སྐབས་བཅུ་གཉིས་པའི་གྲོས་ཚོགས་ཚོགས་དུས་གཉིས་པའི་དབུ་འཛུགས་གསུང་བཤད།
བཀུར་འོས་དགེ་འདུན་རྣམ་པ། བཀུར་འོས་སྐུ་ངོ་བཀའ་བློན་ཁྲི་པ་མཆོག བཀུར་འོས་སྐུ་ངོ་ཚོགས་གཙོ་གཞོན་པ། བཀུར་འོས་བཀའ་བློན་རྣམ་པ། སྤྱི་འཐུས་རྣམ་པ་ཚང་མ་ལ་ད་རེས་སྐབས་བཅིུས་པའི་སྤྱི་འཐུས་ཀྱི་ཚོགས་དུས་གཉིས་པ་འདི་སྐབས་ཐོག་མར་ཚོགས་གཙོའི་ངོས་ནས་སྤྱི་འཐུས་རྣམ་པ་དང་བཀའ་བློན་རྣམ་པས་མཚོན་ཚང་མར་འཚམས་འདྲི་ཞུ་གི་ཡོད།
ད་རེས་ཀྱི་ཚོགས་དུས་འདི་སྐབས་སྤྱིར་བཏང་བྱས་ན་སྐབས་བཅིུས་པའི་སྤྱི་འཐུས་ལྷན་ཚོགས་ཚོགས་དུས་གཉིས་པ་ཡིན་ཙང༌། སྤྱི་འཐུས་ཚོ་ཨ་གསར་མ་ཡལ་བ་དགོས་པ་ཞིག་རེད་དེ། ད་རིང་ཚོགས་རྒྱས་ལོད་ལ་བལྟས་ན། དེ་ཙམ་གྱིས་སེམས་ཤུགས་བསྐྱེད་འོས་པའི་ཚོགས་རྒྱས་པོ་ཕེབས་མི་འདུག འོན་ཀྱང་སྟབས་ལེགས་པ་ཞིག་ལ། གྲོས་ཚོགས་ཀྱི་ལས་དོན་བྱེད་ཐུབ་ཙམ་ཞིག་གི་ཁྲིམས་མཐུན་གྱི་གྲངས་ཀ་ཚང་བ་ཞིག་ཕེབས་འདུག དེས་ན་ཁྱེད་ཚོ་ཕེབས་པ་ཚང་མར་ངས་དགའ་བསུ་དང་ཐུགས་རྗེ་ཆེ་ཞེས་ཞུ་གི་ཡོད།
སྤྱིར་བཏང་ནས་གང་ཟག་སོ་སོའི་ལས་དོན་གལ་ཆེ་ཆུང་རྩི་སྟངས་འདྲ་མི་འདྲ་སྣ་ཚོགས་ཡོང་སྲིད་པ་ཞིག་རེད། འོན་ཀྱང་སྤྱི་འཐུས་ལ་འོས་འདེམས་བྱུང་བ་དེ་ཚང་མས་དགོངས་པ་བཞེས་ནས་མོས་མཐུན་གནང་སྟེ་འོས་ཐོན་བྱུང་བ་ཞིག་ཡིན་དུས། ལོ་གཅིག་གི་ཚོགས་ཐེངས་གཉིས་པོ་འོས་ཐོན་བྱུང་བའི་སྤྱི་འཐུས་ཤིག་ཡིན་པའི་ཆ་ནས་ལས་དོན་གལ་ཆེ་བ་ཞིག་གི་གྲངས་སུ་བརྩི་དགོས་ཀྱི་ཡོད་པ་ཞིག་ང་ཚོའི་མཐོང་སྣང་ལ་དེ་འདྲ་ཞིག་ཤར་གྱི་འདུག མི་སུ་དང་སུ་ཡིན་རུང༌། སྤྱི་སྒེར་མང་པོ་ཞིག་གི་ལས་དོན་སྣ་ཚོགས་ཤིག་བྱ་རྒྱུ་མེད་པ་ཞེ་དྲགས་དཀོན་པོ་རེད། དུས་རབས་ཉི་ཤུ་པ་འདིའི་ནང་ལ་མི་ཚང་མ་བྲེལ་བ་ཚ་པོ་ཞིག་མ་གཏོགས། དུས་ཚོད་ཡོད་མཁན་དང༌། ལྷོད་པོར་སྡོད་མཁན་དཀོན་པོ་རེད། འོན་ཀྱང་གྲོས་ཚོགས་ཀྱི་ལས་རིམ་ག་རེ་ཡོད་པ་དེ་མཁྱེན་པའི་ཐོག་ནས་སྤྱི་འཐུས་གནང་རྒྱུར་མོས་མཐུན་གནང་བ་ཡིན་ཙང༌། ལོ་གཅིག་གི་ཚོགས་ཐེངས་གཉིས་ལ་ཚོགས་འདུར་ཕེབས་རྒྱུ་དེ་གང་ཟག་སོ་སོའི་ལས་དོན་གྱི་ནང་ལ་གལ་ཆེ་བ་ཞིག་ཏུ་བརྩིས་ཏེ་ལས་དོན་གཞན་རྣམས་ཆེ་བཞག་ཆུང་བསྐྱུར་བྱས་ཏེ་ཕེབས་པ་ཡིན་ན། འོས་ཤོག་བླུག་མཁན་གྱི་མི་མང་ཚོའི་རེ་འདུན་དང་མཐུན་པ་ཞིག་དང༌། ང་ཚོས་རྩོད་སྡོད་པའི་མཚན་མཐོང་ཞེས་པ་དེའི་མཚན་མཐོང་དེ་ཡང་མཚོན་པ་ཞིག་ཡོང་གི་རེད་བསམ་པ་ཞིག་བྱུང༌། འདི་འཕྲོས་བཤད་ཙམ་ཞིག་རེད། ཅེས་གསུངས།
བོད་མི་མང་སྤྱི་འཐུས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཚོགས་དུས་གཉིས་པ། ༡༩༩༦/༠༩/༡༦ ་་་ ༡༩༩༦/༠༩/༢༦