དྲི་བ་དྲིས་ལན་དང་བགྲོ་གླེང་གི་དམིགས་ཡུལ་དང་དགོས་པ།

ཚོགས་གཙོས་ལམ་སྟོན་ཞུ་རྒྱུར་དཀའ་ངལ་འདུག ལམ་སྟོན་ཞུས་པའི་ལམ་དེའི་ནང་སུས་བསྐྱོད་ཀྱི་རེད། སྔོན་རྒྱ་གར་བའི་སློབ་དཔོན་ཞིག་གིས་དུས་ངན་སྙིགས་མའི་སློབ་དཔོན་ང་ལྟ་བུ་ལ། སློབ་མ་ཁྱོད་ལྟ་བུ་བྱུང་བ་ཡིད་རེ་མུག ཅེས་གསུངས་པའི་ལོ་རྒྱུས་ཡོད་པ་ལྟར། ང་ཚོར་ཡང་དུས་ངན་སྙིགས་མའི་ཚོགས་གཙོ་ང་ལྟ་བུ་ལ། ཚོགས་མི་ཁྱེད་རྣམས་ལྟ་བུ་བྱུང་བ་ཡིད་རེ་མུག ཅེས་ལབ་དགོས་ཉེན་འདུག སྤྱིར་སྟངས་དྲི་བ་དྲིས་ལན་དང་ཚོུད་ཕྱེད་ཀའི་བགྲོ་གླེང་སོགས་གང་ཡིན་རུང་འདི་ཚོའི་དམིགས་ཡུལ་དང༌། དགོས་པ་མདོར་བསྡུས་ན་སྡེ་ཚན་གཉིས་ནང་འདུས་ཐུབ། ༡། གནས་ཚུལ་གསལ་པོ་བཟོ་རྒྱུ་དང༌། ༢། ལས་དོན་མ་བྱས་པ་ཞིག་གམ། མཇུག་མ་འཁྱོལ་བ་ཞིག་བྱེད་རྒྱུའམ་མཇུག་སྐྱེལ་དུ་འཇུག་རྒྱུ་དེ་གཉིས་རེད། གྲོས་ཚོགས་ཀྱིས་དྲི་བ་གནང་བའི་ནང་ལ། གསལ་བཤད་དགོས་པ་ཞིག་ཡིན་ན་དེ་ལ་གསལ་བཤད་མཐིལ་ཕྱིན་གནང་རྒྱུ་དང༌། ལས་དོན་བྱེད་དགོས་ཤིག་ཡིན་ན། དུས་ཡུན་ཇི་ཙམ་གྱི་ནང་ཐབས་ལམ་ཇི་འདྲ་ཞིག་གི་སྒོ་ནས་ལས་དོན་དེ་བསྒྲུབ་རྒྱུའམ་མཇུག་སྐྱེལ་བྱ་རྒྱུའི་ཞལ་བཞེས་གསལ་པོ་གནང་རྒྱུ་བཅས་འཛིན་སྐྱོང་གི་ལས་འགན་རེད། ལས་དོན་བསྒྲུབ་མི་ཐུབ་པ་ཞིག་ཡིན་ན། ཁྲིམས་དང༌། དཔལ་འབྱོར། མི་འགྲོའི་མཐུན་རྐྱེན། སྤྱི་ཚོགས་དང་རྒྱལ་སྤྱིའི་གནས་སྟངས་སོགས་དངོས་ཡོད་རྒྱུ་མཚན་ག་འདྲ་ཞིག་ལ་བརྟེན་ནས་གནང་ཐུབ་ཀྱི་མེད་པའམ། གནང་མ་འོས་པའི་རྒྱུ་མཚན་དེ་གསལ་པོ་བཟོ་གནང་དགོས། དེ་འདྲ་མིན་པར་གྲོས་ཚོགས་ནང་དྲི་བ་དྲིས་ལན་གྱི་དུས་ཚོད་དེ། བ་རེ་བོ་རེ་ཞིག་བཤད་ནས་འབུད་རྒྱག་ཐུབ་ཙམ་ཞིག་བྱུང་ན་རྗེས་སུ་བལྟ་ཆོག་གི་རེད་བསམ་པའི་བསམ་སྤྱོད་དེ་འདྲ་ཞིག་འཁྱེར་བ་ཡིན་ན་དོན་ལ་ཕན་ཐོགས་གང་ཡང་མི་ཡོང༌། ད་ལྟའི་བགྲོ་གླེང་འདི་ལ་དོན་གནད་གཉིས་རེད། ད་བར་འཐུས་ཤོར་ཕྱིན་པ་དེ་སུ་ལ་འགན་ཁུར་དཀྲི་དགོས་པ་གསལ་པོ་བཟོ་རྒྱུ་དང༌། མ་འོངས་པར་འཐུས་ཤོར་སྐྱོན་སེལ་བྱེད་སྟངས་ག་འདྲ་ཞིག་སུས་འགན་འཁྱེར་ནས་བྱེད་རྒྱུ་ཡིན་པ་གསལ་པོ་བཟོ་རྒྱུ་དེ་གཉིས་རེད། འཐུས་ཤོར་ཕྱིན་པ་དེ་སུ་ལ་འགན་དཀྲི་དགོས་གསལ་པོ་མ་བཟོས་པ་ཡིན་ན་གྲོས་ཚོགས་ཀྱིས་བཀའ་ཤག་ལ་འགན་མ་འཁྱེར་བར་ངོས་འཛིན་བྱེད་རྒྱུ་རེད། ཅེས་གསུངས།

བོད་མི་མང་སྤྱི་འཐུས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཚོགས་དུས་དྲུག་པ། ༡༩༩༤/༠༡/༡༢ ་་་ ༡༩༩༤/༠༡/༢༥