མཁས་བརྒྱའི་ཏོག ཟམ་གདོང་རིན་པོ་ཆེ།     

ནག་པོ་གཤིན་རྗེ་གཤེད། དངོས་མིང་འཇམ་མགོན། སུ་ཇཱ།
རིག་པའི་རྩ་ལག་ཕྱོགས་བཅུར་རྒྱས་པའི་ངང་ཚུལ་ལས།།
སྲིད་པ་འདི་ན་སྙན་པ་སྟོང་གི་བ་དན་གཡོ།།
གླིང་ག་ཞིག་ན་བག་ཡོད་ཚུལ་གྱི་སྒོམ་ཞུགས་ཏེ།།
འཚོ་བ་ངན་ངོན་ཞིག་ལ་བརྟེན་མཁས་མཆོག་མཉེས་པ།།          རྫིག་ཆེན་བླ་མའི་སྲོལ་གྱིས་ཁྲི་རུ་ཉམས་མི་སྟོན།།
དབང་ཆེན་དཔོན་པོ་བཞིན་གྱིས་འགྱིངས་བའི་གཤིས་ཀ་མེད།།
རྒྱུ་ཆེན་ཕྱུག་བདག་ལྟ་བུའི་ཡོད་ཡོད་ངར་ངར་མེད།།
མཁས་པའི་མགོ་འཕང་འདྲ་བའི་ང་རྒྱལ་ཡེ་ནས་མེད།།

འབྲས་བུའི་ཁུར་དུ་ལྕི་བའི་དཔག་བསམ་ལྗོན་པ་བཞིན།།
ཁྱེད་ཀྱི་ཐུགས་ན་ཕྱི་ནང་ཀུན་གྱི་རིག་གནས་མངའ།།
ལོག་པའི་ལམ་ན་རང་ཉིད་ཁོ་ན་མངོན་བསྟོད་དག།།
སྨྲ་མཁས་རིག་པའི་རལ་གྲིས་རྨོངས་པའི་མུན་པ་སེལ།།

སྐྱེས་མཆོག་ཁྱེད་ཀྱི་ཐུགས་དགོངས་ནམ་མཁའི་བང་མཛོད་ལས།།
བློ་དམན་འཁོར་ལ་བདེན་པའི་གཏམ་གྱི་སྦྲང་ཆར་འཇོ།།
རྨོངས་པའི་ལམ་ལ་ཞུགས་མཁན་ད་ནི་གསུམ་མདོ་ན།།
ཁྱེད་ཀྱི་བདེན་པའི་གཏམ་གྱིས་འཇིག་རྟེན་དཀར་ངོགས་རྙེད།།

རང་གི་ལྟ་བ་ཡིན་ཡིན་ཆེ་བའི་རྒྱ་གཞུང་ཡང་།།
ཁྱེད་ཀྱི་བདེན་པའི་རིག་པའི་སྟོབས་ལ་དངངས་སྐྲག་སྐྱེས།།
ལོག་སྨྲའི་ལས་ཉོན་དབང་དུ་སོང་བའི་དོལ་ཚོགས་ལ།།
བྱམས་དང་བརྩེ་བས་ཕྱོགས་ལྷུང་དོར་དེ་བདེན་ལམ་བསྟན།།

དུས་གསུམ་མཁྱེན་པ་མགོན་པོ་གང་གི་ཕྱག་གཡས་ཡིན།།
མ་རིག་རྨོངས་པའི་ཁྲི་མ་འབུམ་གྱི་སྒྲོན་མེ་ཡིན།།
ལམ་སྣ་ལོག་པ་སྡུག་ཅན་མང་པོའི་མགོན་སྐྱབས་ཡིན།།
འོ་དོད་གྱེར་བའི་སྤྲང་པོ་རྣམས་ཀྱི་རྒྱགས་ཕྱེ་ཡིན།།

ཉིད་ཀྱི་གསུང་གི་བསིལ་ཆབ་རྣ་རུ་སྒྲོན་པའི་ཚེ།།
སེམས་ཀྱི་དབུས་ནས་ཅི་ཞིག་བགྲོད་པའི་བདེ་སྣང་འཆར།།
མ་ཡིས་བུ་ལ་གདམས་འདྲའི་བརྩེ་བའི་བསླབ་བྱ་དག།།
ད་དུང་དྲན་འཛིན་ངོགས་ན་ཡང་ཡང་ཟས་སུ་སྨིན།།

ཕ་ཡུལ་བཞག་སྟེ་རྒྱུས་མེད་ཡུལ་ལ་འགྲིམ་པའི་དུས།།
གཞི་འཛིན་བདག་མོ་ལྟ་བུའི་ཁྱིམ་ཞིག་དྲོད་ཀྱིས་བསྐྱངས།།
སེམས་པ་གཏད་ས་རྙེད་པའི་སྲོག་ལ་དབུགས་རྔ་བསྩལ།།
ཁྱེད་ཀྱི་ཐུགས་བཀོད་ཡངས་པོ་ད་དུང་སྙིང་ན་བཞད།།

ཁྱེད་སྐུ་ལྷུན་པོ་ནམ་མཁའི་ཟླ་བཞིན་བཞུགས་གསོལ་ནས།།
མུན་པའི་གླིང་ལ་བདེན་པའི་སྟོབས་ཀྱི་འོད་སྦྱིན་ཏེ།།
གླིང་ཀུན་བདེ་ཞིང་ཁྱད་པར་བོད་ཡུལ་སྐྱིད་པའི་གཏམ།།
མྱུར་དུ་འཆར་བར་སྨོན་ཞེས་ཁྱེད་སྐུ་བསྐལ་བརྒྱར་བཞུགས།།