མཁས་དབང་ཟམ་གདོང་རིན་པོ་ཆེར་མངོན་བསྟོད་པདྨ་དཀར་པོ།

ཨོ་ཐོག གཡང་འཛོམས།
བོད་ཀྱི་མདུན་ལམ་སྲུང་བའི་མཛད་པ་དག།
མི་རབས་ཕྱི་མས་སེམས་ནས་བརྗེད་མི་སྲིད།།
སྒོ་གསུམ་གུས་ཕྱག་བྱེ་བ་གྲངས་མེད་ཀྱིས།།
མངོན་པར་བསྟོད་པའི་ལས་ལ་རབ་ཏུ་ཞུགས།།

མདོ་སྔགས་ཐུན་མོང་རིག་གནས་ཀུན་ལ་མཁས།།
ཆོས་དང་སྲིད་ཀྱི་རྣམ་དཔྱོད་མཚུངས་པ་མེད།།
གསང་གསུམ་མཛད་རྗེས་རྣམས་ནི་ངོ་མཚར་ཆེ།།
ཇི་བཞིན་བརྗོད་པར་སྤོབས་པའི་གནས་མ་མཆིས།།
ཁ་བ་ཅན་གྱི་རིག་པའི་གཞུང་ལུགས་རྣམས།།
མི་རབས་རྗེས་མས་རྒྱུན་འཛིན་ཡོང་བ་ལ།།
ཝཱར་ཎ་མཐོ་སློབ་རིག་པའི་དགའ་ཚལ་དང་།།
མེས་དཔོན་དཔེ་སྟོན་སློབ་གྲྭ་ཆེད་དུ་བཙུགས།།

༸གོང་ས་ཡིད་བཞིན་ནོར་བུའི་བཀའ་བཞིན་དུ།།
ཆོས་སྲིད་གཉིས་ཀྱི་སྣེ་འཁྲིད་མཛད་པའི་ཚེ།།
སྤྱི་འཐུས་ལྷན་ཁང་རང་ཚུགས་བརྟན་པ་དང་།།
བང་མཛོད་ཆེན་མོ་མ་དངུལ་ཅན་དུ་བསྒྱུར།།
བཀའ་བློན་ཁྲི་པའི་ཐུགས་ཁུར་བཞེས་པའི་ཚེ།།
ཐབས་བྱུས་དབུ་མའི་ལམ་གྱི་འཇུག་ངོགས་ནས།།
སྐུ་ཚབ་ཚོགས་པས་འབྲེལ་མཐུད་རིམ་པ་བཅུས།།
བོད་རྒྱའི་བར་འདུམ་ཞི་བའི་གྲོས་མོལ་མཛད།།
༸གོང་ས་མཆོག་གི་དགོངས་པ་ཇི་བཞིན་དུ།།
དྲང་བདེན་དང་ནི་འཚེ་བ་སྤངས་པ་དང་།།
ཡང་དག་མང་གཙོའི་ལམ་སྲོལ་བཟང་པོ་སྟེ།།
ལྟ་གྲུབ་གསུམ་གྱི་ལམ་ནས་བོད་དེ་བསྐྱངས།།
༢༠༡༤/༡༠/༠༡