གསེར་གྱི་ཟམ་ཆེན་བརྐྱངས་པའི་གཏམ་གདོང་ལྔའི་གད་རྒྱངས།   

མགོ་ལོག་ཟླ་བྷེ།
༸རྒྱལ་དབང་ཐུགས་དང་འགལ་བ་མེད།།
བླ་མའི་བཀའ་ལས་འདའ་བ་མེད།།
ཁས་བླངས་དམ་བཅར་འགྱུར་བ་མེད།།
མདོར་ན་གཤིས་ལ་གཡོ་བ་མེད།།

ཆོལ་ཁ་གསུམ་ལ་ཕྱོགས་ཞེན་མེད།།
ཆོས་བརྒྱུད་ཁག་ལ་ཆགས་སྡང་མེད།།
གཞིས་བྱེས་གཉིས་ལ་དམར་ལོད་མེད།།
མདོར་ན་འབངས་ལ་ཉེ་རིང་མེད།།

སྣ་མང་སྐད་ལ་འགགས་པ་མེད།།
ཐབས་མང་ཆོས་ལ་འཁྲུལ་བ་མེད།།
བྱུས་མང་སྲིད་ལ་ནོར་བ་མེད།།
མདོར་ན་མཁྱེན་རབ་ཐོགས་པ་མེད།།
ཅེས་བཀའ་བློན་ཁྲི་ཟུར་མཁས་དབང་སློབ་དཔོན་ཟམ་གདོང་རིན་པོ་ཆེའི་སྐུ་ཡི་འཁྲུངས་སྐར་ལ་སྲུང་བརྩའི་གཞས་ཚིག་ཙམ་པོ་འདི། ནུབ་ཕྱོགས་ཡུ་རོབ་གླིང་ནས་ཕྲན་མགོ་ལོག་ཟླ་བྷེ་རུ་འབོད་པས་གུས་པ་ཆེན་པོས་ཕུལ་བ་ལགས་ན། གང་ཉིད་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་འཕྲིན་ལས་ཉིན་བྱེད་དབང་པོའི་གསེར་གྱི་ཤིང་རྟ་འདྲེན་པའི་ཁ་ལོ་བ་དང་། བོད་གཞིས་བྱེས་མི་འགྱུར་སྲོག་གི་ཀ་ཆེན་བརྟན་པའི་སྐྱོར་མ། བསྟན་པ་དང་འགྲོ་བའི་དོན་རླབས་པོ་ཆེ་སོགས་ཀྱི་ཆེད་དུ་སྐུ་ཚེ་བརྟན་ཅིང་ཐུགས་བཞེད་འགྲུབ་པའི་རྒྱུར་གྱུར་ཅིག། །