགས་ཡོད་པའི་མི་སྣ་དང༌། ཡང་ན་སྟོབས་ཆེན་རྒྱལ་ཁབ་དང༌། བོད་མི་མ་ཡིན་པ་རྒྱ་ནག་གི་འོག་མེད་པའི་རང་དབང་ཅན་གྱི་ལུང་པའི་ནང་ཡོད་པའི་ཚོགས་སྡེ་ཁག་གམ། དེང་སྐབས་འཛམ་གླིང་ནང་དམིགས་བསལ་བར་འདུམ་བྱེད་མཁན་ཆེད་ལས་པའི་ཚོགས་སྡེ་མང་པོ་ཡོད་པ་དེ་འདྲའི་བརྒྱུད་འབྲེལ་ལམ་ཡོང་ཐབས་འབད་བརྩོན་བྱེད་དགོས་རྒྱུ་དང༌། རྒྱ་ནག་གི་ངོས་ནས་བར་བཞུགས་ཀྱི་མི་གསུམ་པ་ཞིག་བརྒྱུད་འབྲེལ་བ་བྱ་རྒྱུའི་འདོད་པ་བྱེད་ཀྱི་མེད་ནའང༌། འདས་པའི་ཉམས་མྱོང་གི་ཐོག་ནས་ང་ཚོར་ཆ་འཇོག་བྱེད་ཀྱི་མེད་སྟབས། མི་གསུམ་པ་ཞིག་བརྒྱུད་ཕྱོགས་གཉིས་ཀ་གླེང་མོལ་བབས་སྟེགས་སྟེང་སླེབས་པ་བཟོ་ཐུབ་མིན་བལྟ་དགོས་པ་ཡིན། ཐད་ཀར་འབྲེལ་བ་བྱེད་མི་ཆོག་པ་བཤད་མེད་ཀྱང༌། བརྒྱུད་ལམ་ཞིག་བརྒྱུད་འབྲེལ་བ་བྱེད་ཐུབ་རྒྱུར་དམིགས་བསལ་རྩལ་བཏོན་གནང་དགོས་ཚུལ་བཀོད་ཡོད།
དོན་ཚན་གསུམ་པ་ནི། དེ་འདྲའི་ལས་དོན་སྐབས་རྒྱ་མིས་བཀའ་མོལ་གནང་འདོད་ཡོད་དེ་ང་ཚོའི་བྱེད་ཕྱོགས་འདི་དང་འདི་འདྲ་ཞིག་གིས་འགོག་རྐྱེན་ཡོད་ལུགས་བཤད་པ་ཡིན་ན། ང་ཚོའི་ངོས་ནས་གཞི་རིམ་གྱི་འགྱུར་བ་ཆེན་པོ་དེ་འདྲ་གཏང་དགོས་བྱུང་ཚེ། སྤྱི་འཐུས་རྒྱུན་ལས་དང་གྲོས་མོལ་ཐོག་ྋགོང་ས་མཆོག་གི་བཀའ་ཁྲོལ་ཇི་བྱུང་ལྟར་འགྱུར་བ་གཏང་ཆོག་རྒྱུ་བཅས་གསལ་ཡོད། དོན་ཚན་གསུམ་གྱི་ནང་དོན་དེ་ལྟར་རེད། གལ་སྲིད་ད་དུང་འགྱུར་བ་གཏང་དགོས་འདྲ་གཟིགས་ན་བཟོ་བཅོས་གྲོས་འཆར་བཏོན་ཆོག་གི་རེད། ད་དུང་ཡང་ཚིག་འགྲེལ་མ་གོ་བ་འདྲ་ཡོད་ན་གསལ་བཤད་ཞུ་ཆོག་གི་རེད། ཅེས་གསུངས།

བོད་མི་མང་སྤྱི་འཐུས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཚོགས་དུས་བཞི་པ། ༡༩༩༧/༠༩/༡༥ ་་་ ༡༩༩༧/༠༩/༢༦