མཁས་པའི་དབང་པོ་ཟམ་གདོང་རིན་པོ་ཆེའི་འཁྲུངས་སྐར་ལ་ཕུལ་བ།
བསྟན་འཛིན་ཚེ་བརྟན་ཆུང་བ། ལོ་ ༡༤ འཛིན་གྲྭ་བཅུ་པ། དཔེ་སྟོན་སློབ་གྲྭ
ཤེས་ཡོན་སྲིད་བྱུས་ལམ་བཟང་གསར་པ་བཏོད།།
བདེ་འཇགས་ལྡན་པའི་སློབ་གྲྭ་བཟོ་སྐྲུན་གནང།།
ལམ་ཆུང་དོག་པོའི་སྡུག་བསྔལ་སེལ་མཁན་ནི།།
མི་རྗེ་ཟམ་གདོང་མཆོག་ལས་སུ་ཞིག་ཡོད།།
དེ་རིང་གི་གོ་སྐབས་འདི་བཟུང་ནས་བུ་མོ་ངས་ཁྱེད་ཀྱི་འཁྲུངས་སྐར་ཉིན་མོ་སྲུང་བརྩི་ཟབ་རྒྱས་ཞུས་ཆེད། རྩོམ་ཡིག་སྙན་མོ་འདི་ཁྱེད་ཀྱི་བཀའ་དྲིན་བརྗེད་དྲན་དུ་འབྲི་བ་ལགས།
དཔེ་སྟོན་སློབ་ཆུང་གི་ཡབ་ཆེན་ལགས། ཤེས་ཡོན་རྒྱུན་འཛིན་གྱི་དགེ་བའི་བཤེས་གཉེན་ལགས། རླབས་ཆེན་གྱི་བཙན་བྱོལ་བོད་མིའི་ཉི་འོད་སེར་པོ་ལགས།
ཁྱེད་ནི་བོད་མི་རིགས་ཀྱི་སྣེ་འཁྲིད་མཁན་གྱི་མི་སྣ་བཟང་པོ་ཞིག་ཡིན། ཁྱེད་ཀྱིས་ཤེས་ཡོན་གྱི་བསམ་རྒྱ་ཆུང་བའི་བོད་མི་དུ་མ་ཞིག་ལ། སྐད་ཡིག་གི་རིན་ཐང་ཤེས་སུ་བཅུག་ཡོད་ལ། བོད་སྐད་ཡིག་གི་གཞི་རྩར་བརྟེན་ནས་ཁ་ཡོད་ལག་ཡོད་ཀྱི་ཐུགས་འགན་ཆེན་མོ་ཞིག་བཞེས་ཡོད་པས། ཁྱེད་ནི་ཤིང་སྡོང་ལྗང་ཁུ་ཞིག་གི་རྩ་བ་དང་ཅིས་མི་མཚུངས། ཁྱེད་ཀྱིས་བོད་སྐད་ཡིག་དང་རིག་གཞུང་གི་རིན་ཐང་བྲལ་བའི་ཆུ་རྣམས་བོད་མིའི་ས་ཞིང་ལ་དྲངས་པ་ལྟར། ཤེས་ཡོན་གྱིས་སྐོམ་པས་གདུང་བའི་བོད་མི་རྣམས་ལ་ཆར་ཆུ་འཛད་མེད་དུ་སྦྱིན།
ཁྱེད་ནི་གནས་ལུགས་ར་སྤྲོད་བྱེད་མཁན་གྱི་དགེ་རྒན་དྲིན་ཆེན་ཞིག་དང་། རེ་བས་ཁེངས་པའི་ཕྲུ་གུ་ང་འདྲ་བའི་ཡབ་ཆེན་ཞིག་ཀྱང་ཡིན། ཁྱེད་ཀྱིས་ཡུལ་ལུང་མེད་པའི་བོད་ཕྲུག་ཅིག་ལ་རྒྱལ་ཁབ་ཀྱི་ཞེན་ཁོག་དང་ལ་རྒྱ་སྦྱིན་པ་དང་། ཁྱེད་ཀྱིས་རེ་བས་ཁེངས་པའི་མི་རིགས་ཞིག་ལ་ཉི་འོད་ཀྱི་བསམ་རྒྱ་ཡང་སྦྱིན་སོང་། ཁྱེད་ཀྱིས་སྐུ་ངལ་བསྐྱོན་པ་མཐའ་དག་བོད་མི་རིགས་ཀྱི་ཆེད་དུ་ཡིན་པ་བཤད་ཅི་དགོས། ཁྱེད་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་ཟབ་མོ་ལྟར། བཙན་བྱོལ་གྱི་བཀའ་ཁྲིར་འོས་འདེམས་བྱུང་སྟེ། བོད་མི་རྣམས་ལ་ཤེས་ཡོན་གྱི་གོ་སྐབས་ཟབ་ཅིང་རྒྱས་པ་གནང་ཡོད། དེ་བས་ཁྱེད་བོད་མི་ཚོའི་བཀའ་བློན་ཁྲི་པ་གནང་སྐབས་གཞུང་ཡིག་རྣམས་བོད་སྐད་ཡིག་ཏུ་བེད་སྤྱོད་གནང་བར་འབད། ཁྱེད་ནི་བཙན་བྱོལ་བོད་མི་རྣམས་ལ་ཞོགས་ལྟར་འོད་སྣང་སྦྱིན་མཁན་གྱི་ཉི་མ་སེར་པོ་ཡིན་ཞེས་བརྗོད་ན་འགྲིག་ལ། རླབས་ཆེན་གྱི་ཁྱེད་ཉིད་ནི་ལམ་ཟུར་གྱི་འགྲིམ་འགྲུལ་དོ་དམ་པ་ཞིག་གི་འགན་འཁུར་བ་བཞིན། ཁྱེད་ཀྱིས་བོད་མི་ས་ཡ་དྲུག་ལ་ལམ་སྟོན་གནང་སོང། ཁྱེད་ཀྱིས་བཙན་བྱོལ་བོད་མིའི་བདེ་སྡུག་ལ་འགན་ཆེན་མོ་ཞིག་འཁྱེར་བ་དང། དེ་བས་དཔེ་སྟོན་སློབ་གྲྭ་གསར་དུ་བསྐྲུན་ནས་ཤེས་ཡོན་སྲིད་བྱུས་ལག་བསྟར་གནང། དེས་ང་འདྲ་བའི་སློབ་ཕྲུག་མང་པོར་སྐད་ཡིག་གི་རིན་ཐང་དང་ཞེན་ཁོག་སྦྱིན། ངས་དཔེ་སྟོན་སློབ་གྲྭའི་སློབ་ཕྲུག་ཡིན་ཞེས་སྤོབས་པའི་ངང་བརྗོད་ཐུབ་པ་དེ་ནི་ཁྱེད་ཀྱི་སྐུ་དྲིན་ཁོ་ནའོ།།
ཡབ་ཆེན་ཁྱེད་ཀྱི་མཚན་དེ་སྙིང་ཁོང་དུ་ལྷམ་མེར་བྲིས་ཡོད། དེ་རིང་དུས་བཟང་དང་བསྟུན་ཏེ་མི་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་སྐུ་གཟུགས་བདེ་ཐང་དང་། ནད་མེད་ཚེ་རིང་གནས་པའི་སྨོན་འདུན་ཞུ་བ་དང་། ཁྱེད་ཀྱི་འཁྲུངས་སྐར་སྤྲོ་པོ་ཡོང་བར་སྨོན།།