རིག་གཞུང་ཉམས་ཆག་འགྲོ་ཚུལ།

ཚང་མས་ཐུགས་ལ་ངེས་དགོས་རྒྱུ་ཞིག་ལ།རིག་གཞུང་ཉམས་ཆག་འགྲོ་ཚུལ་ལ་རིམ་པ་མི་འདྲ་བ་གསུམ་ཙམ་ཡོད། དེ་ཡང་རིག་གཞུང་གཞན་དང་འབྲེལ་བ་བྱེད་པའི་སྐབས་དང༌། བདག་པོ་ཡག་པོ་བརྒྱབས་མ་ཐུབ་པ། དགའ་མོས་མི་བྱེད་པའི་དབང་གིས་ཉམས་ཆག་འགྲོ་གི་ཡོད། རིག་གཞུང་གོམས་གཤིས་ཀྱི་གཞི་རྟེན་ལུས་ངག་ཡིད་གསུམ་ཡིན་ཞིང༌། དེ་ཡང་སྐད་ཡིག་དང༌། བཟའ་བཏུང༌། འགྲོ་འདུག ཆས་གོས་སོགས་ལ་གཞི་བཅོལ་ཡོད། སྐད་ཡིག་གི་ཉམས་ཆག་ནི་སྐད་ཡིག་གཞན་གྱི་ནུས་ཤུགས་འོག་ནས་ཉམས་འགྲོ་གི་ཡོད་པ་དང༌། ཆས་གོས་སོགས་ནི་ཁོར་ཡུག་སོགས་དང་འབྲེལ་བ་ཆགས་བསྡད་པ་ཞིག་རེད། སྐད་ནི་ངག་དང་ཆས་གོས་ནི་ལུས་ལ་གཞི་བཅོལ་ཡོད། དེ་གཉིས་ཀྱི་འཁྱེར་སོ་ཡང་ཡིད་ལ་གཞི་རྟེན་བཅོལ་ཡོད། འགྱུར་བ་ཕྲ་མོ་དགའ་མོས་མ་བྱས་པའི་དབང་གིས་ཡོང་གི་ཡོད། དེ་དག་ནི་ང་ཚོས་གསལ་རྟོགས་ཐུབ་དཀའ་བ་ཡོད། དཔེར་ན། སྔོན་བོད་ལ་བསྡད་སྐབས་ཕྱུ་པ་མ་གྱོན་ན་མ་བདེ་བ་དང་ཡན་ལག་མ་ཚང་བ་ལྟ་བུའི་ཚོར་བ་ཡོང་གི་ཡོད་ཀྱང༌། དེང་སང་ཕྱུ་པ་གྱོན་ན་མ་བདེ་བ་དང་ངོ་ཚ་དགོས་པ་ལྟ་བུའི་ཚོར་བ་ཡོང་གི་ཡོད། དེ་དག་ནི་རིག་གཞུང་སོགས་ལ་དགའ་མོས་མ་བྱས་པའི་དབང་གིས་ཉམས་ཆག་འགྲོ་བཞིན་པ་ང་ཚོས་རྟོགས་ཐུབ་ཀྱི་མེད། དེ་སྔ་ཆེས་མཐོའི་རྒྱུན་ལས་ཚོགས་སྐབས་ན་བཟའ་མ་མཆོད་པར་ཕེབས་མི་ཆོག་པའི་ཁྲིམས་ཡོད་ཀྱང༌། དེང་སྤྱི་འཐུས་ཚོགས་འདུའི་སྐབས་ན་བཟའ་མཆོད་དགོས་པའི་ཁྲིམས་བཟོས་ན་རྒྱན་དུ་མ་སོང་བར་ཁུར་དུ་འགྲོ་གི་འདུག དེར་བརྟེན་ང་ཚོས་དམིགས་བསལ་བཀོད་མངགས་བྱས་མེད་ཀྱང༌། ཚོགས་དྲུང་རྣམས་ལ་ན་བཟའ་མཆོད་དགོས་པའི་བཀོད་མངགས་བྱས་ཡོད། རང་ངོས་ནས་དྭང་འདོད་བྱེད་ཐུབ་ན་ལེགས། ཞེས་གསུངས།
བོད་མི་མང་སྤྱི་འཐུས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཚོགས་དུས་གསུམ་པ། ༡༩༩༢/༠༧/༢༣ ་་་ ༡༩༩༢/༠༨/༠༥