སློབ་དཔོན་ཟམ་གདོང་བླ་མའི་བྱས་རྗེས་ཤིག
ལི་ཐང་བློ་བཟང་ཉི་མའམ་འབྲོང་ཚ། འབྲས་སྒོ་མང་ཧར་གདོང་ཁང་ཚན།
མཁྱེན་ལྡན་ཐབས་མཁས་འཁྲུངས་ཡུལ་བདེ་ཆེན་རང་སྐྱོང་ཁུལ།།
ཤེས་རབ་རྩལ་གྱི་སོན་པའི་རྣམ་དཔྱོད་ཕྱོགས་སུ་ཁྱབ།།
གངས་ཅན་གཟི་འོད་འཕྲོ་བའི་ཆོས་སྲིད་ཟབ་ཡངས་གཏེར།།
དབུ་མའི་སྒྲོམ་གཞི་འབྱེད་མཁས་ཟམ་གདོང་རིན་པོ་ཆེ།།
ཁྲིམས་ཀྱི་རྨང་གཞི་ཐབས་ལམ་སྲ་བརྟན་འདི་ནས་བཙུགས།།
གཞི་བྱེས་བོད་མིའི་རྩ་ཁྲིམས་རྣམ་དཔྱོད་སྤུ་གྲིས་བརྡར།།
མཁས་དབང་ཟམ་གདོང་བླ་མའི་ཐུགས་ཀྱི་ངོ་མཚར་བསྐྱེད།།
སྙིང་དབུས་བོད་ཀྱི་བླ་སྲོག་བསྟན་སྲིད་ཐུགས་འགན་བཞེས།།
ཤེས་ཡོན་སློབ་གསོ་སྙིང་ནས་ལམ་སྟོན་སྒྲོན་མེ་སྦར།།
དེ་ཕྱིར་ཟམ་གདོང་བླ་མའི་བྱས་རྗེས་དེ་ནས་བཞག།།
མདོ་ཁམས་འཛིན་མའི་ཁྱོན་འདིར་མཚན་སྙན་ཡང་ཡང་གྲགས།།
སྤྱི་པའི་འགན་འཁྲི་གསོལ་མཁན་ཐོག་མར་ཁྱེད་གཅིག་བསྟོད།།
རྩ་བའི་བླ་མའི་བཀའ་བཞིན་བསྒྲུབ་པའི་དམ་བཅའ་དང་།།
ཕུལ་བྱུང་ཤེས་རབ་མྱུར་བའི་ཐབས་ཤེས་ཟུང་འཇུག་གཉིས།།
མདོ་སྔགས་མཁས་པའི་བཞེད་ཚུལ་ཡིད་སྨོན་འཆོར་བ་གསུམ།།
མཁས་དབང་ཟམ་གདོང་བླ་མའི་རང་གཤིས་བཙུན་པ་བཞི།།
ཉམས་ལེན་ལྟ་བའི་བཞེད་མཚམས་ཐུན་མོང་སྣང་ཚུལ་དང་།།
མདོ་རྒྱུད་དམ་ཆོས་སེམས་གཏིང་འདུལ་བའི་ཕྱག་ལེན་གཉིས།།
བསྡུས་པའི་ཉམས་ལེན་དཀའ་གནད་རྒྱལ་སྲས་སྤྱོད་པ་གསུམ།།
ས་སྟེང་བྱང་ཆུབ་སེམས་དཔའ་ཁྱེད་གཅིག་མཇལ་བ་བཞི།།
ཡང་སྒོས་མཁྱེན་པའི་མངའ་གསོལ་སྐད་ཡིག་སྣ་ཚོགས་བཞད།།
ཕྱི་ནང་བོད་ཀྱི་སློབ་དཔོན་ཟམ་གདོང་རིན་པོ་ཆེ།།
ཡངས་པའི་འཛམ་གླིང་ཁྱོན་འདིར་མཁས་པའི་ལེགས་རྗེས་བཞག།།
དུང་བའི་བླ་མ་ཁྱེད་ལ་མཁྱེན་བརྩེ་ནུས་གསུམ་ཕྱུག།།