ཝཱ་ཎ་གཙུག་ལག་སློབ་ཁང་གི་རིགས་ཀྱི་གླུའི་འགྲེལ་བཤད།

༄༅། །ྋརྗེ་བཙུན་བླ་མ་དམ་པ་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པའི་ཞབས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ།། བརྩེ་བ་ཆེན་པོས་དུས་དང་རྣམ་པ་ཐམས་ཅད་དུ་རྗེས་སུ་གཟུང་དུ་གསོལ། གང་གི་དྲིན་གྱིས་དགེ་བློ་བྱུང༌།། འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ།། གང་གི་དྲིན་གྱིས་བདག་དར་བ།། དགེ་བའི་བཤེས་ལ་བདག་ཕྱག་འཚལ།། དེ་ལ་འདིར་ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་རིགས་ཀྱི་གླུ་ནི་གང་འཆད་པར་བྱ་བའོ།། སློབ་ཁང་འདིའི་ལོ་རེའི་དཔྱིད་ཆོས་ཐུང་ངུའི་སྐབས་གཞུང་ཚན་ཆུང་ངུ་རེ་སློབ་ཚན་དུ་བཞག་སྲོལ་ཡོད་ནའང་དུས་ཡུན་ཐུང་རྐྱེན་བཤད་པ་ཆ་ཚང་ཟིན་དཀའ་ཙམ་ཡོང་བཞིན་པར་བརྟེན། སློབ་ཕྲུག་བདེ་དོན་གྱི་འཐུས་མི་རྣམ་པས་ད་ལོ་དཔྱིད་ཆོས་ཀྱི་སློབ་ཚན་དུ་རིགས་ཀྱི་གླུ་བཞག་ན་ལེགས་ཚུལ་དགོངས་འཆར་བྱུང་བ་ལྟར་འཆད་རྒྱུའི་ཁས་ལེན་ཞུས། གང་ལགས་ཤེ་ན། རིགས་ཀྱི་གླུ་འདིའི་འགྲེལ་བཤད་ཅིག་བྱ་རྒྱུའི་འདུན་པ་སྔོན་མ་ནས་ཡོད་ཅིང༌། དེའི་རྒྱུ་མཚན་ཡང་གཅིག་ཏུ་རིགས་ཀྱི་གླུ་ནི་སློབ་གཉེར་བས་གཏོང་རྒྱུའི་གླུ་དབྱངས་གལ་ཆེ་ཞིག་ཡིན་པས་དེའི་དོན་བློ་ལ་ངེས་པའི་ཐོག་ནས་བཏང་ན་ཕན་ཐོགས་ཆེ་བ་ཡོང་རྒྱུ་དང༌། གཉིས་སུ་གཙུག་ལག་སློབ་གཉེར་ཁང་འདི་དང་འབྲེལ་བའི་དོན་གནད་མང་པོ་ཞིག་རིགས་ཀྱི་གླུའི་བརྗོད་བྱའི་ནང་ཚང་ཡོད་པས། དེའི་འགྲེལ་བཤད་ཅིག་བྱུང་ན་ལེགས་པར་མཐོང་བས་སོ།།

གཙུག་ལག་སློབ་གཉེར་ཁང་ངམ་སློབ་གྲྭ་གང་འདྲ་ཞིག་ཡིན་ནའང༌། སོ་སོའི་རིགས་ཀྱི་གླུའི་གདངས་ཀྱི་འགྱུར་ཁུགས་དང༌། དེའི་རོལ་ཆ་གཏོང་སྟངས་སོགས་བསླབ་པའི་སྲོལ་ཡོད་མོད། རིགས་ཀྱི་གླུའི་བརྗོད་ཚིག་རྣམས་སློབ་སྦྱོང་བྱ་རྒྱུའི་གཞུང་ཚན་ཞིག་ཏུ་བཟུང་ནས་བཤད་ཁྲིད་བྱེད་མཁན་རང་རེའི་སློབ་ཁང་འདི་ཕལ་ཆེར་ཐོག་མ་ཡིན་སྲིད། ལར་ནས་བོད་ཀྱི་མཐོ་སློབ་ཀྱི་རིགས་གླུ་འདི་ཚིག་སྦྱོར་གསལ་པོ་ཡོད་སྟབས། འགྲེལ་བཤད་དགོས་དོན་དེ་ཙམ་མེད་ནའང༌། བརྗོད་དོན་གྱི་ཁོག་ཅིག་འབུག་སྟེ་བཤད་ན་རིགས་གླུ་འདིའི་སྟེང་ནས་ཤེས་བྱའི་རྣམ་གྲངས་མང་པོ་ཞིག་ལ་གོ་བ་ཆགས་སྲིད་སྙམ་སྟེ། བརྗོད་བྱ་གཙོ་བོ་གང་བསྟན་པ་དེ་དག་འཕྲོས་དོན་ཅུང་ཟད་རེ་དང་བཅས་ཏེ་འཆད་པར་སྤྲོའོ།།

དེ་ཡང་ཐོག་མར་རིགས་ཀྱི་གླུ་ཞེས་པའི་དོན་གང་ཡིན་པ་དང༌། དེའི་བསམ་ཚུལ་གང་ནས་བྱུང་བ་བཅས་ཀྱིསྐོར་ཅུང་ཟད་དཔྱད་ན། རྒྱལ་གླུ་དང༌། རྒྱལ་ཁབ་ཀྱི་གཞས། གཙུག་ལག་སློབ་གཉེར་ཁང་ངམ་སློབ་གྲྭའི་རིགས་ཀྱི་གླུ་ཞེས་པ་དེ་འདྲའི་གླུ་དང་གཞས་ཤིག་དགོས་པའི་བསམ་ཚུལ་དེ་ནུབ་ཕྱོགས་ཀྱི་ཡུལ་གྲུ་ཁག་ནས་དར་བ་ཞིག་ལས། བོད་དང་རྒྱ་གར་སོགས་ཤར་ཕྱོགས་པའི་ལམ་སྲོལ་གྱི་ནང་མེད་པ་ལྟ་བུའི་མཐོང་ཚུལ་ཡོང་སྲིད་ཅིང༌། དེ་འདྲའི་མཐོང་ཚུལ་དེ་དངོས་བདེན་ཡང་ཡིན་སྲིད། རྒྱལ་ཁབ་ཁག་གི་རྒྱལ་གླུ་ཞེས་པ་དེ་ཕལ་ཆེར་ཡེ་ཤུའི་འདས་ལོ་བརྒྱ་ཕྲག་བཅུ་དྲུག་བཅུ་བདུན་པ་ཙམ་ནས་དར་བའི་ནུབ་གླིང་རྒྱལ་ཁབ་ཁག་གི་ལམ་སྲོལ་ཞིག་ཡིན་པ་དང༌། ཁྱད་པར་ནུབ་ཕྱོགས་པའི་སྐད་ལ་ཨེན་ཐམ་ (Anthem) ཞེས་པ་དེ་དེང་སྐབས་རྒྱལ་ཁབ་ཁག་གི་རྒྱལ་གླུ་ལ་མ་གཏོགས་གླུ་དབྱངས་གཞན་ལ་ཕལ་ཆེར་མི་བརྗོད། ཅི་སྟེ་རྒྱལ་གླུ་ལས་གཞན་པའི་གླུ་དབྱངས་ཁག་ལ་ཨེན་ཐམ་ཞེས་པའི་ཚིག་དེ་སྦྱར་བ་ཡིན་ན་ཚོགས་པའམ་སྒྲིག་འཛུགས་གང་རུང་ཞིག་ལ་སོ་སོའི་ཐུན་མོང་མ་ཡིན་པའི་ངོ་བོ་མཚོན་བྱེད་ཀྱི་གླུ་དབྱངས་ཁྱད་པར་བ་རྒྱུན་ལྡན་གང་བྱུང་དུ་མི་གཏོང་བར་མཛད་སྒོ་ལྟ་བུ་སྐབས་དུས་ཁྱད་པར་བར་གཏོང་རྒྱུ་ཞིག་ལ་གོ་དགོས། དེང་སྐབས་རྒྱལ་གླུ་ (National Anthem) དང་རྒྱལ་ཁབ་ཀྱི་གཞས་ (National song) གཉིས་ཐ་དད་དུ་ཕྱེ་བའི་རྒྱལ་ཁབ་ཀྱང་དུ་མ་ཡོད་པ་དང༌། རྒྱལ་ཁབ་ཀྱི་གཞས་གཅིག་ལས་མང་བ་ཡོད་ཆོག་ནའང༌། རྒྱལ་གླུ་ནི་གཅིག་ལས་མང་བ་མི་ཡོང༌། དཔེར་ན་རྒྱ་གར་ལ་མཚོན་ན་ཇན་གཎ་མན་ཞེས་པ་དེ་རྒྱལ་གླུ་དང༌། བནྡེམཱཏརཾ་ཞེས་པ་དེ་རྒྱལ་ཁབ་ཀྱི་གཞས་སུ་ངོས་འཛིན་བྱས་པ་དང༌། དེ་བཞིན་གཙུག་ལག་སློབ་ཁང་དང་མཐོ་སློབ་ཁག་གི་ནང་རིགས་ཀྱི་གླུ་ཆེད་རྩོམ་གཏན་འབེབས་བྱས་ཏེ་གཏོང་སྲོལ་ཡོད་པ་དེའང༌། དེང་རབས་ནུབ་ཕྱོགས་པའི་བསམ་ཚུལ་གྱི་ཤུགས་རྐྱེན་ལས་བྱུང་བ་ཞིག་ཡིན། འོན་ཀྱང་དེ་དང་ཕྱོགས་འདྲའི་བསམ་ཚུལ་དང་ལམ་སྲོལ་ཤར་ཕྱོགས་པ་ལ་རྩ་བ་ནས་མེད་པའང་མིན། རྒྱ་གར་དུ་ཚོགས་འདུ་སོགས་དུས་སྐབས་ཁྱད་པར་བའི་ཆེད་དུ་དོན་གནད་ཁྱད་པར་བ་མཚོན་བྱེད་ཀྱི་གླུ་དབྱངས་ཁྱད་པར་བ་ལེན་པའི་ལུགས་སྲོལ་སྔ་མོ་ནས་ཡོད་པ་དང༌། དེ་བཞིན་གཤེགས་པའི་གསུང་རབ་ལ་རྗོད་བྱེད་ཀྱི་ཆ་ནས་དབྱེ་ན་གསུང་རབ་ཡན་ལག་བཅུ་གཉིས་ཡོད་པའི་ནང་ནས་གླུ་དབྱངས་ཀྱི་ངོ་བོར་གཏོང་རྒྱུའི་རིགས་དེ་ལ་དབྱངས་ཀྱིས་བསྙད་པའི་སྡེ་ཞེས་བརྗོད་ཅིང༌། དེ་འདྲའི་རིགས་དེ་གླུའི་ངོ་བོར་ལེན་པའི་ཆེད་དུ་ཚིགས་སུ་བཅད་པའམ་ཚིག་རྐང་པར་བསྡེབས་ཏེ་གསུངས་ཡོད། པཱ་ལིའི་སྐད་ཀྱི་ནང་ཐེརགཱཐཱ་དང་ཐེརིའགཱཐཱ་ཟེར་བ་མང་པོ་ཡོད་པ་དེ་དག་གནས་བརྟན་དང་གནས་བརྟན་མས་གླུར་བླངས་པའི་མགུར་མ་ལྟ་བུ་ཞིག་ཡིན་པར་སྣང༌། སྔགས་ལུགས་ཀྱི་མཆོད་པའི་སྐབས་སུ་གླུ་མ་དང་གར་མ་ཞེས་མཆོད་པའི་གླུ་དང༌། སྔགས་བླ་མེད་ཀྱི་ཚོགས་མཆོད་ལ་སོགས་པའི་སྐབས་སུ། རྡོ་རྗེའི་གླུ་ཡི་མཆོད་པས་མཉེས་པར་བྱས།། ཨོཾབཛྲགིའཏཾ་ཞེས་པ་ལྟ་བུ་དེ་དག་དེང་རབས་ཀྱི་རྒྱལ་གླུ་ལ་སོགས་པ་དང་ཕྱོགས་མཐུན་པ་ཡོད། ཚོགས་མཆོད་ཀྱི་སྐབས་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ཞེས་པ་ལྟ་བུ་གནས་སྐབས་ཁྱད་པར་བ་ཞིག་ལ་མ་གཏོགས་མི་ལེན་པའི་གླུ་དབྱངས་ཀྱི་རིགས་དེ་གནས་སྐབས་ཁྱད་པར་བ་དེའི་ཐུན་མོང་མ་ཡིན་པའི་གནས་བབས་དང་ཁྱད་ཆོས་མཚོན་ཞིང༌། གང་ཟག་ཁྱད་པར་བའི་ཚོགས་པ་དང༌། དེའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་ཡོན་ཏན་བརྗོད་པ་ལ་བརྟེན་ནས་སེམས་ལ་ཉམས་དང་འགྱུར་བ་ཁྱད་པར་བ་ཞིག་བསྐྱེད་པའི་ཆེད་དུ་གླུ་དབྱངས་ཁྱད་པར་བའི་དགོས་གལ་ཡོད་པ་དེ་ཆོས་ལུགས་ཀྱི་བསམ་ཚུལ་དང་ཤར་ཕྱོགས་པའི་སྲོལ་རྒྱུན་གནའ་དུས་ནས་ཡོད། བོད་ལ་མཚོན་ནའང་རོལ་ཆ་དང་གླུ་དབྱངས་འགའ་ཤས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་ཆིབས་སྒྱུར་གྱི་སྐབས་མ་གཏོགས་བཏང་མི་ཆོག་པ་ཡོད་པ་དེ་རིགས་ནི་རྒྱལ་ཁབ་དབུ་འཛིན་གྱི་ཆེ་བསྟོད་མཚོན་པའི་གླུ་དབྱངས་ཁྱད་པར་བ་ཞིག་ཡིན་པ་དང༌། དེ་བཞིན་གདན་ས་སོ་སོའི་ཐུན་མོང་མ་ཡིན་པའི་འདོན་རྟ་དབྱངས་མང་པོ་ཡོད་པ་དེ་དག་རིགས་ཀྱི་གླུའི་བསམ་ཚུལ་དང་མཚུངས།

གདན་ས་དང་གྲྭ་ཚང་ཁག་གི་ཐུན་མོང་མ་ཡིན་པའི་འདོན་རྟ་དབྱངས་གྲྭ་ཚང་དེའི་ཕྱི་རོལ་ཏུ་བཏང་མི་ཆོག་པ་དང༌། གདན་ས་སོ་སོའི་ཐུན་མོང་མ་ཡིན་པའི་ཆོས་སྤྱོད་ཅེས་པའི་འདོན་ཆ་ཁྱད་པར་བ་ཡོད་པ་དེ་རྣམས་ཀྱང་རིགས་ཀྱི་གླུ་དང་ཕྱོགས་མཚུངས། དེང་དུས་ཀྱི་སློབ་གཉེར་ཁང་ལྟ་བུ་ཆོས་དང་མ་འདྲེས་པའི་སྒྲིག་འཛུགས་ཁག་གི་ནང་ཆོས་སྤྱོད་འདོན་ཆ་ཡོང་རྒྱུ་མེད་སྟབས། སྒྲིག་འཛུགས་སོ་སོའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་བརྗོད་པའི་སྒོ་ནས་ཡིད་ཀྱི་ཉམས་འགྱུར་དང་སྤོབས་པ་ཁྱད་པར་བ་ཞིག་བསྐྱེད་པའི་ཆེད་དུ་བླང་རྒྱུའི་གླུ་དབྱངས་ཤིག་ལ་གཙུག་ལག་སློབ་ཁང་གི་གླུའམ་རིགས་ཀྱི་གླུ་ཞེས་བརྗོད་ཅིང༌། དེ་འདྲའི་ལམ་སྲོལ་ཞིག་རྒྱ་གར་གྱི་གཙུག་ལག་སློབ་ཁང་ཡོངས་རྫོགས་ལ་ཡོད་པར་བརྟེན་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་འདིར་ཡང་གཙུག་ལག་སློབ་ཁང་གི་གནས་ཚད་བྱུང་བ་ནས་བཟུང་རིགས་ཀྱི་གླུ་འདི་གསར་བསྐྲུན་བྱས་སོ།།

གཙུག་ལག་སློབ་གཉེར་ཁང་གི་ཐུན་མོང་མ་ཡིན་པའི་གླུ་དབྱངས་ལ་རིགས་ཀྱི་གླུ་ཞེས་བརྗོད་པའི་རྒྱུ་མཚན་གང་ཡིན་ཞེ་ན། གནའ་དུས་རྒྱ་གར་དུ་ཤེས་ཡོན་སློབ་སྦྱོང་གི་བསྟི་གནས་སམ་སློབ་གྲྭ་ལ་ བྱརིགས་བྱ ཞེས་བརྗོད་པའི་སྲོལ་དར་ཞིང༌། དེ་ཡང་གཙུག་ལག་སློབ་གཉེར་ཁང་གང་ཞིག་ནས་ཐོན་པའི་སློབ་གཉེར་བ་དེ་དག་རིགས་མཐུན་དུ་དཔོག་ནུས་པའི་ཁྱད་ཆོས་སམ་ལེགས་བྱང་ཞིག་རང་གཤིས་སུ་ཡོང་བ་དཔེར་ན། དཔལ་ནཱལནྡཱ་ནས་ཐོན་པ་ཞིག་ཡིན་ན་མཐོང་བ་ཙམ་གྱིས་དེ་ནཱལནྡཱའི་སློབ་ཐོན་ཡིན་པ་དང༌། བིཀྲམཤིའལ་ནས་ཐོན་པ་ཞིག་ཡིན་ན་དེའི་སློབ་ཐོན་ཡིན་པར་ངོས་འཛིན་ཐུབ་པའི་ཁྱད་ཆོས་ཤིག་ཡོད་སྟབས། ཁོང་ནཱལནྡཱའི་རིགས་ནས་བྱུང་བ་དང༌། ཁོང་བིཀྲམཤཱིལའི་རིགས་ནས་བྱུང་བ་རེད་ཅེས་བརྗོད་ཆོག་པའི་རིགས་ཀྱི་ཡོན་ཏན་ཞིག་ཐོབ་ཡོང་བར་བརྟེན། གཙུག་ལག་སློབ་གཉེར་ཁང་དེ་དག་ལ་༼ཀུལ་༽སྟེ་༼རིགས་༽སམ། ཡང་ན་༼གུ་རུ་ཀུལ་༽ སྟེ་༼བླ་མའི་རིགས་༽ཞེས་འབོད། དེང་སང་ཡང་རྒྱ་གར་དུ་དེང་རབས་སློབ་སྦྱོང་གི་ལམ་སྲོལ་མིན་པར་གནའ་བོའི་སློབ་སྦྱོང་གི་ལམ་སྲོལ་བླ་མ་དང་སློབ་མའི་དམ་ཚིག་གི་འབྲེལ་ལམ་དང་བཅས་ཏེ་སློབ་སྦྱོང་བྱེད་ཡུལ་གྱི་སློབ་ཁང་དེ་ཚོར་གུརུཀུལ་ཞེས་བརྗོད། སྔགས་ཀྱི་གཞུང་དུའང་དེ་བཞིན་གཤེགས་པ་རྣམས་རིགས་བརྒྱ་དང༌། དྲུག་དང༌། ལྔ་ལ་སོགས་པར་དབྱེ་བའི་སྡེ་ཚན་དེ་དག་ལ་རིགས་ཞེས་བརྗོད་པ་དང༌། སྡེ་ཚན་དེའི་གཙོ་བོའམ་བདག་པོ་ལ་རིགས་ཀྱི་བདག་པོ་ཞེས་བརྗོད་པ་ལྟར་དེང་སང་གཙུག་ལག་སློབ་གཉེར་ཁང་ཁག་གི་དབུ་འཛིན་ནམ་ཁྲི་པ་ལ་རིགས་ཀྱི་བདག་པོ་ཞེས་བཏགས། དབྱིན་སྐད་དུ་ཅན་སི་ལར་ (Chancellor) དང་ ཝཨེསི་ཅན་སི་ལར་ (Vice-Chancellor) ཞེས་པའི་གོ་གནས་ཀྱི་མིང་དེ་དག་ཀུལཔཏི་སྟེ་རིགས་ཀྱི་བདག་པོ་དང་ཨུཔཀུལཔཏི་སྟེ་ཉེ་བའི་རིགས་བདག་ཅེས་བསྒྱུར་བ་དེ་དག་དབྱིན་སྐད་ཀྱི་སྒྲ་དོན་འཐད་སྒྱུར་མ་ཡིན་ཡང་རྒྱ་གར་གྱི་གནའ་བོའི་སྐད་དུ་སློབ་གཉེར་ཁང་ལ་རིགས་དང༌། དེའི་གཙོ་བོ་ལ་རིགས་ཀྱི་བདག་པོ་ཞེས་འབོད་པའི་སྲོལ་རྒྱུན་གཞིར་བཟུང་དོན་བསྒྱུར་བྱས་ཡོད། དེ་ལྟར་རྒྱ་གར་གྱི་སྐད་དུ་སློབ་གཉེར་ཁང་ལ་རིགས་སམ། བླ་མའི་རིགས་ཞེས་བརྗོད་པ་དེའི་ཟླས་དྲངས་ཏེ་སློབ་གཉེར་ཁང་གི་གླུ་དབྱངས་ལ་ཀུལགིའཏ་སྟེ་རིགས་ཀྱི་གླུ་དབྱངས་ཞེས་བརྗོད་དོ།། བོད་སྐད་དུ་རིགས་ཞེས་པའི་ཐ་སྙད་དེ་ལེགས་སྦྱར་སྐད་ཀྱི་ཐ་སྙད་མི་འདྲ་བ་གོཏྲ་དང༌། ཇཱཏི། ཝརྞ། ཀུལ་ཞེས་པ་བཅས་བཞིའི་སྐད་དོད་དུ་བེད་སྤྱོད་བཏང་ཡོད་པས་རིགས་ཞེས་པའི་ཚིག་དེ་གནས་སྐབས་དང་ཚིག་གྲོགས་ཀྱི་དབང་གིས་གོ་ཚུལ་མི་འདྲ་བ་སྣ་ཚོགས་ཤིག་ཡོད་པའི་ནང་ནས་སྐབས་འདིའི་རིགས་ཀྱི་ཚིག་ནི་ལེགས་སྦྱར་གྱི་ཀུལ་ཞེས་པ་ལ་གོ་དགོས། གོཏྲ་ཞེས་པ་རིགས་སུ་བསྒྱུར་བ་ཤྲཱཝཀགོཏྲ་ཉན་ཐོས་ཀྱི་རིགས་ཞེས་པ་ལྟ་བུ་དང༌། ཇཱཏི་ལ་རིགས་སུ་བསྒྱུར་བ་སཇཱཏི་ལ་རིགས་མཐུན་ཞེས་བསྒྱུར་བ་དང༌། ཝརྞ་ལ་རིགས་སུ་བསྒྱུར་བ་ཅཏ྄བཱརིཝརྞ་ཞེས་པ་ལ་རིགས་བཞི་ཞེས་བསྒྱུར་བ་དང༌། ཀུལ་ལ་རིགས་སུ་བསྒྱུར་བ་ཀུལཔུཏྲ་ལ་རིགས་ཀྱི་བུ་ཞེས་བསྒྱུར་བ་ལྟ་བུའོ།། སྐབས་འདིའི་སློབ་གཉེར་ཁང་ཁག་ལ་ཀུལ་ཞེས་བརྗོད་པ་དེ་དབྱིན་སྐད་དུ་རེས་ Race) སྟེ་རིགས་རྒྱུད་ཅེས་པའི་གོ་དོན་དེ་མ་ཡིན་པར། ཕེམིལི་ Family) ཞེས་ཁྱིམ་ཚང་ངམ་ནང་མི་ཞེས་པའི་གོ་དོན་དང་ཐག་ཉེ། ལྟ་སྤྱོད་དང་འདུན་པ་མཐུན་པའི་འདུས་ཚོགས་སམ་སྡེ་ཚན་ལ་ཀུལ་སྟེ་རིགས་ཞེས་པའི་ཚིག་དེ་སྦྱར་སྐབས་གོ་དོན་ཁྱད་པར་བ་ཞིག་ཡོད། དེ་ལ་བརྟེན་ནས་ཐེག་པ་ཆེན་པོའི་གཞུང་ལུགས་རྣམས་སུ་གང་ཟག་སུ་ཞིག་གི་རྒྱུད་ལ་བྱང་ཆུབ་ཀྱི་སེམས་སྐྱེ་བ་ན་དེ་འདྲ་བའི་གང་ཟག་དེ་སངས་རྒྱས་ཀྱི་རིགས་སུ་སྐྱེ་བ་ཞེས་བརྗོད། དཔེར་ན། སྤྱོད་འཇུག་ལས། ༼དེ་རིང་སངས་རྒྱས་རིགས་སུ་སྐྱེས།།

སངས་རྒྱས་སྲས་སུ་བདག་དེང་གྱུར།།༽༡ ཞེས་གསུངས་པ་ལྟར་བྱང་ཆུབ་ཀྱི་སེམས་སྐྱེ་བ་ན་སངས་རྒྱས་ཀྱི་རིགས་སུ་སྐྱེ་བ། སེམས་དེ་ལས་ཉམས་ན་སངས་རྒྱས་ཀྱི་རིགས་ལས་ཉམས་པ་ཞེས་པའི་ཐ་སྙད་བྱེད། སློབ་གཉེར་ཁང་རྣམས་ལ་གུརུཀུལ་སྟེ་བླ་མའི་རིགས་ཞེས་བརྗོད་པ་ལ་གོ་རྒྱུ་གཏིང་ཟབ་ཡོད་པ་དཔེར་ན། ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་འདིའི་སློབ་གཉེར་བ་ཞིག་སློབ་གཉེར་ཁང་འདིའི་བསླབ་བྱའི་སློབ་ཚན་ནང་དོན་རིག་པའི་གཞུང་ལུགས་ཆེན་པོ་རྣམས་ཀྱི་དགོངས་དོན་མ་ཤེས་པར་སློབ་ཁང་གཞན་དག་ནས་ཐོན་པའི་སློབ་གཉེར་བ་རྣམས་དང་ཁྱད་པར་མེད་པའམ། སློབ་ཁང་འདི་ནས་ཐོན་པའི་འབྲས་རྟགས་སམ་ཁྱད་ཆོས་གང་ཡང་མེད་པ་ཞིག་ཏུ་གྱུར་ན་སློབ་ཁང་འདིའི་རིགས་ཀྱི་བྱ་བ་མ་བྱས་པའམ། རིགས་དང་མཐུན་པའི་ལས་མ་བརྩམས་པ། ཡང་ན་རིགས་ལ་རྨ་འབྱིན་པ་ལྟ་བུ་ཡིན། སློབ་གཉེར་ཁང་འདིའི་ནང་དུ་ལོ་མང་བསྡད་ཀྱང་འདིའི་རིགས་སུ་མ་སྐྱེས་ན། སློབ་ཁང་འདིར་ཞུགས་པའི་དགོས་པ་མ་འགྲུབ། དཔེར་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སངས་རྒྱས་ཀྱི་རིགས་སུ་སྐྱེས་ནས་རིགས་དེ་ལ་སྐྱོན་གྱི་དྲི་མས་རྙོག་པར་མི་བྱེད་པར་རིགས་དང་མཐུན་པའི་ལས་བརྩམ་པའི་ཐུགས་དམ་བཅས་པ་ཡིན་ཏེ། སྤྱོད་འཇུག་གི་གོང་གི་ལུང་དེའི་མཇུག་ཐོགས་སུ། ༼ད་ནི་བདག་གིས་ཅི་ནས་ཀྱང༌།། རིགས་དང་མཐུན་པའི་ལས་བརྩམས་ཏེ།། སྐྱོན་མེད་བཙུན་པའི་རིགས་དེ་ལ།། རྙོག་པར་མི་འགྱུར་དེ་ལྟར་བྱ།།༽༢ ཞེས་གསུངས་པ་ལྟར་རོ།། དེ་ལྟར་སློབ་གཉེར་ཁང་ལ་རིགས་དང་དེའི་ཐུན་མིན་གྱི་གླུ་དབྱངས་ལ་རིགས་ཀྱི་གླུ་ཞེས་བརྗོད་པའི་རྒྱུ་མཚན་སྤྱི་དོན་ཙམ་བཤད་ཟིན་ཏོ།།

ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་ཁང་གི་རིགས་ཀྱི་གླུ་ལ་གཞུང་ཚད་ཤ྄ལོཀ་བརྒྱད་ཡོད་ཅིང༌། ཚིགས་བཅད་ཚང་མའི་མཐར་སློབ་གྲྭ་འདི་རྒྱལ་བར་གྱུར་ཅིག་ཅེས་པའི་སྨོན་ཚིག་རེ་སྦྱར་ཡོད། ༼རྒྱལ་བ་༽ ཞེས་པའི་ཚིག་གི་དོན་ནི་མི་མཐུན་པའི་ཕྱོགས་ཀྱིས་མ་བཅོམ་པར་རང་གི་ངོ་བོ་སྐྱོན་མེད་དུ་གནས་པ་ཞེས་པའི་དོན་ནོ།། བོད་སྐད་དུ་༼རྒྱལ་༽བའི་འགལ་ཟླ་ལ་༼ཕམ་༽པ་ཞེས་བརྗོད་ཀྱང༌། ལེགས་སྦྱར་གྱི་སྐད་དུ་རྒྱལ་བ་དང་ཕམ་པའི་སྐད་དོད་དུ་༼ཇཡ་༽དང་༼པརཱཇཡ་༽ཞེས་༼རྒྱལ་བ་༽

དང་༼ཕ་རོལ་རྒྱལ་བ་༽འམ་༼གཞན་རྒྱལ་བ་༽ཞེས་པའི་ཐ་སྙད་བྱས་ཏེ། ༼ཕ་རོལ་རྒྱལ་བ་༽ ཞེས་པ་རང་གི་མི་མཐུན་ཕྱོགས་དེ་རྒྱལ་ན་རང་གི་ངོ་བོ་ཕམ་པར་བྱས་པར་བརྟེན་མི་མཐུན་པའི་ཕྱོགས་ལས་རང་གི་ངོ་བོ་ནུས་སྟོབས་ཆེ་བ་དེ་ལ་རྒྱལ་བ་ཞེས་པའི་ཐ་སྙད་བྱས། བོད་སྐད་རྙིང་པ་ལ་དྭགས་པའི་ཁ་སྐད་དུ་༼ཡག་པོ་འདུག་༽ཅེས་པའི་དོན་དུ་༼རྒྱལ་ལ་འདུག་༽ ཅེས་བརྗོད་སྲོལ་ད་ལྟའང་ཡོད། གང་ཡོད་པའི་དངོས་པོ་དེ་མི་མཐུན་པའི་ཕྱོགས་ཀྱིས་མ་བཅོམ་པར་རང་གི་ངོ་བོ་སྐྱོན་མེད་དུ་གནས་འདུག་ཅེས་པའི་དོན་ནོ།། དེ་ལྟར་རྣམ་པར་རྒྱལ་ཞེས་པའི་སྨོན་ཚིག་དེ་དག་གི་སྔོན་དུ་གང་རྣམ་པར་རྒྱལ་དགོས་པའི་སློབ་གྲྭའི་ཡོན་ཏན་དང་ཁྱད་ཆོས་སྟོན་པའི་ཤ྄ལོཀ་བརྒྱད་ཡོད་ལ། དེའི་ཤ྄ལོཀ་དང་པོ་དེས་མཐོ་སློབ་འདིའི་ངོ་བོ་དང༌། འདིའི་སློབ་གཉེར་བ་རྣམས་ཀྱིས་མཁས་པའི་བྱ་བ་ལ་ཇི་ལྟར་འཇུག་པའི་ཚུལ་སྡོམ་དེ་བསྟན་པས་མདོར་བསྟན་ལྟ་བུ་ཡིན། ཤ྄ལོཀ་གཉིས་པས་སློབ་ཁང་འདིའི་ཆགས་ཡུལ་གནས་ཀྱི་ཁྱད་པར་དང༌། གསུམ་པ་ནས་ལྔ་པའི་བར་གྱི་ཤ྄ལོཀ་གསུམ་གྱིས་བསླབ་བྱའི་རིག་པའི་གནས་དང༌། དེ་སྟོན་པའི་གཞུང་ལུགས་རྣམས་བསྟན་ནོ།། དེ་ཡང་ཤ྄ལོཀ་གསུམ་པས་མདོ་དང་རྒྱ་གཞུང༌། བཞི་པས་རང་གཞུང་ཁག་བོན་དང་བཅས་པ། ལྔ་པས་ཐུན་མོང་བའི་རིག་གནས་གཞན་བཅས་བསྟན་པ་དང༌། ཤ྄ལོཀ་དྲུག་པ་དང་བདུན་པས་སློབ་གཉེར་ཁང་འདིའི་སློབ་སྟོན་བྱེད་ཚུལ་གྱི་ཐབས་ལམ་དང༌། སློབ་གཉེར་བ་ཚོས་ཐོས་བསམ་དང་མཁས་པའི་བྱ་བ་ལ་འཇུག་ཚུལ་རྣམས་བསྟན་ཅིང༌། ཤ྄ལོཀ་བརྒྱད་པས་སློབ་གཉེར་ཁང་འདིའི་ཁྱད་པར་བའི་བྱེད་ལས་སློབ་ཐོན་པའི་གང་ཟག་ཇི་འདྲ་ཞིག་སྐྲུན་གྱི་ཡོད་པའི་སྐོར་བསྟན་ཏེ། དཔེར་ན། དེ་བཞིན་གཤེགས་པས་ཁམས་མོས་དང་འཚམས་པའི་ཆོས་བསྟན་པ་ལ་བརྟེན་ནས་རིགས་ཅན་གསུམ་གྱི་གདུལ་བྱ་བསྐྲུན་པར་མཛད་པ་དང་མཚུངས་པར་སློབ་གཉེར་ཁང་འདིའི་སློབ་སྟོན་གྱི་བྱེད་ལས་ལ་བརྟེན་ནས་འདི་ནས་ཐོན་པའི་གང་ཟག་ཇི་འདྲ་ཞིག་བསྐྲུན་པའི་ཚུལ་དེ་བསྟན་ནོ།། དེ་ལྟར་རིགས་ཀྱི་གླུའི་སྤྱི་དོན་ཁོག་འབུག་མདོར་བསྡུས་ཙམ་སོང་ནས་ཤ྄ལོཀ་རེ་རེ་བཞིན་ཅུང་ཟད་རྒྱས་པར་བཤད་ན། མདོར་བསྟན་ཤ྄ལོཀ་དང་པོ། ཆོས་ནོར་འདོད་དང་ཐར་པ་མཆོག་གི་དཔལ།། འདོད་རྒུར་འཇོ་བ་ཤེས་ཡོན་རིན་ཆེན་མཛོད།། བསམ་སྒོམ་འཆད་རྩོམ་བྱ་བས་ལེགས་བཟུང་བའི།། བྷོ་ཊའི་གཙུག་ལག་ཁང་ཆེན་རྣམ་པར་རྒྱལ།། ཞེས་པ་སྟེ། སྐྱེས་བུ་རྣམས་ཀྱི་གནས་སྐབས་དང་མཐར་ཐུག་གི་བསྒྲུབ་བྱ་འདོད་པ་དང་ཐར་པ་གཉིས་དང༌། དེ་དག་སྒྲུབ་པའི་ཐབས་ནོར་དང་ཆོས་གཉིས་བཅས་བཞི་པོ་དེར་སྐྱེས་བུའི་འདོད་དོན་བཞིའམ་ཕུན་སུམ་ཚོགས་པའི་སྡེ་བཞིར་འབོད་ཅིང༌། དེ་ལྟ་བུའི་སྐྱེས་བུའི་འདོད་དོན་རྣམས་འདོད་རྒུར་འཇོ་བའི་གཞི་རྩ་ནི་ཤེས་ཡོན་སློབ་སྦྱོང་ལ་རག་ལུས་ཤིང༌། དེ་འདྲའི་ཤེས་ཡོན་རིན་པོ་ཆེའི་མཛོད་ལྟ་བུ་དེ་ཉིད་ཐོས་བསམ་སྒོམ་གསུམ་དང༌། འཆད་རྩོད་རྩོམ་གསུམ་གྱི་བྱ་བས་ལེགས་པར་བཟུང་བའི་བྷོཊ་སྟེ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་ཆེན་པོ་རྣམ་པར་རྒྱལ་པར་གྱུར་ཅིག་ཅེས་པའོ།། སྐྱེས་བུ་རྣམས་ཀྱི་མངོན་འདོད་ནོར་དང་འདོད་པ། ཆོས་དང་ཐར་པ་ཇི་འདྲ་ཞིག་བསྒྲུབ་ནའང་དེའི་རྒྱུ་ཤེས་ཡོན་ལ་རག་ལུས་པ་དང༌། ཤེས་ཡོན་ཡང་ཐོས་བསམ་སྒོམ་གསུམ་དང་འཆད་རྩོད་རྩོམ་གསུམ་ཡ་མ་བྲལ་བའི་སྒོ་ནས་སློབ་གཉེར་བྱེད་པ་ལ་རག་ལུས་ཤིང༌། དེ་འདྲའི་སློབ་གཉེར་གྱི་མཐུན་རྐྱེན་ཐམས་ཅད་འཛོམས་པའི་གཙུག་ལག་སློབ་གཉེར་ཁང་ཞེས་འཆད་པར་འགྱུར་བའི་ཚིགས་བཅད་ལྷག་མ་རྣམས་ཀྱི་དོན་མདོར་བསྟན་པའོ།། སྐྱེས་བུའི་འདོད་དོན་བཞི་ལ་བོད་སྐད་དུ་ཕུན་སུམ་ཚོགས་པའི་སྡེ་བཞི་ཞེས་འབོད་པ་དེ་བོད་ཀྱི་ཐུན་མོང་མ་ཡིན་པའི་བརྡ་ཆད་ཅིག་ཡིན་ནམ་སྙམ་སྟེ། ལེགས་སྦྱར་སྐད་ལ་དེ་འདྲའི་བརྗོད་ཚུལ་ཞིག་ད་བར་མ་རྙེད། བོད་ཀྱི་ཚིག་བརྗོད་གལ་ཆེ་བ་ཕལ་མོ་ཆེ་ལེགས་སྦྱར་ལ་ཁུངས་གཏུག་ས་ཞིག་མེད་ན་རང་བཟོ་མི་བྱེད་པ་ལྟ་བུར་སྣང་ཡང༌། ཚིག་འདིའི་ཁུངས་ད་བར་ལེགས་སྦྱར་དུ་མ་རྙེད། གལ་སྲིད་ལེགས་སྦྱར་དུ་ཡོད་ན་ཅཏུཿསམ྄པཏ྄ཏི་ཡང་ན་ཅཏ྄བཱརིསམ྄པནྣབརྒ་ལྟ་བུ་ཞིག་ཡོད་དགོས་རྒྱུ་ལ་དེ་འདྲ་མ་མཇལ། ལེགས་སྦྱར་དུ་ད་ལྟ་ཡོངས་གྲགས་ཅཏ྄བཱརིཔུརཱུཥཱར྄ཐ་ཞེས་ཅཏ྄བཱརི་བཞི་དང༌། པུརཱུཥ་སྐྱེས་བུ། ཨར྄ཐ་དོན་སྟེ་སྐྱེས་བུའི་དོན་བཞི་ཞེས་ཟེར་ཡང༌། བོད་སྐད་དུ་ཕུན་ཚོགས་སྡེ་བཞི་ཞེས་པ་གྲགས་ཆེ་བ་ལྟ་བུ་འདུག སྐྱེས་བུའི་འདོད་དོན་ཞེས་བྱ་བའི་ཐ་སྙད་དང་གྲངས་འདྲེན་རྣམ་འདྲེན་བཞི་པ་མ་བྱོན་པའི་གོང་ནས་རྒྱ་གར་གྱི་གཞུང་ལུགས་རྣམས་སུ་གྲགས་པ་ཞིག་ཡིན་པར་སེམས། དེ་ཡང་དེང་རབས་ཀྱི་རྒྱ་གར་བ་ཚོས་བཤད་ཚུལ་ལྟར་ན་ཐོག་མ་སྐྱེས་བུའི་འདོད་དོན་གསུམ་ལས་མེད་ཀྱང༌། རིམ་པས་མིའི་སྤྱི་ཚོགས་དང་ཤེས་ཡོན་ཡར་རྒྱས་ཕྱིན་པའི་སྐབས་ཐར་པའང་སྐྱེས་བུའི་འདོད་དོན་དུ་སྦྱར་ཏེ་སྐྱེས་བུའི་འདོད་དོན་བཞི་ཞེས་གྲགས་པར་བཤད། སྐྱེས་བུའི་འདོད་དོན་བཞིའི་ཐ་སྙད་དེ་རྒྱ་གར་ཡོངས་ཁྱབ་ལ་གྲགས་པའི་ཐ་སྙད་ཅིག་ཡིན་པ་ལས་རིག་བྱེད་པའམ་ནང་པ་ལྟ་བུ་ལྟ་གྲུབ་དང་ལེགས་བྱང་བྲེ་བྲག་པ་ཞིག་གི་ཐུན་མོང་མ་ཡིན་པའི་བརྡ་ཆད་མིན་པར་མངོན། སྐྱེས་བུའི་སྐད་དོད་པུརཱུཥ་ཞེས་པ་སྒྲ་བསྒྲུབ་ན་ནུས་པའམ་ནུས་པ་དང་ལྡན་པ་ལ་འཇུག་ཅིང༌། དེ་ནི་རང་གི་མངོན་འདོད་སྒྲུབ་ནུས་པ་ཞིག་ལ་གོ་དགོས། དེར་བརྟེན་ནང་པའི་གཞུང་ལུགས་རྣམས་སུ་སྐྱེས་བུ་ཆེ་འབྲིང་ཆུང་གསུམ་གྱི་ཐ་སྙད་སྦྱར་བའང་ཚེ་ཕྱི་མའི་འདོད་དོན་དང༌། ཐར་པའི་འདོད་དོན། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་བསྒྲུབ་པའི་འདོད་དོན་དེ་དག་སྒྲུབ་ནུས་པའི་གང་ཟག་ཅིག་ལ་སྐྱེས་བུ་ཞེས་པའི་ཐ་སྙད་སྦྱར་ཏེ་དེ་ལྟར་སྒྲུབ་མི་ནུས་པའི་གང་ཟག་ལ་སྐྱེས་བུའི་ཐ་སྙད་མི་འཇུག་པ་ལྟ་བུའི་གོ་ཚུལ་ཡོད། སྒྲ་ཡངས་པར་བྱས་ན་སྐྱེས་བུ་དང༌། སྲོག་ཆགས། གང་ཟག་སོགས་མིང་གི་རྣམ་གྲངས་ཡིན་རུང༌། དམྱལ་བ་དང་ཡི་དྭགས་དུད་འགྲོ་ལྷ་དང་ལྷ་མིན་ལ་སྐྱེས་པའི་གང་ཟག་རྣམས་ཀྱིས་སྒྲུབ་མི་ནུས་པའི་འདོད་དོན་ཞིག་མིའི་རྟེན་ཅན་གྱི་གང་ཟག་ཁོ་ནས་སྒྲུབ་ནུས་པས་སྐྱེས་བུ་ཞེས་པའི་ཐ་སྙད་མིའི་འགྲོ་བ་ལ་སྒོས་སུ་གོ་བ་དང༌། དེ་ཡང་ནུས་ལྡན་གྱི་མི་ཞིག་ལ་གོ་བ་སོགས་སྐབས་ཐོབ་ཀྱིས་ཞིབ་ཆ་འབྱེད་དགོས་པ་མང༌།

སྐྱེས་བུའི་འདོད་དོན་ལ་བཞིར་གྲངས་ངེས་པ་ནི་སྐྱེས་བུའི་མངོན་པར་འདོད་པའི་དོན་རྣམས་མདོར་བསྡུ་ན། གནས་སྐབས་ཚེ་འདིའི་དོན་དང༌། མཐར་ཐུག་སྐྱེ་བ་ཕྱི་མ་ཕན་ཆད་ཀྱི་དོན་གཉིས་སུ་འདུ། འདོད་པའི་ཡོན་ཏན་ལྔ་ལ་ལོངས་སྤྱད་ནས་མི་ཚེ་བདེ་སྐྱིད་ངང་བསྐྱལ་རྒྱུ་དེ་གནས་སྐབས་ཀྱི་སྐྱེས་བུའི་འདོད་དོན་ཡིན། མི་ཚེ་ཧྲིལ་པོ་སྐྱིད་པའི་ཉི་མ་གཅིག་ཀྱང་མེད་པར་སྡུག་བསྔལ་གྱི་ངང་དུ་བསྐྱལ་འདོད་སུ་ལའང་མེད་མོད། རྒྱུན་དུ་སྡུག་བསྔལ་ཁོ་ནས་མནར་བ་ནི་སྐྱེས་བུའི་གནས་སྐབས་ཀྱི་འདོད་དོན་འདོད་པའི་བདེ་བ་དང༌། དེའི་རྒྱུ་ནོར་སྒྲུབ་མ་ཤེས་པས་ལན།

འཁོར་བ་སྤྱི་དང་བྱེ་བྲག་གི་རང་བཞིན་གྱི་སྡུག་བསྔལ་དང༌། ལྷག་པར་འགྱུར་བའི་སྡུག་བསྔལ་དང༌། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་རྣམས་རྒྱུ་ནོར་གྱིས་ལྡོག་ཐབས་མེད་ནའང༌། ཟས་གོས་གནས་མལ་གྱིས་མི་ཕོངས་པ་དང་ལུས་ཀྱི་འཕྲོད་བསྟེན་སོགས་ཀྱིས་ཚེ་འདིར་སྡུག་བསྔལ་མངོན་གྱུར་པའམ། སྡུག་བསྔལ་གྱི་སྡུག་བསྔལ་ཆེན་པོ་མྱོང་མི་དགོས་པའི་ཐབས་རྒྱུ་ནོར་གྱིས་བསྒྲུབ་ཏུ་ཡོད་པ་དང༌། ལུས་སེམས་བདེ་ཞིང༌། ལྟོ་གོས་གཏམ་གསུམ་འཛོམས་པོའི་ངང་གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པའི་འདོད་ཡོན་ལ་སྤྱད་དེ་མི་ཚེ་བསྐྱལ་རྒྱུ་དེ་གནས་སྐབས་ཀྱི་འདོད་དོན་ཡིན་པ་དང༌། མིའི་ལུས་རྟེན་ནི་ཚེ་འདིའི་འཕྲལ་སེལ་གྱི་བདེ་སྐྱིད་བསྒྲུབ་ནུས་པ་ཙམ་དུ་མ་ཟད། སྐྱེ་བ་གཏན་གྱི་བདེ་སྐྱིད་ཀྱང་སྒྲུབ་པའི་ནུས་པ་ཡོད་པས་སྐྱེ་བ་ཕྱི་མ་མངོན་མཐོའི་གོ་འཕང་འཐོབ་པ་དང༌། མཐར་ཐུག་སྡུག་བསྔལ་རྒྱུ་དང་བཅས་པ་ལས་གྲོལ་བའི་ཐར་པའམ་ཞི་བ་མྱང་འདས་ཀྱི་གོ་འཕང་འཐོབ་པར་བྱ་རྒྱུ་དེ་མཐར་ཐུག་གི་འདོད་དོན་ཡིན། དེ་འདྲའི་སྐྱེས་བུའི་གནས་སྐབས་འདོད་བདེའི་འདོད་དོན་བསྒྲུབ་པའི་ཆེད་དུ་ནོར་དང༌། མཐར་ཐུག་མངོན་མཐོ་དང་ངེས་ལེགས་ཀྱི་འདོད་དོན་བསྒྲུབ་པའི་ཆེད་དུ་ཆོས་དགོས་སོ།།

དེ་ལྟར་སྐྱེས་བུའི་གནས་སྐབས་དང་མཐར་ཐུག་གི་འདོད་དོན་དངོས་ནི་འདོད་པ་དང་ཐར་པ་གཉིས་དང༌། དེ་སྒྲུབ་པའི་ཐབས་ནོར་དང་ཆོས་གཉིས་སུ་ངེས་པས་སྐྱེས་བུའི་འདོད་དོན་རྒྱུ་འབྲས་ཀྱི་ཚན་པ་གཉིས་སུ་ཕྱེ་སྟེ་བཞིར་གྲངས་ངེས་པར་བྱས་སོ།། སྐབས་འདིར་མངོན་མཐོ་དང་ངེས་ལེགས་གཉིས་ཀ་ཐར་པའི་ནང་བསྡུས་ཏེ་བསྟན་པས་མངོན་མཐོ་ཡང་གནས་སྐབས་ངན་སོང་གི་སྡུག་བསྔལ་ལས་ཐར་བ་ཙམ་ཡིན་པས་སྒྲས་བརྗོད་རིགས་ཙམ་དུ་ཐར་པའི་ཁོངས་སུ་གཞག་ཆོག སྤྱིར་ཐར་པ་ཞེས་པ་འཁོར་བའི་སྡུག་བསྔལ་རྒྱུ་དང་བཅས་པ་སྤངས་པའི་ཞི་བ་མྱང་འདས་ཀྱི་གོ་འཕང་ལ་ཟེར་བ་ཡོངས་གྲགས་ཡིན་ནའང༌། སྐྱེས་བུའི་འདོད་དོན་བཞིར་ཕྱེ་བའི་སྐབས་མངོན་མཐོ་ཡང་ཐར་པའི་ཁོངས་སུ་བསྡུ་དགོས། དེ་ལྟར་ན་སྐྱེས་བུའི་འདོད་དོན་བཞིའི་ནང་མ་འདུས་པའི་འདོད་དོན་ལྔ་པ་ཞིག་མེད་དོ།།

སྐྱེས་བུའི་འདོད་དོན་བཞི་པོ་དེ་དག་གི་མིང་གི་ཐ་སྙད་བོད་སྐད་དུ་བརྗོད་པའི་སྐབས་ཆོས་དང༌། ཐར་པ། འདོད་པ་བཅས་ལ་བརྗོད་ཚུལ་མི་འདྲ་བ་མེད་ནའང༌། ནོར་ལ་སྐབས་རེ་དོན་ཞེས་བརྗོད་པའང་ཡོད་པས་བརྗོད་ཚུལ་མི་འདྲ་བ་གཉིས་སུ་འདུག དེ་ལྟར་ཡོང་དོན་ནི་ནོར་དང་དོན་གཉིས་ཀའི་ལེགས་སྦྱར་གྱི་སྐད་དོད་ལ་ཨར྄ཐ་ཞེས་པ་གཅིག་ལས་མེད་ཅིང༌། ཚིག་དེ་རྒྱུ་ནོར་དཔལ་འབྱོར་ལ་གོ་བའི་སྐབས་དང༌། ཡང་ཚིག་གི་དོན་དང་བརྗོད་བྱའི་དོན་ཞེས་པ་ལྟ་བུ་དོན་ལ་གོ་བའི་སྐབས་ཀྱང་ཡོད། དཔལ་འབྱོར་གྱི་རིག་པ་སྟོན་པའི་བསྟན་བཅོས་ལ་རྒྱ་སྐད་དུ་ཨར྄ཐཤཱསྣྟ་ཞེས་ཡོད་པས་དེ་བོད་སྐད་དུ་དོན་གྱི་བསྟན་བཅོས་དང་ནོར་གྱི་བསྟན་བཅོས་ཅི་རིགས་སུ་སྔོན་གྱི་ལོ་ཙཱ་བ་རྣམས་ཀྱིས་བསྒྱུར་འདུག

ཡང་རྒྱ་གར་གྱི་མཁས་དབང་འགས་སྐྱེས་བུའི་འདོད་དོན་བཞི་ཞེས་པའི་ཐ་སྙད་དེ་རིག་བྱེད་པ་ལ་སོགས་པ་ཕྱི་རོལ་པའི་བཤད་ཚུལ་མ་གཏོགས་ནང་པའི་བཀའ་བསྟན་གྱི་ནང་དེའི་ཐ་སྙད་དང་རྣམ་བཞག་མེད་པར་བཞེད་ཀྱང༌། དེ་ནི་ནང་པའི་བསྟན་བཅོས་གཟིགས་རྒྱ་ཆུང་བའི་སྐྱོན་ཙམ་ལས། སྐྱེས་བུའི་འདོད་དོན་བཞིའི་ཐ་སྙད་ནི་ནང་པའི་གཞུང་ལུགས་རྣམས་ཀྱི་ནང་དུའང་ཡོངས་སུ་གྲགས་ཤིང༌། སངས་རྒྱས་ཀྱི་བཀའི་ནང་སྐྱེས་བུའི་འདོད་དོན་བཞིའི་ཐ་སྙད་གསུངས་པ་ཞིག་ད་བར་ཁོ་བོས་མ་མཇལ་ཡང༌། རྒྱ་གར་དང་བོད་ཀྱི་ནང་པའི་བསྟན་བཅོས་རྣམས་སུ་ཐ་སྙད་དེ་ཡང་ཡང་འབྱུང་ཞིང༌། ཁྱད་པར་དུ་དཔལ་མགོན་ཀླུ་སྒྲུབ་ཀྱིས་མཛད་པའི་ཤེས་རབ་བརྒྱ་པའི་ཤ྄ལོཀ་ལྔ་པར། ༼ཆོས་དོན་འདོད་དང་ཐར་པ་ཡི།། འབྱུང་གནས་ཆེན་པོ་རིག་པ་ཡིན།། དེ་ལྟས་དང་པོར་གུས་པ་ཡིས།། ཤེས་རབ་ཡུམ་ཆེན་གཟུང་བར་བྱ།།༽༣ ཞེས་སྐྱེས་བུའི་འདོད་དོན་བཞི་པོ་དེ་གསལ་བར་གསུངས་ཡོད། ཤེས་རབ་བརྒྱ་པའི་ཚིགས་བཅད་འདི་དང༌། རིགས་ཀྱི་གླུའི་ཚིགས་བཅད་དང་པོ་གཉིས་བརྗོད་དོན་ཕལ་ཆེར་མཚུངས་ཤིང༌། འདིར་༼དོན་༽ གྱི་ཚབ་ཏུ་༼ནོར་༽ཞེས་བཀོད་དེ། ཆོས་ནོར་འདོད་དང་ཐར་པ་མཆོག་གི་དཔལ།། ཞེས་རབ་དང་ཕུལ་དུ་བྱུང་བའི་སྐྱེས་བུའི་འདོད་དོན་ཆོས་ནོར་འདོད་ཐར་བཞི་པོ་དེའི་དཔལ་ཡོན་རྣམས་འདོད་རྒུར་འཇོ་བ་སྟེ། ཇི་ལྟར་འདོད་པ་ལྟར་རམ། ཡང་ན་འདོད་པའི་དོན་ཐམས་ཅད་འཐོབ་པར་བྱེད་པ་ཞེས་པའི་དོན་ཏེ། ༼རྒུ་༽ ཞེས་པ་ཐམས་ཅད་ལ་འཇུག་པ་དཔེར་ན། ཡོད་རྒུ་ཞེས་པ་ཡོད་ཚད་དང༌། སྐྱེ་རྒུ་ཞེས་པ་སྐྱེས་ཚད་ལ་གོ་བ་ལྟ་བུའོ།། ༼འཇོ་བ་༽ཞེས་པ་ནི་སྦྱིན་པར་བྱེད་པའམ། དེ་ལས་བྱུང་བའི་དོན་ཏེ། འདོད་འཇོའི་བ་ཞེས་པ་ལྟ་བུའོ།། དེ་ལྟར་འཇོ་བའི་རྟེན་ཤེས་རབ་ཀྱི་ཡོན་ཏན་དང༌། དེ་རིན་པོ་ཆེའི་མཛོད་ཀྱི་གཟུགས་སུ་བཀོད་དེ། འདོད་རྒུ་འཇོ་བ་ཤེས་ཡོན་རིན་ཆེན་མཛོད།། ཅེས་བྱུང༌། དེ་ལྟ་བུའི་ཤེས་ཡོན་རིན་ཆེན་གྱི་མཛོད་དེ་ཐོབ་པའམ། འཛིན་སྐྱོང་བྱེད་པའི་ཐབས་ནི་གཙོ་བོ་རང་རྒྱུད་སྨིན་བྱེད་ཐོས་བསམ་སྒོམ་གསུམ་དང༌། གཙོ་བོ་གཞན་རྒྱུད་སྨིན་བྱེད་འཆད་རྩོད་རྩོམ་གསུམ་ཡིན་པ་དེ་བསྟན་པ་ལ། བསམ་སྒོམ་འཆད་རྩོམ་བྱ་བས་ལེགས་བཟུང་བའི།། ཞེས་བྱུང་སྟེ། བསམ་སྒོམ་དངོས་སུ་སྨོས་ནས་ཐོས་པ་དོན་གྱིས་འཕེན་པ་དང༌། འཆད་རྩོམ་དངོས་སུ་སྨོས་ནས་རྩོད་པ་དོན་གྱིས་འཕངས་སོ།།

བོད་པའམ་ནང་པའི་ཐུན་མོང་མ་ཡིན་པའི་སློབ་སྦྱོང་བྱེད་ཚུལ་ (Buddhist Education system) ནི་དང་པོ་སློབ་དཔོན་གྱི་དྲུང་ནས་ཐོས་པ་བྱས། དེ་ནས་རང་གི་བློས་དཔྱད་པའི་བསམ་པ་དང༌། བསམ་བྱུང་གི་བློས་ངེས་ཤེས་རྙེད་པའི་རྗེས་སུ་དཔྱད་འཇོག་སྤེལ་མས་བསྒོམས་པ་ལས་གཞུང་ལུགས་ཀྱི་བརྗོད་དོན་རྣམས་མངོན་དུ་བྱས་པ་སྟེ། ཐོས་བསམ་སྒོམ་གསུམ་རིམ་ཅན་དང་ཡ་མ་བྲལ་བར་འགྲོ་དགོས་པ་མ་གཏོགས། ཐོས་པ་རྐྱང་པའམ་བརྡ་ལན་བསྐྱལ་བ་ (Information Oriented) ཙམ་གྱིས་མི་ཆོག དེ་ལྟར་ཐོས་བསམ་སྒོམ་གསུམ་གྱི་ལམ་ནས་རང་གིས་ཇི་ལྟར་ངེས་པའི་དོན་རྣམས་བརྩེ་བས་ཀུན་ནས་བསླངས་ཏེ་གཞན་ལ་སྟོན་པའི་འཆད་པ་དང༌། མ་རྟོགས་པ་དང་ལོག་པར་རྟོགས་པ་དང་ཐེ་ཚོམ་གྱི་དྲི་མ་རྣམས་སེལ་བའི་ཆེད་དུ་རིགས་པའི་ལམ་ནས་དྲངས་པའི་རྩོད་པ། ཕྱིས་རབས་ཀྱི་སྐྱེ་འགྲོ་རྣམས་ལ་ལེགས་པར་བཤད་པའི་སྐྱེས་སྦྱིན་པའི་ཆེད་དུ་སྡེབ་སྦྱོར་ལེགས་པའི་རྩོམ་པ་ལ་སོགས་པ་མཁས་པའི་བྱ་བ་དུ་མའི་སྒོ་ནས་ཤེས་ཡོན་རིན་ཆེན་གྱི་མཛོད་ལེགས་པར་བཟུང་བའི་བསྟི་གནས་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་འདིའི་མིང་ནས་བརྗོད་དེ་རྒྱལ་བར་སྨོན་པའི་སླད་དུ། བྷོ་ཊའི་གཙུག་ལག་ཁང་ཆེན་རྣམ་པར་རྒྱལ།། ཞེས་པའི་ཚིགས་རྐང་མཐའ་མ་དེ་བྱུང་ངོ༌།།

༼བྷོཊ་༽ཞེས་པ་ནི་རང་རེའི་ཡུལ་གྱི་མིང་ བྱབོད་བྱ ཅེས་པ་དེ་ཡིན་ལ། བོད་ཅེས་པ་འདོད་རྒྱལ་གྱི་ཐ་སྙད་ཅིག་ཡིན་ལས་ཆེ་ཡང༌། འདོད་རྒྱལ་རྗེས་སྒྲུབ་གང་ཡིན་མཁས་པའི་བཞེད་པ་མི་མཐུན་པ་ཡོད་པ་མ་ཟད། འདོད་རྒྱལ་ཡིན་དབང་དུ་བཏང་ནའང་ཐ་སྙད་དེ་ལེགས་སྦྱར་དང་བོད་སྐད་གང་ཡིན་ལ་རྩོད་པ་མང་བས་ཐག་ཆོད་པ་ཞིག་ཁོ་བོར་ཡང་བརྗོད་རྒྱུ་མེད། སྤྱིར་ནས་ཡུལ་གྱི་མིང་མང་ཆེ་བ་ཡུལ་དེའི་རང་སྐད་ནས་བྱུང་བར་སྣང་ཡང༌། ཡུལ་འཁོར་འགའ་ཤས་ལ་རང་སྐད་ཀྱི་མིང་དེ་ཡུལ་དེ་ཉིད་དུ་གྲགས་པ་མ་གཏོགས། ཡུལ་གཞན་གྱི་མིས་འབོད་སྐབས་སྐད་གཞན་གྱི་ཐོག་ནས་འབོད་ན་མ་གཏོགས་མི་གོ་བ། དཔེར་ན་རྒྱ་གར་ལ་ཨིན་ཌི་ཡ་ (India) འམ་ཨིན་དུ་ (Indu) ཞེས་བརྗོད་ན་མ་གཏོགས། བྷཱརཏ་ཞེས་བརྗོད་ན་ཡུལ་གཞན་གྱི་མིས་མི་གོ་བ་དང༌། ཡང་རྒྱ་ནག་གི་མིང་ལ་ཅ་ཡི་ན་ (China) འམ་ཅིའན་ཞེས་པ་དེ་རྩ་བའི་རྒྱ་སྐད་ཡིན་མོད། རྒྱ་མི་རང་གིས་དེང་སྐབས་ཀྲུང་གོ་ཞེས་བརྗོད་པ་མ་གཏོགས། ཅ་ཡི་ནའམ་ཅཱིན་ཞེས་མི་བརྗོད་པར་ཡུལ་གཞན་གྱི་མིས་དེ་ལྟར་བརྗོད་པ་དང༌། ཤྲིའལངྐཱ་ལྟ་བུ་རང་སྐད་ཡིན་པ་མ་ཟད། རང་གཞན་སུས་བརྗོད་ཀྱང་ཐ་སྙད་གཅིག་མ་གཏོགས་མི་འདྲ་བ་མེད་པ་སོགས་སྣ་ཚོགས་ཤིག་ཡོད། དེ་བཞིན་བོད་ལ་དེང་སྐབས་ཡུལ་ལུང་གཞན་པའི་མི་མང་ཆེ་བས་དབྱིན་སྐད་ལ་གྲགས་པའི་ཊིབེཊི་ (Tibet) ཞེས་པ་དེ་བརྗོད་ཀྱི་ཡོད་ནའང༌། དེ་ནི་བོད་སྐད་ནས་ཟུར་ཆག་པ་ཞིག་ཡིན་ནམ། སྐད་གཞན་པ་ཞིག་ནས་ཟུར་ཆག་པ་ཞིག་ཡིན་ད་དུང་དཔྱད་གཞི་ཡིན་ཞིང༌། བོད་ལ་ལེགས་སྦྱར་གྱི་སྐད་དུ་བྷོཊ་ཞེས་འབོད་པ་ནི་བོད་སྐད་ཀྱི་བོད་ཅེས་པ་དེ་ཟུར་ཆག་པར་འདོད་ན་འཐུས་པ་ལྟ་བུར་སྣང་མོད། ལེགས་སྦྱར་གྱི་སྐད་དུ་བྷོཊ་ཞེས་པའི་སྒྲ་དེ་བྱིངས་དང་རྐྱེན་ལས་བསྒྲུབ་རྒྱུ་ཞིག་ཡོད་མེད་མ་ཤེས། གང་ལྟར་བྷོཊ་ཞེས་པ་བོད་ལ་འཇུག་པ་ཡོངས་གྲགས་ལྟར་འདིར་ཡང་དགོས་དབང་གིས་ཚིག་དེ་སྨོས་ཏེ། དོན་དུ་བོད་ཀྱི་གཙུག་ལག་ཁང་ཆེན་པོ་འདི་རྣམ་པར་རྒྱལ་བར་གྱུར་ཅིག་ཅེས་པའི་དོན་ཡིན་ནོ།།

གཙུག་ལག་ཁང་ཞེས་པ་སྤྱིར་བཏང་གོ་ཚུལ་མི་འདྲ་བ་གཉིས་ཡོད་པ་ནི་ལེགས་སྦྱར་གྱི་སྐད་དུ་བིཧཱར་ཞེས་བོད་སྐད་དུ་གཙུག་ལག་ཁང་ཞེས་བསྒྱུར་ཅིང༌། དེ་ནི་དེ་བཞིན་གཤེགས་པའི་གསུང་རབ་དང༌། སྐུ་དང་མཆོད་རྟེན་སོགས་བཞུགས་པའི་གནས་སམ། དགེ་འདུན་འདུ་བའི་གནས་ལ་གོ་བ་ཡིན་ཞིང༌། དུས་ཕྱིས་བོད་མི་བཙན་བྱོལ་བ་རྒྱ་གར་དུ་འབྱོར་རྗེས་དེང་དུས་དབྱིན་སྐད་དུ་ཡུ་ནི་ཝར་སི་ཀྲི་ (University) འམ། དེ་ཧིན་སྐད་དུ་བསྒྱུར་བ་བིཤྭབིདྷ྄ཡཱལཡ་ (Vishwavidhyalaya) ཞེས་པའི་མིང་བོད་སྐད་དུ་སྒྱུར་སྐབས་བིཤྭ་ཞེས་པ་སྣ་ཚོགས་དང༌། བིདྷ྄ཡཱ་ཞེས་པ་གཙུག་ལག་ལ་བསྒྱུར་ཏེ་སྣ་ཚོགས་གཙུག་ལག་སློབ་གཉེར་ཁང་ཞེས་བསྒྱུར་ཡོད་ནའང༌། རྗེས་སུ་མང་ཆེ་བས་ཚིག་ཚོགས་བསྐྱུང་ཆེད་སྣ་ཚོགས་བསྡུས་ཏེ་གཙུག་ལག་སློབ་གཉེར་ཁང་ཞེས་བསྒྱུར་བ་དང༌། ཡང་འགའ་ཞིག་གིས་མཐོ་རིམ་སློབ་གྲྭ་དང༌། ཆེས་མཐོའི་སློབ་གྲྭ་ཞེས་ཀྱང་བརྗོད་ཀྱི་ཡོད་པ་ནི་དབྱིན་སྐད་ཀྱི་ཧ་ཡི་ (High) ལ་མཐོ་རིམ་དང༌། ཧ་ཡར་ (Higher) ལ་ཆེས་མཐོ་ཞེས་བསྒྱུར་ཅིང༌། ཨིས་ཊ་ཌི་ (study) ཞེས་པའི་སྐད་དོད་དུ་སློབ་གྲྭ་ཞེས་སྒྱུར་སྲོལ་དར་བ་ཡིན་པས། རིམ་བཞིན་ཧ་ཡི་ཨིས་ཀུལ་ (High School) ལ་མཐོ་རིམ་སློབ་གྲྭ་དང༌། ཧ་ཡར་ཨིས་ཊ་ཌི་ (Higher Study) ལ་ཆེས་མཐོའི་སློབ་གྲྭ ཡུ་ནི་ཝར་སི་ཀྲི་ (University) ལ་གཙུག་ལག་སློབ་གཉེར་ཁང་ཞེས་བསྒྱུར་ན་མི་འོས་པ་མེད་པར་སྙམ། ལེགས་སྦྱར་སྐད་ཀྱི་བིདྷ྄ཡཱ་ཞེས་པ་དེར་བོད་ཀྱི་སྔ་རབས་ཀྱི་ལོ་ཙཱ་བ་རྣམས་ཀྱིས་ཕལ་ཆེར་རིག་པ་དང་རིག་གནས་ལ་བསྒྱུར་འདུག་ཀྱང༌། སྐབས་རེ་གཙུག་ལག་ལ་བསྒྱུར་བའང་ཡོད། ལར་ནས་བོད་སྐད་ཀྱི་ ༼གཙུག་ལག་༽ ཅེས་པའི་ཚིག་འདི་བོད་དུ་ནང་ཆོས་བསྒྱུར་འགོ་མ་ཚུགས་གོང་ནས་བོད་མིའི་རྒྱུན་སྤྱོད་ལ་ཡོད་པའི་ཐ་སྙད་རྙིང་པ་ཞིག་ཡིན་པར་སྣང་སྟེ། ཚིག་འདི་གང་གི་ཆེད་དུ་བེད་སྤྱོད་བྱས་པའི་ལེགས་སྦྱར་གྱི་སྐད་དོད་བིདྷ྄ཡཱ་དང༌། ཨཱརྵབཅན། ཤཱསྣྟ་སོགས་གང་གི་ནང་དུའང་གཙུག་དང་ལག་གི་བརྡ་ཆད་མེད་ཅིང༌། བོད་ཀྱི་ལོ་ཙྭ་བས་ལེགས་སྦྱར་ནས་སྒྲ་སྒྱུར་གྱི་ཆེད་དུ་ཐ་སྙད་གསར་བཟོ་ཕལ་མོ་ཆེར་རྒྱ་སྐད་དུ་སྒྲ་དོན་ཇི་ཡོད་ཆ་ཤས་ཙམ་ཡང་མ་ཉམས་པར་བཟོས་ཡོད་པ་དངོས་མཐོང་ཡིན་པའི་ཕྱིར་རོ།། མདོ་སྡེ་རྒྱན་ལས། ༼གཙུག་ལག་བརྟན་པའི་ཆོས་དང་ནི།།༽༤ ཞེས་པའི་སྐབས་ཀྱི་ལེགས་སྦྱར་དུ་ཨཱརྵ་ཞེས་པ་ཡོད་ཅིང༌། ཨཱརྵ་ཞེས་པ་རྀཥིའི་ཚིག་ནས་བྱུང་བ་དང༌། དེ་ཐད་སྒྱུར་བྱས་ན་དྲང་སྲོང་བྱུང་ངམ་དྲང་སྲོང་རྒྱུད་ཅེས་པ་ཞིག་ཡོང་རྒྱུའང༌། དེ་ལྟར་མ་བསྒྱུར་བར་གཙུག་ལག་ཅེས་བསྒྱུར་བ་ནི་གཙུག་ལག་ཅེས་པའི་ཐ་སྙད་དྲང་སྲོང་གི་གསུང་དང༌། གསུང་རབ་སོགས་ལ་འཇུག་འོས་པ་ཡིན་པས་ལེགས་སྦྱར་སྐད་ཀྱི་ཤཱསྣྟ་ཞེས་པ་དེའང་སྐབས་རེ་བསྟན་བཅོས་དང༌། སྐབས་རེ་གཙུག་ལག་ཏུ་བསྒྱུར་ཡོད།

བསྟན་བཅོས་ཞེས་པའང་ཡོངས་གྲགས་བཀའ་དང་བསྟན་བཅོས་གཉིས་སུ་ཕྱེ་སྐབས་བཀའ་གང་ཡང་རུང་བའི་དགོངས་འགྲེལ་དུ་བརྩམས་པའི་སེམས་ཅན་གྱི་ངག་ཅིག་ལ་བསྟན་བཅོས་སུ་བཞག་སྟེ། བཀའ་དང་བསྟན་བཅོས་ཀྱི་གཞི་མཐུན་མི་འདོད་ནའང༌། ཡང་བསྟན་བཅོས་ཀྱི་སྒྲ་ཟོར་ཡངས་པའི་དབང་དུ་བྱས་ན། དབྱིག་གཉེན་གྱིས། ༼ཉོན་མོངས་དགྲ་རྣམས་མ་ལུས་འཆོས་པ་དང༌།། ངན་འགྲོ་སྲིད་ལས་སྐྱོབ་པ་གང་ཡིན་ཏེ།། འཆོས་སྐྱོབ་ཡོན་ཏན་ཕྱིར་ན་བསྟན་བཅོས་ཏེ།།༽༥ ཞེས་པའི་སྐབས་སུ་ནང་པའི་བཀའ་དང་བསྟན་བཅོས་ཡོངས་རྫོགས་ལ་འཆོས་སྐྱོབ་ཀྱི་ཡོན་ཏན་གཉིས་དང་ལྡན་པའི་ཆ་ནས་བསྟན་བཅོས་ཞེས་པའི་ཚིག་འཇུག་རུང་བ་དང༌། དེའི་དབང་དུ་བྱས་པའི་བསྟན་བཅོས་ལ་གཙུག་ལག་ཅེས་བརྗོད་ན་བཀའ་བསྟན་གཉིས་སུ་ཕྱེ་བའི་བསྟན་བཅོས་དང་མི་ནོར་བའི་ཁྱད་ཡོད་དམ་སྙམ།

ཡང་སྐབས་འགར་སྐར་རྩིས་རིག་པའི་གཞུང་ལ་གཙུག་ལག་ཅེས་བརྗོད་པའི་སྐབས་ཚིག་དེ་སྐར་རྩིས་རིག་པ་རྐྱང་པ་མ་གཏོགས། གཞུང་གཞན་ལ་མི་གོ་བ་སྤོར་ཐང་གི་གཙུག་ལག་ཅེས་པ་ལྟ་བུའང་ཡོད། ཡང་སི་ཏུའི་སུམ་རྟགས་ཀྱི་འགྲེལ་ཆེན་ནང་གཙུག་ལག་གཉིས་ཞེས་པའི་ཚིག་ལན་གཉིས་བྱུང་བ་དེའི་དང་པོ་སུམ་ཅུ་པ་དང༌། རྟགས་འཇུག་གི་གཞུང་གཉིས་ལ་གོ་དགོས་པ་དང༌། རྗེས་མ་དེ་ཆོས་དང་འཇིག་རྟེན་གཉིས་ལ་གོ་དགོས་པ་ལྟ་བུ་གནས་སྐབས་དང་ཚིག་གྲོགས་ལ་ལྟོས་ནས་གོ་བ་ལེན་དགོས་པ་མང་པོ་ཡོད་དོ།།

གཙུག་ལག་ཅེས་པའི་ཚིག་དོན་བཤད་པའི་སྐབས་བོད་ཀྱི་མཁས་པ་མང་པོས་རིག་པའི་གནས་ཤིག་མཁས་པའི་སྤྱི་གཙུག་ནས་བཏོན་ཏེ་གདུལ་བྱའི་ལག་ཏུ་བཞག་པ་ལྟ་བུ་ཡིན་པས་དེ་ལྟར་བརྗོད་ཟེར་བ་དང༌། ཡང་འགའ་ཞག་གིས་གཙུག་ཅེས་པ་དེ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བ་ལྟ་བུའི་བཀའ་དང༌། ལག་ཅེས་པ་དེ་མཁས་པའི་ལག་པས་བྲིས་པའི་བསྟན་བཅོས་ལ་གོ་དགོས་ཤིང༌། བཀའ་བསྟན་གཉིས་ཀ་བསྡོམས་པའི་གསུང་རབ་ལ་གཙུག་ལག་ཅེས་བརྗོད་ཟེར་བ་དང༌། ཡང་འགས་རྐང་གཙུག་པ་སྟེ་ཆེད་དུ་གཉེར་ནས་ལག་ལེན་བྱེད་དགོས་པ་དེ་འདྲའི་གཞུང་ཞིག་ལ་གཙུག་ལག་ཅེས་བརྗོད་པ་ཡིན་ཟེར་བ་སོགས་མང་ཡང༌། ཕལ་ཆེར་ཟེར་རྒྱུས་ཕོངས་པའི་གཏམ་ཞིག་མ་གཏོགས། ཁུངས་ལུང་ཡོད་པའི་བཤད་པ་ཞིག་ཡིན་བཟོ་མི་འདུག་པས་དགག་བཞག་གི་ངལ་བ་མ་དགོས།

གང་ལྟར་གཙུག་ལག་ཅེས་པའི་ཚིག་དེ་ཁྱབ་ཆེ་ཞིང་གོ་བ་ལེན་ཚུལ་མང་པོ་ཡོད་སྟབས། སྐབས་འདིར་བིཤྭབིདྷ྄ཡཱ་ལ་གཙུག་ལག་ཅེས་བསྒྱུར་ནས་གཙུག་ལག་སློབ་གཉེར་ཁང་ཞེས་འབོད་ན་འོས་ཤིང་འཚམས་པ་མཐོང་སྟེ། སློབ་གཉེར་ཁང་དེའི་ནང་ཆོས་དང་འཇིག་རྟེན་གཉིས་ཀའམ། ཡང་ན་བཀའ་དང་བསྟན་བཅོས་གཉིས་ཀ ཡང་ན་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་པའི་གཞུང་ལུགས་ཐམས་ཅད་སློབ་གཉེར་བྱེད་ས་ཡོད་པའི་སློབ་ཁང་ཞེས་སྦྱར་ཆོག་པའི་གོ་བ་ཁྱབ་ཆེ་བ་ཡོད་པས་གཙུག་ལག་སློབ་ཁང་ཞེས་སྨོས་སོ།།

བསམ་སྒོམ་འཆད་རྩོམ་བྱ་བས་ལེགས་བཟུང་བའི།། ཞེས་པའི་ཚིགས་རྐང་འདིས་གོང་སྨོས་ལྟར་བསམ་པ་དང་སྒོམ་པ་ཚིག་ཟིན་ལ་སྨོས་ནས་ཐོས་པ་སྐབས་ཐོབ་ཀྱིས་འཕངས་པ་དང༌། འཆད་པ་དང་རྩོམ་པ་ཚིག་ཟིན་ལ་བསྟན་ནས་རྩོད་པ་སྐབས་ཐོབ་ཀྱིས་འཕངས་པ་དེ་ལྟར་ན་ཚིག་ལ་ཟིན་པ་དེ་གཙོ་ཆེ་བ་དང༌། སྐབས་ཐོབ་ཀྱིས་འཕངས་པ་དེ་གནད་ཆུང་བ་ཡིན་དགོས་པས། སློབ་གཉེར་ཁང་འདི་ལྟ་བུའི་ནང་བསམ་སྒོམ་ལས་ཐོས་པ་གཙོ་ཆེ་བ་མ་ཡིན་ནམ། སྡེབ་སྦྱོར་གྱི་དབང་དུ་བྱས་ནའང་ཐོས་བསམ་ཞེས་སྨོས་པས་ཆོག་མོད། བསམ་སྒོམ་ཞེས་སྨོས་པ་ཅི་ཡིན་སྙམ་ན། བསམ་པ་དང་བྲལ་བའི་ཐོས་པ་རྐྱང་པ་ཙམ་ནི་ཐོས་པ་མཚན་ཉིད་ཚང་བ་ཞིག་ཀྱང་མི་ཡོང་ལ། དེང་རབས་ཀྱི་སློབ་གཉེར་བྱེད་སྟངས་དང་གནའ་སྲོལ་གྱི་སློབ་གཉེར་བྱེད་སྟངས་ཀྱི་བར་ཁྱད་པར་གཙོ་ཆེ་བ་ཞིག་ཐོས་བསམ་ཟུང་འབྲེལ་དུ་བྱེད་དང་མི་བྱེད་པ་དེ་ཡིན་པར་སྣང་ཞིང༌། སློབ་ཁང་འདིའི་སློབ་སྦྱོང་བྱ་རྒྱུའི་སློབ་ཚན་མང་ཆེ་བ་ནང་དོན་རིག་པའམ་ནང་དོན་རིག་པ་དང་འབྲེལ་བའི་གཞུང་ལུགས་ཁག་ཡིན་སྟབས། དེ་དག་སློབ་སྦྱོང་གི་རྗེས་སུ་རང་རང་གིས་ཇི་ལྟར་ཐོས་པའི་དོན་རྣམས་སྒོམ་པས་རྒྱུད་ལ་སྦྱར་རྒྱུ་དེ་དགོས་དམིགས་ཡིན་དགོས་པས་ཐོས་བསམ་ཟུང་འབྲེལ་དང༌། མཐར་ཐུག་སྒོམ་པ་ལ་འཇུག་དགོས་པའི་རིམ་པ་མཚོན་པའི་ཆེད་དུ་བསམ་པ་དངོས་སུ་སྨོས་ནས་ཐོས་པ་སྐབས་ཐོབ་ཀྱིས་འཕངས་པ་དང༌། དེའི་རྗེས་སྒོམ་པའང་ཚིག་ཟིན་ལ་བསྟན་པ་ཡིན་ནོ།། རྩོད་པ་ནི་སློབ་གྲྭའི་གཞུང་འབྲེལ་གྱི་ལས་རིམ་ནང་གཙོ་ཆེ་བར་མ་བཞག་ཅིང༌། འཛིན་གྲྭའི་ནང་འཆད་ཉན་གཙོ་བོ་དང༌། སློབ་གཉེར་བ་སོ་སོས་དཔྱད་རྩོམ་སོགས་རྩོམ་ཡིག་འབྲི་དགོས་མང་བས་འཆད་རྩོམ་དངོས་སུ་སྨོས་ཤིང༌། རྩོད་པ་ནི་འཆད་རྩོམ་གཉིས་ཀར་མེད་དུ་མི་རུང་བའི་ཆ་ཤས་ཡིན་པས་དོན་གྱིས་འཕངས་སོ།།

དེ་ལྟའི་སྐྱེས་བུའི་འདོད་དོན་བཞིའམ་ཕུན་སུམ་ཚོགས་པའི་སྡེ་བཞིའི་འབྱུང་གནས་ཤེས་བྱའི་གནས་ལ་མ་རྨོངས་པའི་ཤེས་རབ་ཀྱི་ཡོན་ཏན་རིན་པོ་ཆེའི་མཛོད་ལྟ་བུ་དེ་ཐོས་བསམ་སྒོམ་གསུམ་དང་འཆད་རྩོད་རྩོམ་གསུམ་གྱི་མཁས་པའི་བྱ་བས་ལེགས་པར་བཟུང་བའི་བོད་ཀྱི་རིག་གཞུང་གི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ཆེན་མོ་འདི་ཉིད་རྣམ་པར་རྒྱལ་བར་གྱུར་ཅིག་ཅེས་སྨོན་པ་ནི་ཤ྄ལོཀ་དང་པོའི་སྤྱི་དོན་ནོ།།

གཉིས་པ་སློབ་གཉེར་ཁང་འདིའི་གནས་པའི་ཡུལ་གྱི་ཁྱད་པར་བསྟན་པའི་སྒོ་ནས་རྒྱལ་བར་སྨོན་པ་ལ། རྣམ་འདྲེན་བཞི་པའི་ལེགས་གསུང་བདུད་རྩིའི་རྒྱུན།། ཐོག་མར་འཇོ་བའི་གནས་མཆོག་གསལ་ལྡན་ཞིང༌།། དྲང་སྲོང་སྨྲ་བའི་ནགས་ཀྱི་མཐར་གནས་པའི།། གཙུག་ལག་སློབ་པའི་ཁང་ཆེན་རྣམ་པར་རྒྱལ།། ཞེས་པ་སྟེ་རྣམ་འདྲེན་བཞི་པ་སྟོན་པ་ཤཱཀྱ་སེངྒེས་དམ་པའི་ཆོས་ཀྱི་བདུད་རྩིའི་རྒྱུན་ཐོག་མར་འཇོ་བའི་གནས་ཀཱཤཱི་སྟེ་གསལ་ལྡན་གྱི་གྲོང་ཁྱེར་ཆེན་པོའི་འདབས་དྲང་སྲོང་སྨྲ་བ་རི་དྭགས་ཀྱི་ནགས་ཀྱི་མཐའ་མཚམས་ལ་གནས་ཆགས་པའི་གཙུག་ལག་སློབ་པའི་ཁང་ཆེན་པོ་དེ་རྣམ་པར་རྒྱལ་བར་གྱུར་ཅིག་ཅེས་པའོ།།

དེའང་མི་མཇེད་བསྐལ་པ་བཟང་པོ་འདི་ལ་མཆོག་གི་སྤྲུལ་སྐུའི་མཛད་པ་བསྟན་པའི་སངས་རྒྱས་སྟོང་གཅིག་འབྱོན་པར་འགྱུར་བའི་ནང་ནས་ད་ལྟ་ཕན་རྣམ་འདྲེན་གསུམ་བྱོན་ཟིན་ཏེ་བདག་ཅག་གི་སྟོན་པ་ཤཱཀྱའི་དབང་པོ་དེ་བཞི་པ་ཡིན་པས་རྣམ་འདྲེན་བཞི་པ་ཞེས་སྨོས་སོ།། དེ་བཞིན་གཤེགས་པའི་མཚན་གྱི་རྣམ་གྲངས་སུ་རྣམ་འདྲེན་ཞེས་བརྗོད་པ་ནི་གདུལ་བྱ་རྣམས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་རྣམ་པར་འདྲེན་པར་མཛད་པའི་ཆ་ནས་དེ་ལྟར་བརྗོད། སངས་རྒྱས་འཇིག་རྟེན་དུ་བྱོན་ཞེས་པ་དེ་སངས་རྒྱས་ཀྱི་སྐྱེ་བའམ་བཟོ་ཡི་སྤྲུལ་སྐུ་ཙམ་འཇིག་རྟེན་དུ་བྱོན་པ་ལ་མི་ཟེར་བར་མཛད་པ་བཅུ་གཉིས་སྟོན་པའི་མཆོག་གི་སྤྲུལ་སྐུའི་རྣམ་པར་འཇིག་རྟེན་དུ་བྱོན་པ་དེ་ལ་སངས་རྒྱས་འཇིག་རྟེན་དུ་བྱོན་པ་ཞེས་ཟེར་ཞིང༌། མཆོག་གི་སྤྲུལ་སྐུའི་མཛད་པ་ཅན་གྱི་སངས་རྒྱས་འཇིག་རྟེན་དུ་བྱོན་པའི་དབང་གིས་སངས་རྒྱས་ཀྱི་བསྟན་པ་འཇིག་རྟེན་དུ་དར་བ་ཡིན་ནོ།། བསྐལ་པ་བཟང་པོ་འདིར་ཡང་བཟོ་ཡི་སྤྲུལ་སྐུ་དང་སྐྱེ་བ་སྤྲུལ་སྐུ་ལ་སོགས་པ་སངས་རྒྱས་ཀྱི་སྤྲུལ་པ་མང་པོ་རྒྱུན་མ་ཆད་པར་བྱོན་ཅིང་འབྱོན་པར་འགྱུར་ནའང༌། སྐུ་ལ་མཚན་དང་དཔེ་བྱད་གསལ་རྫོགས་ཀྱིས་བརྒྱན་པའི་མཆོག་གི་སྤྲུལ་སྐུའི་མཛད་པ་ཅན་གྱི་ཆོས་ཀྱི་འཁོར་ལོ་སྐོར་མཁན་གྱི་སངས་རྒྱས་དེ་གྲངས་ངེས་ཅན་ཞིག་བྱོན་པ་ལས། དེ་ལས་མང་བ་མི་བྱོན་པ་དང༌། དེའང་འཇིག་རྟེན་གྱི་ཁམས་མང་པོ་དང་དུས་ཀྱི་བསྐལ་པ་མང་པོ་ཞིག་ལ་སངས་རྒྱས་གཏན་ནས་མི་བྱོན། ད་ལྟ་རང་ཅག་གནས་བཞིན་པའི་གླིང་བཞི་རི་རབ་ཉི་ཟླ་དང་བཅས་པ་ཡོད་པའི་འཇིག་རྟེན་འདིའམ། ཡང་ན་སའི་གོ་ལ་འདི་ཆགས་ནས་མ་འཇིག་གི་བར་གྱི་བསྐལ་པ་འདིའི་རིང་ལ་སངས་རྒྱས་སྟོང་ཕྲག་གཅིག་འབྱོན་པར་འགྱུར་བ་ལ་བརྟེན་བསྐལ་པ་འདི་ལ་བསྐལ་པ་བཟང་པོ་ཞེས་གྲགས་སོ།།

དེ་ཡང་སྙིང་རྗེ་པད་དཀར་གྱི་མདོ་ལས་གསུང་ཚུལ་ལྟར་ན། བསྐལ་པ་སྔོན་མ་མེ་དང་ཆུ་དང་རླུང་གིས་འཇིག་ནས་དེའི་རྗེས་སུ་ད་ལྟའི་བསྐལ་པ་འདི་ཆགས་འགོ་ཚུགས་ཤིང༌། ཐོག་མར་ཕྱོགས་ཀུན་ནས་རླུང་གཡོས་ཏེ་རླུང་གི་དཀྱིལ་འཁོར་ཆགས། དེའི་སྟེང་ལོ་མང་ཆར་པ་བབས་ནས་ཆུའི་དཀྱིལ་འཁོར་ཆགས། ཆུའི་དཀྱིལ་འཁོར་དེ་ལས་པདྨ་དཀར་པོ་སྟོང་ཕྲག་གཅིག་འཁྲུངས་པ་གནས་གཙང་མའི་རིས་ཀྱི་ལྷ་རྣམས་ཀྱིས་མཐོང་ཞིང༌། དེ་ནི་བསྐལ་པ་འདིའི་རིང་སངས་རྒྱས་སྟོང་གིས་མཆོག་གི་སྤྲུལ་སྐུའི་མཛད་པ་བསྟན་པའི་སྔ་ལྟས་ཡིན་པར་ཤེས་ནས། ཨེ་མ་ཧོ་འདི་ནི་བསྐལ་པ་བཟང་པོའོ་ཞེས་སྒྲོགས་པ་དང༌། དེ་ནས་རིམ་གྱིས་ས་གཞི་རི་རབ་གླིང་བཞི་གླིང་ཕྲན་ལ་སོགས་པ་ཆགས་པའི་རིམ་པ་དེ་བྱུང་ངོ༌།། བསྐལ་པ་འཇིག་སྐབས་རྣམས་སུ་བསམ་གཏན་བཞི་པ་ནམ་ཡང་མི་འཇིག་པས་དེའི་ལྷ་རྣམས་ཀྱིས་བསྐལ་པ་ཆགས་འཇིག་དུ་མ་མཐོང་བར་བཤད།

སྤྱིར་བསྐལ་པ་ལ་སྒྲོན་མེའི་བསྐལ་པ་དང་མུན་པའི་བསྐལ་པ་གཉིས་སུ་ཕྱེ་ཞིང༌། སངས་རྒྱས་བྱོན་པའི་བསྐལ་པ་ལ་སྒྲོན་མེའི་བསྐལ་པ་དང༌། སངས་རྒྱས་མ་བྱོན་པའི་བསྐལ་པ་ལ་མུན་པའི་བསྐལ་པ་ཞེས་བརྗོད། མུན་བསྐལ་ནི་སྒྲོན་བསྐལ་ལས་ཤིན་ཏུ་མང་བ་དང༌། སྒྲོན་མེའི་བསྐལ་པ་རྣམས་སུའང་སངས་རྒྱས་རེ་ཙམ་གཉིས་ཙམ་བྱོན་པ་ལས། སྟོང་ཕྲག་བྱོན་པ་ནི་དེ་བས་ལྷག་པར་དཀོན། དེ་ལ་བརྟེན་ནས་ད་ལྟ་རང་ཅག་གནས་བཞིན་པའི་བསྐལ་པ་འདི་ལ་སྒྲོན་མེའི་བསྐལ་པ་བཟང་པོ་ཞེས་བརྗོད་པ་ཡིན་ནོ།།

བསྐལ་པ་གཅིག་གི་རིང་ལ་དུས་ཀྱི་ཁུགས་པ་བཅོ་བརྒྱད། མ་ཐོག་རིང་མོ་དང༌། ཡ་ཐོག་རིང་མོ་བཅས་སྐྱེ་རྒུའི་ཚེ་ལོ་འཕེལ་འགྲིབ་ལ་ལྟོས་པའི་ཁུགས་པ་ཉི་ཤུ་ཡོད་པར་གསུངས་པ་ལས། ད་ལྟའི་དུས་འདི་མ་ཐོག་རིང་མོའི་སྐབས་ཏེ་བསྐལ་པ་འདི་ཆགས་ནས་རྫོགས་ལྡན་གྱི་དུས་སུ་མི་རྣམས་ཚེ་ལོ་དཔག་མེད་གནས་པ་ནས་རིམ་བཞིན་འགྲིབས་ཏེ་ཚེ་ལོ་བཅུ་པའི་བར་མར་འགྲོ་བའི་སྐབས་ཡིན་པས་མ་ཐོག་རིང་མོ་ཞེས་ཟེར། ཚེ་ལོ་མར་འགྲིབ་པའི་སྐབས་ལ་མི་རྣམས་ངེས་འབྱུང་སྐྱེ་བའི་སྣོད་རུང་ཡིན་སྟབས་སངས་རྒྱས་བྱོན་ཞིང༌། ཚེ་ལོ་ཡར་འཕེལ་བའི་སྐབས་ངེས་འབྱུང་སྐྱེ་དཀའ་བས་འཁོར་ལོའི་སྒྱུར་བའི་རྒྱལ་པོ་བྱོན་ཏེ་ཆོས་དང་མཐུན་པའི་རྒྱལ་སྲིད་བྱེད་པ་མ་གཏོགས། སངས་རྒྱས་བྱོན་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་བ་མི་འབྱུང༌། དེ་ལྟར་བསྐལ་པ་འདིའི་མི་རྣམས་ཚེ་ལོ་དཔག་མེད་ནས་མར་འགྲིབས་ཏེ་ཚེ་ལོ་བཞི་ཁྲི་ལ་སླེབས་པའི་སྐབས་བསྐལ་པ་བཟང་པོ་འདིའི་ནང་འབྱོན་རྒྱུའི་སངས་རྒྱས་སྟོང་གི་དང་པོ་འཁོར་བ་འཇིག་བྱོན་ཞིང༌། འཁོར་བ་འཇིག་གི་བསྟན་པ་ཉམས་ནས་མི་རྣམས་ཚེ་ལོ་སུམ་ཁྲི་ལ་སླེབས་པ་ན་སངས་རྒྱས་གཉིས་པ་གསེར་ཐུབ་བྱོན་པ་དང༌། གསེར་ཐུབ་ཀྱི་བསྟན་པ་ཉམས་རྗེས་མི་རྣམས་ཚེ་ལོ་ཉིས་ཁྲི་ལ་སླེབས་པའི་སྐབས་སངས་རྒྱས་འོད་སྲུང་འཇིག་རྟེན་དུ་བྱོན། འོད་སྲུང་གི་བསྟན་པ་ཉམས་རྗེས་སངས་རྒྱས་མ་བྱོན་པར་རྒྱུན་རིང་ལུས། མི་རྣམས་ཚེ་ལོ་བརྒྱ་པར་སོན་ཞིང༌། རྫོགས་ལྡན་དང༌། གསུམ་ལྡན་དང༌། གཉིས་ལྡན་གྱི་དུས་རྣམས་རྫོགས་ཏེ་རྩོད་ལྡན་སྙིགས་མ་ལྔ་པའི་དུས་འདིར་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་རྣམ་འདྲེན་བཞི་པ་སངས་རྒྱས་ཤཱཀྱ་ཐུབ་པ་འཇིག་རྟེན་འདིར་བྱོན་པ་ཡིན་ནོ།།

 

བསྐལ་པ་ཐོག་མ་ཆགས་དུས་མི་རྣམས་རང་བཞིན་གྱིས་མི་དགེ་བའི་ལས་ལ་མི་འཇུག་པས། དགེ་བའི་དངོས་པོ་ཡོངས་སུ་རྫོགས་པ་དང་ལྡན་པས་ན་རྫོགས་ལྡན་གྱི་དུས་ཞེས་བརྗོད། དེ་ནས་དུས་ཡུན་གང་མཚམས་སོང་རྗེས་མ་བྱིན་པ་ལེན་པའི་མི་དགེ་བའི་ལས་བྱུང་སྟེ་མི་དགེ་བ་ཆེན་པོ་བཞིའི་ནང་ནས་གཅིག་བྱུང་བར་བརྟེན། ད་ཆ་དགེ་བའི་ལས་བཞིའི་ནང་ནས་གསུམ་མ་གཏོགས་མི་ལྡན་པ་ཡིན་སྟབས། གསུམ་ལྡན་གྱི་དུས་ཞེས་བརྗོད། དེ་ནས་རིམ་བཞིན་རྒྱུནདུ་སྨྲ་བའི་མི་དགེ་བ་བྱུང་ནས་གཉིས་ལྡན་དང༌། དེའི་རྗེས་འདོད་པ་ལ་ལོག་པར་གཡེམ་པ་དང་ཕན་ཚུན་འཐབ་རྩོད་ཀྱིས་སྲོག་གཅོད་པ་ལ་སོགས་པ་བྱུང་བ་དེ་ནས་རྩོད་ལྡན་ཞེས་བརྗོད། རྩོད་ལྡན་ཚེ་ལོ་བརྒྱ་པའི་མི་རྣམས་ཉོན་མོངས་རགས་པ་དང༌། དུས་རྟག་ཏུ་འཁྲུག་རྩོད་ལ་ཞུགས་པས་གདུལ་བྱ་རྣམས་ཤིན་ཏུ་གདུལ་དཀའ་བར་གྱུར་པའི་སྐབས་འདིར་རྣམ་འདྲེན་བཞི་པ་ཤཱཀྱ་སེངྒེ་བྱོན། བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་རྣམ་འདྲེན་བཞི་པར་བྱོན་པའི་རྒྱུ་མཚན་ཡང་བསྐལ་པ་འདིའི་མ་ཐོག་རིང་མོའི་དུས་ཀྱི་རྩོད་ལྡན་ཚེ་ལོ་བརྒྱ་པ་དེ་གཞན་སུས་ཀྱང་བདག་གིེར་མ་བཟུང་བར་བཏང་སྙོམས་སུ་བཞག་པ་ན་སངས་རྒྱས་ཤཱཀྱ་ཐུབ་པ་དང་རྒྱུད་གཅིག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྒྱ་མཚོའི་རྡུལ་གྱིས་བདག་གིར་བཟུང་བར་མཛད་པའི་རྒྱུ་མཚན་གྱིས་སངས་རྒྱས་སྟོང་བྱོན་པའི་རིམ་པའི་ནང་གྲངས་བཞི་པར་གྱུར་ཚུལ་དེ་ལྟར་ཡིན། དེའང་བསྐལ་པ་ཆེས་མང་པོའི་སྔ་རོལ་དུ་ད་ལྟའི་ང་ཚོའི་འཇིག་རྟེན་འདི་ཡོད་སའི་ཐད་ལ་བསྐལ་པ་འཛིན་པ་ཞེས་བྱ་བའི་འཇིག་རྟེན་ཞིག་བྱུང་ཞིང༌། དེར་དེ་བཞིན་གཤེགས་པ་རིན་ཆེན་སྙིང་པོ་བྱོན་ཏེ་མཆོག་གི་སྤྲུལ་སྐུའི་མཛད་པ་བསྟན་པ་ན་དེའི་ཡབ་འཁོར་ལོའི་སྒྱུར་བའི་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ཅེས་བྱ་བ་དེར་མདུན་ན་འདོན་བྲམ་ཟེ་རྒྱ་མཚོའི་རྡུལ་ཞེས་པ་ཞིག་བྱུང་བ་དེར་སློབ་མ་ ༩༩༩༩ བྱུང་བར་གསུངས་པ་དང༌། ཡང་མདོ་སྡེ་འགའ་ཞིག་ཏུ་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ལ་སྲས་སྟོང་གཅིག་བྱུང་བའི་སྲས་ཀྱི་ཐུ་བོ་ནི་རྒྱ་མཚོའི་རྡུལ་ཡིན་པར་གསུངས་པ་སོགས་གསུང་ཚུལ་མི་འདྲ་བ་འགའ་ཞིག་ཡོད་མོད། མདོ་དོན་བྲམ་ཟེ་རྒྱ་མཚོའི་རྡུལ་ནི་སྟོན་པ་ཤཱཀྱ་ཐུབ་པ་དང་ཐུགས་རྒྱུད་གཅིག་པའི་སློབ་པའི་བྱང་ཆུབ་སེམས་དཔའ་ཡིན་པ་དང༌། སློབ་མའམ་སྲས་གཞན་རྣམས་བསྐལ་པ་འདིར་འབྱོན་པར་འགྱུར་བའི་རྣམ་འདྲེན་གཞན་དག་དང་ཐུགས་རྒྱུད་གཅིག་པའི་བྱང་སེམས་སློབ་པ་བ་ཡིན། དེར་དེ་བཞིན་གཤེགས་པ་རིན་ཆེན་སྙིང་པོའི་སྤྱན་སྔར་ཐམས་ཅད་ཀྱིས་ཕྱིར་མི་ལྡོག་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་ནས་རང་རང་གི་སངས་རྒྱས་ཀྱི་ཞིང་བཟུང་བ་དེའི་ཚེ་འཁོར་བ་འཇིག་དང་རྒྱུད་གཅིག་པའི་བྱང་ཆུབ་སེམས་དཔའ་དེས་བསྐལ་པ་འདིའི་མི་རྣམས་ཚེ་ལོ་བཞི་ཁྲིའི་སྐབས་དང༌། གསེར་ཐུབ་དང་རྒྱུད་གཅིག་པའི་བྱང་ཆུབ་སེམས་དཔའ་དེས་སུམ་ཁྲིའི་སྐབས། འོད་སྲུང་དང་རྒྱུད་གཅིག་པའི་བྱང་ཆུབ་སེམས་དཔའ་དེས་ཉིས་ཁྲིའི་སྐབས། བྱམས་པ་དང་རྒྱུད་གཅིག་པའི་བྱང་ཆུབ་སེམས་དཔའ་དེས་དུས་ཀྱི་ཁུགས་པ་རྗེས་མའི་ཚེ་ལོ་བརྒྱད་ཁྲིའི་སྐབས་ལ་སོགས་པ་རིམ་གྱིས་བཟུང་སྟེ་རྩོད་ལྡན་ཚེ་ལོ་བརྒྱ་པ་དེ་སུས་ཀྱང་མ་བཟུང་བར་ལུས་པ་ན་སྟོན་པ་ཤཱཀྱ་ཐུབ་པ་དང་རྒྱུད་གཅིག་པའི་བྱང་ཆུབ་སེམས་དཔའ་དེས་ཐུགས་བརྩེ་ལྷག་པར་བསྐྱེད་དེ་སྙིང་སྟོབས་ཆེན་པོས་དེ་བཞིན་གཤེགས་པ་རིན་ཆེན་སྙིང་པོའི་སྤྱན་སྔར་བྱང་ཆུབ་སེམས་དཔའ་གཞན་སུས་ཀྱང་བདག་གིར་མ་བཟུང་བའི་རྩོད་ལྡན་ཚེ་ལོ་བརྒྱ་པའི་ཞིང་འདི་ཁོ་བོས་བདག་གིར་བཟུང་ངོ་ཞེས་གསོལ་བས། དེ་བཞིན་གཤེགས་པ་རིན་ཆེན་སྙིང་པོས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྲམ་ཟེ་རྒྱ་མཚོའི་རྡུལ་ལ་མེ་ཏོག་ཐམས་ཅད་ཀྱི་ནང་ནས་པདྨ་དཀར་པོ་ཁྱད་པར་དུ་འཕགས་པ་ལྟར་ཁྱོད་ནི་བྱང་ཆུབ་སེམས་དཔའ་སྟོང་གི་ནང་ནས་ཁྱད་པར་དུ་འཕགས་སོ་ཞེས་ལུང་བསྟན་ཅིང་དབུགས་དབྱུང་བ་མཛད་པ་ཡིན་པས། ཕྱིས་རབས་ཀྱི་གདུལ་བྱ་རྣམས་ཀྱིས། པད་དཀར་ལྟར་བསྔགས་རྣམ་འདྲེན་ཤཱཀྱའི་ཏོག། ཅེས་བསྟོད་པ་དོན་ལ་གནས་སོ།། རྣམ་འདྲེན་བཞི་པ་ཤཱཀྱ་ཐུབ་པ་ནི་རྒྱལ་རིགས་སུ་འཁྲུངས་ཤིང༌། དགུང་ལོ་ཉེར་དགུར་སོན་པ་ན་ངེས་འབྱུང་གི་བསམ་པས་བསྐུལ་ཏེ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང༌། ལོ་དྲུག་དཀའ་བ་སྤྱད། དེ་ནས་རྡོ་རྗེ་གདན་གྱི་སྤོ་ལ་མངོན་པར་རྫོགས་པར་སངས་རྒྱས་པའི་མཛད་པ་བསྟན་ནས་ཡུལ་ཝཱརཱཎསཱིར་བྱོན་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད་དོ།།

རྣམ་འདྲེན་བཞི་པའི་བསྟན་པ་ལོ་ལྔ་བརྒྱ་ཕྲག་བཅུ་གནས་པར་འགྱུར་བའི་ནང་ནས་ལྔ་བརྒྱ་ཕྲག་ལྔ་ལྷག་འདས་ཟིན་ཞིང༌། ཕྲག་ལྔ་མ་ཟིན་ཙམ་སླད་དུ་ཡོད་པས་ད་ལྟའི་སྐབས་འདིར་ཤཱཀྱ་ཐུབ་པའི་བསྟན་པའི་གནས་ཚད་ཀྱི་དུས་ཚོད་ཕྱེད་མཚམས་སུ་གནས་ཡོད།

ཐེག་པ་ཆེན་པོའི་ལུགས་ལ་ཤཱཀྱ་ཐུབ་པས་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར་བ་བཞེད་ཀྱང༌། ཉན་ཐོས་སྡེ་པ་རྣམས་ཀྱིས་ཆོས་ཀྱི་འཁོར་ལོ་གཅིག་ལས་མང་བ་མི་བཞེད། གང་ལྟར་ཐེག་པ་ཐམས་ཅད་མཐུན་པར་སྟོན་པ་མངོན་པར་རྫོགས་པར་སངས་རྒྱས་ནས་མྱ་ངན་ལས་འདས་པའི་མཛད་པ་མ་བསྟན་གྱི་བར་ལོ་བཞི་བཅུ་ལྷག་གི་རིང་གནས་དུ་མར་གདུལ་བྱ་སྣ་ཚོགས་ལ་ཆོས་ཀྱི་རྣམ་གྲངས་མཐའ་ཡས་པ་ཞིག་གསུངས་པ་དང༌། དེ་ལྟར་ལེགས་པར་གསུངས་པའི་ཆོས་ཀྱི་བདུད་རྩི་ཐོག་མ་དེ་གྲོང་ཁྱེར་གསལ་ལྡན་གྱི་ཉེ་འདབས་དྲང་སྲོང་སྨྲ་བ་རི་དྭགས་ཀྱི་ནགས་ཞེས་ད་ལྟ་སཱརནཱཐར་གྲགས་པའི་གནས་འདི་ཉིད་དུ་འཇོ་བར་བཞེད་པ་ལ་མི་མཐུན་པ་མེད། དེའང་སྟོན་པ་མངོན་པར་རྫོགས་པར་སངས་རྒྱས་ནས་བདུན་ཕྲག་བདུན་གྱི་བར་ཅང་མི་གསུང་བར་རྡོ་རྗེ་གདན་དུ་བཞུགས་ཤིང༌། ༼ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས།། བདུད་རྩི་ལྟ་བུའི་ཆོས་ཤིག་ཁོ་བོས་རྙེད།། སུ་ལ་བསྟན་ཀྱང་གོ་བར་མི་ནུས་པས།། མི་སྨྲ་ནགས་ཀྱི་འདབས་སུ་གནས་པར་བྱ།།༽༦ ཞེས་དགོངས་ཏེ་ཐུགས་ལས་ཆུང་ངུར་བཞུགས་པ་དང༌། དེའང་ཟབ་ཅིང་སྤྲོས་པ་དང་བྲལ་བའི་འོད་གསལ་འདུས་མ་བྱས་ཀྱི་ཆོས་བདུད་རྩི་ལྟ་བུ་དེ་བཞིན་གཤེགས་པ་རང་ཉིད་ཀྱིས་ཐུགས་ཉམས་སུ་མྱོང་བའི་སྨྲ་བསམ་བརྗོད་མེད་ཀྱི་དངོས་པོ་དེ་གདུལ་བྱ་རྣམས་ལ་བསྟན་ཀྱང་གོ་མི་ནུས་སྙམ་པའི་དགོངས་ཚུལ་ཞིག་བྱུང་བ་ན་མི་མཇེད་ཀྱི་བདག་པོ་ཚངས་པ་དང༌། ལྷ་ཡི་དབང་པོ་བརྒྱ་བྱིན་གཉིས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བར་ཡང་ནས་ཡང་དུ་གསོལ་བ་བཏབ་པ་ལ་བརྟེན་ནས་ཆོས་འཁོར་བསྐོར་བ་ཞལ་གྱིས་བཞེས་ཤིང༌། དེའི་ཆེད་སྣོད་དུ་རུང་བའི་གདུལ་བྱ་གང་དུ་ཡོད་གཟིགས་པ་ན་སྔོན་བྱང་ཆུབ་སེམས་དཔའ་ལོ་དྲུག་དཀའ་བ་སྤྱད་པའི་སྐབས་ཉེ་གནས་སུ་ཡོད་པའི་རྟ་ཐུལ་དང༌། ཀཽཎྜན྄ཡ་ལ་སོགས་པ་དགེ་སྦྱོང་ལྔ་སྡེ་དེ་དག་ད་ལྟ་དྲང་སྲོང་སྨྲ་བ་རི་དྭགས་ཀྱི་ནགས་སུ་གནས་པར་མཁྱེན་ནས་རྡོ་རྗེ་གདན་ནས་གསལ་ལྡན་དུ་བྱོན་ཏེ་ཆོས་ཀྱི་བདུད་རྩི་བགོ་བཤའ་ཐོག་མ་དེ་སཱརནཱཐར་འབྱེད་པར་མཛད་པས། རྣམ་འདྲེན་བཞི་པའི་ལེགས་གསུང་བདུད་རྩིའི་རྒྱུན།། ཐོག་མར་འཇོ་བའི་གནས་མཆོག་གསལ་ལྡན་ཞིང༌།། ཞེས་པའི་ཚིགས་རྐང་གཉིས་བྱུང༌།

ནང་པའི་མདོ་སྡེ་རྣམས་སུ་གསུང་ཚུལ་ལ་གཞིག་ན་ཡུལ་ཝཱརཱཎསིའ་ཞེས་པ་དེ་ཡུལ་ལྗོངས་ཆེན་པོ་ཞིག་གི་མིང་ཡིན་པ་དང༌། དེའི་ནང་གི་གྲོང་ཁྱེར་བྱེ་བྲག་པ་ཞིག་ལ་ཀཱཤིའ་སྟེ་གསལ་ལྡན་ཟེར་བའི་མིང་ཐོགས་པ་ལྟ་བུ་མངོན། གང་ལྟར་སཱརནཱཐ་སྟོན་པའི་ཆོས་འཁོར་སྐོར་དུས་གསལ་ལྡན་གྱི་ཆ་ཤས་སམ། ཁོངས་སུ་གཏོགས་པ་ཞིག་ཡིན། རྒྱ་ཆེ་རོལ་བའི་མདོ་དང༌། མངོན་པར་འབྱུང་བའི་མདོ་ལ་སོགས་པའི་ནང་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སམ། ཡང་ན་དྲང་སྲོང་སྨྲ་བ་རི་དྭགས་ཀྱི་ནགས་ཞེས་པ་དེ་ཡུལ་གསལ་ལྡན་གྱི་ཁོངས་སུ་བརྩིས་ཡོད། ཡིན་ནའང་ཧིནྡཱུའི་ཆོས་ལུགས་པ་རྣམས་ཀྱིས་ཀཱཤིའ་ཡུལ་ཞེས་པ་གང་གི་ནང་དུ་ཤི་ན་ཐད་ཀར་ལྷ་ཡུལ་དུ་སྐྱེ་བར་བཤད་པའི་ཡུལ་དེ་ནི་ད་ལྟའི་གནས་སྐབས་སུ་ཨཱཤཱཔུར་ཞེས་པའི་བཞི་མདོར་མ་སླེབས་སྔོན་ཙམ་དུ་པཾཅཀྲོཤིའ་སྟེ་རྒྱང་གྲགས་ལྔ་པ་ཞེས་པའི་བསྐོར་ལམ་དེའི་ནང་ཚུད་པའི་ས་ཁུངས་རྐྱང་པར་བརྩིས་པ་ཡིན་སྟབས། དེ་དང་བསྟུན་ན་སཱརནཱཐ་ནི་གསལ་ལྡན་གྱི་ས་མཚམས་ཀྱི་ཕྱི་རོལ་དུ་གནས་ཡོད། སྟོན་པ་རྡོ་རྗེ་གདན་ནས་སཱརནཱཐར་ཕེབས་སྐབས་ལམ་དུ་ག་གོན་དང་བཟང་པོ་ཟེར་བའི་ཚོང་པ་གཉིས་མཇལ་བའི་སྐབས་སུ་བཅོམ་ལྡན་འདས་གང་དུ་གཤེགས་ཞུས་པ་ན། ཡུལ་ཝཱརཱཎསིའ་གསལ་ལྡན་གྱི་གྲོང་དུ་གཤེགས་ནས་འཇིག་རྟེན་གྱི་མུན་པ་བསལ་བའི་ཆེད་ཆོས་ཀྱི་འཁོར་ལོ་བསྐོར་བར་བཞེད་པ་ཡིན་ཞེས་གསུངས་པ་དང༌། དེ་བཞིན་རྒྱ་ཆེར་རོལ་པའི་མདོར་ཡང་ བྱགསལ་ལྡན་གྱི་གྲོང་དུ་འགྲོབྱ ཞེས་པའི་ཚིགས་བཅད་མང་པོ་ཡོད།

ཆོས་ཀྱི་འཁོར་ལོ་དང་པོ་བདེན་བཞི་ཆོས་འཁོར་སྐོར་བའི་དུས་དེའང་བོད་དུ་ཡོངས་གྲགས་སྟོན་པ་མངོན་པར་རྫོགས་པར་སངས་རྒྱས་ནས་བདུན་ཕྲག་བདུན་ཚང་བའི་ཉིན་ཕྱི་མ་དེ་རང་ལ་ངོས་འཛིན་བྱས་ཏེ་ས་ག་ཟླ་བའི་ཚེས་བཅོ་ལྔ་ལ་མངོན་པར་རྫོགས་པར་སངས་རྒྱས་ནས་ཞག་ཞེ་དགུ་འདས་པའི་རྗེས་ཆུ་སྟོད་ཟླ་བ་སྟེ་བོད་ཟླ་དྲུག་པའི་ཚེས་བཞི་ལ་བརྩིས། ས་ག་ཟླ་བའི་ཚེས་བཅོ་ལྔ་ནས་རགས་རྩིས་བྱས་ན་བདུན་ཕྲག་བདུན་གྱི་ཉིན་ཞག་ ༤༩ དེ་དྲུག་པའི་ཚེས་གསུམ་ལ་ཚང་བ་དང༌། དེའི་ཉིན་ཕྱི་མ་དྲུག་པའི་ཚེས་བཞི་དེ་ཆོས་འཁོར་དུས་ཆེན་དུ་འདོད་དེ་སྲུང་རྩི་ཞུ་སྲོལ་ཡོངས་གྲགས་དར་ཁྱབ་ཏུ་ཡོད། དེ་ལྟ་ནའང་བོད་ཀྱི་སྔ་རབས་ཀྱི་མཁས་པ་འགས་དྲུག་པའི་ཚེས་ལྔ་དང༌། ཡང་འགའ་ཞིག་གིས་དྲུག་པའི་ཚེས་དྲུག་ལ་བཞེད་མཁན་ཡོད་པར་ཀུན་མཁྱེན་འཇམ་དབྱངས་བཞད་པས་གསུངས་མོད། རྒྱུ་མཚན་གང་ཡིན་མ་མཇལ། གནས་བརྟན་སྡེ་པ་ཚོས་ནི་སྟོན་པ་སངས་རྒྱས་ནས་བདུན་ཕྲག་བདུན་རྫོགས་པའི་བར་རྡོ་རྗེ་གདན་རང་དུ་བཞུགས་པ་དང༌། དེ་ནས་སཱརནཱཐར་འབྱོར་བའི་བར་ལམ་དུ་ཉིན་བརྒྱད་འགོར་བ་དང༌། རྡོ་རྗེ་གདན་ནས་སྟེང་རྒྱས་འོད་སྲུང་གི་བསྟི་གནས་བར་ཉིན་གཅིག ཝཱརཱཎསིའ་ནས་སཱརནཱཐ་བར་ཉིན་གཅིག སཱརནཱཐར་ལྔ་སྡེ་མཇལ་ནས་ཕྱི་ཉིན་སྔ་དྲོ་ཆོས་འཁོར་དང་པོ་བསྐོར་བའི་བར་ཉིན་གཅིག་སྟེ་ཉིན་བཅུ་གཅིག་གི་གྲངས་ངེས་ཅན་བརྩི་རྒྱུ་ཡོད་པ་དང༌། དེའི་ཕྱི་ཉིན་དྲུག་པའི་ཚེས་བཅོ་ལྔ་ཟླ་བ་ཉ་གང་བའི་ཉིན་ཆོས་ཀྱི་འཁོར་ལོ་བསྐོར་བར་འདོད། ཐེག་ཆེན་པས་ཀྱང་རྒྱ་ཆེར་རོལ་པ་སོགས་མདོ་ནས་གསུངས་པ་རྣམས་སྒྲ་ཇི་བཞིན་པར་བཟུང་སྟེ་རྡོ་རྗེ་གདན་ནས་ཝཱརཱཎསིའའི་བར་ཇི་ལྟར་ཕེབས་པའི་བྱུང་བ་རྣམས་ཐུན་མོང་སྣང་ཚུལ་དང་མཐུན་པ་ཞིག་ཁས་བླངས་ཕྱིན་ཆོས་འཁོར་དང་པོ་བསྐོར་བའི་དུས་ཚེས་བཅོ་ལྔ་ལ་འདོད་ན་བྱུང་རིམ་གུང་འགྲིག་པ་མ་ཟད། སྟོན་པའི་མཛད་པ་གལ་ཆེ་བ་གཞན་མང་པོ་ཞིག་ཟླ་བ་ཉ་བའི་སྐབས་མཛད་པ་ལ་རྗེས་སུ་དཔག་ན་འདི་ཉིད་འཐད་དམ་སྙམ། དེང་དུས་རྒྱ་གར་གྱི་ཧིནྡཱུའི་ཆོས་ལུགས་པ་རྣམས་ཀྱིས་ཀྱང་ཆུ་སྟོད་ཟླ་བའི་ཉ་ལ་གུརཱུཔུརྞིམཱ་སྟེ་བླ་མའི་ཉ་བ་ཞེས་འདོད་དེ་སྲུང་རྩི་བྱ་སྲོལ་འདུག་པ་འདི་ཡང་ནང་པའི་ཤན་ཞུགས་པ་ཞིག་ཡིན་པའི་བཤད་ཚུལ་འདུག་པའང་དཔྱད་གཞིར་འོས་པར་མཐོང༌། སྟོན་པ་སངས་རྒྱས་ནས་བདུན་ཕྲག་བདུན་གྱི་བར་རྡོ་རྗེ་གདན་དུ་བཞུགས་པར་གསུངས་པའི་མདོ་སྡེ་རྣམས་སྒྲ་ཇི་བཞིན་པར་བཟུང་བཞིན་དུ་དྲུག་པ་ཚེས་བཞི་བདེན་བཞི་ཆོས་འཁོར་གྱི་དུས་ཆེན་དུ་འདོད་ན་རྡོ་རྗེ་གདན་ནས་ཝཱརཱཎསཱིའི་བར་གྱི་ལམ་བར་གྱི་བྱུང་རིམ་དང༌། ལྔ་སྡེ་དང་ཐོག་མར་ཕྱི་དྲོ་མཇལ་ཞིང༌། ཉིན་རྗེས་མ་ཆོས་འཁོར་བསྐོར་བར་བཤད་པ་སོགས་མང་པོ་ཞིག་དྲང་དོན་དུ་འགྲེལ་དགོས། གང་ལྟར་ཆོས་འཁོར་དང་པོ་བསྐོར་བའི་ཚེས་གྲངས་ལ་འདོད་ཚུལ་མི་མཐུན་པ་མང་ནའང༌། བསྐོར་བའི་ཡུལ་སཱརནཱཐ་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་ཡིན་པ་དེ་ཐམས་ཅད་ཀྱིས་མཐུན་པར་ཁས་བླངས་པ་མ་ཟད། ཉན་ཐོས་སྡེ་པ་རྣམས་ཀྱིས་ཆོས་ཀྱི་འཁོར་ལོ་ཞེས་པ་དེ་བདེན་བཞི་ཆོས་འཁོར་ཁོ་ན་ལ་འདོད་པས། ཆོས་འཁོར་དང་པོའི་ཐ་སྙད་མེད་ནའང༌། ཤཱཀྱ་ཐུབ་པས་ཆོས་ཐོག་མ་གསུང་ས་དེ་སཱརནཱཐ་ཡིན་པར་མི་མཐུན་པ་མེད། དེ་ལ་བརྟེན་ནས་རིགས་ཀྱི་གླུ་འདིའི་ནང་དུའང་ཆོས་ཀྱི་འཁོར་ལོ་དང་པོ་བསྐོར་བའི་གནས་ཞེས་མ་སྨོས་པར་ཆོས་ཐོག་མ་གསུངས་པའི་གནས་ཞེས་སྨོས་པ་ནི་ཐེག་པ་ཐམས་ཅད་ཀྱི་ཐུན་མོང་དུ་ཁས་བླངས་འོས་པའི་ཚིག་བརྗོད་ཅིག་སྦྱར་ཡོད། ཉན་ཐོས་སྡེ་པ་རྣམས་ཀྱིས་དེ་བཞིན་གཤེགས་པས་སངས་རྒྱས་ནས་མྱ་ངན་ལས་མ་འདས་བར་ཆོས་ཀྱི་རྣམ་གྲངས་ཤིན་ཏུ་མང་པོ་ཞིག་གསུངས་ཡོད་ནའང༌། བདེན་བཞི་ཆོས་འཁོར་ཁོ་ན་ལ་མ་གཏོགས་ཆོས་ཀྱི་འཁོར་ལོ་ཞེས་པའི་ཐ་སྙད་མི་འཇུག་པར་འདོད། དེའི་རྒྱུ་མཚན་ཡང་བདེན་བཞི་ཆོས་འཁོར་ནི་འཁོར་ལོའི་སྒྱུར་བའི་རྒྱལ་པོའི་འཁོར་ལོ་དང་ཆོས་མཚུངས་པ་དང༌། དེ་གསུངས་པའི་སྐབས་གནོད་སྦྱིན་རྣམས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་རོ་ཞེས་སྒྲ་སྒྲོགས་པའི་ཕྱིར་ཞེས་བཤད། དེ་ལྟར་ཡང་མངོན་པ་མཛོད་ལས། ༼ཆོས་ཀྱི་འཁོར་ལོ་མཐོང་བའི་ལམ།། མྱུར་བར་འགྲོ་སོགས་རྩིབས་སོགས་ཀྱིས།།༽༧ ཞེས་སོགས་གསུངས། ཐེག་ཆེན་པ་རྣམས་ཀྱིས་ནི་སྟོན་པ་ཤཱཀྱ་ཐུབ་པས་སངས་རྒྱས་ནས་མྱ་ངན་ལས་འདའ་བའི་མཛད་པ་མ་བསྟན་གྱི་བར་འཁོར་གྱི་འདུ་བ་རིམ་པ་གསུམ་དང༌། ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་བཅས་བཤད། དེའང་འཁོར་ལོ་དང་པོ་བདེན་བཞིའི་ཆོས་འཁོར་ཡུལ་ཝཱརཱཎསཱིའི་དྲང་སོང་སྨྲ་བ་རི་དྭགས་ཀྱི་ནགས་སུ་བསྐོར་བ་དང༌། འཁོར་ལོ་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་ཡུལ་རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི་ལ་བསྐོར་བ་དང༌། འཁོར་ལོ་གསུམ་པ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་ཡུལ་ཡངས་པ་ཅན་དུ་བསྐོར་བར་འདོད། དེ་དག་སྐོར་བའི་དུས་ཀྱང་བདེན་བཞི་ཆོས་འཁོར་སྐོར་བའི་དུས་ནི་གོང་དུ་བཤད་པ་ལྟར་ཚེས་གྲངས་ཀྱི་ཁྱད་པར་ཙམ་མ་གཏོགས།

སྟོན་པ་མངོན་པར་རྫོགས་པར་སངས་རྒྱས་པའི་དབྱར་དེ་རང་ལ་ཡིན་པ་ཐམས་ཅད་ཀྱིས་བཞེད། འཁོར་ལོ་བར་པ་སྐོར་བའི་དུས་ཀྱི་གསལ་ཁ་ལུང་ཁུངས་མ་མཇལ་ཡང༌། རིགས་པས་དཔྱད་ན་ཇི་ཙམ་སྔ་ཡང་སྟོན་པ་སངས་རྒྱས་ནས་ལོ་བདུན་ཙམ་སོང་བའི་རྗེས་ལ་ཡིན་དགོས་པ་འདྲ་བ་ཞིག་ཡོད། བོད་ཀྱི་མཁས་པ་ཚད་ལྡན་འགས་སྟོན་པ་དགུང་ལོ་ང་བདུན་བཞེས་པ་ན་མཉན་ཡོད་དུ་ཆོ་འཕྲུལ་བསྟན་པ་དང༌། དེའི་རྗེས་སུ་བྱ་རྒོད་ཕུང་པོ་རིར་ཆོས་འཁོར་བར་པ་བསྐོར་བར་བཞེད། དེ་ལྟ་ན་སངས་རྒྱས་ནས་ཉུང་མཐར་ལོ་ཉེར་གཉིས་ཙམ་སོང་བའི་རྗེས་སུ་ཡིན་དགོས་པ་དང༌། ཡང་མཁས་པ་འགས་གཙུག་ལག་རྩིས་ཀྱི་ལམ་ནས་སྟོན་པ་མྱ་ངན་ལས་འདའ་བའི་ལོ་དེའི་ནག་པའི་ཉ་ལ་འཁོར་ལོ་བར་པ་བསྐོར་བར་ནན་གྱིས་བསྒྲུབས་འདུག་ཀྱང༌། དེ་ལྟ་ན་འཁོར་ལོ་མཐའ་མའི་དུས་བཞག་དཀའ་བས་བྱུང་བ་རིག་པ་དང་མི་མཐུན། འཁོར་ལོ་མཐའ་མ་སྐོར་བའི་དུས་ནི་སྟོན་པ་ས་ག་ཟླ་བའི་ཉ་ལ་མྱ་ངན་ལས་འདའ་བའི་མཛད་པ་བསྟན་རྒྱུའི་ཟླ་བ་གཅིག་གི་སྔོན་ནག་པ་ཟླ་བའམ་བོད་ཟླ་གསུམ་པའི་ཚེས་བཅོ་ལྔ་ལ་བསྐོར་བར་བཞེད་པ་དང༌། ཡང་སྟོན་པ་མྱ་ངན་ལས་འདའ་རྒྱུའི་ལོ་འགའ་ཤས་ཀྱི་སྔོན་ལ་བསྐོར་བར་བཞེད་པ་སོགས་མི་འདྲ་བ་དུ་མ་ཡོད་མོད། མདོ་རྒྱུད་མང་པོའི་ཚིག་ཟིན་ལ་བལྟས་ན་འཁོར་ལོ་བར་མཐའ་གཉིས་ཀྱི་དུས་ཚིགས་ངེས་ཅན་འཇོག་ཐུབ་པ་ཞིག་དཀའ་ཙམ་ཡོང་བས་གསང་བ་བསམ་གྱིས་མི་ཁྱབ་པའི་རྣམ་ཐར་ཡིན་པས་བརྗོད་པར་དཀའ་འོ་ཞེས་བཞག་ན་ཀླན་ཀ་ཉུང་ངམ་སྙམ།

དེ་ལྟར་སངས་རྒྱས་ཀྱི་ཆོས་ཀྱི་བདུད་རྩི་ཐོག་མར་འཇོ་བའི་གནས་མཆོག་གསལ་ལྡན་ཞིང་གི་དྲང་སྲོང་སྨྲ་བའི་ནགས་ཀྱི་འདབས་སུ་གཙུག་ལག་སློབ་ཁང་འདི་གནས་པར་སྟོན་པའི་རྐང་པ་གསུམ་པ། དྲང་སྲོང་སྨྲ་བའི་ནགས་ཀྱི་མཐར་གནས་པའི།། ཞེས་པ་འདི་བྱུང་ཞིང༌། འདིའི་ཚིག་དོན་ཡང་ཐེག་པ་ཆེ་ཆུང་གི་མདོ་དང༌། བསྟན་བཅོས་རྣམས་སུ་བདེན་བཞི་ཆོས་འཁོར་བསྐོར་བའི་གནས་ལ་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་དང༌། དྲང་སྲོང་སྨྲ་བ་རིེ་དྭགས་ཀྱི་ནགས་ཞེས་བརྗོད་ཚུལ་མི་འདྲ་བ་གཉིས་སྣང་ཞིང༌། དེང་སང་ཉན་ཐོས་སྡེ་པར་ཡོངས་སུ་གྲགས་པ་ནི་དྲང་སྲོང་ལྷུང་བ་ཞེས་པ་འདི་ཡིན་ཏེ། ལེགས་སྦྱར་གྱི་སྐད་ལ་རྀཥིཔཏནམྲྀགདཱཡ་ཞེས་པ་པཱལིའི་ནང་ཅུང་ཟད་ཟུར་ཆག་སྟེ་ཨིསིཔཏནམིགདཱབ་ཞེས་བརྗོད། སྐབས་འགར་ལེགས་སྦྱར་གྱི་སྐད་དུ་པཏན་ཞེས་པའི་ཚབ་ཏུ་བདན་ཞེས་བརྗོད་དེ་རྀཥིབདནམྲྀགདཱཡ་སྟེ་དྲང་སྲོང་སྨྲ་བ་རི་དྭགས་ཀྱི་ནགས་ཞེས་པའང་གསུང་རབ་མང་པོར་གསལ།

བོད་སྐད་དུ་བསྒྱུར་བའི་བཀའ་བསྟན་དང་བོད་གཞུང་རྣམས་སུའང་དྲང་སྲོང་ལྷུང་བ་དང་དྲང་སྲོང་སྨྲ་བ་གཉིས་ཀ་ཅི་རིགས་སུ་བྱུང་བ་ལྟར་རིགས་ཀྱི་གླུ་འདིར་ཡང་དྲང་སྲོང་སྨྲ་བ་ཞེས་བཀོད་ཡོད། དེའང་བསྟན་བཅོས་རྣམས་སུ་དྲང་སྲོང་ལྷུང་བའི་ཚིག་དོན་འཆད་སྐབས་སངས་རྒྱས་ཤཱཀྱ་ཐུབ་པ་འཇིག་རྟེན་དུ་མ་བྱོན་པའི་སྔོན་ཙམ་དུ་ད་ལྟའི་སཱརནཱཐའི་ས་གནས་འདི་ཝཱརཱཎསཱིའི་ཡུལ་གྱི་རྒྱལ་པོའི་སྲུང་སྐྱོབ་འོག་གནས་པའི་རི་དྭགས་མང་པོ་བག་ཕེབས་སུ་རྒྱུ་བའི་ནགས་ཚལ་དབེན་པ་ཞིག་ཡིན་པས། རང་སངས་རྒྱས་ལྔ་བརྒྱ་ཙམ་གནས་བཅས་ཏེ་བཞུགས་པ་ན་ནམ་མཁའ་ནས་དགའ་ལྡན་གྱི་གནས་ནས་ལྷའི་བུ་དམ་པ་ཏོག་དཀར་གཟིགས་པ་རྣམ་པ་ལྔ་པ་ལ་གཟིགས་ཏེ་སེར་སྐྱའི་གཞིར་ཡུམ་སྒྱུ་མ་ལྷ་མཛེས་ཀྱི་ལྷུམས་སུ་ཞུགས་ཏེ་རིང་པོར་མི་ཐོགས་པར་མཆོག་གི་སྤྲུལ་སྐུའི་མཛད་པ་བསྟན་པར་འགྱུར་རོ་ཞེས་ལྷ་རྣམས་ཀྱིས་བསྒྲགས་པ་རང་སངས་རྒྱས་དེ་རྣམས་ཀྱིས་གསན་ཏེ་ཀྱེ་མ་ད་ནི་འུ་ཅག་མྱ་ངན་ལས་འདའ་བའི་དུས་ལ་བབས་སོ་དགོངས་ནས་ནམ་མཁར་འཕགས་ཏེ་རྫུལ་འཕྲུལ་གྱི་ཆོ་འཕྲུལ་དུ་མ་བསྟན་ནས་མྱ་ངན་ལས་འདས་ཤིང༌། སྐུ་ཕུང་རྣམས་ཀྱང་ཏིང་ངེ་འཛིན་གྱི་མེས་བར་སྣང་དུ་བསྲེགས་པའི་རུས་ཐལ་རྣམས་ལྷུང་བས་སྐྱེ་བོ་རྣམས་ཀྱིས་དྲང་སྲོང་ལྷུང་ངོ་ཞེས་བརྗོད་པས་དྲང་སྲོང་ལྷུང་བའི་མིང་ཆགས་པར་གསུངས་པ་དང༌། ཡང་དྲང་སྲོང་སྨྲ་བ་ཞེས་བརྗོད་ཚེ། གནས་དེར་དྲང་སྲོང་མང་པོ་རྒྱུན་དུ་བཞུགས་ཤིང༌། དེ་དག་ཕན་ཚུན་ཆོས་ཀྱི་བགྲོ་གླེང་དང་གཞན་ལ་ཆོས་སྟོན་པ་ལ་སོགས་པའི་སྨྲ་བརྗོད་ཀྱི་སྒྲ་རྒྱུན་མི་ཆད་པར་སྒྲོགས་པའི་གནས་ཤིག་ཡིན་པས་དྲང་སྲོང་སྨྲ་བ་ཞེས་ཐོགས་ཞེས་བཤད། གང་ལྟར་བཤད་ཚུལ་འདི་གཉིས་ཀ་དེང་རབས་པ་རྣམས་ཀྱིས་ཆོས་སྒྲུང་ (Mythology) ཙམ་ལས་བྱུང་རབས་སུ་མི་བརྩི་ཡང༌། སྲོལ་རྒྱུན་པ་མང་པོས་བྱུང་རབས་སུ་ཡིད་ཆེས་བྱེད་པའང་ཡོད།

ལེགས་སྦྱར་དུ་༼པཏན་༽དང་༼བདན་༽གཉིས་ཡི་གེ་འདྲ་བས་ཡིག་ནོར་གྱུར་པའང་སྲིད་སྙམ།

རང་སངས་རྒྱས་ཞེས་པ་ནི་སྤྱིར་སངས་རྒྱས་ཀྱི་ཆོས་ལ་ཐོས་བསམ་གྱིས་ཞུགས་ཏེ་ཉོན་མོངས་པའི་སྒྲིབ་པ་ཐམས་ཅད་སྤངས་པའི་ཐེག་དམན་དགྲ་བཅོམ་གྱི་གོ་འཕང་ཐོབ་པ་སྤང་བྱ་སྤོང་ཚུལ་གྱི་ཆ་ནས་ཉན་ཐོས་དགྲ་བཅོམ་དང་ཁྱད་པར་མེད་ནའང༌། བསོད་ནམས་ཀྱི་ཚོགས་མང་བ་དང༌། སྲིད་པ་ཐ་མ་བ་སྟེ་དགྲ་བཅོམ་པའི་གོ་འཕང་འཐོབ་པར་འགྱུར་བའི་ལུས་རྟེན་དེ་སངས་རྒྱས་འབྱུང་བ་མེད་པའི་ས་ཕྱོགས་ཏེ་སངས་རྒྱས་ཀྱི་བསྟན་པ་མི་གནས་པའི་ཞིང་ཁམས་སུ་སྐྱེས་ནས་དགེ་བའི་བཤེས་གཉེན་གཞན་གྱིས་ཆོས་བསྟན་པ་ལ་མ་ལྟོས་པར་རང་སྟོབས་ཀྱིས་ལམ་བསྒོམས་ཏེ་ཉོན་སྒྲིབ་སྤངས་པའི་ཐར་པའི་གོ་འཕང་འཐོབ་པར་བྱེད་པ་ཡིན་པས་རང་སངས་རྒྱས་ཞེས་བརྗོད། དེ་ལྟར་ཡང༌། ཟབ་མོ་རྟེན་འབྲེལ་བཅུ་གཉིས་ལེགས་བསྒོམས་པས།། རང་བྱུང་རང་སངས་རྒྱས་ཀྱི་ཡེ་ཤེས་ནི།། བརྟེན་པ་མེད་པའི་ཚུལ་གྱིས་ཐུགས་ཆུད་པའི།། འཕགས་པ་རང་རྒྱལ་་་་་༌།། ཞེས་གསུངས་པ་ལྟར་རོ།།

འཁོར་ལྔ་སྡེ་བཟང་པོའམ་དགེ་སློང་ལྔ་སྡེ་ཞེས་གྲགས་པ་དེ་ནི་ཐོག་མ་རྒྱལ་སྲས་དོན་གྲུབ་གཡཱའི་ཆུ་བོ་ནཻརཉ྄ཛནའི་འགྲམ་དུ་ལོ་དྲུག་རིང་དཀའ་ཐུབ་ཀྱིས་བཞུགས་པའི་སྐབས་རྒྱལ་སྲས་ཀྱི་མཛད་སྤྱོད་དང་མཚུངས་པའི་ཉེ་གནས་དགེ་སྦྱོང་ཡབ་རྒྱལ་པོ་ཟས་གཙང་གིས་བཏང་བ་གསུམ་དང༌། ཤཱཀྱ་ལེགས་པ་རབ་སད་ཀྱིས་བཏང་བ་གཉིས་བཅས་ལྔ་པོ་དེ་ཡིན་ཞིང༌། མངོན་པར་འབྱུང་བའི་མདོ་ལས་དྲང་སྲོང་སྒྱུ་རྩལ་ཤེས་ཀྱི་བུ་རིང་ཕུར་གྱི་འཁོར་གསུམ་དང༌། རངས་བྱེད་ཀྱི་བུ་ལྷག་སྤྱོད་ཀྱི་འཁོར་གཉིས་བཅས་གཞོན་ནུའི་རྗེས་སུ་འབྲང་བར་གསུངས། ཁོང་ཚོ་རྒྱལ་སྲས་དོན་གྲུབ་དཀའ་ཐུབ་ལས་མི་ཉམས་པའི་ཆེད་མཐུན་འགྱུར་བྱ་རྒྱུ་ཡིན་ནའང༌། ནམ་ཞིག་ན་རྒྱལ་སྲས་དོན་གྲུབ་ཀྱིས་ལུས་གདུང་བའི་དཀའ་ཐུབ་རྐྱང་པས་སངས་རྒྱས་ཀྱི་གོ་འཕང་བསྒྲུབ་མི་ཐུབ་པར་གཟིགས་ཏེ་དཀའ་ཐུབ་ལས་བཞེངས་ནས་ཞིང་པའི་བུ་མོ་ལེགས་སྐྱེས་མ་ལས་བ་སྟོང་གི་འོ་མ་ཉིང་ཁུར་བྱས་པའི་འོ་ཐུག་བཞེས་ཏེ། འདུལ་བ་ལུང་དང་མངོན་པར་འབྱུང་བའི་མདོ་ལས་འོ་མ་འབུལ་མཁན་ཁྱིམ་བདག་སྡེ་ཅན་གྱི་བུ་མོ་དགའ་མོ་དང་དགའ་སྟོབས་མ་ཡིན་པར་གསུངས། སྐུ་ལུས་ལ་མར་གྱིས་བྱུགས། ནཻརཉ྄ཛནའི་ཆུ་ལ་ཁྲུས་མཛད་དེ་ཁ་ཟས་རགས་པ་ལ་བརྟེན་ནས་སྐུ་ཁམས་གསོ་བར་མཛད་པ་ན་ཉེ་གནས་ལྔ་སྡེའི་བསམ་པར་གཽཏམ་ལོ་དེ་ཙམ་ཞིག་དཀའ་ཐུབ་དྲག་པོ་སྤྱད་ནའང་བདུད་རྩིའི་གོ་འཕང་མ་ཐོབ་པ་དེ་ད་ལྟ་དཀའ་ཐུབ་དང་ཚུལ་ཁྲིམས་ཉམས་ནས་མང་པོ་ཟ་བ་དེས་བདུད་རྩིའི་གོ་འཕང་ག་ནས་འཐོབ། ཉམས་པ་འདིའི་གཡོག་བྱས་པ་ལས་རང་ཉིད་དབེན་པར་སོང་སྟེ་བསམ་གཏན་བསྒོམ་པ་དགའ་སྙམ་ནས་ཝཱརཱཎསཱིར་སོང་སྟེ། དྲང་སྲོང་སྨྲ་བའི་ནགས་སུ་གནས་བཅའ་སྟེ་འདུག་གོ། རྒྱལ་སྲས་དོན་གྲུབ་ཀྱིས་ནི་སྐུ་གཟུགས་གསོས་ཏེ་རྩྭ་ཚོང་བཀྲིས་ལས་རྩྭའི་ཆུན་བུ་བཞེས་པ་དེ་རྡོ་རྗེ་གདན་གྱི་བྱང་ཆུབ་ཤིང་གི་དྲུང་དུ་གདན་ལ་བཏིང་ནས་དཀྱིལ་ཀྲུང་བཅས་ཤིང་སྐུ་གཟུགས་དྲང་པོར་བསྲངས་ནས་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་ཀྱི་བར་དུ་ཅི་ལ་བབས་ཀྱང་དཀྱིལ་ཀྲུང་འདི་མི་བཤིག་སྙམ་པའི་དམ་བཅའ་བརྟན་པོ་དང་བཅས། རྟེན་ཅིང་འབྲེལ་བར་འབྱུང་བ་ལུགས་འབྱུང་དང་ལུགས་ལྡོག་ཏུ་བསྒོམས་ཏེ་སྲོད་ལ་བདུད་བཏུལ། གུང་ལ་མཉམ་པར་བཞག ཐོ་རངས་ཟད་མི་སྐྱེ་ཤེས་པའི་ཡེ་ཤེས་མངོན་དུ་བྱས་ནས་མངོན་པར་རྫོགས་པར་སངས་རྒྱས་པའི་ཚུལ་བསྟན་ཏོ།།

དེའི་སྐབས་སུ་ལྔ་སྡེ་ནི་ཝཱརཱཎསིའར་འབྱོར་ཟིན་ཅིང༌། རྗེས་སུ་དེ་བཞིན་གཤེགས་པ་ཁོང་ཚོར་ཆོས་བསྟན་པའི་ཆེད་རྡོ་རྗེ་གདན་ནས་ཝཱརཱཎསིར་བྱོན་པའི་སྐབས་སུ་ལྔ་སྡེས་དེ་བཞིན་གཤེགས་པ་རྒྱང་རིང་པོ་ནས་བྱོན་པ་མཐོང་སྟེ། དེ་དག་ཕན་ཚུན་དུ་དགེ་སྦྱོང་གཽ་ཏ་མ་སྡོམ་པ་ལྷོད་པ། བྱ་བ་མང་བ། མང་པོས་འཚོ་བ། སྤོང་བ་ཉམས་པ་ལ་སོགས་པ་དེ་འོང་གིས་དེ་ལ་སུས་ཀྱང་གཏམ་སྨྲ་བ་དང༌། ཕྱག་འཚལ་བ་དང༌། ལྡང་བ་དང༌། སྟན་བསྟབ་པར་མི་བྱའོ་ཞེས་ནང་ཁྲིམས་བཅས་མོད། དེ་བཞིན་གཤེགས་པ་བསྐལ་པ་གྲངས་མེད་གསུམ་གྱི་བསོད་ནམས་དང་ཡེ་ཤེས་ཚོགས་ཀྱིས་བསྒྲུབས་པ་ནི་བཟོད་པར་དཀའ་བ་དང༌། བསྙེན་པར་དཀའ་བ་ཡིན་པས་མཚན་དང་དཔེ་བྱད་ཀྱིས་བརྒྱན་ཞིང་འོད་འདོམས་གང་དང་ལྡན་པ་དེ་དངོས་སུ་ལྔ་སྡེའི་ཉེ་འགྲམ་དུ་ཕེབས་པ་ན་གཟི་བྱིན་གྱིས་མ་བཟོད་པར་ནང་ཁྲིམས་རལ་ཏེ་རྟབ་རྟབ་པོར་སྟན་ལས་ལྡང་ནས་འགའ་ཤས་ཀྱིས་བསུ་བ་བྱས་ཤིང༌། འགའ་ཞིག་གིས་བཞུགས་གདན་བཏིང་བ་དང༌། འགའ་ཤས་ཀྱིས་ཞབས་བཀྲུ་བའི་ཆབ་བཞག་པ་ལ་སོགས་པའི་བཀུར་བསྟི་དང་རིམ་གྲོ་ཞུས། དེ་ནས་དེ་བཞིན་གཤེགས་པས་ལྔ་སྡེ་ལ་ཤམ་ཐབས་ཟླུམ་པོར་བགོ་དགོས་པ་སོགས་ཀྱི་བསླབ་བྱ་མང་པོ་མཛད། དེའི་ཕྱི་ཉིན་སྔ་དྲོ་ཝཱརཱཎསཱིའི་ལྗོངས་སུ་བསོད་སྙོམས་མཛད་དེ་སཱརནཱཐར་ཆོས་ཀྱི་འཁོར་ལོ་གང་དུ་བསྐོར་དགོངས་པའི་ཚེ་བསྐལ་པ་འདི་ལ་འབྱོན་པར་འགྱུར་བའི་སངས་རྒྱས་སྟོང་གི་བཞུགས་ཁྲི་ཡོད་པར་གཟིགས་ནས་འདས་པའི་སངས་རྒྱས་གསུམ་གྱི་བཞུགས་ཁྲི་ལ་སྐོར་བ་རེ་མཛད་ནས་རྣམ་འདྲེན་བཞི་པ་རང་ཉིད་ཀྱི་བཞུགས་ཁྲིའི་སྟེང་དུ་བཞུགས་ཏེ་མིའི་འཁོར་ལྔ་སྡེ་དང་ལྷ་ཁྲི་མང་པོར་བདེན་པ་བཞི་ལས་བརྩམས་ཏེ། འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ།། འདི་ནི་ཀུན་འབྱུང་འཕགས་པའི་བདེན་པའོ།། འདི་ནི་འགོག་པ་འཕགས་པའི་བདེན་པའོ།། འདི་ནི་ལམ་འཕགས་པའི་བདེན་པའོ།། ཞེས་སོགས་བདེན་བཞིའི་ངོ་བོ་དང༌། བྱ་བ། འབྲས་བུ་དང་བཅས་པ་ལ་ལན་གསུམ་དང་རྣམ་གྲངས་བཅུ་གཉིས་སུ་བཟླས་ཏེ་ཆོས་ཀྱི་འཁོར་ལོ་ཐོག་མ་བསྐོར་བར་མཛད། དེ་བཞིན་གཤེགས་པས་བདེན་བཞིའི་ངོ་བོ་ལ་བཟླས་པ་གསུངས་པ་ཙམ་གྱིས་ལྔ་སྡེའི་ནང་གི་དབང་པོ་རྣོ་ཤོས་ཀཽཎྜིན྄ཡའི་རྒྱུད་ལ་མཐོང་ལམ་སྐྱེས་པ་དང༌། དེ་མ་ཐག་ཏུ་ནམ་མཁའ་ནས་གནོད་སྦྱིན་རྣམས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་རོ་ཞེས་སྒྲ་བསྒྲགས་སོ།། དེ་ནི་དེ་བཞིན་གཤེགས་པའི་ཐུགས་རྒྱུད་ལ་ཡོད་པའི་ལམ་གྱི་བདེན་པ་དེ་གང་ཟག་གཞན་གྱི་རྒྱུད་ལ་ལམ་བདེན་གསར་དུ་སྐྱེ་བའི་རྐྱེན་བྱས་པ་ཡིན་སྟབས་མར་མེ་གཅིག་ནས་མར་མེ་གཞན་སྤར་བ་བཞིན་དུ་ཆོས་ཀྱི་རྒྱུན་གཅིག་ནས་གཅིག་ཏུ་བསྐོར་བ་ཡིན་པས་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཐ་སྙད་དེ་བྱུང༌། དེ་འདྲའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་གནས་དྲང་སྲོང་སྨྲ་བ་རི་དྭགས་ཀྱི་ནགས་དེ་ནི་ད་ལྟའི་སྐབས་རི་དྭགས་བཀག་སའི་ལྡུམ་ར་དེའི་ཉེ་འབྲེལ་ཞིག་ལ་ཡིན་པར་གདོན་མི་ཟ་ཡང༌། རྣམ་འདྲེན་བཞི་པས་ཆོས་འཁོར་བསྐོར་བའི་བཞུགས་ཁྲི་ཡོད་སའི་ས་མིག་འདིའོ་ཞེས་ད་ལྟ་མཛུབ་མོ་བཙུགས་ཏེ་ངོས་བཟུང་དཀའ་རུང༌། དེང་དུས་མཇལ་དུ་ཡོད་པའི་ཨཱཤོཀའི་མཆོད་རྟེན་གྱི་ཤུལ་དང༌། དྷམ྄མེཀ་མཆོད་རྟེན། དགེ་འདུན་གྱི་ཀུན་དགའ་རྭ་བ་ལ་སོགས་པ་དང༌། སངས་རྒྱས་ཀྱི་བཞུགས་ཡུལ་ལགནྡྷཀུཊཱིབིཧཱར་ལ་སོགས་པ་དེ་དག་ཡོད་ས་དང་ཐག་ཉེ་ཞིག་ཏུ་ཡོད་པར་རྗེས་སུ་དཔོག་ནུས། ས་ཆ་དེ་དག་དྲང་སྲོང་སྨྲ་བའི་ནགས་ཡིན་པར་ངེས་ན་ད་ལྟའི་བོད་ཀྱི་གཙུག་ལག་སློབ་ཁང་གི་ཆགས་ཡུལ་འདི་ནགས་དེའི་མཐའ་མཚམས་ལ་འཁེལ་བ་རྟོགས་ནུས་སོ།། དེ་ལྟ་བས་ན། དྲང་སྲོང་སྨྲ་བའི་ནགས་ཀྱི་མཐར་གནས་པའི།། ཞེས་པའི་ཚིག་དེ་སྙན་ངག་གི་འུད་ལྟ་བུ་མ་ཡིན་པར་དོན་ལ་གནས་པ་ཡིན་ནོ།། དེའང་དྲང་སྲོང་སྨྲ་བའམ་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་ཞེས་བརྗོད་པའི་དྲང་སྲོང་ནི་ཕྱི་ནང་གི་བྱེ་བྲག་མ་ཕྱེ་བར་དྲང་སྲོང་སྤྱི་ལ་གོ་དགོས་ཤིང༌། སངས་རྒྱས་ཀྱི་མཚན་གྱི་ཆ་ཤས་སུ་གྱུར་པའི་དྲང་སྲོང་ཞེས་པའི་ཚིག་ནི་ཆེན་པོ་དང་འབྲེལ་བས་སངས་རྒྱས་ཀྱི་མཚན་གྱི་རྣམ་གྲངས་ཡིན་ནའང༌། ཆེན་པོའི་ཚིག་གྲོགས་དང་མ་འབྲེལ་བའི་དྲང་སྲོང་ཙམ་གྱི་ཚིག་ནི་ཕྱི་རོལ་པའི་བྲམ་ཟེ་དང་ནང་པའི་དགེ་སྦྱོང་སོགས་གྲུབ་པ་བརྙེས་པའི་བདག་ཉིད་ཆེན་པོ་སྤྱི་ཡོངས་ལ་གོ་ཆོག༼དྲང་སྲོང་ཆེན་པོའི་བྱསྒྲ་དོན་ནི་μ་དཔལ་དགེས། ༼དྲང་སྲོང་ཆེན་པོ་ཐུབ་དབང་ལྷའི་ཡང་ལྷས།། དྲང་པོའི་ལམ་ནས་དྲང་པོའི་གོ་འཕང་བརྙེས།། དྲང་པོའི་ལམ་བཟང་འགྲོ་ལ་དྲང་པོར་སྟོན།། དེ་སླད་དྲང་སྲོང་ཆེ་ཞེས་གྲགས་མིན་ནམ།།༽༨ ཞེས་གསུངས་པ་ལྟར། གཞི་ལམ་འབྲས་གསུམ་གདམས་ངག་དང་བཅས་པ་གོལ་ས་དང་ཡོ་འཁྱོག་མེད་པར་དྲང་པོའམ་བདེན་པར་གནས་ཤིང༌། གཞན་ལམ་དྲང་པོར་མ་ཞུགས་པ་རྣམས་དྲང་པོར་སྲོང་བ་སྟེ་འཁྱོག་པ་འདྲོངས་པོ་བཟོ་བའམ་ཡོ་བ་བསྲང་བར་མཛད་པའི་དྲང་སྲོང་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ཡིན་པས་དྲང་སྲོང་ཆེན་པོ་ཞེས་བརྗོད་དོ།། སྤྱིར་དྲང་སྲོང་ཞེས་པའི་སྒྲ་བཤད་ནི་རང་ཉིད་དྲང་པོར་གནས་ཤིང་གཞན་དྲང་པོར་སྲོང་བར་བྱེད་པ་ཙམ་ལ་གོ་རུང༌། ལེགས་སྦྱར་སྐད་དུ་རྀཥི་ཞེས་པ་དྲང་པོའམ་དུལ་བ་ཙམ་ལ་འཇུག་མོད། སྲོང་ཞེས་པ་བོད་ཀྱི་ལོ་ཙཱ་བ་རྣམས་ཀྱིས་བླ་ཐབས་སུ་བསྣན་ནམ་སྙམ། དེ་ལྟར་ཚིགས་བཅད་འདིས་གཙུག་ལག་སློབ་ཁང་འདི་གང་དུ་གནས་པའི་ཡུལ་དང་ཡུལ་དེ་གནས་ཁྱད་པར་བ་ཞིག་ཡིན་པར་བསྟན་ཅིང༌། གཙུག་ལག་སློབ་ཁང་འདི་དེ་འདྲའི་གནས་ཁྱད་པར་བ་ཞིག་ཏུ་གནས་པའི་དབང་གིས་གནས་ཀྱིས་གང་ཟག་ལ་བྱིན་གྱིས་བརླབས་པ་དང༌། དེ་ལ་བརྟེན་ནས་ཐོས་བསམ་སློབ་སྦྱོང་གི་ཁོར་ཡུག་བཟང་པོ་ཡོང་བ་བསྟན་ནོ།།

གསུམ་པ་གཙུག་ལག་སློབ་ཁང་འདིའི་བསླབ་བྱ་རིག་པའི་གནས་དང་དེ་སྟོན་པའི་གཞུང་ལུགས་རྣམས་བསྟན་པའི་ཚིགས་བཅད་གསུམ་ཡོད་པའི་ཐོག་མ་མདོ་དང་རྒྱ་གཞུང་རྣམས་བསྟན་པ་ལ་ཤ྄ལོཀ་གསུམ་པ། ཐུབ་ཆེན་རྒྱལ་བའི་བཞེད་དགོངས་ཟབ་རྒྱས་གནད།། འཕགས་ཡུལ་ཤིང་རྟ་ཆེན་པོས་ལེགས་བཀྲལ་བ།། རྒྱན་དྲུག་གཞུང་ཆེན་རྣམ་དག་རིགས་འཕྲུལ་གྱིས།། དཔྱོད་པའི་གཙུག་ལག་ཁང་ཆེན་རྣམ་པར་རྒྱལ།། ཞེས་པ་འདི་བྱུང༌། དེའང་ཐུབ་པ་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བཀའ་སྡེ་སྣོད་གསུམ་པོ་དེ་ཐོས་བསམ་བྱ་རྒྱུའི་རིག་པའི་གཞུང་ལུགས་གཙོ་བོ་དེ་ཡིན་པ་དང༌། སངས་རྒྱས་ཀྱི་གསུང་རབ་ཀྱི་དགོངས་དོན་ཇི་ལྟ་བ་བཞིན་རྒྱལ་བ་རང་ཉིད་ཀྱིས་ལུང་བསྟན་པའི་ཤིང་རྟ་ཆེན་པོ་རྣམས་དང༌། དེ་དག་གི་དངོས་དང་བརྒྱུད་པའི་སློབ་མར་གྱུར་པའི་འཕགས་ཡུལ་གྱི་མཁས་པ་ཚད་ཐུབ་རྣམས་ཀྱིས་ལེགས་པར་བཀྲལ་བའི་འགྲེལ་པ་ཁག་ལ་མ་བསྟེན་པར་དེང་རབས་གདུལ་བྱ་བློ་གྲོས་དམན་པས་རང་སྟོབས་ཀྱིས་རྒྱལ་བའི་གསུང་རབ་ཀྱི་དགོངས་དོན་འབྱེད་མི་ཐུབ་པས་རྒྱ་འགྲེལ་ཚད་ལྡན་ཁག་ལ་བསྟེན་དགོས་པ་དང༌། དེ་ལ་བརྟེན་ནས་སློབ་སྦྱོང་བྱེད་ཚུལ་ཡང་རིགས་པ་ཡང་དག་གིས་ལེགས་པར་བརྟག་ཅིང་དཔྱད་ནས་བྱེད་དགོས་པ་ལས་ལུང་ཙམ་ལ་སྐྱབས་སུ་བཟུང་ནས་མི་ཡོང་བས། ཇི་སྐད་དུ། ༼རིགས་པ་ཡོད་ན་བརྗོད་པར་གྱིས།། རྒྱལ་བའི་བཀའ་ལའང་བརྟག་ཅེས་སྩལ།།༽༩ ཞེས་དང༌། སངས་རྒྱས་རང་ཉིད་ཀྱིས་ཀྱང་མདོ་ལས། ༼དགེ་སློང་དག་གམ་མཁས་རྣམས་ཀྱིས།། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ།། ལེགས་པར་བརྟག་ལ་ང་ཡི་བཀའ།། བླང་བར་བྱ་ཡི་གུས་ཕྱིར་མིན།།༽༡༠ ཞེས་གསུངས་པ་ལྟར། དཔྱད་པ་མཐར་ཕྱིན་པའི་སྒོ་ནས་སློབ་སྦྱོང་བྱེད་དགོས་པ་ཡིན་པས། ་་་་་་་་་་་་་་རྣམ་དག་རིགས་འཕྲུལ་གྱིས།། དཔྱོད་པའི་གཙུག་ལག་ཁང་ཆེན་་་་་་་༌།། ཞེས་སྨོས་སོ།།

 

དེ་དག་གི་ཚིག་དོན་ཅུང་ཟད་རྒྱས་པར་བཤད་ན། སྤྱིར་ཐུབ་པ་ཞེས་པ་དཀའ་ཐུབ་ཅན་དང་ཉོན་མོངས་སྤངས་པའི་གང་ཟག་ཀུན་ལ་འཇུག་པའི་མིང་ཚིག་ཕྱི་ནང་ཐོུང་བ་ཞིག་ཡིན་པས། གཅེར་བུ་པ་ལ་སོགས་པས་ཀྱང་རབ་བྱུང་དང་དཀའ་ཐུབ་ཅན་རྣམས་ལ་ཐུབ་པ་ཞེས་བརྗོད་ཅིང༌། ནང་པའི་དབང་དུ་བྱས་ནའང་ཉན་ཐོས་འབྲས་གནས་སམ་ཉན་ཐོས་དགྲ་བཅོམ་པ་དང༌། རང་རྒྱས་འབྲས་གནས་སམ་རང་རྒྱས་དགྲ་བཅོམ་པ་ལའང་ཐུབ་པ་ཞེས་པའི་ཚིག་དེ་འཇུག་ནའང༌། ཚིག་གྲོགས་ཆེན་པོ་དང་འབྲེལ་བའི་ཚེ་ཐུབ་པ་ཆེན་པོ་སྟེ་སངས་རྒྱས་ལས་གཞན་ལ་མི་གོ་བས། མཧཱམུནི་ཞེས་པ་སངས་རྒྱས་ཀྱི་མཚན་གྱི་རྣམ་གྲངས་ཤིག་ཡིན། སངས་རྒྱས་ལ་ཐུབ་པ་ཆེན་པོ་ཞེས་བརྗོད་པའི་རྒྱུ་མཚན་ཡང༌། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་བག་ཆགས་དང་བཅས་པ་ཐམས་ཅད་ཟད་པར་བཅོམ་པའམ་ཐུབ་པ་ཡིན་པས་ན་དེ་ལྟར་བརྗོད། སྤྱིར་ཐུབ་པ་ཞེས་པའི་སྒྲ་དོན་ནུས་པ་དང༌། དབང་དུ་བྱེད་པ། བཅོམ་པ་སོགས་ལ་གོ་ཞིང༌། སངས་རྒྱས་ལ་སྦྱར་བའི་སྐབས་སྤང་བྱ་མཐའ་དག་བཅོམ་པ་དང༌། ཤེས་བྱའི་གནས་ཐམས་ཅད་ལ་དབང་དུ་གྱུར་པ་དང༌། འཕྲིན་ལས་ཀྱི་ནུས་པ་ལྷུན་གྲུབ་རྒྱུན་མི་ཆད་དུ་འཇུག་པ་བཅས་ལ་བཤད་དུ་ཡོད། སྤྱིར་ཐུབ་པ་ཆེན་པོ་ཞེས་པ་སངས་རྒྱས་སྤྱིའི་མཚན་ཡིན་ནའང༌། འདིེར་སྐབས་ཐོབ་ཀྱི་དབང་གིས་རྣམ་འདྲེན་བཞི་པ་སངས་རྒྱས་ཤཱཀྱ་ཐུབ་པ་ལ་གོ་དགོས། དེ་བཞིན་རྒྱལ་བ་ཞེས་པའང་ཕྱི་ནང་ཐུན་མོང་བའི་མིང་ཚིག་ཅིག་ཡིན་མོད། ནང་པ་རྣམས་ཀྱིས་སངས་རྒྱས་ཀྱི་མཚན་གྱི་རྣམ་གྲངས་སུ་བརྩི་ནའང༌། སྐབས་ཐོབ་ཀྱིས་སངས་རྒྱས་མ་ཡིན་པའི་རིགས་ལའང་གོ་བའི་སྐབས་ཡོད་མོད། འདིར་ཐུབ་ཆེན་རྒྱལ་བ་ཞེས་བསྒྲིལ་ནས་བརྗོད་པའི་སྐབས་སངས་རྒྱས་ལས་གཞན་ལ་མི་གོ རྒྱལ་བའི་སྒྲ་དོན་ཡང་ཉོན་མོངས་པ་དང་ཤེས་བྱའི་དགྲ་ལས་རྒྱལ་བ་སྟེ་ཐུབ་པ་དང་སྒྲ་བཤད་འདྲ་ནའང༌། འདིར་ཁྱད་ཆོས་བརྗོད་པའི་ཚུལ་དུ་ཐུབ་ཆེན་རྒྱལ་བ་ཞེས་སྨོས། ཐུབ་ཆེན་རྒྱལ་བ་ཤཱཀྱ་ཐུབ་པས་གྲངས་མེད་པའི་གདུལ་བྱའི་ཁམས་མོས་བསམ་པ་དབང་པོ་དང་འཚམས་པའི་ཐེག་པ་ཆེ་ཆུང་གི་ཆོས་ཀྱི་རྣམ་གྲངས་མཐའ་ཡས་པ་ཞིག་བཀའ་བསྩལ་བའི་ནང་ནས་རབ་དང་ཕུལ་དུ་གྱུར་པ་ནི་ཡུམ་ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེ་ཡིན་ཞིང༌། ཡུམ་རྒྱས་འབྲིང་བསྡུས་གསུམ་ག་བརྗོད་བྱའི་དོན་ལ་ཁྱད་པར་མེད་ནའང༌། གདུལ་བྱའི་དབང་པོ་རབ་འབྲིང་མཐའ་མ་ལ་ལྟོས་ཏེ་ཚིག་རྒྱས་འབྲིང་བསྡུས་གསུངས་པ་དེ་ནི་འཁོར་ལོ་རིམ་པ་གསུམ་གྱི་ནང་ནས་བར་པ་ཡིན་པ་དང༌། རིགས་ཅན་གསུམ་གྱི་གདུལ་བྱ་རྣམས་སོ་སོའི་སྐྱེ་བོའི་ས་ནས་སངས་རྒྱས་ཀྱི་སའི་བར་ལམ་གྱི་རིམ་པ་ཆ་ཚང་བ་ཞིག་བསྟན་པའི་ཆ་ནས་སངས་རྒྱས་ཀྱི་གསུང་རབ་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་པར་བཤད། དེ་ལ་རྒྱལ་བའི་གསུང་རབ་ལ་བཟང་ངན་དང་མཆོག་དམན་གྱི་ཁྱད་པར་འབྱེད་རྒྱུ་ཡོད་དམ་ཞེ་ན། སངས་རྒྱས་ཀྱི་བཀའ་ཐམས་ཅད་ནི་གདུལ་བྱའི་ཉོན་མོངས་སྤོང་དོན་དུ་གསུངས་པ་ཤ་སྟག་ཡིན་པས། ལམ་གྱི་རྣམ་བཞག་གང་ཡང་རུང་བ་ཞིག་མ་སྟོན་པ་མེད་ཅིང༌། མགོན་པོ་བྱམས་པས། ༼གང་ཞིག་དོན་ལྡན་ཆོས་དང་ཉེར་འབྲེལ་ཞིང༌།། ཁམས་གསུམ་ཀུན་ནས་ཉོན་མོངས་སྤོང་བྱེད་གསུངས།། ཞི་བའི་ཕན་ཡོན་སྟོན་པར་མཛད་པ་གང༌།། དེ་ནི་དྲང་སྲོང་གསུང་ཡིན་ལྡོག་པ་གཞན།།༼༡༡ ཞེས་གསུངས་པ་ལྟར་ཆེ་བ་བཞི་ལྡན་གྱི་གསུང་རབ་འབའ་ཞིག་ཡིན་པས་བཟང་ངན་དང་མཆོག་དམན་གྱི་དབྱེ་བ་ཕྱེ་རྒྱུ་མེད་ནའང༌། གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་ཆ་ཚང་བ་བསྟན་དང་མ་བསྟན་གྱི་སྒོ་ནས་ཐར་འདོད་ཀྱི་སྐྱེ་བོས་ཐོས་བསམ་གྱིས་འཇུག་པའི་ཡུལ་དུ་གང་ཞིག་འཚམས་དང་གང་ཞིག་མི་འཚམས་པའི་དབྱེ་བས་མཆོག་དམན་གྱི་བྱེ་བྲག་འབྱེད་དུ་ཡོད་དེ། ཡུམ་གྱི་མདོ་ལས་གཞན་པའི་མདོ་སྡེ་རྣམས་སུ་རྒྱ་ཆེ་བའི་ལམ་གྱི་རིམ་པའམ། ཐེག་པ་སོ་སོའང་ལམ་བྱེ་བྲག་པ་འགའ་རེ་ཙམ་སྟོན་ཅིང༌། ཟབ་མོའི་ལམ་གྱི་རིམ་པ་སྟོང་པ་ཉིད་ཉི་ཚེ་བ་ཙམ་སྟོན་པའི་མདོ་མང་ཡང༌། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་ཀྱི་སྟེང་གི་སྟོང་པ་ཉིད་རྣམ་པར་ཐར་པའི་སྒོ་གསུམ་དང་སྦྱར་ཏེ་རིགས་པའི་རྣམ་གྲངས་དུ་མའི་སྒོ་ནས་གཏན་ལ་ཕབ་པ་ཡུམ་གྱི་མདོ་ལས་གཞན་ན་མེད། གཞི་བདེན་པ་གཉིས་ཀྱི་གནས་ལུགས་དང་ལམ་ཐབས་ཤེས་གཉིས་ཀྱི་འཇུག་ཚུལ་ཐེག་པ་གསུམ་གའི་ལམ་གྱི་རིམ་པ་དང་འབྲས་བུ་སངས་རྒྱས་ཀྱི་སའི་སྐུ་གསུམ་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་ཆེ་བ། ཟག་མེད་ཡེ་ཤེས་ཀྱི་སྡེ་ཚན་ཉེར་གཅིག་ལ་སོགས་པའི་སངས་རྒྱས་ཀྱི་སའི་ཡོན་ཏན་ཡོངས་སུ་རྫོགས་པ་རྒྱས་པར་སྟོན་པའི་ཡུམ་གྱི་མདོ་བཀའ་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་ནི་སངས་རྒྱས་ཀྱི་གསུང་ཐམས་ཅད་ཀྱི་སྙིང་པོར་གྱུར་པ་ཡིན་ནོ།། ཡུམ་གྱི་མདོ་དེ་ལའང་བསྡུས་པ་ཤ྄ལོཀ་སྟོང་ཕྲག་བརྒྱད་དང༌། འབྲིང་བ་ཤ྄ལོཀ་སྟོང་ཕྲག་ཉི་ཤུ། རྒྱས་པ་ཤ྄ལོཀ་འབུམ་གཅིག་ཡོད་པ་བཅས་ཤ྄ལོཀའི་གྲངས་དང་བོངས་ཚད་ཀྱི་ཆ་ནས་རྒྱས་འབྲིང་བསྡུས་གསུམ་དུ་གསུངས་པ་དེ་གདུལ་བྱ་དབང་པོ་རབ་འབྲིང་མཐའ་གསུམ་གྱི་ཆེད་དུ་ཡིན་པ་ལས་ཟློས་པའི་སྐྱོན་མེད། དེ་ཡང་སློབ་དཔོན་སེངྒེ་བཟང་པོས། ༼ལ་ལ་ལས་དོན་གཞན་ལས་ཚིག། གཞན་ལས་རྣམ་གྲངས་མིང་གིས་ཏེ།། མཁས་པ་རྣམས་ཀྱིས་ཡུམ་ཀུན་ལའང༌།། དོན་བསྡུས་དེ་ཙམ་ཤེས་པར་བྱ།།༽༡༢ ཞེས་གསུངས་པ་ལྟར་གདུལ་བྱ་དབང་པོ་རྣོན་པོ་དོན་རྒྱས་ལ་ཚིག་བསྡུས་པ་གོ་ནུས་པ་ཚོར་བརྒྱད་སྟོང་པ་དང༌། དབང་པོ་འབྲིང་ཚིག་དོན་གཉིས་ཀ་རྒྱས་བསྡུས་འཚམས་པ་གོ་བ་རྣམས་ལ་ཉི་ཁྲི་དང༌། གདུལ་བྱ་དབང་རྟུལ་མིང་དང་རིགས་པའི་རྣམ་གྲངས་མཐའ་ཡས་པའི་སྒོ་ནས་ཡང་དང་ཡང་དུ་བཟླས་ཏེ་གསུང་ན་གོ་ནུས་པ་དེ་དག་ལ་ཡུམ་འབུམ་པ་གསུངས་པ་ཡིན་ནོ།། ཡུམ་རྒྱས་འབྲིང་བསྡུས་གསུམ་གྱི་བསྟན་འདོད་རྣམས་བསྡུས་ན། འབུམ་གྱི་འགྲེས་རྐང་བརྒྱ་རྩ་བརྒྱད་དང༌། ཡང་ན་དངོས་བརྒྱད་དོན་བདུན་ཅུར་བསྡུས་ཤིང༌། དེའང་བསྡུས་ན་དངོས་པོ་བརྒྱད་དུ་བསྡུས་སོ།། དངོས་པོ་བརྒྱད་ཀྱི་རྣམ་བཞག་གི་ནང་ཐེག་པ་གསུམ་གྱི་གཞི་ལམ་འབྲས་བུའི་རྣམ་བཞག་ཆ་ཚང་བསྟན་ཞིང༌། དེའང་བསྡུས་ན་ཟབ་མོའི་ལམ་གྱི་རིམ་པ་དང༌། རྒྱ་ཆེ་བའི་ལམ་གྱི་རིམ་པ་གཉིས་ཀྱི་ནང་དུ་འདུའོ།། ཟབ་མོའི་ལམ་གྱི་རིམ་པ་ནི་སྟོང་ཉིད་རྟོགས་པའི་ཤེས་རབ་དང༌། དེའི་ཡུལ་ཟབ་མོ་སྟོང་པ་ཉིད་གཉིས་པོ་དེ་ཡིན་ལ། རྒྱ་ཆེ་བའི་ལམ་གྱི་རིམ་པ་ནི་ཤེས་རབ་དེ་ཐབས་བསོད་ནམས་ཀྱི་ཚོགས་དང་སྦྱར་ནས་བསྒོམས་པས་ཉམས་རྟོགས་ཀྱི་འཕེལ་རིམ་ལ་ལྟོས་ཏེ་ལམ་གྱི་རིམ་པ་ས་བཅུ་དང་ལམ་ལྔ་ལ་སོགས་པ་འཕགས་པའི་མངོན་རྟོགས་ཀྱི་རྣམ་བཞག་དེ་རྣམས་ཡིན། དེ་ལྟ་བུའི་ཟབ་པ་དང་རྒྱ་ཆེ་བའི་ལམ་གྱི་རིམ་པ་དེ་དག་ཡུམ་གྱི་མདོས་བསྟན་ཚུལ་གྱི་དབང་དུ་བྱས་ན་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་དང༌། སྦས་དོན་མངོན་རྟོགས་ཀྱི་རིམ་པ་ཞེས་བརྗོད་ཅིང༌། ཡུམ་གྱི་མདོར་ཚིག་ཟིན་དུ་དགག་བྱ་རང་བཞིན་གྱིས་གྲུབ་པ་འགོག་པའི་སྟོང་པ་ཉིད་ཀྱི་རིམ་པ་འབའ་ཞིག་བསྟན་པ་ཡིན་ནའང༌། ས་བཅུ་ལམ་ལྔ་ལ་སོགས་པའི་མངོན་རྟོགས་ཀྱི་རིམ་པ་རྣམས་སྦས་དོན་གྱི་ཚུལ་དུ་བསྟན་པ་ཡིན་ལ། སྦས་དོན་ཞེས་པའང་མ་བསྟན་པར་སྦས་པ་དང༌། བསྟན་ཀྱང་མི་མངོན་པའི་ཚུལ་དུ་སྦས་པའི་སྒོ་ནས་བསྟན་པ་གཉིས་གསུངས་པ་ལས། ཤེར་ཕྱིན་གྱི་མདོས་ལམ་མངོན་རྟོགས་ཀྱི་རིམ་པ་རྣམས་བསྟན་ཀྱང་མི་མངོན་པའི་ཚུལ་དུ་སྦས་པའི་སྒོ་ནས་བསྟན་པ་ཡིན་ཏེ་མངོན་རྟོགས་ཀྱི་རིམ་པ་ཕལ་མོ་ཆེ་ཚིག་གིས་ཟིན་ནའང་དངོས་བསྟན་གྱི་བརྗོད་བྱར་མ་བྱས་པ་སྦས་དོན་གྱི་བརྗོད་བྱར་བྱས་ཏེ་བསྟན་པ་ཡིན་ལ། འགའ་ཞིག་གིས་སྦས་དོན་མངོན་རྟོགས་ཀྱི་རིམ་པ་ཡུམ་གྱི་མདོའི་ཤུགས་བསྟན་ཡིན་ཞེས་སྨྲ་བ་ཡོད་ཀྱང་གཞུང་ཆེན་མོར་མ་གྲགས་པའི་གཏམ་མོ།། དེ་འདྲ་བའི་ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེ་དངོས་བསྟན་དང་སྦས་དོན་གྱི་བརྗོད་བྱ་ཟབ་པ་དང་རྒྱ་ཆེ་བའི་ལམ་གྱི་རིམ་པ་དེ་དག་སངས་རྒྱས་རང་ཉིད་ཀྱིས་ལུང་བསྟན་པའི་ཤིང་རྟའི་སྲོལ་འབྱེད་རྣམས་ཀྱིས་ལེགས་པར་བཀྲལ་བའི་དགོངས་འགྲེལ་ལ་མ་ལྟོས་པར་རྟོགས་མི་ནུས་ཤིང༌། འགྲེལ་བྱེད་ཤིང་རྟ་ཆེན་པོ་དེ་དག་ཀྱང་རྒྱ་གར་འཕགས་ཡུལ་ཉིད་དུ་བྱོན་ཞིང༌། དེའི་སྐད་དུ་རྣམ་འགྲེལ་མཛད་པ་ཡིན་པས་འཕགས་ཡུལ་གྱི་ཤིང་རྟ་ཆེན་པོ་ཞེས་སྨོས་སོ།། རྒྱ་གར་གྱི་ཡུལ་ལ་འཕགས་ཡུལ་ཞེས་བརྗོད་པའང་གནའ་རབས་ཀྱི་ཆོས་ལུགས་སྨྲ་བ་ཚོའི་བསམ་ཚུལ་ལྟར་ན། སྟོན་པ་ཤཱཀྱ་ཐུབ་པའི་གཙོས་བསྐལ་བཟང་གི་སངས་རྒྱས་སྟོང་ཐམས་ཅད་རྒྱ་གར་གྱི་ཡུལ་ཉིད་དུ་བྱོན་ཞིང་འབྱོན་པར་འགྱུར་བ་དང༌། སངས་རྒྱས་རེ་རེའི་བསྟན་པ་དར་བའི་སྐབས་སུའང་གདུལ་བྱ་གྲངས་ལས་འདས་པ་ཞིག་ཐེག་པ་གསུམ་གྱི་འཕགས་པའི་གོ་འཕང་ཐོབ་ཅིང་འཐོབ་པར་འགྱུར་བ་དང༌། རྣམ་འདྲེན་བཞི་པ་ཤཱཀྱ་ཐུབ་པ་གཅིག་པུར་མཚོན་ནའང་སྟོན་པ་རང་ཉིད་འཚོ་ཞིང་བཞུགས་པའི་རིང་བདེན་པ་མཐོང་སྟེ་འཕགས་ལམ་ཐོབ་པའི་གདུལ་བྱ་ཆེས་ཤིན་ཏུ་མང་པོ་བྱུང་བ་མ་ཟད། མྱ་ངན་ལས་འདས་པའི་རྗེས་སུའང་གཏད་རབས་བདུན་ལ་སོགས་པའི་སྐབས་འབྲས་བུ་ཐོབ་པ་མང་པོ་བྱུང་བ་དཔེར་ན། དགྲ་བཅོམ་པ་ཉེར་སྦས་ཀྱི་སློབ་མ་འབྲས་བུ་ཐོབ་པའམ་འཕགས་པའི་གོ་འཕང་ཐོབ་པ་རེ་རེ་བྱུང་བ་ན་སོ་ཤིང་སོར་བཞི་པ་རེ་བྲག་ཕུག་ཅིག་གི་ནང་འཕེན་པས་དེ་འདྲའི་སོ་ཤིང་གིས་བྲག་ཕུག་ཞེང་དང་སྲིད་དུ་འདོམས་བཅོ་བརྒྱད་རེ་ཡོད་པ་ཞིག་གང་བར་གྲགས་སོ།། དེ་ལྟར་འཕགས་པའི་གོ་འཕང་འཐོབ་མཁན་གྱི་གང་ཟག་ཆེས་མང་པོས་གང་བའི་ཡུལ་དེ་ལ་འཕགས་པའི་ཡུལ་དུ་གྲགས་སོ་སྙམ་མོ།། འོན་ཀྱང་དེང་དུས་ཀྱི་བྱུང་རབས་སྨྲ་བ་ཚོས་འཕགས་པ་ཞེས་པ་རིགས་རྒྱུད་ཅིག་ཡིན་པར་བཟུང་སྟེ་ཤར་གླིང་དབུས་མ་འགའ་ཞིག་ནས་ཡོང་བ་རྒྱ་གར་དུ་གཞིས་ཆགས་པས་འཕགས་པའི་ཡུལ་དུ་གྲགས་སོ་ཞེས་མཐའ་གཅིག་ཏུ་ངེས་པ་རྙེད་པའི་ཚུལ་གྱིས་བཤད་པ་ཡོངས་གྲགས་སོ།། དེ་བཞིན་མཛོད་ནས་བཤད་པའི་འཛམ་བུ་གླིང་ཞེས་པ་དེའང་རྒྱ་གར་བ་རྣམས་ཀྱིས་སོག་པའི་དབྱིབས་དང་མཚུངས་པའི་ས་ཁྱོན་ཅན་གྱི་རྒྱ་གར་གྱི་ཡུལ་འདི་ཉིད་ལ་འདོད་པ་མང་ངོ༌།། དེ་ལྟ་བུའི་འཕགས་པའི་ཡུལ་རྒྱ་གར་དུ་ཡུམ་གྱི་མདོའི་དགོངས་དོན་ཟབ་པ་དང་རྒྱ་ཆེ་བའི་གནད་རྣམས་ཕྱི་རབས་ཀྱི་གདུལ་བྱས་ཇི་བཞིན་ཁོང་དུ་ཆུད་མ་ནུས་པའི་སྐབས་སུ་དེའི་དགོངས་འགྲེལ་མཛད་པའི་ཤིང་རྟ་ཆེན་པོ་ཀླུ་སྒྲུབ་དང་ཐོགས་མེད་བྱུང་ཞིང༌། ཁོང་གཉིས་ཀྱིས་གསུང་རབ་ཀྱི་དགོངས་པ་འགྲེལ་བའི་ཚུལ་ཡང་མགོན་པོ་ཀླུ་སྒྲུབ་ཀྱིས་ཡུམ་གྱི་མདོའི་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་རྣམས་གསལ་བར་བསྟན་པའི་དབུ་མ་རིགས་པའི་ཚོགས་ལྔའམ་དྲུག་མཛད་དེ་ཟབ་མོའི་ལམ་གྱི་ཤིང་རྟའི་སྲོལ་འབྱེད་པ་དང༌། འཕགས་པ་ཐོགས་མེད་ཀྱིས་དགའ་ལྡན་གྱི་ཡུལ་ནས་བྱམས་ཆོས་སྡེ་ལྔ་སྤྱན་དྲངས་ཏེ་དེ་དག་གི་འགྲེལ་པ་བརྩམས་ནས་སྦས་དོན་མངོན་རྟོགས་ཀྱི་རིམ་པའམ་རྒྱ་ཆེ་བའི་ལམ་གྱི་རིམ་པའི་ཤིང་རྟའི་སྲོལ་ཕྱེ་བར་བཞེད། དེ་ལྟ་ན་བྱམས་ཆོས་སྡེ་ལྔའང་ཤིང་རྟའི་སྲོལ་འབྱེད་ཀྱི་བསྟན་བཅོས་སུ་ཁས་བླང་འོས་པ་ལྟ་བུ་ཡིན་པས་བོད་སྔ་རབས་པ་རྣམས་ཀླུ་སྒྲུབ་བྱམས་མགོན་ཕྱོགས་གླང་གནོད་འཇོམས་མཁན་པོ་བཅས་ཤིང་རྟ་ཆེན་པོ་བཞིར་བཞེད་པའང་རྒྱུ་མཚན་གཏན་མེད་ཅིག་ག་ལ་ཡིན། འོན་ཀྱང་ཤིང་རྟ་ཆེན་པོ་གཉིས་སུ་གྲངས་ངེས་པར་བཞེད་མཁན་རྣམས་ཀྱི་དགོངས་གཞི་ནི་མིའི་ཡུལ་འདིར་ཀུན་གྱི་མཐོང་སྣང་དུ་གྱུར་པའི་བྱུང་རབས་སུ་ཡོད་པའི་མི་ཞིག་གིས་རྒྱལ་བའི་གསུང་རབ་ཀྱི་དགོངས་པ་རྣམས་མིའི་རྟེན་ཅན་གྱི་འགྲེལ་བྱེད་གཞན་གྱི་རྗེས་སུ་མ་འབྲང་བར་རང་སྟོབས་ཀྱིས་འགྲེལ་པ་ཐོག་མར་རྩོམ་མཁན་དེ་ལ་ཤིང་རྟའི་སྲོལ་འབྱེད་དུ་བཞག་དགོས་པར་བཞེད་དེ། དེ་ལའང་ཡང་དག་པའི་རྒྱུ་མཚན་གྱི་རྒྱབ་རྟེན་མང་པོ་ཡོད། དེ་ལ་བརྟེན་ནས་ཕྱི་རབས་ཀྱི་ཡིག་ཆ་རྩོམ་པ་པོ་རྣམས་ཀྱིས་ཤིང་རྟའི་སྲོལ་འབྱེད་དུ་རྒྱལ་བའི་ལུང་བསྟན་ཅིང༌། མདོའི་དགོངས་པ་རང་སྟོབས་ཀྱིས་འགྲེལ་བའི་མིའི་རྟེན་ཅན་གྱི་བྱང་སེམས་འཕགས་པ་ཤིང་རྟའི་སྲོལ་འབྱེད་ཀྱི་མཚན་ཉིད་དུ་བཞག་སྟེ་ཤིང་རྟའི་སྲོལ་འབྱེད་ལ་ཀླུ་སྒྲུབ་དང་ཐོགས་མེད་གཉིས་སུ་ནན་གྱིས་གྲངས་ངེས་པར་མཛད་དོ།།

 

དེ་ལ་གཞན་དག་གིས། བོད་གཞུང་མང་པོར་ཤིང་རྟའི་སྲོལ་འབྱེད་ཀྱི་རྣམ་བཞག་བཤད་པ་ན་རྒྱལ་བའི་གསུང་རབ་ལ་དྲང་ངེས་འབྱེད་པའི་ཚུལ་རྒྱལ་བ་རང་ཉིད་ཀྱིས་བློ་གྲོས་མི་ཟད་པ་དང༌། ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས་གསུངས་པའི་ཚུལ་གཅིག་དང༌། དོན་ཟབ་དགོངས་པ་ངེས་འགྲེལ་གྱི་མདོ་ལས་གསུངས་པའི་ཚུལ་གཅིག་བཅས་ཡོད་པ་དེ་དག་ལས་ཀླུ་སྒྲུབ་ཀྱིས་དང་པོའི་རྗེས་སུ་འབྲངས་ཏེ་འཁོར་ལོ་བར་པ་ངེས་དོན་དུ་བསྒྲུབས་ནས་དབུ་མའི་ཤིང་རྟའི་སྲོལ་ཕྱེ་ཞིང༌། ཐོགས་མེད་ཀྱིས་ཕྱི་མའི་རྗེས་སུ་འབྲངས་ཏེ་འཁོར་ལོ་མཐའ་མ་ངེས་དོན་དུ་བསྒྲུབས་ནས་སེམས་ཙམ་པའི་ཤིང་རྟའི་སྲོལ་ཕྱེ་བ་སྟེ་ཤིང་རྟའི་སྲོལ་འབྱེད་གཉིས་ལ་དབུ་མ་པ་དང་སེམས་ཙམ་པའི་ཤིང་རྟའི་སྲོལ་འབྱེད་དུ་འཇོག་པ་ཡོངས་གྲགས་དེ་ལས་ལྡོག་སྟེ་ཡུམ་གྱི་མདོའི་དངོས་བསྟན་ཟབ་མོའི་ལམ་གྱི་རིམ་པ་དང༌། སྦས་དོན་རྒྱ་ཆེ་བའི་ལམ་གྱི་རིམ་པ་གཉིས་ཀྱི་ཤིང་རྟའི་སྲོལ་འབྱེད་དུ་ཀླུ་སྒྲུབ་དང་ཐོགས་མེད་གཉིས་བཞག་པ་འདི་རང་བཟོའི་འཁྱོག་བཤད་ཅིག་མིན་ནམ་ཞེ་ན། སྐབས་འདིར་རིགས་ཀྱི་གླུའི་ཚིག་ཟིན་དུ། ཐུབ་ཆེན་རྒྱལ་བའི་བཞེད་དགོངས་ཟབ་རྒྱས་གནད།། འཕགས་ཡུལ་ཤིང་རྟ་ཆེན་པོས་ལེགས་བཀྲལ་བ།། ཞེས་པ་ལ་འབྲུ་མཐར་ཆགས་སུ་བསྣན་ཏེ་ཟབ་མོའི་ལམ་གྱི་རིམ་པ་དང༌། རྒྱ་ཆེ་བའི་ལམ་གྱི་རིམ་པ་གཉིས་ཀྱི་ཤིང་རྟའི་སྲོལ་འཕགས་ཡུལ་གྱི་ཤིང་རྟ་ཆེན་པོ་ཀླུ་སྒྲུབ་དང་ཐོགས་མེད་གཉིས་ཀྱིས་ཕྱེ་བར་བཤད་པ་ལ་སྐྱོན་མེད་ཅིང༌། འཇམ་དབྱངས་ནས་ཀླུ་སྒྲུབ་ལ་བརྒྱུད་པའི་ཟབ་མོའི་ལྟ་བརྒྱུད་དང༌། བྱམས་པ་ནས་ཐོགས་མེད་ལ་བརྒྱུད་པའི་རྒྱ་ཆེན་སྤྱོད་བརྒྱུད་གཉིས་ཤེར་མདོའི་དངོས་སྦས་ཀྱི་བརྒྱུད་རིམ་དུ་བཤད་པ་དང་ཡང་མཐུན་ཞིང༌། ༼ཤིང་རྟའི་སྲོལ་འབྱེད་ལ་གཉིས་སུ་གྲངས་ངེས་པར་འདོད་པ་དང་ཡང་མི་འགལ་བར་རྗེ་བདག་ཉིད་ཆེན་པོས། ཤིང་རྟ་ཆེན་པོ་གཉིས་ནས་ལེགས་བརྒྱུད་པའི།། ཟབ་མོ་ལྟ་བ་རྒྱ་ཆེན་སྤྱོད་པའི་ལམ།།༽༡༣ ཞེས་པའི་གསུང་ལ་འཁྲིལ་ནས་ཀླུ་ཐོགས་གཉིས་ཟབ་རྒྱས་ལམ་གྱི་རིམ་པའི་ཤིང་རྟའི་སྲོལ་འབྱེད་དུ་བཞག་པ་ལ་མི་འཚམས་པ་ཅི་ཡོད་སྙམ་པ་ཙམ་ལས་སྔོན་བྱོན་མཁས་པའི་གཞུང་ལ་རྒོལ་བར་འདོད་པ་ནི་མ་ཡིན་ནོ།།

 

གྲུབ་མཐའ་སོ་སོའི་ཤིང་རྟའི་སྲོལ་འབྱེད་བཤད་པའི་སྐབས་སུ་ཀླུ་སྒྲུབ་དབུ་མ་དང༌། ཐོགས་མེད་སེམས་ཙམ། སངས་རྒྱས་བསྐྱངས་སམ་ཟླ་བ་གྲགས་པ་ཐལ་འགྱུར། ལེགས་ལྡན་འབྱེད་རང་རྒྱུད་པ་དང་མདོ་སྡེ་སྤྱོད་པའི་རང་རྒྱུད་པ། ཞི་འཚོ་རྣལ་འབྱོར་སྤྱོད་པའི་རང་རྒྱུད་པའི་ཤིང་རྟའི་སྲོལ་འབྱེད་ཡིན་པར་བཞེད་པ་ལ་རྩོད་པ་མེད་ཅིང༌། དེ་དག་ཀྱང་འཕགས་ཡུལ་ཤིང་རྟ་ཆེན་པོས་ལེགས་བཀྲལ་བ་ཞེས་པའི་ཚིག་གིས་བསྟན་བྱའི་ཁོངས་སུ་འདུས་སོ།། ལར་ནས་ཤིང་རྟའི་སྲོལ་འབྱེད་ཅེས་པ་འཕགས་ཡུལ་དུ་སྟོན་པ་མྱ་ངན་ལས་འདས་ནས་ཤིང་རྟའི་སྲོལ་འབྱེད་དེ་དག་སོ་སོ་རང་རང་གིས་སྲོལ་དེ་མ་ཕྱེ་བའི་བར་གྲུབ་མཐའ་དེ་དག་གི་སྲོལ་ཤིང་རྟའི་གཞུང་ལམ་ལྟ་བུ་གསལ་པོ་མེད་པ་ཞིག་གསལ་བར་མཛད་པ་ལ་ཤིང་རྟའི་སྲོལ་འབྱེད་ཅེས་པའི་ཐ་སྙད་བཏགས་པ་ཡིན་སྟབས། བྱེ་བྲག་སྨྲ་བ་དང་མདོ་སྡེ་པའི་ཤིང་རྟའི་སྲོལ་འབྱེད་ཀྱི་ཐ་སྙད་མ་བྱུང་བའི་རྒྱུ་མཚན་ཡང་དེ་ཡིན་ནོ།། བོད་ཀྱི་སྔ་ཕྱིའི་མཁས་པ་རྣམས་ཀྱིས་ཤིང་རྟའི་སྲོལ་འབྱེད་ཀྱི་རྣམ་བཞག་ལ་མཐའ་དཔྱོད་རྒྱས་པར་མཛད་འདུག་ནའང༌། རྒྱ་གཞུང་དུ་སྐྱེས་བུ་ཆེན་པོ་རྣམས་ལ་མཧཱརཐི་སྟེ་ཤིང་རྟ་བ་ཆེན་པོའམ་ཁ་ལོ་པ་ཆེན་པོ་ལྟ་བུའི་ཐ་སྙད་སྦྱར་ཚུལ་ཙམ་ལས། ཤིང་རྟའི་སྲོལ་འབྱེད་ཅེས་པའི་ཐ་སྙད་དང༌། དེའི་མཚན་ཉིད་དང་དབྱེ་བ་བཤད་པ་ཞིག་ད་བར་མ་མཇལ་བས་ཤིང་རྟའི་སྲོལ་འབྱེད་ཀྱི་ཐ་སྙད་འདི་བོད་པས་བཏགས་པ་ཞིག་ཡིན་ནམ་སྙམ་སྟེ་བློ་གསལ་རྣམས་ཀྱིས་དཔྱད་པར་མཛོད་ཅིག དེང་དུས་ཀྱི་མཁས་པ་ཞིག་གིས་ཀླུ་སྒྲུབ་དང་བྱམས་མགོན་གཉིས་ཤིང་རྟའི་སྲོལ་འབྱེད་གཉིས་སུ་བཞག་དགོས་ཤིང༌། ཐོགས་མེད་བྱམས་ཆོས་ཀྱི་རྗེས་སུ་འབྲངས་ནས་གཞུང་རྩོམ་མཁན་ཡིན་པས་མདོ་དོན་རང་སྟོབས་ཀྱིས་བཀྲལ་མཁན་མིན་པས་ཤིང་རྟའི་སྲོལ་འབྱེད་དུ་མི་འཐད་ཅིང༌། བོད་ཀྱི་མཁས་པ་རྣམས་ཀྱིས་ལྷ་དང་མི་ལ་ཕྱོགས་ཞེན་བྱས་ནས་བྱམས་མགོན་ཤིང་རྟའི་སྲོལ་འབྱེད་དུ་མ་བཞག་པ་ཙམ་ལས་འཐད་སྒྲུབ་ཀྱི་རིགས་པ་གཞན་མེད་ལུགས་གསུངས་འདུག་པ་དེ་ལའང་དགོངས་པ་བཞེས་ས་ཞིག་ཡོད་ངེས་ཀྱང༌། ཁོ་བོའི་བློ་ལ་ནི་འཐད་དཀའ་བ་ཞིག་བྱུང༌། གོང་དུ་ཅུང་ཟད་བཤད་ཟིན་པ་བཞིན་བོད་པས་ཤིང་རྟའི་སྲོལ་འབྱེད་ཀྱི་རྣམ་བཞག་བྱས་པའི་གོ་དོན་སྙིང་པོ་ནི་གཅིག་ཏུ་སྟོན་པ་མྱ་ངན་འདས་རྗེས་རྒྱ་གར་མི་ཡུལ་དུ་ཡོངས་གྲགས་དར་ཁྱབ་མེད་པར་རྒྱུན་རིང་སོང་བའི་སངས་རྒྱས་ཀྱི་ཐེག་པ་ཆེན་པོའི་སྡེ་སྣོད་རྣམས་བསྐྱར་དུ་མི་ཡུལ་འདིར་ཐོག་མར་སྲོལ་འབྱེད་པར་མཛད་མཁན་དེ་དག་ལ་ཤིང་རྟའི་སྲོལ་འབྱེད་ཅེས་པའི་ཐ་སྙད་བྱས་པ་མ་གཏོགས། ལྷ་ཡུལ་སོགས་སུ་སྲོལ་ཕྱེ་དང་མ་ཕྱེའི་རྣམ་བཞག་སྐབས་འདིར་འབྲེལ་བ་མ་ཆགས་ཤིང༌། དགའ་ལྡན་དུ་ནི་སངས་རྒྱས་ཀྱི་ཐེག་པ་ཆེན་པོའི་ཆོས་གསུངས་པ་ནས་ཐེག་ཆེན་རྒྱུན་མ་ཆད་པར་དར་བཞིན་པ་ལས་བྱམས་མགོན་གྱིས་བྱམས་ཆོས་སྡེ་ལྔ་བརྩམས་ཏེ་གསར་དུ་ཕྱེ་བ་ཞིག་ཀྱང་མིན་པ་དང༌། དེ་བས་ཀྱང་གནད་ཆེ་བ་ཞིག་ནི་སྐབས་འདིར་ཤིང་རྟའི་སྲོལ་འབྱེད་ཅེས་པ་ཐེག་པ་ཆེན་པོའི་ཆོས་སྲོལ་འཇིག་རྟེན་དུ་དར་བ་བྱེད་པ་ཙམ་མ་ཡིན་པར། སངས་རྒྱས་ཀྱི་བཀའ་ཡོངས་སུ་རྫོགས་པ་ལ་དྲང་ངེས་ཀྱི་དབྱེ་བ་ཕྱེ་ནས་བསྟན་པ་ཐམས་ཅད་འགལ་མེད་དུ་སྒྲུབ་པའི་སྲོལ་ཞིག་ཕྱེ་བ་ལ་གོ་དགོས་པས་དེ་ནི་ཀླུ་སྒྲུབ་ཀྱིས་བློ་གྲོས་མི་ཟད་པའི་མདོ་ལ་སོགས་པ་དང༌། ཐོགས་མེད་ཀྱིས་མདོ་སྡེ་དགོངས་འགྲེལ་ལ་བརྟེན་ནས་འཁོར་ལོ་གསུམ་གྱི་དྲང་ངེས་ཕྱེ་ཚུལ་མི་འདྲ་བ་གཉིས་གསལ་བར་མཛད་པས་ཤིང་རྟའི་སྲོལ་འབྱེད་དུ་འཇོག་ཚུལ་བཤད་ཟིན་པ་ལྟར་ཡིན་པས། དེ་འདྲ་བའི་དྲང་ངེས་འབྱེད་པའི་སྲོལ་དེ་ནི་ཐོགས་མེད་ཀྱིས་བྱམས་པའི་རྗེས་སུ་འབྲང་བ་མ་ཡིན་པར་རང་སྟོབས་ཀྱིས་འབྱེད་པ་ཡིན་ནོ་སྙམ་དུ་ཁོ་བོ་སེམས་སོ།།

 

ཤིང་རྟ་ཆེན་པོ་གཉིས་ཀྱི་རྗེས་སུ་འབྲང་བའི་འཕགས་ཡུལ་གྱི་མཁས་པ་ཚད་ལྡན་གྱི་གཞུང་ལུགས་རྩོམ་པ་པོ་རྒྱན་དྲུག་མཆོག་གཉིས་སུ་གྲགས་པའི་པཎ་ཆེན་བརྒྱད་བོད་པས་གཅིག་ཏུ་ཚད་མར་བཟུང་བའི་རྒྱུ་མཚན་གྱིས་སྐབས་འདིར་རྒྱན་དྲུག་ཚིག་ཟིན་དུ་སྨོས་ནས་མཆོག་གཉིས་སྐབས་ཐོབ་ཀྱིས་གོ་བར་བྱེད་དགོས། དེ་དག་གི་གཞུང་ལུགས་རྣམས་གཙུག་ལག་སློབ་ཁང་འདིའི་སློབ་གཉེར་བྱ་རྒྱུའི་གཞུང་ཚན་གཙོ་ཆེ་བ་དེ་དག་ཡིན་པར་བསྟན། འཕགས་ཡུལ་གྱི་མཁས་པ་ཆེན་པོ་བརྒྱད་ལ་རྒྱན་དྲུག་མཆོག་གཉིས་ཞེས་པའི་ཐ་སྙད་དེ་བོད་པས་སྦྱར་བ་ཞིག་ཡིན་ནམ་སྙམ་སྟེ། ཏཱརནཱཐས་ཀྱང་ཕལ་ཆེར་དེ་བོད་ཀྱི་སྐད་ཆ་ཡིན་བཟོ་འདུག་ཅེས་གསུངས་པ་མ་ཟད། རྒྱ་གཞུང་དུ་དེ་འདྲའི་ཐ་སྙད་ཀྱི་ཁུངས་ཤིག་ད་བར་མ་མཇལ། འོན་ཀྱང་ནང་པའི་གཞུང་ལུགས་ནི་ཧ་ཅང་རྒྱ་ཆེ་བས་རང་རེས་མ་མཇལ་བ་ཙམ་གྱིས་མེད་པར་ཐག་བཅད་མི་ཐུབ། ༥༡༤

 

སྤྱིར་བཏང་ཁྱད་དུ་འཕགས་པའི་སྐྱེས་བུ་དམ་པ་རྣམས་ལ་མཆོད་པ་བརྗོད་པའི་སྐབས་རྒྱན་ཞེས་པའི་ཚིག་བེད་སྤྱོད་བྱེད་སྲོལ་ལེགས་སྦྱར་གྱི་སྐད་དུའང་འདུག་པ་དཔེར་ན། ལོཀཱལངྐཱར་སྟེ་འཇིག་རྟེན་གྱི་རྒྱན་དང༌། ཇགཏཱལངྐཱར་སྟེ་སྐྱེ་རྒུའི་རྒྱན་ལ་སོགས་པ་བརྗོད་སྲོལ་ཡོད་པས། རྒྱན་ཞེས་པའི་ཚིག་རྒྱ་གར་གྱི་སྐད་ནས་ལེན་པའམ་དཔེ་བྱེད་པ་ཡིན་སྲིད། གཟེངས་རྟགས་དང་གོ་གནས་སོགས་ལའང་བིདྷ྄ཡཱལངྐཱར་སྟེ་རིག་པའི་རྒྱན་དང༌། ཀུལཱངྐཱར་སྟེ་རིགས་ཀྱི་རྒྱན་ཟེར་བ་དེ་འདྲའི་ཚིག་བརྗོད་མང་པོ་མཐོང་ཐུབ་ཅིང༌། དེ་བཞིན་ལོཀཤྲེཥ྄ཋ་དང་ཀུལཤྲེཥ྄ཋ་ཞེས་པ་སོགས་འཇིག་རྟེན་གྱི་མཆོག་དང་རིགས་ཀྱི་མཆོག་ཅེས་པའི་མཆོད་བརྗོད་བྱ་ཚུལ་རྒྱ་གར་གྱི་སྐད་དུ་ཡོད་པས། ཤིང་རྟའི་སྲོལ་འབྱེད་དང་སྲོལ་འཛིན་གྱི་མཁས་པ་ཁྱད་པར་བ་འགའ་ཤས་ཟུར་དུ་བཏོན་ཏེ་རྒྱན་དྲུག་དང་མཆོག་གཉིས་ཞེས་པའི་བསྔགས་ཚིག་སྦྱར་བའི་བརྗོད་ཚུལ་གྱི་ཐ་སྙད་དེ་བོད་པས་བཟོས་པ་ཡིན་སྲིད།

 

གོང་སྨོས་ལྟར་ཐེག་པ་ཆེན་པོའི་སྡེ་སྣོད་ནི་སྟོན་པ་མྱ་ངན་ལས་འདས་རྗེས་ཡོངས་གྲགས་ཀྱི་བཀའ་བསྡུ་རིམ་པ་གསུམ་གྱི་སྐབས་མ་བསྡུས་ཤིང༌། ཐེག་པ་ཆེན་པོའི་མདོ་རྣམས་དགའ་ལྡན་དང༌། སུམ་ཅུ་རྩ་གསུམ་དང༌། གནས་གཙང་མ་ལ་སོགས་པའི་ལྷ་ཡུལ་རྣམས་སུ་བྱང་ཆུབ་སེམས་དཔའ་བྱམས་པ་དང༌། ཀུན་ཏུ་བཟང་པོ། ཕྱག་ན་རྡོ་རྗེ་གསུམ་པོས་སྡེ་སྣོད་གསུམ་དུ་བསྡུ་བར་གསུངས། བཀའ་དེ་དག་ལྷ་ཀླུའི་ཡུལ་དུ་མ་གཏོགས་མི་ཡུལ་དུ་མ་དར་བ་རྒྱུན་རིང་པོ་སོང་ཞིང༌། སྟོན་པ་མྱ་ངན་ལས་འདས་ནས་ལོ་བཞི་རྒྱ་འདས་པའི་རྗེས་སུ་ཀླུ་སྒྲུབ་འཁྲུངས་ཏེ་དེའི་རྗེས་ཤེར་ཕྱིན་གྱི་མདོ་སྡེ་རྣམས་ཀླུ་ཡུལ་ནས་གདན་དྲངས་པར་བརྟེན་ཀླུ་སྒྲུབ་ལ་ཐེག་ཆེན་གྱི་ཤིང་རྟའི་སྲོལ་འབྱེད་དུ་བཞག་པ་ཡིན་ནོ།། འོན་ཀྱང་དེང་རབས་ཀྱི་བྱུང་བ་སྨྲ་བ་ཚོས་ཐེག་ཆེན་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་པར། རྗེས་སུ་རྒྱ་གར་གྱི་སློབ་དཔོན་ཀླུ་སྒྲུབ་ལ་སོགས་པས་གསར་རྩོམ་ཡིན་པར་འདོད་དེ། དབྱིན་ཇིའི་སྐད་དུ་ཐེག་དམན་ལ་སྔ་རབས་ཀྱི་ནང་ཆོས་ (Early Buddhism) དང༌། ཡང་ན་ནང་ཆོས་ངོ་མ་ (Original Buddhism) ཞེས་བརྗོད་པ་དང༌། ཐེག་ཆེན་ལ་ཕྱི་རབས་ཀྱི་ནང་ཆོས་ (Later Buddhism) དང༌། ༥༡༥

 

ཡང་ན་ཡར་རྒྱས་ཕྱིན་པའི་ནང་ཆོས་ (Developed Buddhism) ཞེས་བརྗོད་པ་དང༌། ཡང་འགའ་ཞིག་གིས་ལྷོ་ཕྱོགས་ཀྱི་ནང་པ་དང༌། བྱང་ཕྱོགས་ཀྱི་ནང་པ་སོགས་བཤད་ཚུལ་སྣ་ཚོགས་ཤིག་ཡོད་པ་དེ་དག་ནི་དེང་རབས་ཀྱི་དེ་བྱུང་རིག་པའི་གུ་དོག་པོའི་ལྟ་ཚུལ་ཞིག་ཡིན་པས་དགག་སྒྲུབ་བྱེད་པའི་དགོས་པ་མེད། ཐེག་ཆེན་སངས་རྒྱས་ཀྱི་བཀའ་མ་ཡིན་པར་འདོད་པ་ནི་དེང་དུས་ཀྱི་གཏམ་གསར་ཞིག་མིན་པར་ཀླུ་སྒྲུབ་རང་ཉིད་ཀྱི་སྐུ་དུས་ནས་ཐེག་དམན་པ་རྣམས་ཀྱིས་དེ་ལྟར་རྒོལ་བས་ཀླུ་སྒྲུབ་རྗེས་འབྲང་དང་བཅས་པའི་གཞུང་ལུགས་རྣམས་སུ་ཐེག་ཆེན་བཀའ་སྒྲུབ་ཀྱི་རིགས་པའི་རྣམ་གྲངས་མང་པོ་གསུང་དགོས་པའི་རྒྱུ་མཚན་དེ་ལ་ཐུག་ཅིང༌། དེང་སྐབས་ནི་ཐེག་ཆེན་སངས་རྒྱས་ཀྱི་བཀའ་ཡིན་མིན་བྱུང་རབས་ཀྱི་དཔྱད་གཞི་ཙམ་ལས་དངོས་སུ་འགལ་ཟླ་དེ་ཙམ་མ་ཆེ་ཡང༌། རྒྱ་གར་དུ་ཐེག་ཆེན་ཐོག་མ་དར་སྐབས་བསྟན་པ་རྒྱན་དུ་བཙུགས་ནས་རྩོད་པ་དང༌། ཆོས་གཞི་འཕྲོག་རེས་བྱེད་པ། ཐེག་ཆེན་པའི་དགེ་སློང་རྣམས་ཐེག་དམན་གྱི་དགེ་སློང་གི་དགེ་འདུན་ནས་གནས་དབྱུང་བཏང་བ་སོགས་གནས་ཚུལ་མང་པོ་བྱུང་ཡོད། ཇི་ལྟར་ཡང༌། ཤིང་རྟའི་སྲོལ་འབྱེད་སོ་སོས་བརྩམས་པའི་བསྟན་བཅོས་ལ་འགྲེལ་པ་ཐོག་མ་མཛད་མཁན་དེར་ཤིང་རྟའི་སྲོལ་འཛིན་དུ་འདོད་པའི་སྒོ་ནས་རྒྱན་དྲུག་མཆོག་གཉིས་སུ་གྲགས་པའི་མཁས་དབང་བརྒྱད་ལ་ཚད་ཐུབ་ཀྱི་སྐྱེས་བུར་འདོད་དེ། འགྲེལ་བྱེད་གཞན་རྣམས་དེ་དག་གང་རུང་གི་རྗེས་སུ་འབྲང་བ་ཡིན་པར་བོད་ཀྱི་མཁས་པ་སྤྱི་ལ་གྲགས་སོ།། དེའང་ཀླུ་སྒྲུབ་ཀྱི་རིགས་ཚོགས་དྲུག་ལ་སོགས་པར་རྣམ་འགྲེལ་མཛད་པོ་ཐོག་མ་ཀླུ་སྒྲུབ་ཀྱི་དངོས་སློབ་འཕགས་པ་ལྷ་དང༌། དེ་གཉིས་ལ་ཀླུ་སྒྲུབ་ཡབ་སྲས་གཉིས་ཞེས་བརྗོད། ཐོགས་མེད་ཀྱི་ས་སྡེ་ལ་སོགས་པར་རྣམ་འགྲེལ་མཛད་པོ་དེའི་དངོས་སློབ་སློབ་དཔོན་དབྱིག་གཉེན་ཡིན་པ་མ་ཟད། ཁོང་གཉིས་ཡུམ་གཅིག་པའི་སྐུ་མཆེད་ཡིན་པས་ཐོགས་མེད་སྐུ་མཆེད་ཅེས་བརྗོད་དོ།། དེ་བཞིན་ནང་པའི་གཞུང་ལུགས་རྣམས་སུ་རྒྱུ་རིག་པའམ་ཚད་མ་རིག་པའི་དོན་རྣམས་དངོས་ཤུགས་ཅི་རིགས་སུ་རྒྱས་པར་བསྟན་ཡོད་ཀྱང༌། དངོས་སུ་ཚད་མ་རིག་པའི་དོན་ཟུར་འདོན་གྱིས་བསྟན་བཅོས་ཐོག་མ་རྩོམ་པ་པོ་སློབ་དཔོན་ཕྱོགས་ཀྱི་གླང་པོ་ཡིན་པས་དེ་ལ་ནང་པའི་ཚད་མ་རིག་པའི་ཤིང་རྟའི་སྲོལ་འབྱེད་དུ་འདོད་ཅིང༌། དེའི་རྣམ་འགྲེལ་ཐོག་མ་མཛད་པོ་ཆོས་གྲགས་ཡིན་པས་ཁོང་གཉིས་ལ་ཕྱོགས་གླང་ཡབ་སྲས་ཞེས་འབོད་དོ།། དེ་དྲུག་པོ་ལ་ནང་པའི་ནང་དོན་རིག་པ་དང་ཚད་མ་རིག་པའི་ཤིང་རྟའི་སྲོལ་འབྱེད་དང་སྲོལ་འཛིན་གྱི་ཚུལ་དུ་རྒྱན་དྲུག་ཅེས་པའི་ཐ་སྙད་སྦྱར་ཞིང༌། ཡང་ན་མདོ་སྡེ་དང་མངོན་པའི་སྡེ་སྣོད་ཀྱི་བརྗོད་བྱའི་གཙོ་བོ་ཤེས་རབ་དང་ཏིང་ངེ་འཛིན་གྱི་དོན་ཡན་ལག་དང་བཅས་པ་གསལ་བར་མཛད་པའི་གཞུང་རྩོམ་པ་པོའི་ཚད་ལྡན་གྱི་མཁས་པ་དྲུག་ཅེས་བརྗོད་ནའང་རུང་བར་སེམས་སོ།། དེ་བཞིན་སློབ་དཔོན་ཡོན་ཏན་འོད་ཀྱིས་འདུལ་བ་ལུང་སྡེ་བཞི་ཕྱོགས་གཏོགས་དང་བཅས་པའི་དགོངས་དོན་ལེགས་པར་འགྲེལ་བའི་བསྟན་བཅོས་འདུལ་བ་མདོ་བརྩམས་ཤིང༌། དེའི་རྒྱ་ཆེར་འགྲེལ་རྩོམ་པ་པོ་སློབ་དཔོན་ཤཱཀྱ་འོད་ཡིན་པས་དེ་གཉིས་ལ་མཆོག་གཉིས་དང་ཡོན་ཤཱཀ་གཉིས་ཅེས་ཐ་སྙད་བྱས་སོ།། སྐབས་འདིར་རིགས་ཀྱི་གླུར་རྒྱན་དྲུག་གཞུང་ཆེན་ཞེས་རྒྱན་དྲུག་མ་གཏོགས་མཆོག་གཉིས་ཀྱི་མཚན་ཚིག་གིས་མ་ཟིན་པའི་རྒྱུ་མཚན་གཞན་ཞིག་ནི་གཙུག་ལག་སློབ་ཁང་འདི་རབ་བྱུང་དང་ཁྱིམ་པ་ཐུན་མོང་བའི་སློབ་སྦྱོང་བྱ་ཡུལ་ཞིག་ཡིན་སྟབས་འདུལ་བའི་གཞུང་ལུགས་སློབ་ཚན་དུ་དངོས་སུ་བཞག་མེད་པ་དེའི་དབང་གིས་ཡིན་ནོ་ཞེས་སྨྲས་ནའང་མི་རུང་བ་མེད་པར་སེམས་སོ།། འགའ་རེས་སློབ་དཔོན་ཟླ་བ་གྲགས་པ་ལྟ་བུའི་མཁས་པ་ཆེན་པོ་གང་གིས་མཛད་པའི་གཞུང་བོད་པ་རྣམས་ཀྱིས་གཙོ་བོར་སྦྱང་བྱར་བྱས་པ་དེ་རྒྱན་དྲུག་གི་ཁོངས་སུ་མ་བཞག་པ་ཅི་ཡིན་ཞེས་དྲིས་པ་དང༌། དེ་ལ་གཞན་དག་གིས་ཁོང་ཀླུ་སྒྲུབ་ཀྱི་དངོས་སློབ་མ་ཡིན་པའི་རྒྱུ་མཚན་གྱིས་མ་བཞག་གོ་ཟེར་བ་སོགས་སྣང་མོད། ཡིད་བརྟན་མི་རུང་སྟེ། ཆོས་གྲགས་ཕྱོགས་གླང་གི་དངོས་སློབ་མིན་ཡང་འགྲེལ་བྱེད་ཐོག་མ་ཡིན་པས་རྒྱན་དྲུག་ཁོངས་བཞག་པ་དངོས་མཐོང་དང༌། ཟླ་གྲགས་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་མིན་ཡང་རྩོད་པ་ཤིན་ཏུ་མང་ཞིང༌། བོད་ཀྱི་ཚད་ལྡན་གྱི་མཁས་པ་མང་པོས་ཟླ་གྲགས་ཀླུ་སྒྲུབ་ཀྱི་དངོས་སློབ་ཏུ་ལུང་རིགས་མང་པོས་བསྒྲུབས་པའང་ཡོད་དོ།། འོན་ཀྱང་ཟླ་བ་གྲགས་པ་ཀླུ་སྒྲུབ་ཀྱི་གཞུང་ལ་འགྲེལ་པ་ཐོག་མ་རྩོམ་མཁན་མིན་ཞིང༌། འཕགས་པ་ལྷ་ལ་ཀླུ་སྒྲུབ་དང་མཚུངས་པར་ཚད་མར་བཟུང་སྟེ་ཁུངས་སུ་མཛད་པས་ཀླུ་སྒྲུབ་ཀྱི་སྲོལ་འཛིན་འཕགས་པ་ལྷ་བཞག་ཅིང༌། སངས་རྒྱས་བསྐྱངས་དང༌། ཟླ་བ་གྲགས་པ། ལེགས་ལྡན་འབྱེད་ལ་སོགས་པ་མ་བཞག་པ་ནི་རྒྱུ་མཚན་དང་ལྡན་ནོ།།

 

གོང་དུ་སྤྱིར་ཤིང་རྟའི་སྲོལ་འབྱེད་ལ་གཉིས་སུ་གྲངས་ངེས་པ་བཤད་པའི་སྐབས་ཤིང་རྟའི་སྲོལ་འབྱེད་དུ་རྒྱལ་བས་ལུང་བསྟན་པ་ཞེས་སྨོས་ན་ཀླུ་སྒྲུབ་དང་ཐོགས་མེད་གཉིས་རྒྱལ་བས་ལུང་བསྟན་ཚུལ་ཇི་ལྟར་ཡིན་སྙམ་ན། ཀླུ་སྒྲུབ་ནི། ༼དེ་བཞིན་གཤེགས་པ་ང་འདས་ནས།། ལོ་ནི་བཞི་བརྒྱ་ལོན་པ་ན།། དགེ་སློང་ཀླུ་ཞེས་དེ་འབོད་འབྱུང༌།། བསྟན་པ་ལ་ནི་དད་ཅིང་ཕན།། རབ་ཏུ་དགའ་བའི་ས་ཐོབ་པ།། ལོ་ནི་དྲུག་བརྒྱ་དག་ཏུ་འཚོ།། རིག་པ་རྨ་བྱ་ཆེན་མོ་ནི།། བདག་ཉིད་ཆེན་པོ་དེས་ཀྱང་གྲུབ།། བསྟན་བཅོས་སྣ་ཚོགས་དོན་དང་ནི།། དངོས་པོ་མེད་པའི་དོན་དེ་རིགས།། གང་ཚེ་ལུས་དེ་བོར་བ་ན།། བདེ་བ་ཅན་དུའང་སྐྱེ་བར་འགྱུར།། དེ་ནས་མཐར་གྱིས་སངས་རྒྱས་ཉིད།། ངེས་པ་ཁོ་ནར་ཡང་དག་འཐོབ།།༽༡༤ ཅེས་བྱུང་བ་དེ་ཡིན་ཞིང༌། དེ་ལ་བརྟེན་ནས་སྲོལ་རྒྱུན་གྱི་མཁས་པ་རྣམས་ཀྱིས་མགོན་པོ་ཀླུ་སྒྲུབ་སྟོན་པ་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ལོན་པ་ན་འཁྲུངས་པར་འདོད་པས་དེ་ནི་ཕྱི་ལོ་མ་བྱུང་གོང་གི་ལོ་ཉིས་བརྒྱའི་ ༢༠༠ B.C. སྔོན་ལ་ཡིན་པ་དང༌། ཀླུ་སྒྲུབ་ལོ་དྲུག་བརྒྱ་བཞུགས་ཤིང༌། མྱ་ངན་ལས་འདའ་སྐབས་ཕྱི་ལོ་བཞི་བརྒྱའི་ ༤༠༠ A.D. ནང་སླེབས་ཟིན་པར་བཤད་ཚུལ་དེ་ནི་སྲོལ་རྒྱུན་གྱི་བཤད་ཚུལ་གྲགས་ཆེ་བ་ཞིག་ཡིན། དེའི་དབང་གིས་དབུ་མ་རིགས་ཚོགས་དྲུག་རྩོམ་པ་པོའི་ཀླུ་སྒྲུབ་དང༌། སྨན་གྱི་བསྟན་བཅོས་སྦྱོར་བ་བརྒྱ་པ་སོགས་རྩོམ་མཁན་གྱི་ཀླུ་སྒྲུབ། སྔགས་ཀྱི་བསྟན་བཅོས་རིམ་ལྔ་ལ་སོགས་པ་རྩོམ་མཁན་གྱི་ཀླུ་སྒྲུབ་གསུམ་ག་གང་ཟག་གཅིག་ཡིན་པར་འདོད་ཅིང༌། དེ་ལྟར་འདོད་པའི་རྒྱུ་མཚན་ཡང་ཕྱི་ལོ་བརྒྱ་ཕྲག་གཉིས་པ་ནས་བཅིུག་བར་བྱོན་པའི་རྒྱ་གར་གྱི་མཁས་པ་ཕལ་ཆེ་བས་ངོས་འཛིན་མཛད་ཚུལ་དེ་ལ་བརྟེན་པ་ཡིན་ནོ།། དེང་རབས་ཀྱི་བྱུང་བ་སྨྲ་བ་ཕལ་ཆེ་བས་ཀླུ་སྒྲུབ་ཇི་ཙམ་སྔ་ཡང་ཕྱི་ལོ་བརྒྱ་ཕྲག་བཞི་པའི་གོང་ལ་མ་བྱོན་པར་ནན་གྱིས་སྒྲུབ་པ་དང༌། དེ་བཞིན་རིགས་ཚོགས་རྩོམ་མཁན་གྱི་ཀླུ་སྒྲུབ། སྨན་གྱི་བསྟན་བཅོས་རྩོམ་མཁན་གྱི་ཀླུ་སྒྲུབ། སྔགས་གཞུང་རྩོམ་མཁན་གྱི་ཀླུ་སྒྲུབ་གསུམ་མཐའ་གཅིག་ཏུ་ཐ་དད་ཡིན་པ་དང༌། རིགས་ཚོགས་རྩོམ་པ་པོའི་ཀླུ་སྒྲུབ་ཀྱིས་སྨན་གཞུང་དང་སྔགས་གཞུང་མ་བརྩམས་པར་འདོད་དོ།། སྲོལ་རྒྱུན་གྱི་གསུང་ཚུལ་དུའང་ཀླུ་སྒྲུབ་ཐོག་མ་འཇིག་རྟེན་དུ་བྱོན་རྗེས་ཀླུ་ཡུལ་དུ་ཕེབས་ནས་རྒྱུན་རིང་བཞུགས་པ་དང༌། དེ་ནས་ཡུམ་གྱི་མདོ་ལ་སོགས་པ་སྤྱན་དྲངས་ཏེ་སླར་མི་ཡུལ་དུ་བྱོན། ཡང་སྐབས་ཤིག་བྱང་སྒྲ་མི་སྙན་དུ་གསེར་འགྱུར་རྩིའི་གདམས་ངག་བཞེས་སུ་ཕེབས་པ་དང༌། སླར་ཡང་འཛམ་གླིང་དུ་བྱོན་ནས་རྒྱ་གར་ལྷོ་ཕྱོགས་སུ་བཞུགས་ཏེ་བསྟན་པའི་བྱ་བ་མཛད་པ་བཅས་ཀླུ་སྒྲུབ་རྒྱ་གར་གྱི་ཡུལ་འདིར་མཇལ་རྒྱུ་མེད་པའི་སྐབས་གཉིས་བྱུང་ཞིང༌། དངོས་སུ་བཞུགས་ནས་བསྟན་པའི་བྱ་བ་མཛད་པའི་སྐབས་གསུམ་བཤད་པ་དང༌། དེང་རབས་པ་ཚོས་ཀླུ་སྒྲུབ་ཐ་དད་པ་གསུམ་སྔ་ཕྱིར་བྱུང་བར་འདོད་པ་གཉིས་ཀྱི་དབར་འདྲ་མཚུངས་ཕྲན་བུ་ཡོད་པ་མངོན་ཐུབ་ཅིང༌། དེང་དུས་ཀྱི་མིའི་ཚེ་ཚད་དང་བསྟུན་ན་སྤྱིར་བཏང་མི་གཅིག་ལོ་དྲུག་བརྒྱ་བསྡད་པར་ཁས་བླང་དཀའ་བ་དངོས་དོན་ཡིན་པས་བྱུང་རབས་པ་ཚོར་ཁག་མེད་པ་མ་ཟད། བོད་ཀྱི་མཁས་དབང་ཏཱརནཱཐས་ཀྱང་ཀླུ་སྒྲུབ་དགུང་ལོ་དྲུག་བརྒྱ་བཞུགས་པར་འདོད་པ་ལ་ཟུར་ཟ་མཛད་འདུག་པ་མ་ཟད། སྔོན་ཨ་མདོའི་མཁས་དབང་ཞིག་གིས་ཀྱལ་ཀའི་ཚུལ་དུ་མགོན་པོ་ཀླུ་སྒྲུབ་ཧ་ཅང་མཁས་པ་ཆེན་པོ་རེད་ཟེར་བ་ཧ་ལས་རྒྱུ་མི་འདུག ངའང་ལོ་དྲུག་བརྒྱ་བསྡད་ན་ཀླུ་སྒྲུབ་ལས་མཁས་ཙམ་ཡོང་ཐུབ་པ་འདུག་ཅེས་གསུངས་པའི་སྒྲུང་གཏམ་འདུག

 

ཕྱིས་སུ་བྱུང་རབས་ཀྱི་དན་རྟགས་གསར་པ་མང་པོ་ཞིག་རྙེད་པའི་དབང་གིས་མཁས་དབང་སྐུ་གཤེགས་ལཱལམཎིཇོཤཱིས་གཙོས་པའི་དེང་དུས་ཀྱི་དེ་བྱུང་སྨྲ་བ་མང་དག་ཅིག་གིས་ཀླུ་སྒྲུབ་ཕྱི་ལོའི་སྔོན་གྱི་བརྒྱ་ཕྲག་དང་པོ་ ༡༠༠ B.C. ནས་ཕྱི་བར་ཁས་བླང་དཀའ་བ་འདུག་ཅེས་གསུང་མཁན་མང་པོ་བྱུང་ཡོད། བྱུང་རབས་ཀྱི་དན་རྟགས་ལས་ཀླུ་སྒྲུབ་ཕྱི་ལོ་སྔོན་གྱི་བརྒྱ་ཕྲག་དང་པོ་ལས་མི་ཕྱི་བར་སྒྲུབ་ཐུབ་ན་རང་ཅག་གི་འདོད་ཚུལ་ལྟར་ཕྱི་ལོའི་སྔོན་གྱི་བརྒྱ་ཕྲག་གཉིས་པའི་ནང་ཡིན་པ་བསྒྲུབ་མི་དཀའ། དེང་རབས་ཀྱི་དེ་བྱུང་སྨྲ་བ་ཚོས་ཆེས་སྔ་མོའི་བྱུང་བ་འཆད་སྐབས་ལོ་བརྒྱ་ཕྲག་རེ་འཕར་འཐེན་ཚུར་འཐེན་བྱ་རྒྱུ་ལས་སླ་པོ་ཡིན་པ་དེབ་ཐེར་མང་པོ་ནས་མཐོང་ཐུབ་བོ།།༥༡༩

 

མགོན་པོ་ཀླུ་སྒྲུབ་ཤིང་རྟའི་སྲོལ་འབྱེད་དུ་འཇོག་བྱེད་ཀྱི་བསྟན་བཅོས་ནི་རིགས་ཚོགས་ལྔའམ་དྲུག་ཡིན་ལ། བོད་ཀྱི་མཁས་པ་ཚོར་རིགས་ཚོགས་ཀྱི་གྲངས་ལ་བཞེད་ཚུལ་མི་འདྲ་བ་གཉིས་འདུག སྤྱིར་བཏང་ཀླུ་སྒྲུབ་ཀྱིས་བརྩམས་པར་གྲགས་པའི་གསུང་རབ་ཤིན་ཏུ་མང་བས་རྒྱ་གར་དུ་དཀར་ཆག་བཀོད་པ་ཞིག་ཡོད་མིན་མ་ཤེས་ཀྱང༌། བོད་སྔ་མ་རྣམས་ཀྱིས་དཀར་ཆག་བཀོད་སྐབས་རིགས་ཚོགས་དང༌། གཏམ་ཚོགས། བསྟོད་ཚོགས་བཅས་ཚོགས་གསུམ་གྱི་ནང་ལ་བསྡུས་ཏེ་བཀོད་ཅིང༌། གཏམ་ཚོགས་ཀྱི་ནང་ལུགས་ཀྱི་བསྟན་བཅོས་དང་སྤྲིངས་ཡིག་ལ་སོགས་པ་དང༌། བསྟོད་ཚོགས་ཀྱི་ནང་སངས་རྒྱས་དང༌། ཆོས་ཀྱི་དབྱིངས། ལྷག་པའི་ལྷ་སོགས་ཀྱི་བསྟོད་པ་རྣམས་ཕྱོགས་བསྡུས་བྱས་ཡོད། རིགས་ཚོགས་ཀྱི་ནང་རྩ་བ་ཤེས་རབ་དང༌། སྟོང་ཉིད་བདུན་ཅུ་པ། རྩོད་པ་བཟློག་པ། རིགས་པ་དྲུག་ཅུ་པ། ཞིབ་མོ་རྣམ་འཐག་བཅས་ལྔ་དང༌། རིན་ཆེན་ཕྲེང་བ་བགྲང་ན་དྲུག་གོ། རིན་ཕྲེང་རྒྱལ་པོ་ལ་སྤྲིངས་པ་ཡིན་པས་མཁས་པ་འགའ་ཤས་ཀྱིས་གཏམ་ཚོགས་སུ་བགྲངས་སོ།། དེ་ལྟར་ཀླུ་སྒྲུབ་ཀྱི་གཞུང་ལུགས་མང་པོ་ཡོད་པ་ཐམས་ཅད་ཀྱི་ནང་ནས་དབུ་མའི་ཤིང་རྟའི་སྲོལ་འབྱེད་བྱེད་ཀྱི་བསྟན་བཅོས་གཙོ་ཆེ་བ་རྩ་བ་ཤེས་རབ་ཡིན་པས། གཞུང་དེ་གཙུག་ལག་སློབ་གཉེར་ཁང་འདིའི་སློབ་ཚན་གཙོ་བོ་ཞིག་ཏུ་བཞག་གོ།

 

ཐོགས་མེད་ཤིང་རྟའི་སྲོལ་འབྱེད་དུ་ལུང་བསྟན་ཚུལ་ནི། འཇམ་དཔལ་རྩ་རྒྱུད་ལས། ༼ཐོགས་མེད་ཅེས་བྱའི་དགེ་སློང་ནི།། བསྟན་བཅོས་དེ་ནི་དོན་ལ་མཁས།། མདོ་སྡེ་ངེས་དོན་དྲང་བའི་དོན།། རྣམ་པ་མང་པོའང་རབ་ཏུ་འབྱེད།། འཇིག་རྟེན་རིག་པ་སྟོན་བདག་ཉིད།། གཞུང་བྱེད་ངང་ཚུལ་ཅན་དུ་འགྱུར།། དེ་ཡི་རིག་པ་གྲུབ་པ་འདི།། སཱ་ལའི་ཕོ་ཉ་མོ་ཞེས་བརྗོད།། དེ་ཡི་སྔགས་ཀྱི་མཐུ་ཡིས་ནི།། བློ་ནི་བཟང་པོ་སྐྱེ་བར་འགྱུར།། བསྟན་པ་ཡུན་རིང་གནས་པའི་ཕྱིར།། མདོ་ཡི་དེ་ཉིད་དོན་སྡུད་བྱེད།། ལོ་ནི་བརྒྱ་དང་ལྔ་བཅུར་འཚོ།། དེ་ལུས་ཞིག་ནས་ལྷ་ཡུལ་འགྲོ།། འཁོར་བ་རྣམས་སུ་འཁོར་བ་ན།། ཡུན་རིང་བདེ་བ་རྗེས་མྱོང་ནས།། བདག་ཉིད་ཆེན་པོ་མཐར་གྱིས་དེ།། བྱང་ཆུབ་ཐོབ་པར་འགྱུར་བ་ཡིན།།༽༡༥ ཅེས་གསུངས་པ་ལྟར་སྟོན་པ་མྱ་ངན་ལས་འདས་ནས་ལོ་དགུ་བརྒྱ་ལོན་པ་ན་ཐོགས་མེད་བྱོན་པར་སྲོལ་རྒྱུན་དུ་བཞེད་པ་ལྟར་དེང་རབས་ཀྱི་དེ་བྱུང་སྨྲ་བ་ཚོས་ཀྱང་ཐོགས་མེད་འཁྲུངས་དུས་སྟོན་པ་འདས་ནས་ལོ་དགུ་བརྒྱ་ནས་ཆིག་སྟོང་གི་བར་ཡིན་པར་འདོད་པས། འདི་ལ་སྲོལ་རྒྱུན་དང་དེང་རབས་དེ་བྱུང་སྨྲ་བའི་བར་མི་མཐུན་པ་མེད། ཐོགས་མེད་ཀྱིས་བརྩམས་པའི་བསྟན་བཅོས་གཙོ་བོ་ནི་ས་སྡེ་ལྔ་ཡིན་ཞིང༌། དེ་བྱམས་ཆོས་ཀྱི་དོན་འགྲེལ་ཡིན་པར་འདོད་ནའང་སྐྱོན་ཨེ་ཡོད། དེ་བཞིན་རྒྱུད་བླ་མའི་འགྲེལ་པ་དང༌། མངོན་པ་ཀུན་བཏུས་སོགས་བསྟན་བཅོས་གཞན་ཡང་མང༌། འདིར་ཐོགས་མེད་ཀྱི་གསུང་གཙུག་ལག་སློབ་ཁང་གི་སློབ་ཚན་དུ་དངོས་སུ་མེད་ནའང༌། བྱམས་ཆོས་སྤྱི་དང༌། ཁྱད་པར་མངོན་རྟོགས་རྒྱན་ཆ་ཚང་སློབ་ཚན་དུ་ཡོད་པས། གང་ལྟར་ཐོགས་མེད་ནས་བརྒྱུད་པའི་གཞུང་དང་སེམས་ཙམ་པའི་ལྟ་གྲུབ་སྐོར་མང་པོ་སློབ་ཚན་དུ་ཡོད། དེ་ནས་ཀླུ་སྒྲུབ་ཀྱི་དངོས་སློབ་འཕགས་པ་ལྷས་རྩ་ཤེའི་དོན་འགྲེལ་བཞི་བརྒྱ་པ་ལ་སོགས་པ་བརྩམས་པས་ཤིང་རྟའི་སྲོལ་འཛིན་དུ་བཞག་པ་བཞིན་ཁོང་གིས་བརྩམས་པའི་བཞི་བརྒྱ་པ་ཡང་སློབ་ཁང་འདིའི་སློབ་ཚན་དུ་བཞག་ཡོད། ཐོགས་མེད་ཀྱི་དངོས་སློབ་དབྱིག་གཉེན་ནི་ཐོག་མ་གཅེན་ཐོགས་མེད་ཐེག་ཆེན་དུ་ཞུགས་པ་ལ་མ་རངས་པའི་ཚུལ་གྱིས། ཀྱེ་མ་ཐོགས་མེད་ནགས་སུ་ལོ།། བཅུ་གཉིས་བར་དུ་ཏིང་འཛིན་བསྒྲུབས།། ཏིང་འཛིན་མ་གྲུབ་གླང་ཆེན་གྱི།། རྒྱབ་ཁལ་ལོངས་པའི་གྲུབ་མཐའ་བརྩམས།། ཞེས་ཟུར་ཟ་མཛད་པར་གྲགས་ཀྱང༌། ཕྱིས་སློབ་མར་གྱུར་ཏེ། མདོ་འགྲེལ་དང༌། རབ་བྱེད་སོགས་བསྟན་བཅོས་ཧ་ཅང་མང་པོ་བརྩམས་ཤིང༌། ལྷག་པར་ཆོས་མངོན་པ་མཛོད་ཀྱི་ཚིག་ལེའུར་བྱས་པ་བརྩམས་ཏེ་འགྲོ་དོན་ཤིན་ཏུ་དར་བ་དེ་གཙུག་ལག་སློབ་ཁང་འདིའི་སློབ་ཚན་དུ་ཡོད།

 

དེ་ནས་ཚད་མ་རིག་པའི་ཤིང་རྟའི་སྲོལ་འབྱེད་སློབ་དཔོན་ཕྱོགས་ཀྱི་གླང་པོ་ནི་ནང་པའི་སྡེ་སྣོད་རྣམས་སུ་རྟོག་གེ་རིག་པའི་རྣམ་བཞག་ཁ་འཐོར་དུ་གནས་ཀྱང༌། རྟོག་གེའི་ཚིག་དོན་བརྒྱད་ལ་སོགས་པ་ཚད་མ་རིག་པའི་རྣམ་བཞག་ཟུར་དུ་ཕྱུང་བའི་གཞུང་ལུགས་ཤིག་སློབ་དཔོན་ཕྱོགས་གླང་མ་བྱོན་གྱི་བར་དུ་མེད་ཅིང༌། དེ་ལ་བརྟེན་ནས་ཕྱི་རོལ་པ་དང་རྩོད་པའི་སྐབས་ནང་པའི་མཁས་པ་ཚོར་སྐུ་ངལ་ཡོང་བ་དང༌། རྟོག་གེའི་རིག་པ་ལ་མ་སྦྱང་ན་རྩོད་པ་ཕུན་སུམ་ཚོགས་པ་ཡོང་དཀའ་བ་མ་ཟད། རང་ཉིད་ཀྱི་སྟོན་པ་དང་བསྟན་པ་ཚད་མར་བསྒྲུབ་པ་ལའང་དངོས་སྟོབས་རིགས་པའི་རྣམ་བཞག་གསལ་པོ་ཞིག་མེད་ན། ཚད་ཐུབ་ཡོང་དཀའ་ཞིང༌། ཁྱད་པར་དུ་སངས་རྒྱས་ཀྱིས། ལེགས་པར་བརྟག་ལ་ང་ཡི་བཀའ།། བླང་བར་བྱ་ཡི་་་་་་་་་་་་་་༌།། ཞེས་གདམས་པ་ལྟར། རྒྱལ་བའི་གསུང་རབ་ཀྱི་དགོངས་དོན་ལ་ལེགས་པར་བརྟག་ཚུལ་དེའང་ཚད་མ་རིག་པའི་རྣམ་བཞག་ལེགས་པར་མ་སྦྱང་ན་ཡོང་ཐབས་མེད་པས་རྒྱལ་བའི་གསུང་རབ་ལ་ཐོས་བསམ་གྱིས་འཇུག་པའི་སྒོ་མེད་དུ་མི་རུང་བ་ཞིག་ནི་ཚད་མ་རིག་པ་དེ་ཡིན་པ་དང༌། དེ་འདྲའི་རྣམ་བཞག་དེའང་ནང་དོན་རིག་པ་དང་མཐུན་པ་ཞིག་མེད་ན་རྟོག་གེ་སྐམ་པོ་ཞིག་གིས་ནང་དོན་རིག་པའི་སློབ་གཉེར་ལ་ཕན་ཐོགས་མེད་པ་གཟིགས་ནས་ནང་པའི་ཐུན་མོང་མ་ཡིན་པའི་ཚད་མ་རིག་པའི་རྣམ་བཞག་ཆ་ཚང་བ་ཞིག་བརྩམ་དགོས་པར་གཟིགས་ཏེ་སློབ་དཔོན་ཕྱོགས་ཀྱི་གླང་པོས་ཚད་མ་རིག་པའི་དཀའ་གནད་དུ་མ་ལས་བརྩམས་པའི་ནིབནྡྷ་དང་པྲཀརཎ་ལ་སོགས་པའི་གཞུང་ཆུང་ཐོར་བུ་བརྒྱ་ཕྲག་བརྒལ་བ་ཞིག་ལྗགས་རྩོམ་གནང་ཞིང༌། ཕྱིས་དེ་དག་རྣམས་སུ་བརྗོད་བྱ་ཐོར་བ་ལྟ་བུ་གཟིགས་ནས་དེ་རྣམས་ཕྱོགས་བསྡུས་ཀྱིས་བསྟན་བཅོས་ཆེན་པོ་གཅིག་བརྩམ་རྒྱུའི་ཐུགས་འདུན་བྱུང་སྐབས། ༼ཚད་མ་བསྒྲུབ་ཕྱིར་རང་གི་གཞུང་ཀུན་ལས།། བཏུས་ཏེ་སྣ་ཚོགས་འཐོར་རྣམས་འདིར་གཅིག་བྱ།།༽༡༦ ཞེས་སློབ་དཔོན་རང་ཉིད་ཀྱིས་བརྩམས་པའི་གཞུང་ཐོར་བུ་རྣམས་ཕྱོགས་གཅིག་ཏུ་བསྡུས་ཏེ་ཚད་མ་ཀུན་ལས་བཏུས་པ་དེ་བརྩམས་པ་ཡིན་པར་ཀུན་བཏུས་རང་ཉིད་ཀྱི་རྩོམ་པར་དམ་བཅའ་བའི་ནང་གསལ་བར་བསྟན་ཡོད། དེ་ལྟ་ན་ཚད་མ་ཀུན་བཏུས་ཞེས་པ་དེ་སངས་རྒྱས་ཀྱི་གསུང་རབ་ཀུན་ལས་བཏུས་པའམ། རང་ཉིད་ཀྱིས་བརྩམས་པའི་གཞུང་ཆུང་ངུ་ཀུན་ལས་བཏུས་ཏེ་མངོན་སུམ་དང༌། རང་དོན་རྗེས་དཔག གཞན་དོན་རྗེས་དཔག སྟོན་པ་ཚད་མའི་སྐྱེས་བུར་བསྒྲུབ་པའི་རིགས་པ་ལ་སོགས་པ་ཆ་ཚང་བ་བསྟན་པའི་གཞུང་ཆེན་པོ་འདི་བརྩམས་ཏེ་ནང་པའི་ཐོུང་མ་ཡིན་པའི་ཚད་མ་རིག་པའི་ཤིང་རྟའི་སྲོལ་འབྱེད་པ་པོ་ཡིན་པས་ཕྱོགས་གླང་རྒྱན་དྲུག་གི་ཁོངས་སུ་བཞག་པ་དང༌། ཁོང་གིས་བརྩམས་པའི་བསྟན་བཅོས་ཚད་མ་རིགས་པ་ལ་འཇུག་པ་ལ་སོགས་པ་མང་པོ་གཙུག་ལག་སློབ་ཁང་འདིའི་སློབ་ཚན་དུ་ཡོད་དོ།།

 

དེའི་ཤིང་རྟའི་སྲོལ་འཛིན་ཆོས་ཀྱི་གྲགས་པ་ནི་སློབ་དཔོན་ཕྱོགས་ཀྱི་གླང་པོའི་ཚད་མ་ཀུན་ལས་བཏུས་པའི་དགོངས་དོན་སློབ་དཔོན་རང་ཉིད་ཀྱི་དངོས་སློབ་སུས་ཀྱང་ཇི་བཞིན་རྟོགས་མ་ནུས་པ་ཡོད་པའི་སྐབས་དཔལ་ལྡན་ཆོས་ཀྱི་གྲགས་པས་སློབ་དཔོན་དབང་ཕྱུག་སྡེའི་དྲུང་ནས་ཚད་མ་ཀུན་བཏུས་ལན་གསུམ་གསན་རྗེས་སློབ་དཔོན་གྱི་གནང་བ་ཐོབ་པ་ལྟར་ཕྱོགས་ཀྱི་གླང་པོའི་གཞུང་ལ་མ་རྟོགས་པ་དང༌། ལོག་པར་རྟོགས་པའི་དྲི་མ་རྣམས་བསལ་ནས་ཀུན་བཏུས་ཀྱི་བརྗོད་བྱ་རྣམས་ཚུལ་བཞིན་དུ་འགྲེལ་བའི་ཚད་མའི་བསྟན་བཅོས་སྡེ་བདུན་དུ་གྲགས་པ་དེ་བརྩམས་པར་མཛད། ཚད་མ་སྡེ་བདུན་ནི་རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་དང༌། ཅུང་ཟད་བསྡུས་པ་ཚད་མ་རྣམ་ངེས། ཤིན་ཏུ་བསྡུས་པ་ཚད་མ་རིགས་ཐིགས་བཅས་ལུས་ལྟ་བུའི་བསྟན་བཅོས་གསུམ་དང༌། གཏན་ཚིགས་ཐིགས་པ། འབྲེལ་བ་བརྟག་པ། རྒྱུད་གཞན་གྲུབ་པ། རྩོད་པའི་རིགས་པ་སྟེ་ཡན་ལག་ལྟ་བུའི་བསྟན་བཅོས་བཞིའོ།། དེ་ལྟར་ཆོས་གྲགས་ཀྱིས་ཕྱོགས་གླང་གི་དགོངས་པ་འགྲེལ་བའི་བསྟན་བཅོས་ཐོག་མར་བརྩམས་པས་ཚད་མའི་ཤིང་རྟའི་སྲོལ་འཛིན་དུ་རྒྱན་དྲུག་གི་ཁོངས་སུ་བཞག་གོ། ཆོས་གྲགས་ཀྱིས་བརྩམས་པའི་ཚད་མ་རྣམ་འགྲེལ་ཆ་ཚང་གཙུག་ལག་སློབ་ཁང་འདིའི་སློབ་ཚན་དུ་ཡོད། དེ་ཡན་གྱིས་འཛམ་གླིང་མཛེས་རྒྱན་དུ་གྱུར་པའི་སློབ་དཔོན་དྲུག་དང༌། དེ་དག་གིས་བརྩམས་པའི་བསྟན་བཅོས་རྣམས་ཀྱི་ངོ་སྤྲོད་མདོར་བསྡུས་སོང་ངོ༌།། མཆོག་གཉིས་སུ་གྲགས་པའི་སློབ་དཔོན་གཉིས་ལས་ཡོན་ཏན་འོད་ཀྱིས་འདུལ་བ་ལུང་སྡེ་བཞིའི་བརྗོད་བྱ་ཡོངས་སུ་རྫོགས་པ་མདོར་བསྡུས་ཏེ་འདུལ་བ་མདོ་ཞེས་པའི་གཞུང་ཚན་ཆུང་ངུ་དེ་བརྩམས་པར་མཛད་པས། དེང་དུས་ཀྱི་བརྗོད་ཚིག་ལྟར་བྱས་ན་འདུལ་བའི་བསྟན་པའི་ནང་གསར་བརྗེ་དང་མདུན་མཆོངས་རླབས་ཆེན་ཞིག་བྱུང་བས་ཡོན་ཏན་འོད་འདུལ་བ་ལ་བྱ་བ་རླབས་ཆེ་བྱས་པའི་སློབ་དཔོན་མཆོག་གཅིག་ཏུ་བཞག་ཅིང༌། ཁོང་གིས་བརྩམས་པའི་མདོ་རྩ་བ་ལ་སློབ་དཔོན་ཤཱཀྱ་འོད་ཀྱིས་དོན་འགྲེལ་སུམ་བརྒྱ་པ་དང༌། ཚིག་འགྲེལ་རྒྱ་ཆེར་འགྲེལ་ལ་སོགས་པ་བརྩམས་ནས་དར་བར་མཛད་པས་ཁོང་ཡང་སློབ་དཔོན་མཆོག་གཅིག་ཏུ་བཞག་པས་རྒྱན་དྲུག་མཆོག་གཉིས་ཞེས་བོད་ཀྱི་མཁས་པ་ཡོངས་ཀྱིས་སྤྱི་མཐུན་དུ་ཚད་མར་བཟུང་བའི་འཕགས་ཡུལ་གྱི་སློབ་དཔོན་ཆེན་པོ་དེ་དག་ནི་སངས་རྒྱས་ཀྱི་གསུང་གི་དགོངས་པ་འགྲེལ་བ་ལ་རང་དབང་དུ་གྱུར་པའི་སྐྱེས་བུ་ཡིན་ཞིང༌། རྒྱ་གར་གྱི་ཕྱིས་རབས་ཀྱི་འགྲེལ་མཛད་ཚང་མས་དེ་དག་གང་ཡང་རུང་བའི་རྗེས་སུ་འབྲངས་ཏེ་དགོངས་འགྲེལ་མཛད་པའི་རྒྱུ་མཚན་གྱིས་རང་རེའི་བསླབ་བྱའི་རྒྱ་འགྲེལ་ཐམས་ཅད་ལ་རྒྱན་དྲུག་གཞུང་ཆེན་ཞེས་སྨོས་སོ།།

 

དེ་འདྲ་བའི་རྒྱན་དྲུག་རྗེས་འབྲངས་དང་བཅས་པའི་གཞུང་ལུགས་དེ་དག་ཐོས་བསམ་གྱིས་འཇུག་པའི་ཚེ་ནའང་རྣམ་པར་དག་པའི་ཚད་མའི་རིགས་འཕྲུལ་ལ་བརྟེན་ནས་དཔྱད་པ་གཏིང་ཟབ་ཀྱིས་ངེས་པ་དྲངས་པའི་སྒོ་ནས་སློབ་སྦྱོང་བྱཻད་དགོས་པ་དེ་ནང་པའི་སློབ་གཉེར་བྱེད་ཚུལ་ཐུན་མོང་མ་ཡིན་པ་ཞིག་ཡིན་ལ། ལུང་ཙམ་ལ་སྐྱབས་སུ་བཟུང་སྟེ་རྨོངས་དད་ཙམ་གྱིས་ཡིད་ཆེས་བྱེད་པ་ནི་རང་རེའི་ཐོས་བསམ་བྱེད་ཚུལ་མ་ཡིན་ནོ།། ལུགས་འདི་ལས་ཕྱི་རོལ་ཏུ་གྱུར་པ་མང་པོས་རྟོག་གེའི་རིགས་པ་ནི་འཆིང་བ་ཀུན་ལྡན་གྱི་གང་ཟག་ཐ་མལ་པ་རང་ཅག་ལྟ་བུའི་རྣམ་རྟོག་གི་སྤྲོས་པ་ཙམ་ཡིན་པས་ཡང་དག་པ་དང་ཚད་མར་གྱུར་པ་ཡིན་མིན་རང་ཅག་གིས་ཤེས་མི་ནུས། ཆོས་ཀྱི་གནས་ལུགས་ནི་ཆེས་ཟབ་ཅིང་རྒྱ་ཆེ་བ་དང་གཞུང་ལུགས་འགའ་ཤས་སྐྱེས་བུས་མ་བྱས་པར་རང་བྱུང་རྟག་པའི་རང་བཞིན་ཅན་ཡིན་པས་ཆོས་ཀྱི་སྤྱན་དང་ལྡན་པའི་སྐྱེས་བུ་དམ་པ་རྣམས་ཀྱིས་གཟིགས་པའི་ཡུལ་དུ་གྱུར་པ་ལས་རང་རེའི་རྣམ་རྟོག་གིས་བཟོས་པའི་རིགས་ལམ་ཐ་མལ་པ་དེ་ཚོའི་དཔྱད་པའི་ཡུལ་དུ་མི་འགྱུར་ཞིང༌། དཔྱད་པ་བྱེད་མི་འོས། གལ་ཏེ་དཔྱད་པ་བྱེད་ན་དམ་ཆོས་ལ་ཡིད་ཆེས་མ་བྱས་པའི་ཉེས་པ་ཡོང་བ་མ་ཟད། རང་གིས་ཁས་བླངས་པའི་ཆོས་ཀྱི་གཞུང་ལུགས་ལ་དཔྱད་པ་བྱེད་པ་ནི་ཤིན་ཏུ་ནས་མི་འཚམས་པ་ཡིན་ཞེས་སྨྲའོ།། ནང་པ་སངས་རྒྱས་པའི་ལུགས་ལ་གཞན་གྱིས་བརྗོད་པའི་ཚིག་ཙམ་ལ་ཡིད་ཆེས་བྱས་པ་ཙམ་གྱིས་དོན་དེ་རང་གི་བློ་སྟོབས་ཀྱིས་ངེས་མི་ཐུབ་ཅིང༌། དོན་མ་ངེས་ན་ཡིད་ཆེས་དེ་རྨོངས་ཞེན་ཙམ་ལས་ངེས་པ་རྙེད་པའི་ཤེས་རབ་ཀྱི་ངོ་བོར་མི་འགྲོ དེར་བརྟེན་ཐོས་བྱུང་དང་བསམ་བྱུང་གི་ཤེས་རབ་ཙམ་གྱིས་ཆོག་མི་ཤེས་པར། བསམ་བྱུང་གི་ཤེས་རབ་ཀྱིས་དཔྱད་མཐར་རྙེད་པའི་ངེས་ཤེས་དྲངས་པ་དེ་ལ་སྒོམ་བྱུང་གི་ཤེས་རབ་ཀྱིས་དངོས་སུ་འཇལ་བའི་སྒོ་ནས་གནས་ལུགས་རང་སྟོབས་ཀྱིས་མཐོང་བ་ཞིག་དགོས། དེར་བརྟེན་ནང་པ་རྣམས་ཀྱིས་རྨོངས་དད་དང་གསུང་རབ་ཀྱི་ཚིག་དོན་ཙམ་ལ་ཡིད་ཆེས་བྱེད་དགོས་པའི་སློབ་སྟོན་མི་བྱེད་པར་ཐོག་མ་ཉིད་ནས་ཤེས་འདོད་ཞུགས་ཚུལ། དཔྱད་པ་བྱེད་ཚུལ། ཐེ་ཚོམ་གྱི་སྒྲོ་འདོགས་གཅོད་ཚུལ་བཅས་ཀྱི་སློབ་སྟོན་བྱེད་པ་ཡིན། དེ་བཞིན་གཤེགས་པའི་གསུང་རབ་ལ་ཐོས་བསམ་གྱིས་འཇུག་པའི་སྐབས་སུའང་ཤེས་འདོད་ཞུགས་པའི་སྒོ་ནས་གསུང་རབ་ཀྱི་དོན་ལ་དངོས་སྟོབས་ཀྱི་རིགས་པ་དང༌། གྲགས་པའི་རིགས་པ། ཡིད་ཆེས་ཀྱི་རིགས་པ་ལ་སོགས་པ་གཞལ་བྱའི་གནས་ལུགས་དང་བསྟུན་པའི་རིགས་པ་ཡང་དག་གི་བརྟག་དཔྱད་ཀྱི་སྒོ་ནས་འཇུག་པའམ། ཡང་ན་བྱ་བ་སྒྲུབ་པའི་རིགས་པ། ལྟོས་པའི་རིགས་པ། འཐད་སྒྲུབ་ཀྱི་རིགས་པ། ཆོས་ཉིད་ཀྱི་རིགས་པ་བཞིས་རྣམ་པར་དཔྱད་པའི་སྒོ་ནས་མ་རྟོགས་པ་དང༌། ལོག་པར་རྟོགས་པ་དང༌། ཐེ་ཚོམ་གྱི་སྒྲོ་འདོགས་རྣམས་གཅོད་དགོས་པ་ཡིན། དོན་དེ་ལ་དགོངས་ནས་རྗེ་ཙོང་ཁ་པས་ཀྱང༌། ཇི་ལྟར་ཐོས་པའི་དོན་ལ་རིགས་པ་བཞིས།། ཉིན་དང་མཚན་དུ་ཚུལ་བཞིན་རབ་བརྟགས་ནས།། བསམ་བྱའི་གནས་ལ་བསམས་ལས་བྱུང་བ་ཡི།། རྣམ་དཔྱོད་བློ་ཡིས་ཐེ་ཚོམ་ཆོད་པར་ཤོག། ཅེས་སྨོན་པར་མཛད། དེའི་ཕྱིར་རིགས་པ་གང་གི་སྒོ་ནས་བརྟག་པར་བྱེད་པའི་རིགས་པའི་ཚུལ་དེ་ཉིད་ཐོག་མ་ཉིད་དུ་ལེགས་པར་སྦྱང་དགོས་པས་བོད་ཀྱི་ཆོས་སྡེ་ཆེན་པོ་རྣམས་སུ་གཞུང་ལུགས་ཆེན་པོར་སྦྱངས་པའི་སྔོན་འགྲོ་ལྟ་བུར་བསྡུས་གྲྭ་དང་རྟགས་རིགས་ཀྱིས་རིགས་པའི་སྒོ་ཕྱེ་སྟེ་ཚད་མའི་གཞུང་ལ་ཐོག་མར་སྦྱང་བའི་སྲོལ་ཚུགས་ཤིང༌། ཚད་མ་རིག་པ་ལེགས་པར་སྦྱང་ན་དེའི་རྗེས་རྒྱལ་བའི་གསུང་རབ་ལ་ཐོས་བསམ་བྱེད་པའི་སྐབས་རྣམ་པར་དག་པའི་རིགས་པའི་འཕྲུལ་གྱི་སྒོ་ནས་དཔྱད་པ་ལ་གཞན་དྲིང་མི་འཇོག་པ་འབྱུང་ངོ༌།། དེའི་ཕྱིར་འདིར་ཡང་རྒྱན་དྲུག་རྗེས་འབྲང་དང་བཅས་པའི་གཞུང་ལུགས་ཆེན་པོ་རྣམས་ལུང་ཙམ་ལ་མ་ཞེན་པར་རྣམ་པར་དག་པའི་རིགས་འཕྲུལ་གྱི་སྒོ་ནས་དཔྱོད་ཅིང་འཇུག་པའི་གཙུག་ལག་ཁང་ཆེན་པོ་དེ་རྣམ་པར་རྒྱལ་བར་གྱུར་ཅིག་ཅེས་སྨོན་པ་ཡིན་ནོ།།

 

དེ་ལྟར་རྒྱ་གཞུང་གི་སློབ་གཉེར་བྱེད་ཚུལ་བརྗོད་ཟིན་པའི་རྗེས་སུ་རང་གཞུང་གི་སློབ་གཉེར་བྱེད་ཚུལ་སྟོན་པའི་སླད་དུ་ཚིགས་བཅད་བཞི་པ། མཚོ་སྐྱེས་རྡོ་རྗེ་ཞི་འཚོ་དཔོན་སློབ་དང༌།། ས་ཆེན་རིམ་བྱོན་མར་མི་དྭགས་པོའི་བརྒྱུད།། འཇམ་མགོན་ཡབ་སྲས་གནའ་རབས་གཡུང་དྲུང་བོན།། མཁས་རྒུའི་བརྒྱུད་འཛིན་གཙུག་ལག་ཁང་ཆེན་རྒྱལ།། ཞེས་པ་འདི་བྱུང༌། དེ་ཡང་སློབ་དཔོན་མཚོ་སྐྱེས་རྡོ་རྗེ་དང༌། མཁན་ཆེན་ཞི་འཚོ་དཔོན་སློབ་ནས་བརྒྱུད་པའི་རྙིང་མ་དང༌། ས་ཆེན་གོང་མ་རྣམ་ལྔའམ་འཇམ་དབྱངས་བདུན་བརྒྱུད་ལ་སོགས་པ་ནས་བརྒྱུད་པའི་ས་སྐྱ། མར་པ་དང་མི་ལ་མཉམ་མེད་དྭགས་པོ་ལྷ་རྗེ་སོགས་ནས་བརྒྱུད་པའི་བཀའ་བརྒྱུད། འཇམ་མགོན་ཙོང་ཁ་པ་ཆེན་པོ་བློ་བཟང་གྲགས་པ་དང༌། རྒྱལ་ཚབ་དར་མ་རིན་ཆེན། མཁས་གྲུབ་དགེ་ལེགས་དཔལ་བཟང་སོགས་ནས་བརྒྱུད་པའི་དགེ་ལུགས། བོད་དུ་ནང་པའི་ཆོས་མ་དར་བའི་སྔོན་ནས་ཡོད་པའི་གནའ་དུས་ཀྱི་གཡུང་དྲུང་བོན་བཅས་ཆོས་དང་བོན་གྱི་བོད་ཀྱི་མཁས་དབང་ཡོད་རྒུའི་བཤད་པའི་བརྒྱུད་རིམ་ཆད་མེད་དུ་འཛིན་པའི་གཙུག་ལག་སློབ་ཁང་ཆེན་པོ་རྒྱལ་བར་གྱུར་ཅིག་ཅེས་པ་སྟེ་སངས་རྒྱས་ཀྱི་གསུང་རབ་དང་འཕགས་ཡུལ་གྱི་རྒྱན་དྲུག་རྗེས་འབྲང་དང་བཅས་པས་བརྩམས་པའི་རྒྱ་གཞུང་གི་བསྟན་བཅོས་ཆེན་པོ་རྣམས་སུ་མ་ཟད། བོད་ཀྱི་ནང་པའི་ཆོས་བརྒྱུད་ཆེན་པོ་བཞི་དང༌། གཡུང་དྲུང་བོན་བཅས་ཀྱི་རང་གཞུང་ཁག་ཀྱང་མཁས་གྲུབ་གོང་མ་རིམ་བྱོན་ནས་བརྒྱུད་པ་བར་མ་ཆད་པའི་བཤད་རྒྱུན་རྣམས་ཀྱང་གཙུག་ལག་སློབ་ཁང་འདིར་ཐོས་བསམ་སློབ་གཉེར་བྱེད་རྒྱུ་ཡོད་པར་བསྟན་ནོ།། འདི་ལ་འགའ་རེས་སློབ་དཔོན་མཚོ་སྐྱེས་རྡོ་རྗེ་དང་ཞི་འཚོ་དཔོན་སློབ་འཕགས་ཡུལ་གྱི་པཎ་གྲུབ་ཡིན་བཞིན་དུ་འདིར་བོད་ཀྱི་ཆོས་བརྒྱུད་སོ་སོའི་རང་གཞུང་སྐོར་འཆད་པའི་སྐབས་ཅིའི་ཕྱིར་མཚན་སྨོས། ལར་ནས་རྙིང་མའི་རང་གཞུང་དུ་མཁན་སློབ་དེ་དག་གི་གསུང་བཞག་ཡོད་དམ་ཞེ་ན། འདི་ནི་བོད་ཀྱི་ནང་པའི་ཆོས་བརྒྱུད་ཆེན་པོ་བཞིའི་ཐོག་མའི་སྲོལ་འབྱེད་དང་སྲོལ་འཛིན་མཛད་པོ་གྲགས་ཆེ་བ་རྣམས་ཀྱི་མཚན་ནས་སྨོས་པ་ཡིན་གྱི། རང་གཞུང་གི་སློབ་ཚན་དུ་ཡོད་པའི་ཡིག་ཆ་རྣམས་ཀྱི་རྩོམ་པ་པོའི་མཚན་གཙོ་འདོན་གྱིས་སྨོས་པ་མིན་པས་སྐྱོན་མེད་དོ།། རྙིང་མའི་རང་གཞུང་དུ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པ་དང༌། ཕྱིས་ཀྱི་མཁས་དབང་འཇུ་མི་ཕམ་སོགས་ཀྱི་ཡིག་ཆ་གཙོ་བོར་བཟུང་བ་ལས་མཁན་སློབ་རྣམས་ཀྱི་གསུང་རྒྱ་གཞུང་དུ་མ་གཏོགས་རང་གཞུང་དུ་མི་འཇོག་པ་ནི་བདེན་ནོ།། གཞན་ཡང་ལ་ལས་སློབ་དཔོན་ཆེན་པོ་དང་ཞི་འཚོ་ཡབ་སྲས་སོགས་ནི་བོད་ཀྱི་ནང་པའི་ཆོས་བརྒྱུད་ཡོངས་ཀྱིས་སྤྱི་ཁྱབ་ཏུ་བཀུར་བའི་སློབ་དཔོན་ཡིན་པས་རྙིང་མའི་ཆོས་བརྒྱུད་ཀྱི་བརྒྱུད་རིམ་དུ་བགྲངས་པ་འཐད་དམ་ཞེ་ན། མཁན་སློབ་དེ་དག་བོད་ཀྱི་ནང་པའི་ཆོས་བརྒྱུད་ཡོངས་ཀྱི་སྤྱི་མོས་སུ་གྱུར་པའི་གཞུང་ཕྱི་མོའི་བླ་མ་ཡིན་པ་བདེན་མོད། ད་ལྟ་ཆོས་བརྒྱུད་བཞིར་དབྱེ་བའི་སྐབས་གསང་སྔགས་ཀྱི་རྒྱུད་འགྱུར་གསར་རྙིང་དབང་གིས་ལོ་ཆེན་རིན་བཟང་མ་བྱུང་གོང་བསྒྱུར་ཟིན་པའི་རྒྱུད་སྡེ་ལ་གསང་སྔགས་སྔ་འགྱུར་དང༌། དེའི་བརྒྱུད་འཛིན་རྣམས་ལ་སྔ་འགྱུར་རྙིང་མ་ཞེས་བརྗོད་པའི་བཤད་སྲོལ་ཞིག་ཡོད་མོད། སྤྱིར་བཏང་ཡོངས་གྲགས་སུ་ས་སྐྱ་བཀའ་བརྒྱུད་དགེ་ལུགས་བཅས་ཀྱི་ཆོས་བརྒྱུད་དར་ཁྱབ་མ་བྱུང་སྔོན་དུ་བོད་ལ་དར་བའི་ནང་ཆོས་སྤྱི་ཡོངས་ལ་རྙིང་མ་ཞེས་བརྗོད་སྲོལ་ཡོད་པ་དང༌། དེའི་དབང་གིས་རྙིང་མའི་བླ་མ་བརྒྱུད་པའི་ཁོངས་སུ་སློབ་དཔོན་མཚོ་སྐྱེས་རྡོ་རྗེ་དང༌། ཞི་འཚོ་དཔོན་སློབ་གཙོ་བོར་གྱུར་པ་སྨོས་མ་དགོས། ལྷག་པར་འདིར་མཚོ་སྐྱེས་རྡོ་རྗེ་དང་ཞི་འཚོ་དཔོན་སློབ་ཀྱི་མཚན་སྨོས་པ་ནི་སྤྱིར་བོད་དུ་སངས་རྒྱས་ཀྱི་བསྟན་པའི་བྱུང་རིམ་གྱི་ཆ་ནས་ཡིན་ཞིང༌། ལྷ་ཐོ་ཐོ་རི་གཉན་བཙན་དང༌། སྲོང་བཙན་སྒམ་པོ་སོགས་ཀྱི་སྐབས་ནས་སྡེ་སྣོད་བསྒྱུར་བ་དང༌། ལྷ་ཁང་བཞེངས་པ་སོགས་སངས་རྒྱས་ཀྱི་ཆོས་དར་བའི་དབུ་ཚུགས་རུང༌། བསྟན་པ་ཕྲ་ཚུགས་པ་ཞིག་ཆོས་རྒྱལ་ཁྲི་སྲོང་གི་སྐབས་ལ་མ་གཏོགས་མ་བྱུང༌། སངས་རྒྱས་ཀྱི་བསྟན་པ་ཕྲ་ཚུགས་དང་མ་ཚུགས་ཞེས་པའང་ལུང་རྟོགས་ཀྱི་ཆོས་ཡོད་མེད་ཙམ་ལ་མི་བྱེད་ཅིང༌། འདུལ་བ་ལུང་ལས་ ༼གང་ན་ལས་ཀྱང་ཡོད་ལ་ནན་ཏན་བྱེད་པའང་ཡོད་པ་དེ་ན་སངས་རྒྱས་ཀྱི་བསྟན་པ་གནས་པ་ཞེས་བྱའོ།། གང་ན་ལས་ཀྱང་མེད་ལ་ནན་ཏན་བྱེད་པའང་བྲལ་བ་དེ་ན་སངས་རྒྱས་ཀྱི་བསྟན་པ་ཞིག་པ་ཞེས་བྱའོ།།༽ ཞེས་གསུངས་པ་ལྟར་དགེ་འདུན་གྱི་སྡེ་དང༌། གཞི་གསུམ་གྱི་ལས་ཡོད་མེད་ལ་སངས་རྒྱས་ཀྱི་བསྟན་པ་གནས་དང་མ་གནས་ཀྱི་མཚམས་འཛིན་དགོས་པས། སློབ་དཔོན་ཆེན་པོས་བོད་ཀྱི་ལྷ་སྲིན་དམ་ལ་བཏགས་ཤིང༌། མཁན་ཆེན་གྱིས་སད་མི་མི་བདུན་རབ་ཏུ་ཕྱུང་སྟེ་དགེ་འདུན་གྱི་སྡེ་དང་གཞི་གསུམ་གྱི་ལས་ཚུགས་པ་ནས་བཟུང༌། བོད་དུ་སངས་རྒྱས་ཀྱི་བསྟན་པ་ཕྲ་ཚུགས་པ་ཡིན་ལ། དེའི་དབང་གིས་མཁན་སློབ་ཆོས་གསུམ་ནི་བོད་དུ་སངས་རྒྱས་ཀྱི་བསྟན་པ་ཕྲ་ཚུགས་པར་མཛད་པ་པོ་ཡིན་པས་ཆེས་བཀྲིན་ཆེ། བོད་དུ་དམ་ཆོས་ཐོག་མར་སྤེལ་བར་མཛད་པ་པོ་ཡིན་པ་དང༌། བོད་དུ་ཐོག་མར་དར་བའི་སངས་རྒྱས་ཀྱི་ཆོས་དེ་ཉིད་ཕྱིས་སུ་དར་བའི་ནང་པའི་ཆོས་བརྒྱུད་གསར་པ་རྣམས་ལ་ལྟོས་ཏེ་རྙིང་མར་འཇོག་པ་ཡིན་པས་རྙིང་མའི་བརྒྱུད་རིམ་དུ་མཚོ་སྐྱེས་རྡོ་རྗེ་དང་ཞི་འཚོ་དཔོན་སློབ་བཞག་པར་འགལ་བ་མེད་ཅིང༌། དོན་དང་མཐུན་ནོ།།

 

མཚོ་སྐྱེས་རྡོ་རྗེ་ནི་གསང་སྔགས་ཀྱི་གྲུབ་པ་བརྙེས་པའི་སྐྱེས་བུ་དམ་པ་ཞིག་ཡིན་པས་གདུལ་བྱའི་སྣང་ཚུལ་ལ་ལྟོས་ཏེ་མཛད་པ་འཕྲིན་ལས་སྣ་ཚོགས་ཤིག་མཛད་པ་ཡིན་པས། དུས་ནམ་གྱི་ཚེ་འཁྲུངས་པ་དང༌། གང་དུ་བཞུགས་པ། མཚོ་སྐྱེས་རྡོ་རྗེ་ཞེས་པའི་མཚན་ཐོགས་ཚུལ་བཅས་ཐོུང་བ་བྱུང་བ་རིག་པའི་རྣམ་བཞག་དང་མཐུན་པ་ཞིག་བཤད་དཀའ། དག་པའི་སྣང་བ་ཅན་གྱི་སྐྱེས་བུ་དམ་པ་རྣམས་ཀྱི་གཟིགས་ངོར་ཤར་བའི་བསམ་གྱིས་མི་ཁྱབ་པའི་རྣམ་པར་ཐར་པ་ཧ་ཅང་མང་པོ་བཞུགས་པའི་ནང་ནས་གཙོ་བོ་ནི་པདྨ་བཀའ་ཐང་ཡིན་ཞིང༌། དེའི་ནང་གུ་རུ་རིན་པོ་ཆེའི་ཐོུང་དང༌། ཐོུང་མ་ཡིན་པའི་རྣམ་པར་ཐར་པ་ཞིབ་ཅིང་རྒྱས་པ་གསལ་མོད། བོད་ཀྱི་གཏེར་བཏོན་མང་པོས་གཏེར་ནས་བཏོན་ཚུལ་དང་བཏོན་དུས་མི་འདྲ་བ་དང༌། ཡིག་མཁན་རྣམས་ཀྱིས་ཡི་གེར་བཀོད་ཚུལ་མི་འདྲ་བའི་དབང་གིས་བཀའ་ཐང་ཡང་མི་འདྲ་བ་མང་པོ་ཞིག་ཡོད་པར་བརྟེན། སྐྱེ་བོ་ཕལ་པ་ཞིག་གི་བྱུང་རིམ་ལྟར་མཐའ་གཅིག་ཏུ་ཁ་ཚོན་བཅད་དེ་བརྗོད་མི་ཐུབ། མཚོ་ སྐྱེས་རྡོ་རྗེ་ཞེས་མཚན་ཐོགས་པའི་རྒྱུ་མཚན་གསུང་ཚུལ་མི་འདྲ་བ་མང་པོ་ཡོད་ནའང༌། གྲགས་ཆེ་བའི་དབང་དུ་བྱས་ན་སློབ་དཔོན་ཉིད་ཐོག་མ་ནས་མངལ་ནས་མ་འཁྲུངས་པར་མཚོ་ལས་འཁྲུངས་པའི་གསུང་ཚུལ་གཅིག་དང༌། ཡང་ཐོག་མ་མངལ་སྐྱེས་ཡིན་རུང༌། ཕྱིས་རྒྱལ་པོའི་ཆད་པས་མེར་བསྲེགས་བཏང་བ་ན་མེས་འཚིག་རྗེས་སླར་ཡང་མཚོ་དབུས་སུ་པདྨ་ལས་འཁྲུངས་པས་མཚོ་སྐྱེས་རྡོ་རྗེར་ཐོགས་པའི་རྟོགས་བརྗོད་མི་འདྲ་བ་གཉིས་འདུག སྔ་མ་ལྟར་ན་ཨུ་རྒྱན་གྱི་རྒྱལ་པོ་ཨིནྡ྄རབྷཱུཏི་ཞེས་པ་ཞིག་བྱུང་ཞིང༌། ཁོང་ལ་སྲས་མེད་པས་སྲས་ཀྱི་ཆེད་དུ་སྦྱིན་པ་རླབས་ཆེན་བཏང་བས་རྒྱལ་པོའི་བངས་མཛོད་སྟོང༌། རྒྱལ་པོས་སླར་ནོར་བསྒྲུབ་པའི་ཆེད་དུ་རྒྱ་མཚོ་ནས་ནོར་བུ་ལེན་དུ་བསྐྱོད་སྐབས་མཚོ་དཀྱིལ་དུ་བྱིས་པ་མཚན་བཟང་དང་ལྡན་པ་ལོ་བརྒྱད་ཙམ་ལོན་པའི་བོངས་ཚོད་ཙམ་ཞིག་པདྨའི་ནང་འཁྲུངས་པ་ཞིག་རྙེད། དེ་རང་གི་བུ་ཚབ་ཏུ་སྤྱན་དྲངས་པར་ནར་སོན་སྐབས་སློབ་དཔོན་མཚོ་སྐྱེས་རྡོ་རྗེར་འབོད་ཅེས་བཤད། ཁོང་ནར་སོན་པ་ན་རྒྱལ་སྲིད་མ་བཞེས་པར་གསང་སྔགས་ཀྱི་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་བསྐྱངས། མི་ལྤགས་ཀྱི་གཡང་གཞི་དང༌། སྟག་ལྤགས་ཀྱི་ཤམ་ཐབ། མི་མགོ་སྐམ་རློན་གྱི་རྒྱན་ལ་སོགས་པ་བཞེས་ཤིང༌། རྩེ་གསུམ་བསྣམས་ཏེ་ཕན་ཚུན་དུ་ཕེབས་པའི་སྐབས་ཉིན་གཅིག་རྩེ་གསུམ་དེ་ཆེད་མངགས་ལྷུང་དུ་བཅུག་པ་ན་ཡབ་རྒྱལ་པོ་ཨིནྡ྄རབྷཱུཏིའི་བློན་པོ་ཞིག་གི་མགོ་ལ་ཕོག་སྟེ་བླཽན་པོ་དེ་གྲོངས། དེའི་དབང་གིས་ཁོང་ལ་རྒྱལ་པོས་ཆད་པ་གཅོད་པའི་སྐབས་ལ་ལས་ཡུལ་ནས་ཕུད་དགོས་པ་དང༌། འགའ་ཤས་ཀྱིས་གསོན་པོར་མེར་བསྲེག་གཏོང་དགོས་ཚུལ་བརྗོད་མཁན་བྱུང་བས་མཐའ་མ་མེར་བསྲེགས་བཏང་བས་ཉིན་མང་པོར་དུ་ཞག་མ་ཡལ་བར་བསྡད་པས་རྗེས་སུ་ལྟ་སྐབས་བུད་ཤིང་དང་སྣུམ་རྣམས་མཚོ་རུ་འཁྱིལ་ནས་དེའི་དབུས་སུ་པདྨའི་སྡོང་པོ་ཞིག་གི་སྟེང་སློབ་དཔོན་ཆེན་པོ་སྐུ་གཟི་མདངས་འབར་ཞིང་བཞུགས་པར་མཐོང་བས་དེ་ནས་མཚོ་སྐྱེས་རྡོ་རྗེ་ཞེས་གསོལ་བར་བཤད།

 

བཤད་ཚུལ་གཉིས་པ་ལྟར་ན་སློབ་དཔོན་ཆེན་པོ་བརྟུལ་ཞུགས་ཀྱི་སྤྱོད་པ་ལ་གཤེགས་ཏེ་ཟ་ཧོར་རྒྱལ་པོའི་སྲས་མོ་རྒྱལ་པོས་མ་གནང་བཞིན་དུ་བདག་མོར་བཞེས་པས་རྒྱལ་པོས་ཆད་པ་བཅད་དེ་མེར་བསྲེགས་བཏང་བས་གོང་བཞིན་མེ་ཤི་བའི་རྗེས་མཚོ་དང༌། དེའི་དབུས་སུ་པདྨའི་སྡོང་བུའི་སྟེང་སློབ་དཔོན་ཡབ་ཡུམ་བཞུགས་པར་མཇལ་བ་དང༌། དེ་ལྟར་མེར་བསྲེགས་གཏང་ཡུལ་ད་ལྟ་མཚོ་པདྨ་ཡོད་ས་དེར་ཡིན་པ། ཟ་ཧོར་གྱི་རྒྱལ་པོ་ཞེས་པ་ད་ལྟ་མཎྜཱི་ཡུལ་གྱི་རྒྱལ་པོ་ཡིན་པ་སོགས་ངག་རྒྱུན་དུ་གྲགས། གང་ལྟར་མཚོ་དབུས་སུ་པདྨ་ལས་འཁྲུངས་པའི་རྟོགས་བརྗོད་མང་པོ་ཞིག་བྱུང་བས་༼མཚོ་སྐྱེས་༽དང༌། སྔགས་ཀྱི་རྣལ་འབྱོར་བ་ཡིན་པས་༼རྡོ་རྗེ་༽ཞེས་བྱ་སྟེ་༼མཚོ་སྐྱེས་རྡོ་རྗེ་༽ཞེས་མཚན་གསོལ། ཡང་སློབ་དཔོན་འདི་ལ་ཡོངས་གྲགས་ཨུ་རྒྱན་རིན་པོ་ཆེའམ་ཨུ་རྒྱན་གྱི་སློབ་དཔོན་ཞེས་འབོད་སྲོལ་ཡོད་པས་ཨུ་རྒྱན་ཞེས་པ་ནི་ལུང་པ་ཞིག་གི་མིང་སྟེ། དེང་སང་པཱཀིསྟཱན་ (Pakistan) དང་ཨཕགནིསྟཱན་ (Afghanistan) གྱི་ས་མཚམས་སུ་ཡོད་པའི་པེཤཱཝར་དང་འདབས་འབྲེལ་གྱི་སཝཏཝེལི་ (Swat Valley) ཞེས་པ་དེ་ཡིན་ནམ་སྙམ། གསང་སྔགས་ཀྱི་རྒྱུད་མང་པོ་ཨུ་རྒྱན་གྱི་ཡུལ་ནས་གདན་དྲངས་པ་དང༌། བོད་ཀྱི་སྔོན་རབས་ཀྱི་མཁས་གྲུབ་མང་པོས་ཨུ་རྒྱན་གྱི་ཡུལ་དུ་བྱོན་ཚུལ་དང༌། ཡུལ་དེའི་ཁྱད་ཆོས་དང་བགྲོད་དཀའ་བའི་ལམ་འཕྲང་སོགས་ཀྱི་བཤད་པ་ཡ་མཚན་སྐྱེ་དགོས་པ་མང་པོ་ཡོད་པ་དེ་དག་ཐམས་ཅད་བྱུང་བ་རིག་པའི་ལུགས་དང་བསྟུན་ཏེ་བཤད་དཀའ། དགེ་འདུན་ཆོས་འཕེལ་གྱི་འབྲི་རྩོམ་འགའ་ཞིག་གི་ནང་ཨུ་རྒྱན་ཡུལ་གྱི་ངོས་འཛིན་ཐུགས་ཐག་ཆོད་མདོག་ཁ་པོ་ཞིག་གསུངས་འདུག་པ་རྒྱུ་མཚན་ཞིག་ཡོད་ལས་ཆེ། ལར་ནས་༼ཨུ་རྒྱན་༽ ཞེས་པའི་ཚིག་གི་འབྲི་ཚུལ་འདི་དང་བརྗོད་ཚུལ་འདི་བོད་སྐད་ཡིན་ནམ། རྒྱ་གར་གྱི་སྐད་ཡིན་ངེས་པ་རྙེད་པ་ཞིག་འགྲེལ་བརྗོད་གནང་མཁན་ད་བར་ཁོ་བོས་མ་མཇལ། རྒྱུན་སྲོལ་དུ་ ༼ཨུ་རྒྱན་༽ ཞེས་པ་དེ་བོད་སྐད་མིན་པ་དང༌། དེ་བོད་སྐད་དུ་བསྒྱུར་སྐབས་འགྲོ་ལྡིང་མཁའ་འགྲོའི་གླིང་དང་འཕུར་འགྲོའི་གླིང་ཞེས་བྲིས་པའི་སྲོལ་ཡང་འདུག དེང་སང་རང་རེའི་དཔྱིད་ཆོས་སུ་ཉིན་ལྟར་ཕྱི་དྲོའི་ཞལ་འདོན་སྐབས་གསུང་རྒྱུའི་རིས་མེད་བསྟན་པ་རྒྱས་པའི་སྨོན་ལམ་དུ། འཕུར་འགྲོའི་སློབ་དཔོན་པདྨ་ཀ་ར་ཡིས།། ཞེས་བྱུང་བ་དེ་ཡང་ཨུ་རྒྱན་གྱི་སློབ་དཔོན་ཞེས་པའི་ཚབ་ཏུ་འཕུར་འགྲོའི་སློབ་དཔོན་ཞེས་གསུངས་འདུག འགྲོ་ལྡིང་ངམ་འཕུར་འགྲོ་ཨུ་རྒྱན་གྱི་བོད་སྐད་ཡིན་ན་དེའི་སྐད་དོད་དུ་ལེགས་སྦྱར་གྱི་སྐད་ལ་ཨུ་རྒྱན་ཟེར་བ་ཞིག་ཡོང་ཐབས་མེད། འཕུར་འགྲོའི་གོ་དོན་ཡོད་པའི་ལེགས་སྦྱར་གྱི་སྐད་ནི་ཨུཌ྄ཡན་ཞེས་ཡོད་དགོས། ལེགས་སྦྱར་བོད་ཡིག་ཏུ་འབྲི་སྐབས་ཨུཌ྄ཡན་ཡིག་གཟུགས་ ༼ཨུཌ྄ཡན་༽ འདི་ལྟ་བུར་བྲིས་ལ། བོད་ཡིག་དབུ་མེད་ཀྱི་ད་ལ་ཡའི་འདོགས་ཅན་དེ་ ༼རྒྱ་༽ རུ་ཀློག་སྲོལ་ཡོད་པ་ལྟར་བོད་ཀྱི་ཡིག་འབྲི་སྙིང་ཁམས་ཅན་ཞིག་གིས་ ༼རྒྱན་༽ ཡིན་པར་ཐག་བཅད་ནས་བྲིས་པ་མ་དག་རྒྱུན་འབྱམས་སུ་སོང་བ་མིན་ནམ་སྙམ་པ་ནི་ཁོ་བོའི་རྣམ་རྟོག་ལ་ཤར་བའི་བློ་ཆུང་གི་དྭོགས་པ་ཞིག་སྟེ་དེ་འདྲ་མིན་པར་ཤོག་ཅེས་སྨོན་ལམ་བརྒྱབ་རྒྱུ་ཡིན། འོན་ཀྱང་ཁོ་བོ་ལ་ཨུ་རྒྱན་དང་ཨོ་རྒྱན་ཡི་གེ་གང་དག་པ་དང༌། དེ་བོད་སྐད་ཡིན་དང་རྒྱ་སྐད་ཡིན། ཚིག་དོན་ཇི་ཡིན་བཅས་འགྲེལ་བརྗོད་གནང་མཁན་ཞིག་བྱུང་ན་གསེར་གྱི་མཎྜལ་མ་འབྱོར་ཡང་རང་ནུས་དང་འཚམས་པའི་མཎྜལ་ཞིག་ངེས་པར་དུ་འབུལ་རྒྱུའི་འདུན་པ་ཡོད། ཨཱ་ཅང་ཀུ་རེ་ཡིན། ཨུ་རྒྱན་གྱི་དག་ཆ་དང༌། ཚིག་དོན་ཇི་འདྲ་ཡིན་མིན་གྱི་དྭོགས་གཅོད་འདིས་རང་རེས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལ་དད་འདུན་རྩེ་གཅིག་ཏུ་ཞུ་བའི་འགལ་རྐྱེན་དུ་འགྲོ་དོན་མེད། སློབ་དཔོན་ཆེན་པོ་བོད་དུ་བྱོན་ནས་བོད་ཀྱི་ནག་ཕྱོགས་པའི་ལྷ་སྲིན་གདུག་པ་ཅན་རྣམས་དམ་ལ་མ་བཏགས་ཀྱི་བར་བོད་དུ་སངས་རྒྱས་ཀྱི་བསྟན་པ་ཕྲ་ཚུགས་མ་ཐུབ། སློབ་དཔོན་ཆེན་པོ་གདན་འདྲེན་མ་ཞུས་པའི་གོང་མཁན་ཆེན་ཞི་བ་འཚོ་བོད་དུ་བྱོན་ཏེ་དགེ་བ་བཅུ་དང་ཁམས་བཅོ་བརྒྱད་ལ་སོགས་པའི་ཆོས་གསུངས། བསམ་ཡས་སུ་གཙུག་ལག་ཁང་བཞེངས་པར་བརྩམས་པ་ན་བོད་ཀྱི་ལྷ་སྲིན་གདུག་པ་ཅན་རྣམས་འཁྲུགས་ཏེ་ཐོག་འབེབས་པ་དང༌། སེར་བ་ཕབ་པ། ཆུ་ལོག་བརྡོལ་བ། ས་གཡོ་བ་ལ་སོགས་པའི་གནོད་འཚེ་བཏང་བ་མ་ཟད། བསམ་ཡས་ཀྱི་གཙུག་ལག་ཁང་ཉིན་མོ་མིས་བརྩིགས་པ་རྣམས་མཚན་མོ་འདྲེས་བཤིགས་ཏེ་ཀླུང་རྡོ་ཐམས་ཅད་རི་ལ་བསྐྱལ། རི་རྡོ་ཐམས་ཅད་ཀླུང་ལ་ཕབ་པ་སོགས་བར་ཆད་སྣ་ཚོགས་བྱུང་བས་མཁན་ཆེན་ཞི་བ་འཚོ་རེ་ཞིག་བལ་ཡུལ་དུ་ཕྱིར་ཕེབས་གནང་ཞིང༌། རྒྱལ་པོར་སློབ་དཔོན་ཆེན་པོ་པདྨསཾབྷབ་གདན་དྲང་དགོས་པའི་བཀའ་ལུང་བསྩལ་བ་ལྟར། གུ་རུ་རིན་པོ་ཆེ་གདན་འདྲེན་ཞུས་ཏེ་བལ་ཡུལ་བརྒྱུད་བོད་སྟོད་ནས་ཕེབས་ཏེ་རིམ་བཞིན་བོད་ཀྱི་ལྷ་འདྲེ་གདུག་པ་ཅན་རྣམས་དམ་ལ་བཏགས་ཤིང༌། དམ་པའི་ཆོས་ཀྱི་སྲུང་མར་བསྐོས་པ་དང༌། དེའི་རྗེས་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས་ཐུབ་པ་དང༌། ཆོས་བསྒྱུར་ཐུབ་པ། སད་མི་མི་བདུན་རབ་ཏུ་བྱུང་སྟེ་རབ་བྱུང་གི་སྡེ་བཙུགས་ཐུབ་པ་སོགས་བྱུང་བ་དེ་རྣམས་གུ་རུ་རིན་པོ་ཆེ་ཉིད་ཀྱི་བཀའ་དྲིན་ཡིན། སློབ་དཔོན་ཆེན་པོས་བོད་ཀྱི་ལྷ་སྲིན་རྣམས་དམ་ལ་བཏགས་པའི་ཆེད་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་བཞེངས་པ་དང༌། སྣོད་ལྡན་གྱི་སློབ་མ་ཉུང་ཤས་ལ་ཆོས་གསུངས་པ་ཕལ་ཆེར་སྔགས་ཕྱོགས་ཡིན་ཞིང༌། ཞལ་སློབ་རྩོད་མེད་ཀྱི་གྲུབ་ཐོབ་ཉི་ཤུ་རྩ་ལྔ་བྱུང་བ་ལ་རྗེ་འབངས་ཉེར་ལྔ་ཞེས་གྲགས། ཁོ་ཚོའི་ནང་ནས་འགའ་ཤས་ལོ་ཙཱ་བ་དང༌། འཆད་རྩོམ་གྱི་བྱ་བ་གནང་མཁན་གྱི་མཁས་པའང་བྱུང་ཡོད་མོད། མང་ཆེ་བ་རིག་པ་བརྟུལ་ཞུགས་སྤྱོད་པའི་གྲུབ་ཐོབ་ཀྱི་ཚུལ་དུ་བཞུགས། སློབ་དཔོན་ཆེན་པོས་ལྷ་སྲིན་རྣམས་བཏུལ་རྗེས་སླར་ཡང་མཁན་ཆེན་ཞི་བ་འཚོ་བོད་དུ་གདན་དྲངས་ཏེ་སད་མི་མི་བདུན་རབ་ཏུ་དབྱུང་བ་དང༌། འདུལ་བ་ལ་སོགས་པ་སྡེ་སྣོད་གསུམ་གྱི་ལུང་བོད་སྐད་དུ་བསྒྱུར་འགོ་ཚུགས་ཏེ་ཡུལ་གངས་ཅན་གྱི་ལྗོངས་སུ་མདོ་སྔགས་ཡོངས་རྫོགས་ཀྱི་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཚང་ལ་མ་ནོར་བའི་གཞི་རྩ་བརྟན་པོ་ཚུགས་པར་མཛད། གུ་རུ་རིན་པོ་ཆེའི་མཚན་ལ་ལེགས་སྦྱར་དུ་པདྨསཾབྷབ་དང༌། པདྨཀར་ཞེས་ཀྱང་ཞུ་སྲོལ་ཡོད་པ་གཉིས་ཀའི་བོད་བསྒྱུར་པདྨ་འབྱུང་གནས་ཀྱིས་འཐུས་པར་བྱས་སམ་སྙམ། དེ་ལྟར་བོད་ཀྱི་ནང་ཆོས་ཀྱི་བརྒྱུད་རིམ་རྙིང་ཤོས་ཀྱི་ཐུག་ས་སློབ་དཔོན་རིན་པོ་ཆེ་ཡིན་པས་སྐབས་འདིར་རྙིང་མའི་ཆོས་བརྒྱུད་སྟོན་པའི་སྐབས་མཚོ་སྐྱེས་རྡོ་རྗེ་ཞེས་མཚན་སྨོས་པའི་རྒྱུ་མཚན་དེ་ལྟར་རོ།།

 

ཟ་ཧོར་གྱི་པཎ་ཆེན་ཤཱནྟརཀྵིཏ་སྟེ་ཞི་བ་འཚོ་ནི་བོད་ཀྱི་འདུལ་བའི་སྡོམ་རྒྱུན་གྱི་མཁན་པོ་ཐོག་མ་དེ་ཡིན་པས་བོད་མི་རྣམས་ཀྱིས་མཁན་ཆེན་བྱང་ཆུབ་སེམས་དཔའ་ཞེས་གསོལ། ཁོང་བངྒཱལ་ཡུལ་གྱི་ཟ་ཧོར་གྱི་རྒྱལ་རིགས་སུ་སྐུ་འཁྲུངས། ཟ་ཧོར་ཞེས་པ་ད་ལྟ་རྒྱ་གར་གྱི་ས་གནས་གང་དུ་ཡོད་ངེས་པ་རྙེད་པ་ཞིག་མི་འདུག ཨ་ཏི་ཤའི་འཁྲུངས་ཡུལ་གྱི་ཟ་ཧོར་དེ་དེང་སྐབས་ཀྱི་བངྒལཱདེཤ་ཞེས་པའི་རྒྱལ་ཁབ་དེའི་ནང་ཡིན་པ་དེང་རབས་པ་རྣམས་ཀྱིས་རྒྱུ་མཚན་དང་རྟོག་དཔྱོད་མེད་པར་ཁས་ལེན་མཁན་ཡང་འདུག་ཅིང༌། ཡང་འགའ་ཤས་ཀྱིས་ད་ལྟའི་ཀལཀཏ྄ཏཱ་དང༌། གཞན་དག་གིས་ད་ལྟ་བིཧཱར་མངའ་སྡེའི་ནང་ཡོད་པའི་སཱསཱརཱམ་ཞེས་པའི་གྲོང་བརྡལ་དེ་སྔོན་གྱི་ཟ་ཧོར་གྱི་ཤུལ་ཡིན་ཞེས་འདོད་མཁན་ཡང་འདུག གང་ལྟར་འདི་ནི་བྱུང་བ་རིག་པའི་མཁས་པ་རྣམས་ཀྱིས་དཔྱད་པར་འོས་པ་ཞིག་ལས་ཁོ་བོས་ཁ་ཚོན་མི་ཆོད། གང་ལྟར་ཟ་ཧོར་དེ་རྒྱ་གར་ཤར་ཕྱོགས་སུ་ཡོད་པ་དང༌། བངྒཱལ་གྱི་ཡུལ་ནང་ཡོད་པ་ཇོ་བོ་རྗེའི་བསྟོད་པ་ནས་ཤེས་ཐུབ། དེ་ལྟར་བངྒལ་ཡུལ་དུ་ཟ་ཧོར་གྱི་རིགས་སུ་འཁྲུངས་པའི་མཁན་ཆེན་བྱང་ཆུབ་སེམས་དཔའ་ཁོང་གཞོན་ནུའི་དུས་ནས་དཔལ་ནཱལནྡཱའི་གཙུག་ལག་ཁང་ཆེན་པོར་གཞི་ཐམས་ཅད་ཡོད་པར་སྨྲ་བའི་མཁན་པོ་ཡེ་ཤེས་སྙིང་པོའི་དྲུང་ནས་རབ་ཏུ་བྱུང་ཞིང༌། གཞུང་ལུགས་ཐམས་ཅད་ལ་མཁས་པར་སྦྱངས། བོད་པའི་བཤད་རྒྱུན་དུ་ཁོང་བོད་དུ་སངས་རྒྱས་ཀྱི་བསྟན་པ་སྤེལ་བའི་ཆེད་བསམ་བཞིན་དུ་སྐྱེ་བ་བཞེས་པ་ཞིག་ཡིན་ནའང༌། བོད་མི་རྣམས་ཆོས་ཀྱི་སྣོད་རུང་དུ་འགྱུར་རྒྱུའི་དུས་ཚོད་འགོར་འགྱངས་སོང་རྐྱེན་དགུང་ལོ་ ༩༠༠ བར་བཞུགས་དགོས་བྱུང་བ་རེད་ཅེས་བཤད་སྲོལ་འདུག དེ་ལྟར་བདེན་མིན་མ་ཤེས་ཀྱང་ཁོང་བོད་དུ་ཕེབས་དུས་དགུང་གྲངས་མཐོ་པོར་སོན་པའི་བགྲེས་སོང་ཞིག་ཡིན་ཚོད། ཁོང་ནི་ཐེག་པ་གསུམ་དང་རྒྱུད་སྡེ་བཞིའི་གནས་ཐམས་ཅད་ལ་མཁས་པ་མ་ཟད། རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་ཤིང་རྟའི་སྲོལ་འབྱེད་ཀྱང་ཡིན་པར་འདོད། མངོན་རྟོགས་རྒྱན་གྱི་འགྲེལ་པ་གྲགས་ཅན་གྱི་རྩོམ་པ་པོ་སློབ་དཔོན་སེངྒེ་བཟང་པོའང་ཞི་བ་འཚོའི་སློབ་མ་ཡིན་པ་འགའ་ཤས་ཀྱིས་བཞེད། དེའང་ཁོང་གི་འགྲེལ་པ་དོན་གསལ་དུ། ༼མཁན་པོ་ཡང་དག་རྣམ་སྣང་མཛད།། བླ་མ་བཟང་ལ་ཕྱག་འཚལ་ནས།།༽༡༧ ཞེས་གསུངས་པའི་ཡང་དག་རྣམ་སྣང་མཛད་དེ་ཞི་བ་འཚོ་ཡིན་པར་ཏཱརནཱཐས་བཤད། ཡང་དག་རྣམ་སྣང་མཛད་ཞི་འཚོའི་མཚན་གྱི་རྣམ་གྲངས་ཡིན་པ་རྒྱ་གཞུང་གི་ཁུངས་མ་མཐོང་ཡང་ཏཱརནཱཐས་ཁུངས་ཤིག་མེད་པར་རང་འཚམས་ཀྱིས་གསུངས་མི་སྲིད་སྙམ། སློབ་དཔོན་ཀམལཤིའལ་དང༌། སློབ་དཔོན་ཆོས་ཀྱི་བཤེས་གཉེན་ལ་སོགས་པ་ཡོངས་གྲགས་ཀྱི་སློབ་མ་མཁས་པ་མང་པོ་བྱུང༌། ཞི་བ་འཚོས་བརྩམས་པའི་མདོ་སྔགས་ཀྱི་བསྟན་བཅོས་མང་པོ་ཡོད་པ་འགའ་ཤས་བོད་སྐད་དུའང་བསྒྱུར་ཅིང༌། དེ་དག་གི་ནང་ནས་མདོ་ཕྱོགས་ཀྱི་བསྟན་བཅོས་གཙོ་ཆེ་བ་དབུ་མ་རྒྱན་ནི་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་སྲོལ་འབྱེད་བྱེད་ཀྱི་བསྟན་བཅོས་ཡིན་པ་དང༌། ཚད་མའི་དེ་ཁོ་ན་ཉིད་བསྡུས་པ་ཞེས་པ་ནི་སྐབས་དེ་ཕན་གྱི་ཕྱི་རོལ་གྱི་འདོད་པ་ཡོངས་སུ་རྫོགས་པ་བཀོད་དེ། དེ་དག་རྒྱས་པར་བཀག་ནས་ནང་པའི་རང་ལུགས་ཀྱི་དམ་བཅའ་འཐད་པར་སྒྲུབ་པའི་གྲུབ་མཐའི་བསྟན་བཅོས་ཤིག་ཡིན། རེས་འགའི་བཤད་རྒྱུན་དུ་ཚད་མའི་དེ་ཁོ་ན་ཉིད་བསྡུས་པ་ཞི་བ་འཚོ་བོད་ལ་བཞུགས་པའི་སྐབས་བརྩམས་ཞེས་ཟེར་བ་གལ་ཏེ་བདེན་ན་གཞུང་འདི་རང་ཅག་བོད་མི་ཚོར་འབྲེལ་བ་ཆེན་པོ་ཞིག་ཡོད་དགོས། ཡིན་ནའང་བོད་དུ་གཞུང་ཆེན་སློབ་གཉེར་བྱ་སའི་གྲྭ་ས་ཕལ་ཆེ་བའི་ནང་བཀའ་པོད་ལྔ་དང༌། གཞུང་ཆེན་བཅུ་གསུམ། གཞུང་ཆེན་བཅོ་བརྒྱད། གཞུང་ལུགས་བརྒྱ་དང་བརྒྱད་ལ་སོགས་པ་སློབ་ཚན་བརྩི་ཚུལ་སྣ་ཚོགས་ཡོད་པ་དེ་ཚོའི་ནང་ཚད་མའི་དེ་ཁོ་ན་ཉིད་བསྡུས་པ་བཞག་པ་ཞིག་ཁོ་བོས་མ་ཐོས། འབྲས་སྤུངས་སྒོ་མང་གི་སློབ་གཉེར་བ་གོང་མ་ཚོས་གཞུང་འདི་ལ་ཚད་ཆེན་ཞེས་བརྗོད་དེ་ཞོར་ཀློག་ཕྲན་ཙམ་གནང་སྲོལ་ཡོད་འདུག་རུང༌། བཤད་རྒྱུན་དང་རྩོད་གྲྭ་སོགས་མ་དར། དེང་སང་རྒྱ་གར་དུ་ཚད་མའི་དེ་ཁོ་ན་ཉིད་བསྡུས་པ་དང༌། དེའི་འགྲེལ་ཆེན་ཀམལཤིའལས་བརྩམས་པ་གཉིས་ཀ་ལེགས་སྦྱར་གྱི་སྐད་དུ་ཆ་ཚང་བཞུགས་ཡོད་སྟབས། ནང་པའི་ལྟ་གྲུབ་ལ་སློབ་གཉེར་བྱེད་མཁན་ཚང་མས་དོ་སྣང་དང་དྭང་འདོད་ཆེན་པོ་བྱེད་ཡུལ་གྱི་གཞུང་ཞིག་ཏུ་གྱུར་ཡོད། དེར་བརྟེན་བོད་ཀྱི་མཐོ་སློབ་ཐོག་མར་བཙུགས་སྐབས་རང་རེའི་དགེ་ཕྲུག་དང༌། དགེ་རྒན་གཉིས་ཀར་དཀའ་ངལ་ཆེ་ཙམ་བྱུང་ཡོད་ནའང༌། སློབ་དཔོན་ཇགནྣཱཐཨུཔཱདྷ྄ཡཱཡས་ཨུ་ཚུགས་མཐར་བསྐྱལ་གྱིས་རང་རེའི་རྒྱ་གཞུང་སློབ་ཚན་དུ་བཞག་པ་རེད། དེ་བཞིན་བོད་དུ་ཆོས་བརྒྱུད་ཚང་མས་ཐལ་འགྱུར་བར་བསྙེགས་པ་མ་གཏོགས་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་ལ་ཐུགས་སྣང་གནང་མཁན་ཉུང་བས་དབུ་མ་རྒྱན་ཡང་སློབ་སྦྱོང་བྱ་རྒྱུ་དེ་ཙམ་དར་སོ་ཆེ་བ་ཞིག་མེད་ནའང༌། མཐོ་སློབ་འདིར་དབུ་མ་རྒྱན་རྒྱ་གཞུང་གི་སློབ་ཚན་གལ་ཆེའི་གྲས་སུ་བཞག་ཡོད། མཁན་ཆེན་ཞི་བ་འཚོ་བོད་ལྗོངས་ལ་ཆེས་ལྷག་པར་བཀྲིན་ཆེ་བའི་རྒྱུ་མཚན་ནི་ཐེག་པ་གསུམ་དང་རྒྱུད་སྡེ་བཞིས་བསྡུས་པའི་སྟོན་པ་བདེ་བར་གཤེགས་པའི་མདོ་སྔགས་ཀྱི་བསྟན་པ་ཡོངས་རྫོགས་ཚང་ལ་མ་ནོར་བ་འདི་ལྟ་བུ་ཞིག་བོད་ཡུལ་དུ་དར་ཁྱབ་ཡོང་ཐུབ་པ་ནི་ཁོང་གི་འཕྲིན་ལས་ཀྱི་འབྲས་བུ་ཉག་གཅིག་ཡིན། ཁོང་གིས་བོད་དུ་ནང་ཆོས་སྤེལ་བ་ན་སྐབས་དེའི་པཎ་གྲུབ་གཞན་གྱི་བློ་ཡུལ་དུ་ཤོང་དཀའ་བའི་ཐག་གཅོད་ཆེན་པོ་གཉིས་མཛད་ཡོད། དང་པོ་ནི་གོང་དུ་སྨོས་ཟིན་པ་ལྟར་སངས་རྒྱས་ཀྱི་བསྟན་པ་ཕྲ་ཚུགས་མིན་དགེ་འདུན་གྱི་སྡེ་ལ་རག་ལས་ཤིང༌། དེའི་སླད་རྒྱ་གར་དང་བལ་ཡུལ་ནས་རྒྱུན་དུ་དགེ་སློང་གདན་འདྲེན་ཞུས་ཏེ་དགེ་འདུན་གྱི་སྡེ་ཚུགས་ཐབས་བྱས་ཏེ་ཡུན་རིང་ཁུངས་འཁྱོལ་རྒྱུ་དཀའ་བས་བོད་མི་རང་ཁོངས་ནས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ཏེ་དགེ་འདུན་གྱི་སྡེ་ཚུགས་དགོས་པའི་ཐག་གཅོད་གནང༌། སྐབས་དེའི་བོད་མིའི་སྤྱི་ཚོགས་ནི་དེང་སང་རྒྱ་མིས་བརྗོད་པ་ལྟར་ཤེས་ཡོན་དང་ལེགས་བྱང་གི་ཡར་རྒྱས་དམན་པའི་གདོད་མའི་མི་རིགས་དབྱིན་སྐད་དུ་ Savage ཟེར་བ་དང་མཚུངས་པའི་ངོ་བོར་གནས་ཤིང༌། གདོད་མའི་མི་རིགས་ཞེས་པའང་ནང་པའི་འཇིག་རྟེན་ལ་ལྟ་ཚུལ་ལྟར་གྱི་བསྐལ་པ་རྫོགས་ལྡན་གྱི་མི་ལྟ་བུ་ཞིག་ལ་ཟེར་རྒྱུ་མིན་ཞིང༌། དེང་རབས་ཚན་རིག་པས་འཇིག་རྟེན་ལྟ་ཚུལ་ལྟར་གྱི་སྤྲེའུ་ནས་མི་ལ་གྱུར་ཟིན་མ་ཐག་པ་ཙམ་གྱི་མི་རིགས་རྡོའི་དུས་རབས་ནང་སྡོད་མཁན་ལྟ་བུ་རི་དྭགས་བསད་ནས་ཤ་རྗེན་ཟས་བྱས་པ་ཙམ་ལས། སྒོ་ཕྱུགས་གསོ་སྐྱོང་དང༌། སོ་ནམ་འདེབས་ལས་ལ་སོགས་པའང་ལེགས་པོ་མི་ཤེས་པའི་ཚོད་ཙམ་དུ་ཡོད་པ་དེ་ཚོས་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་བསྒྲུབས་ནས་འདུལ་བའི་བཅས་ཁྲིམས་རྣམས་ཚུལ་བཞིན་དུ་སྲུང་ཐུབ་པ་དང་རབ་ཏུ་བྱུང་བའི་བྱ་བ་ཀློག་པ་ཐོས་བསམ་དང་སྤོང་བ་བསམ་གཏན་ལ་འཇུག་ནུས་པ་ཞིག་ཨེ་ཡོང་སྙམ་པའི་དྭོགས་གནས་རྒྱ་གར་བ་ཙམ་དུ་མ་ཟད། བོད་ཀྱི་རྗེ་བློན་རྣམས་ལའང་ཡོད་པའི་སྐབས་དེར། མཁན་ཆེན་གྱིས་བོད་མི་རབ་ཏུ་དབྱུང་རྒྱུ་ཐག་བཅད་པ་ནི་ཐུགས་སྟོབས་ཧ་ཅང་ཆེ་བའི་རང་རྟགས་ཤིག་ཡིན་པ་སྨོས་མ་དགོས། བོད་ཀྱི་རྗེ་བློན་རྣམས་ལ་བོད་མི་རབ་ཏུ་བྱུང་སྟེ་ཁུངས་འཁྱོལ་མིན་ངེས་བརྟན་རྙེད་པའི་ཡིད་ཆེས་ཤིག་མེད་པའི་དབང་གིས་ཐོག་མར་རབ་བྱུང་དུ་བསྒྲུབ་བྱར་བདམས་པའི་མི་བདུན་ལ་སད་མི་མི་བདུན་ཞེས་བཏགས་ཡོད། དེ་ནི་ཉམས་སད་པ་སྟེ་ཚོད་བལྟ་བྱ་རྒྱུའི་ཆེད་ཙམ་ལས་ཁོང་ཚོ་རབ་ཏུ་བྱུང་ནས་བསླབ་པ་མཐར་སོན་པའི་ཡིད་ཆེས་མེད་པའི་མངོན་རྟགས་གསལ་པོ་བསྟན་ཡོད། གཉིས་པ་ནི་སོ་སོ་ཐར་པའི་མདོ་དང་བཅས་པའི་རྒྱལ་བའི་གསུང་རབ་དང་དེའི་དགོངས་འགྲེལ་རྣམས་བོད་ཀྱི་སྐད་ཡིག་ཏུ་བསྒྱུར་རྒྱུའི་ཐག་གཅོད་གནང་བ་དེ་ཡིན། འཕགས་པ་གནས་བརྟན་པའི་ལུགས་ཀྱི་ཉན་ཐོས་ཐེག་པའི་བསྟན་པ་བྷར་མ་ (Burma) དང༌། ཐཡིལེནཌ། (Thailand) ཤྲིའལངྐཱ་ (Sri Lanka) ལ་སོགས་པ་ལྷོ་ཤར་ཤར་གླིང་གི་ཡུལ་གྲུ་མང་པོར་བོད་དུ་སངས་རྒྱས་ཀྱི་བསྟན་པ་མ་དར་གོང་གི་ལོ་བརྒྱ་ཕྲག་མང་པོའི་སྔོན་ནས་དར་ནའང༌། གནས་བརྟན་སྡེ་པའི་སྡེ་སྣོད་སྐད་ཡིག་གང་གི་ནང་ཡོད་པའི་པཱ་ལིའི་སྐད་ཡིག་ཐོག་ནས་སྡེ་སྣོད་ལ་སློབ་སྦྱོང་བྱེད་རྒྱུ་མ་གཏོགས། གསུང་རབ་རྣམས་ཡུལ་ལུང་སོ་སོའི་རང་སྐད་དུ་བསྒྱུར་ན་ནོར་འཁྲུལ་དང་བསྲེ་ལྷད་ཡོང་དྭོགས་ཀྱིས་བསྒྱུར་དུ་མ་གནང་བ་དང༌། ནང་པའི་གཞུང་ལུགས་ལ་སློབ་གཉེར་བྱ་རྒྱུའི་ཆེད་མི་ཚེ་ཕྱེད་ཙམ་པཱ་ལིའི་སྐད་ཡིག་བསླབ་རྒྱུར་གཏོང་དགོས་པ་དང༌། དེ་ཙམ་ཞིག་བཏང་ནའང་པཱ་ལིའི་སྐད་ཡིག་རང་སྐད་དང་མཚུངས་པར་ནང་བྱན་ཆུད་པའི་མྱོང་གོམས་ཤིག་ཡོང་ཐུབ་མིན་མ་ངེས་པས། རིགས་སྟོབས་ཆེ་བ་ཉུང་ཤས་ཙམ་མ་གཏོགས་བློ་ཁ་འབྲིང་ཞན་མང་ཆེ་བ་ཞིག་ཐོས་བསམ་ཚད་ལྡན་བྱེད་མ་ཐུབ་པ་ད་ལྟའང་མཐོང་གསལ་དུ་ཡོད། ལྷག་པར་དགེ་འདུན་གྱི་ལས་བརྗོད་པའི་ཚིག་དང༌། སོ་སོ་ཐར་པའི་མདོ་ལ་སོགས་པ་པཱ་ལིའི་སྐད་ཁོ་ནར་འདོན་དགོས་པས་པཱ་ལི་མི་ཤེས་པའི་དགེ་སློང་ཞིག་གསོ་སྦྱོང་དུ་སོང་ནའང་མདོའི་སྒྲ་གདངས་ཙམ་མ་གཏོགས་ཚིག་དོན་མི་ངེས་པས་སོ་སོ་ཐར་པའི་མདོ་ཉམས་སུ་མྱོང་མི་ཐུབ་ཅིང༌། དགེ་འདུན་རྣམས་ལས་ལ་འདུ་བ་ནའང་ལས་བརྗོད་པའི་ཚིག་གི་དོན་མི་གོ་བས་ལས་ཆགས་མིན་ཡང་ཐེ་ཚོམ་དུ་གྱུར་པ་འདི་རིགས་མཐོང་ཚེ། བོད་དུ་བསྟན་པ་འཛུགས་མཁན་གྱི་མཁན་སློབ་གོང་མ་རྣམས་ཀྱིས་འཕགས་ཡུལ་ནས་ཡུལ་གཞན་དུ་བསྟན་པ་སྤེལ་མཁན་གྱི་སྔོན་བྱོན་གནས་བརྟན་རྣམས་དང་མི་འདྲ་བར་སོ་ཐར་གྱི་མདོ་དང་ལས་ཀྱི་ཚིག་ལ་སོགས་པས་མཚོན་གསུང་རབ་ཡོངས་རྫོགས་བོད་སྐད་དུ་བསྒྱུར་བའི་གོ་སྐབས་བསྩལ་བ་དང༌། སྒྲ་སྒྱུར་གྱི་བྱ་བ་རླབས་ཆེན་མཛད་པ་དེ་དག་བསམ་བཞིན་བཀའ་དྲིན་དྲན་དགོས་པ་ཞིག་ཅིའི་ཕྱིར་མ་ཡིན། མཁན་ཆེན་ཞི་བ་འཚོ་བོད་དུ་ཕེབས་མེད་ན་བོད་དུ་སངས་རྒྱས་ཀྱི་བསྟན་པའི་གནས་སྟངས་ད་ལྟ་འདི་འདྲ་བ་ཞིག་ཡོང་ཐབས་དཀའ་ཞིང༌། ཕལ་ཆེར་གོང་དུ་སྨོས་པའི་ཤར་གླིང་གི་ཡུལ་གྲུ་གཞན་དང་གཅིག་གྱུར་ཞིག་བྱུང་མེད་པའི་ངེས་པ་མེད། རྒྱུ་མཚན་དེ་དག་གི་དབང་གིས་མཁན་ཆེན་བྱང་ཆུབ་སེམས་དཔའ་ནི་བོད་ཀྱི་མདོ་སྔགས་ཀྱི་བསྟན་པ་སྤྱི་དང༌། ཁྱད་པར་འདུལ་བའི་བསྟན་པ་ལ་བཀའ་དྲིན་ཤིན་ཏུ་ཆེ། འོན་ཀྱང་དེང་རབས་ཀྱི་བོད་མི་རྣམས་ཀྱི་ཁྲོད་མཁན་ཆེན་གྱི་བཀའ་དྲིན་དྲན་མཁན་དཀོན་པོ་ཡོད། སྐབས་འདིར་དུས་ཕྱིས་བོད་ཀྱི་བསྟན་པའི་གནས་སྟངས་དང་འབྲེལ་བའི་དངོས་བྱུང་ཞིག་འཕྲོས་དོན་གྱི་ཚུལ་དུ་བརྗོད་ན། རྒྱ་གར་གྱི་མཁས་པ་གྲགས་ཅན་མཧཱཔཎྜིཏ་རཱཧུལ་སཱཾཀྲྀཏ྄ཡཱཡན་ནང་པའི་བསྟན་པར་ཞུགས་རྗེས་བོད་དུ་སངས་རྒྱས་ཀྱི་བསྟན་པ་དར་ཁྱབ་ཆེན་པོ་ཡོད་པ་དང༌། ལྷག་པར་འདུལ་བའི་སྡོམ་རྒྱུན་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡོམ་རྒྱུན་ཡིན་པ་གསན་སྟབས། ཁོང་ཤྲིའལངྐཱ་ལ་ལོ་མང་བཞུགས་པའི་རིང་བསྙེན་པར་མ་རྫོགས་པར་རྗེས་སུ་བོད་དུ་འགྲོ་རྒྱུའི་སྐལ་བཟང་ཞིག་བྱུང་ན་དེ་དུས་བསྙེན་པར་རྫོགས་ཀྱི་ཡིན་ཞེས་ངང་སྒུག་མཛད་དེ་བཞུགས་རུང༌། ཕྱིས་སུ་ཁོ་རང་དངོས་སུ་བོད་དུ་འབྱོར་སྐབས་བོད་ཀྱི་དགེ་འདུན་འདུས་སྡེ་ཁག་གི་འདུལ་བའི་ཕྱག་བཞེས་སྤྱི་ཡོངས་ནས་ཡིད་འཕྲོག་པ་ཞིག་མེད་པའི་ཐོག་རབ་བྱུང་གི་རྟགས་ཙམ་འཛིན་ནས་རྩིང་སྤྱོད་གང་བྱུང་བྱེད་མཁན་གྱི་གྲྭ་པ་རྡོབ་རྡོབ་ཟེར་བ་དང༌། ཚོང་དང་སོ་ནམ་གྱི་ལས་བྱེད་མཁན་དང༌། སྡེ་དཔོན་མི་དྲག་གི་གཡོག་པོ་རྒྱུག་མཁན་ལ་སོགས་པ་བསྟན་པར་རྨ་འབྱིན་པའི་རྩིང་སྤྱོད་ཅན་དེ་དག་གཟིགས་ཏེ་ཐུགས་ཞེ་གཏིང་ནས་ལོག་སྟེ་བོད་དུ་བསྙེན་པར་རྫོགས་རྒྱུ་ཕར་བཞག སྔར་ཤྲཱིལངྐཱ་ལ་ཡོད་དུས་བསྙེན་པར་མ་རྫོགས་པ་ལ་ཐུགས་འགྱོད་ཆེན་པོ་འཁྲུངས་ཏེ་བོད་ནས་ལངྐཱར་ཁོ་རང་གི་དགེ་རྒན་ཡིན་པའི་གནས་བརྟན་ཞིག་ལ་ཏར་འཕྲིན་ཕུལ་བའི་ནང་རང་ཉིད་ལངྐཱར་ཡོད་དུས་བསྙེན་པར་མ་རྫོགས་པ་ལ་འགྱོད་བཤགས་དང༌། བོད་དུ་ཁོ་རང་བསྙེན་པར་རྫོགས་འོས་པའི་དགེ་འདུན་གྱི་སྡེ་མེད་ལུགས། བོད་ཀྱི་དགོན་པ་ཁག་ཏུ་འདུལ་ཁྲིམས་ཇི་ཙམ་དམན་པ་ཡོད་ལུགས་རྣམས་བཀོད་ཅིང༌། མཐའ་དོན་ཁོ་རང་འཕྲལ་དུ་འཕགས་པ་གནས་བརྟན་པའི་སྡེའི་དགེ་འདུན་ལས་བསྙེན་པར་རྫོགས་པར་འདོད་ནའང༌། བོད་ནས་ལངྐཱར་ལོག་རྒྱུར་དུས་ཡུན་རིང་པོ་འགོར་རྒྱུ་དང༌། བོད་དུ་ལེགས་སྦྱར་གྱི་དཔེ་རྙིང་བཙལ་རྒྱུའི་ལས་དོན་ཡང་འཕྲོ་སྐྱོང་བྱ་དགོས་བཅས་ལ་བརྟེན། འདུལ་བའི་ལུང་དུ་འཕྲིན་གྱི་སྒོ་ནས་བསྙེན་པར་རྫོགས་པའི་ཚུལ་གསུངས་པ་ལྟར། མཁན་པོ་ཁྱེད་ཀྱིས་བདག་ཏར་འཕྲིན་གྱི་སྒོ་ནས་བསྙེན་པར་རྫོགས་པའི་གསོལ་བ་བཏབ་འདུག མཁན་པོས་འཕྲིན་ལན་དུ་འཕྲིན་གྱི་སྒོ་ནས་བསྙེན་པར་རྫོགས་ཚུལ་ནི་སྔོན་ཆོག་ཡིན་པས་ད་ལྟར་མི་རུང༌། ཅི་སྟེ་རུང་དབང་དུ་བཏང་ནའང་བསླབ་ལྡན་དགེ་སློང་ཞིག་གིས་འཕྲིན་བསྐྱལ་དགོས་པ་ཡིན་གྱི། ཡིག་ཟམ་དང་ཏར་འཕྲིན་གྱི་བརྒྱུད་ནས་བསྙེན་པར་རྫོགས་སུ་མི་རུང༌། ཅི་སྟེ་ཁྱེད་རང་འཕགས་པ་གནས་བརྟན་པའི་སྡེ་ལས་བསྙེན་པར་རྫོགས་འདོད་ཡོད་ན་ཤྲཱིལངྐཱ་ལ་ལོག་ཤོག་ཅེས་ལན་གནང་བར་གྲགས། གང་ལྟར་རཱཧུལ་བོད་ནས་ལོག་རྗེས་ལངྐཱའི་དགེ་འདུན་ལས་བསྙེན་པར་རྫོགས། བོད་དུ་ཐེངས་གཉིས་པ་ཕེབས་དུས་འཕགས་པ་གནས་བརྟན་པའི་དགེ་སློང་སེར་པོ་གནང་སྟེ་ཕེབས་འདུག རཱཧུལ་གྱིས་བོད་ཀྱི་སྐོར་བྲིས་པའི་དེབ་ཀྱི་ནང་ཟུར་ཟའི་ཚུལ་དུ་ ༼བོད་པ་རྣམས་སྒྱུ་མ་དང་μུ་འཕྲུལ་ལ་དགའ་བས། གུ་རུ་རིན་པོ་ཆེ་དབུ་ཞྭ་སྒྲོ་ཅན་དང༌། ཕྱག་ཏུ་ཐོད་པ་དང་ཁཊཾག་ལ་སོགས་པ་བསྣམས་པའི་སྔགས་པའི་ཆ་ལུགས་μིག་མཆོར་ཅན་ཞིག་ཡོད་སྟབས། བོད་ཀྱི་དགོན་པ་གང་དུ་ཕྱིན་ནའང་གུ་རུ་རིན་པོ་ཆེའི་སྐུ་མེད་ས་ཞིག་མེད་པ་དང༌། ཁོང་གི་མཚན་སྔགས་དང་གསོལ་འདེབས་འདོན་མི་ཤེས་མཁན་མེད། གུ་རུ་རིན་པོ་ཆེ་དང་ཞི་བ་འཚོ་གཉིས་བོད་ལ་བཀྲིན་ཆེ་མཉམ་ཡིན་ནའང༌། མཁན་ཆེན་ནི་ཆོས་གོས་རྣམ་གསུམ་ཞིག་མ་གཏོགས་ཁཊཾག་ལ་སོགས་ཁྲ་ཁྲ་ཟིང་ཟིང་མེད་པའི་དབང་གིས་བོད་ཀྱི་དགོན་པ་ཁག་གི་ནང་མཁན་ཆེན་གྱི་སྐུ་ཧ་ལམ་མཇལ་རྒྱུ་མེད་པ་ལྟ་བུ་རེད་ལ། བོད་མི་ཚོའི་ནང་ཞི་བ་འཚོ་དང་ཀམལཤིའལ་གྱི་མཚན་ཤེས་མཁན་ཡང་དཀོན་པོ་འདུག༽ ཅེས་བྲིས་འདུག དེང་རབས་ཀྱི་ཤེས་བྱའི་གནས་ལ་བློ་གྲོས་ཡངས་ཤིང་ཡུལ་གྲུ་མང་པོར་ཕེབས་བཞུགས་དང༌། སྐད་ཡིག་བཅུ་ཕྲག་མང་པོ་ལ་མཁྱེན་པ་རྒྱས་པ། ལེགས་སྦྱར་དང་པཱ་ལི་གཉིས་ཀར་བཞུགས་པའི་ནང་པའི་སྡེ་སྣོད་ལ་གསན་བསམ་གཏིང་ཟབ་མཛད་ཅིང༌། བོད་ཀྱི་སྐད་ཡིག་ཀྱང་ཚད་ལྡན་མཁྱེན་པའི་དེང་རབས་རྒྱ་གར་གྱི་ནང་པའི་མཁས་པ་ཞིག་གིས་བོད་མིའི་གནས་སྟངས་ལ་སྟིང་ཚིག་བརྗོད་པ་འདི་རང་ཅག་རྣམས་ཀྱིས་ངེས་པར་དུ་མནོ་བསམ་གཏིང་ཟབ་གཏོང་དགོས་པ་ཞིག་འདུག་སྙམ་པ་བྱུང༌།

 

དེ་ལྟར་ཞི་འཚོ་དཔོན་སློབ་ཅེས་སྨོས་པའི་སློབ་མ་ནི་སློབ་དཔོན་ཀམལཤཱིལ་ཡིན་ཞིང༌། ཁོང་ནི་མཁན་ཆེན་གྱིས་བརྩམས་པའི་དབུ་མ་རྒྱན་དང་ཚད་མའི་དེ་ཁོ་ན་ཉིད་བསྡུས་པ་གཉིས་ཀའི་འགྲེལ་ཆེན་རྩོམ་པ་པོ་མཁན་ཆེན་གྱི་དངོས་སློབ་གཙོ་ཆེ་བ་ཞིག་ཡིན་ཡང༌། མཁན་ཆེན་འཚོ་བཞུགས་སྐབས་བོད་དུ་ཕེབས་མེད། མཁན་ཆེན་འདའ་ཁར་ཆོས་རྒྱལ་ལ་གུ་རུ་རིན་པོ་ཆེས་བོད་སྐྱོང་བསྟན་མ་བཅུ་གཉིས་ལ་བོད་དུ་མུ་སྟེགས་པའི་ལོག་ཆོས་མི་གཏོང་བའི་བཀའ་བསྒོས་མཛད་ཡོད་པར་བརྟེན། བོད་དུ་ཕྱི་རོལ་པ་ཡོང་ཉེན་མེད་ནའང༌། བོད་ནང་དུ་ནང་པའི་བསྟན་པ་ཕྱོགས་གཉིས་སུ་གྱེས་ནས་རྩོད་པ་ཡོང་སྲིད་པས་དེ་འདྲ་བྱུང་ཚེ་ངའི་སློབ་མ་ཀམལཤིའལ་གདན་དྲངས་ཏེ་རྩོད་པ་ཞི་བར་བྱོས་ཤིག་ཅེས་གདམས་པ་ན། ཆོས་རྒྱལ་གྱིས་ཀམལཤིའལ་གདན་དྲང་ཨེ་ཐུབ་ཞུས་པར། མཁན་ཆེན་གྱིས་བླ་སློབ་ཀྱི་དམ་ཚིག་ལ་བཀར་བའི་ཕྱག་བྲིས་ཤིག་བསྩལ་བ་དེ་རྒྱལ་པོའི་བང་མཛོད་དུ་བཞག ཕྱིས་སུ་མཁན་ཆེན་ཞི་བ་འཚོ་མྱ་ངན་ལས་འདས་རྗེས་རྒྱ་ནག་ནས་ཅི་ཡང་ཡིད་ལ་མི་བྱེད་པའི་ལྟ་བ་འཛིན་མཁན་གྱི་ཧ་ཤང་ཁ་ཤས་བོད་དུ་འབྱོར་ཏེ་ཁོ་ཚོའི་ལྟ་བ་དང་མི་མཐུན་པའི་མདོ་མང་པོ་སངས་རྒྱས་ཀྱི་བཀའ་མིན་པར་སྒྲོགས་པ་དང༌། ཅི་ཡང་ཡིད་ལ་མི་བྱེད་པའི་ལྟ་བ་ཉིད་ཤུགས་ཆེར་སྤེལ་བས་ཞི་འཚོས་སྤེལ་བའི་དབུ་མའི་ལྟ་བ་དང་མ་མཐུན་པས་རྩོད་པ་འཕེལ་བ་ན། རྒྱལ་པོས་རྒྱ་གར་དུ་ཕོ་ཉ་བཏང་སྟེ་སློབ་དཔོན་ཀམལཤཱིལ་བོད་དུ་གདན་དྲངས། ཧ་ཤང་དང་རྩོད་དེ་ཧ་ཤང་ཕྱོགས་གཏོགས་དང་བཅས་པ་ཕམ་པར་བྱས་ཏེ་རྒྱ་ནག་ཏུ་བμངས། ཧ་ཤང་གི་ལྟ་བ་བཀག་ནས་བསྟན་པ་ལ་ཐོས་བསམ་སྒོམ་གསུམ་རིམ་གྱིས་འཇུག་དགོས་པ་དང༌། ཅིག་ཅར་མི་གྲོལ་བ་ས་ལམ་རིམ་གྱིས་བགྲོད་དགོས་པའི་སྐོར་ལུང་རིགས་གཉིས་ཀྱི་སྒོ་ནས་ཞིབ་ཅིང་རྒྱས་པར་བསྒྲུབས་པའི་བསྟན་བཅོས་སྒོམ་རིམ་ཐོག་མཐའ་བར་གསུམ་དུ་གྲགས་པ་དེ་བརྩམས་པར་མཛད་ཅིང༌། མྱ་ངན་ལས་མ་འདས་ཀྱི་བར་བོད་དུ་བཞུགས། སྒོམ་རིམ་གསུམ་ལས་དང་པོ་དང་གསུམ་པ་ལེགས་སྦྱར་གྱི་སྐད་དུ་ད་ལྟའང་རྙེད་སོན་ཡོད་ཅིང༌། སྒོམ་རིམ་བར་པའི་རྒྱ་དཔེ་མ་རྙེད་པ་མཐོ་སློབ་འདི་ནས་ཨཱཅཱརྱ་རྒྱལ་མཚན་རྣམ་གྲོལ་གྱིས་བོད་སྐད་ནས་ལེགས་སྦྱར་དུ་བསྐྱར་གསོ་དང༌། སྒོམ་རིམ་གཞན་གཉིས་ཞུ་དག་བོད་ཡིག་དང་ཤན་སྦྱར་བྱས་ཏེ་ཞི་འཚོ་ཡབ་སྲས་ཀྱི་བཀྲིན་རྗེས་དྲན་གྱི་ཚུལ་དུ་པར་སྐྲུན་ཞུས་པ་དང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་མཐོ་སློབ་འདིར་སྒོམ་རིམ་གྱི་བཤད་ཁྲིད་ཀྱང་བསྩལ་ཡོད། འདི་ནི་ཆེད་དུ་བྱ་བའི་གདུལ་བྱ་བོད་མི་རང་ལ་དམིགས་ནས་བརྩམས་པའི་བསྟན་བཅོས་ཤིག་ཡིན་པས་རང་རེས་གཙིགས་སུ་བྱ་འོས་པ་ཡིན།

 

བོད་མི་རྒན་རབས་ཀྱི་ངག་རྒྱུན་དུ་མཁན་ཆེན་ཞི་བ་འཚོ་འདའ་ཁར་གལ་སྲིད་ངའི་ཕུང་པོ་རི་རྩེར་མེ་ལ་བསྲེགས་ན་བོད་དུ་རབ་བྱུང་ཧ་ཅང་མང་པོ་ཡོང་ཞིང༌། དམ་སྡོམ་གཙང་མིན་ཅི་རིགས་སུ་ཡོང་སྲིད། གལ་ཏེ་ཐང་དུ་བསྲེགས་ན་བོད་དུ་རབ་བྱུང་ཉུང་ཉུང་ལས་མི་ཡོང་ཡང༌། གང་ཡོད་པ་དེ་སྡོམ་གཙང་ཚུལ་ལྡན་ཡོང་ཞེས་གསུངས་པར། རྒྱལ་བློན་རྣམས་གྲོས་བྱེད་པའི་སྐབས་དགེ་འདུན་ཉུང་ན་མི་ལེགས། མང་པོ་བྱུང་ན་རེ་ཟུང་ཚུལ་ཁྲིམས་འཆལ་ཡང་སྐྱོན་མི་ཡོང་ཞེས་གྲོས་འཆམས་ཏེ་སྐུ་གདུང་རིའི་རྩེ་ལ་ཞུགས་འབུལ་ཞུ་བར་ཐག་བཅད། དེའི་དབང་གིས་བོད་དུ་རབ་བྱུང་ཧ་ཅང་མང་ཞིང་ལེགས་ཉེས་སྣ་ཚོགས་ཤིག་བྱུང་བ་རེད་ཅེས་བཤད་སྲོལ་འདུག བདེན་མིན་ཇི་ལྟར་ཡང་དེང་སང་བོད་མིའི་ཁྲོད་དུ་སྐྱ་མིན་སེར་མིན་མང་པོ་ཞིག་སྨད་ཤམ་ཐབ་ཅིག་དཀྲིས། སྟོད་ལ་ཕུ་ཐུང་ཞིག་གྱོན་ནས་སྦག་སྦག་དང་རྐང་འཁོར་བཞོན་མཁན་དང༌། གློག་བརྙན་བསྟན་ས། ཞབས་གཞས་འཁྲབ་ས་ཚུན་ཆད་དུ་དམར་ཁྱུ་རེ་ཡོད་པ་མཐོང་སྐབས་བོད་ཀྱི་རྒྱལ་བློན་གོང་མ་ཚོས་མཁན་ཆེན་གྱི་སྐུ་གདུང་ཞུགས་འབུལ་བྱ་ས་དེ་ནོར་འདུག་སྙམ་པའི་སེམས་ཚོར་ཞིག་ཡོང་གི་འདུག རབ་བྱུང་མང་པོ་མེད་ནའང་གང་ཡོད་པ་དེ་འདུལ་ཁྲིམས་གཙང་ཞིང་སྦྱངས་པའི་ཡོན་ཏན་བཅུ་གཉིས་ལ་གནས་པ་ཤ་སྟག་ཅིག་བྱུང་ན་བསྟན་པའི་མཛེས་རྒྱན་ཞིག་ཡོང་སྙམ།

 

དེ་ལྟར་མཚོ་སྐྱེས་རྡོ་རྗེ་དང༌། ཞི་འཚོ་ཡབ་སྲས་ནས་ཐད་ཀར་བརྒྱུད་པའི་རྙིང་མའི་ཆོས་བརྒྱུད་ཀྱི་རང་གཞུང་ཀུན་མཁྱེན་ཀློང་ཆེན་པ་སོགས་བོད་ཀྱི་རྙིང་མའི་བསྟན་འཛིན་རྣམས་ཀྱིས་བརྩམས་པའི་བསྟན་བཅོས་ཁག་གཙུག་ལག་སློབ་གཉེར་ཁང་འདིའི་རང་གཞུང་གི་སློབ་ཚན་དུ་ཡོད།

 

དེ་ནས་ས་ཆེན་རིམ་བྱོན་ཞེས་པ་དེ་ས་སྐྱའི་ཆོས་བརྒྱུད་ཀྱི་སྲོལ་གཏོད་པ་པོ་འཁོན་དཀོན་མཆོག་རྒྱལ་པོ་ནས་བརྒྱུད་པའི་ས་ཆེན་གོང་མ་རྣམས་ཡིན་ལ། འཁོན་ཞེས་པ་བོད་ཀྱི་རུས་རྒྱུད་ཅིག་གི་མིང་སྟེ་ཞི་འཚོས་རབ་ཏུ་དབྱུང་བའི་སད་མི་མི་བདུན་གྱི་གྲས་འཁོན་ཀླུའི་དབང་པོ་ཞེས་པ་ལྟ་བུ་དེ་ཚོའི་རུས་ཤིག་རེད། འཁོན་དཀོན་མཆོག་རྒྱལ་པོ་ཕྱི་ལོ་བརྒྱ་ཕྲག་བཅུ་གཅིག་པའི་སྨད་ཙམ་ལ་འཁྲུངས་ཤིང༌། ཕྱི་ལོ་ ༡༠༧༣ བོད་རབ་བྱུང་དང་པོའི་ཆུ་གླང་ལོར་དབོན་པོའི་རི་ལ་དགོན་པ་བཏབ། དབོན་པོའི་རི་ཞེས་པ་ས་སྐྱ་བོ་ཞིག་ཡོད་པས་ས་སྐྱ་བའི་མིང་ཐོགས། བོད་ཀྱི་ཆོས་བརྒྱུད་མང་པོའི་མིང་ས་ཆ་ལ་བརྟེན་ནས་བཏགས་ཡོད་པ། དཔེར་ན། དགའ་ལྡན་དུ་དགོན་པ་བཏབ་པས་དགའ་ལྡན་པ་ཞེས་པ་དང༌། ཇོ་ནང་དུ་དགོན་པ་བཏབ་པས་ཇོ་ནང་པ་ཟེར་བ་ལྟ་བུ་ཡིན་པས་ལྟ་གྲུབ་ལ་ཁྱད་པར་ཆེན་པོ་མེད་པ་ཤེས་ཐུབ། འཁོན་དཀོན་མཆོག་རྒྱལ་པོའི་སྲས་ས་ཆེན་ཀུན་དགའ་སྙིང་པོ་ཡིན་ཞིང༌། ས་སྐྱའི་ཆོས་བརྒྱུད་རྒྱ་གར་གྱི་གྲུབ་ཆེན་བིརཱུཔ་ནས་བརྒྱུད་པ་ལྟར་བྱས་ན་ས་ཆེན་ཀུན་སྙིང་ནས་ཐོག་མ་བརྩི་དགོས། ས་ཆེན་ཀུན་སྙིང་ས་སྐྱར་བཞུགས་སྐབས་རྒྱ་གར་གྱི་གྲུབ་ཆེན་བིརཱུཔར་རྒྱ་གར་དུ་སྣོད་ལྡན་གྱི་སློབ་མ་མ་རྙེད་པ་ལྟ་བུས་ཆོས་སྒོ་བསྐྱལ་གྱི་ཚུལ་དུ་ས་སྐྱར་བྱོན་ནས་ཞེན་པ་བཞི་བྲལ་གྱི་མན་ངག་དང་གསེར་ཆོས་བཅུ་གསུམ་དུ་གྲགས་པ་སོགས་གསང་སྔགས་ཀྱི་ཟབ་ཆོས་རྣམས་ས་ཆེན་ཀུན་སྙིང་ལ་གནང་སྟེ་ས་སྐྱའི་ཆོས་བརྒྱུད་དར་ཁྱབ་བྱུང༌། ས་ཆེན་ཀུན་དགའ་སྙིང་པོའི་སྲས་ཀུན་དགའ་འབར་དང༌། བསོད་ནམས་རྩེ་མོ། གྲགས་པ་རྒྱལ་མཚན། དཔལ་ཆེན་འོད་པོ་ཞེས་པ་རྣམས་བྱུང་ཞིང༌། དཔལ་ཆེན་འོད་པོའི་སྲས་ཀུན་དགའ་རྒྱལ་མཚན་དང༌། བསོད་ནམས་རྒྱལ་མཚན་གཉིས་བྱུང་བ་ལས། ཀུན་དགའ་རྒྱལ་མཚན་ཁ་ཆེའི་པཎ་ཆེན་ཤཱཀྱཤྲིའའི་དྲུང་ནས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། རྒྱ་བོད་ཀྱི་བླ་མ་མང་པོ་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པ་དང༌། ལེགས་སྦྱར་གྱི་སྐད་ལ་སོགས་པ་སྦྱངས་ཏེ་ས་སྐྱ་པཎྜིཏ་ཞེས་མཁས་པའི་གྲགས་པས་ཕྱོགས་ཀུན་ཏུ་ཁྱབ། བོད་དུ་ཁོང་དང་མཉམ་པའི་མཁས་པ་གཞན་མ་བྱུང་བར་གྲགས། བསོད་ནམས་རྒྱལ་མཚན་ཁྱིམ་དུ་བཞུགས་པའི་སྲས་སུ་འགྲོ་མགོན་ཆོས་རྒྱལ་འཕགས་པ་དང༌། འགྲོ་མགོན་ཕྱག་ན་གཉིས་བྱུང་བ་བཅས་དེའི་ཡན་ལ་ས་ཆེན་གོང་མ་ཞེས་གྲགས། དེ་དག་ནས་ས་ཆེན་གོང་མ་རྣམ་ལྔ་ཞེས་བགྲངས་པའི་སྐབས་སུ་ཀུན་དགའ་སྙིང་པོ་དང༌། བསོད་ནམས་རྩེ་མོ། གྲགས་པ་རྒྱལ་མཚན་གསུམ་ལ་དཀར་པོ་རྣམ་གསུམ་དང༌། ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན་དང༌། འགྲོ་མགོན་ཆོས་རྒྱལ་འཕགས་པ་གཉིས་ལ་དམར་པོ་རྣམ་གཉིས་ཞེས་གྲགས། གྲགས་པ་རྒྱལ་མཚན་རབ་བྱུང་མིན་ཡང༌། ཚངས་སྤྱོད་དགེ་བསྙེན་ཡིན་པས་སྲས་མེད། ས་ཆེན་གོང་མ་རྣམས་ཀྱི་ནང་ནས་གསུང་འབུམ་མང་ཤོས་ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན་དང༌། ཀུན་དགའ་སྙིང་པོ། བསོད་ནམས་རྩེ་མོ་བཅས་ཡིན། ས་པཎ་གྱི་གསུང་རྩོམ་ཆེས་སྙན་གྲགས་ཆེ་བ་ཚད་མ་རིགས་གཏེར་ནི་བོད་ཀྱི་ཚད་མའི་གཞུང་གཞན་དང་མི་འདྲ་བར་བརྗོད་བྱ་རང་རྐང་ཅན་གྱི་ཚད་མའི་གཞུང་ཞིག་ཡིན་པ་དང༌། དེ་བོད་སྐད་ནས་ལེགས་སྦྱར་དུ་བསྒྱུར་ཏེ་རྒྱ་གར་གྱི་མཁས་པ་ཚོས་སློབ་སྦྱོང་བྱས་ཞེས་དང༌། རྒྱ་སྐད་ནས་བོད་སྐད་ལ་བསྒྱུར་བའི་གཞུང་སྟོང་ཕྲག་མང་པོ་ཡོད་ཀྱང༌། བོད་སྐད་ནས་རྒྱ་སྐད་ལ་བསྒྱུར་བའི་བསྟན་བཅོས་རིགས་གཏེར་ལས་མེད་ཅེས་བཤད་རྒྱུན་འདུག ས་ཆེན་གོང་མ་དེ་དག་གི་རྗེས་འབྲང་སྟག་ཚང་ལོ་ཙཱ་བ་དང༌། ཆེན་པོ་ཤཱཀྱ་མཆོག་ལྡན། གོ་བོ་རབ་འབྱམས་པ། ཀུན་མཁྱེན་རོང་སྟོན་ལ་སོགས་མཁས་པ་མང་པོ་བྱོན་པ་དེ་དག་གི་གསུང་རབ་རྣམས་ས་སྐྱའི་རང་གཞུང་གི་ཁོངས་སུ་བཞག་ཡོད།

 

དེའི་མཇུག་ཐོགས་སུ་བཀའ་བརྒྱུད་ཀྱི་རང་གཞུང་སྟོན་པ་ལ་མར་མི་དྭགས་པོའི་བརྒྱུད་ཅེས་མར་པ་ལོ་ཙཱ་བ་དང༌། རྗེ་བཙུན་མི་ལ། མཉམ་མེད་དྭགས་པོ་ལྷ་རྗེ་གསུམ་གྱི་མཚན་དངོས་སུ་སྨོས་ཏེ་དེ་དག་གི་བརྒྱུད་པ་བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་དུ་གྲགས་པའི་ཡན་ལག་མང་པོ་ཡོད། སྤྱིར་མར་པ་ནས་བརྒྱུད་པ་དང༌། མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ནས་བརྒྱུད་པའི་བཀའ་བརྒྱུད་པ་གཉིས་ཕལ་ཆེར་དུས་མཉམ་ལྟ་བུར་བྱུང་ཡོད་ནའང༌། མར་པ་དང་མི་ལ་ནས་བརྒྱུད་པ་དེ་གྲགས་ཆེ་བར་བརྟེན་འདི་མར་མི་དྭགས་གསུམ་གྱི་མཚན་དངོས་སུ་སྨོས་པའི་ཤུགས་ལ་བཀའ་བརྒྱུད་ཀྱི་སྐྱེས་བུ་དམ་པ་གཞན་ཐམས་ཅད་ལ་གོ་དགོས། མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་ནི་ལྷོ་བྲག་ཏུ་འཁྲུངས་ཤིང༌། འབྲོག་མི་ལོ་ཙཱ་བའི་དྲུང་ནས་ལེགས་སྦྱར་གྱི་སྐད་དང་རྒྱ་གར་གྱི་ཡུལ་སྐད་ཕྲན་བུ་བསླབས་རྗེས་རྒྱུ་དངོས་གང་ཡོད་གསེར་ལ་བསྒྱུར་ནས་རྒྱ་གར་དུ་ལན་གསུམ་དང༌། བལ་ཡུལ་དུ་ལན་བཞི་ཕེབས་ཏེ་ཆོས་ཀྱི་གསན་སྦྱོང་མཛད། དེ་སྐབས་རྒྱ་གར་དང་བལ་ཡུལ་དུ་ཕེབས་རྒྱུ་དེང་དུས་བཞིན་ལས་སླ་པོ་མེད་པས། མར་པས། ལམ་དེ་ཀུན་གྱི་འཇིགས་པ་དྲན་ཙ་ན།། དུས་ད་ལྟ་ཡིན་ཡང་བློ་སྙིང་འདར།། ཞེས་གསུངས་པ་ལྟར་འཇིགས་ཉེན་ཆེ་བའི་ལམ་འཕྲང་དུ་མ་བརྒལ་ཏེ་དཀའ་བ་བརྒྱ་ཕྲག་མང་པོའི་སྒོ་ནས་བླ་མ་དང་ཆོས་འཚོལ་གནང་མཛད་ཅིང༌། པཎ་ཆེན་ན་རོ་པས་གཙོས་པའི་རྒྱ་གར་དང་བལ་པོའི་མཁས་གྲུབ་ཀྱི་བླ་མ་བརྒྱ་ཕྲག་བརྒལ་བའི་ཞབས་ལ་གཏུགས་ཏེ་ཡི་དམ་དགྱེས་པ་རྡོ་རྗེ་དང༌། མཧཱམཱཡཱ་ལ་སོགས་པའི་ཆོས་རྒྱུན་མང་དུ་གསན་ཏེ་སླར་བོད་དུ་བྱོན་ནས་ཆོས་རྒྱུན་སྤེལ་བའི་བརྒྱུད་པ་དེར་ད་ལྟ་བཀའ་བརྒྱུད་པ་ཞེས་གྲགས།

 

བཀའ་བརྒྱུད་ཅེས་པའི་མཚན་འབྲི་སྐབས་བཀའ་བརྒྱུད་དང་དཀར་བརྒྱུད་ཅེས་འབྲི་སྲོལ་མི་འདྲ་བ་གཉིས་འདུག་པ་ནས་བཀའ་བརྒྱུད་ཅེས་པ་དེ་ཅུང་ཟད་ལེགས་སམ་སྙམ། མི་ལ་རས་པ་དང་རས་ཆུང་པ་ལ་སོགས་པ་བཀའ་བརྒྱུད་ཀྱི་བླ་མ་གོང་མ་མང་པོ་རྩ་རླུང་དང་གཏུམ་མོ་ལ་དབང་བསྒྱུར་བའི་སྟོབས་ཀྱིས་ན་བཟའ་རས་དཀར་ཙམ་ལ་བརྟེན་ནས་བཞུགས་པས་དེ་དག་ལས་བརྒྱུད་པ་ལ་དཀར་བརྒྱུད་པ་ཞེས་བརྗོད་ཚུལ་གསུང་མཁན་འདུག་ནའང་རྟོག་བཟོ་མིན་ནམ་སྙམ། བཀའ་མདོ་རྒྱུད་ཀྱི་བཤད་སྲོལ་མ་ཉམས་པའམ་བཀའ་བབ་ཀྱི་བརྒྱུད་རིམ་མ་ཉམས་པར་འོང་བ་དེ་ལ་བཀའ་བརྒྱུད་ཅེས་བརྗོད་ན་ལེགས་སམ་སྙམ། ལྷོ་བྲག་མར་པས་ཆོས་ཀྱི་རྒྱུན་མང་པོ་ཞིག་ན་རོ་པ་སོགས་རྒྱ་གར་གྱི་པཎ་གྲུབ་རྣམས་ཀྱི་དྲུང་ནས་ཞུས་ཏེ་ཐད་ཀར་བོད་དུ་ཁྱབ་སྤེལ་མཛད་པས་བརྒྱུད་རིམ་གསར་པ་ཞིག་བྱུང་ཡོད། མར་པའི་སློབ་མའི་གཙོ་བོ་རྔོག་ཆོས་སྐུ་རྡོ་རྗེ་དང༌། མཚུར་སྟོན་དབང་ངེ༌། མེས་སྟོན་ཚོན་པོ། མི་ལ་རས་པ་བཅས་ལ་སློབ་མའི་གཙོ་བོ་བཀའ་བབ་བཞི་ཞེས་གྲགས། དང་པོ་གསུམ་ལ་བཤད་པའི་བཀའ་བབ་པ་དང༌། མི་ལ་རས་པ་ལ་སྒྲུབ་པའི་བཀའ་བབ་སྟེ་བཤད་སྒྲུབ་ཀྱི་བསྟན་པ་མ་ཉམས་པར་བརྒྱུད་དེ་འཛིན་པས་བཀའ་བརྒྱུད་ཅེས་བྱུང་བ་རེད།

 

རྗེ་བཙུན་མི་ལ་རས་པ་ནི་སྙན་གྲགས་ཤིན་ཏུ་ཆེ་བས་ཁོང་གི་རྣམ་ཐར་ཐོས་མ་མྱོང་བ་སུའང་མེད་པ་ལྟ་བུ་ཞིག་ཡོད། ཇི་ལྟར་སྐུ་གཞོན་དུས་ཨ་ཕོ་མཐུ་ཆེན་གྱི་ཚུལ་དུ་བཞུགས་པ་དང༌། རྗེས་སུ་མར་པའི་དྲུང་ནས་དཀའ་སྤྱད་ཇི་ཙམ་གནང་བ། མཐར་དབེན་པའི་རི་ལ་སྒྲུབ་པ་ཉམས་ལེན་ཇི་ལྟར་གནང་བ་སོགས་ཆེས་ཡོངས་གྲགས་ཡིན་པས་ཕྱི་རྒྱལ་ཁག་ཏུ་བོད་ཀྱི་མཁས་གྲུབ་རྣམས་ཀྱི་ནང་ནས་གྲགས་ཆེ་ཤོས་མི་ལ་རས་པ་ཡིན། ཁོང་གི་རྣམ་ཐར་དང་མགུར་འབུམ་སོགས་སྐད་རིགས་དུ་མའི་ནང་འགྱུར་སྔ་ཤོས་གྲས་ཡིན་པ་དང༌། ཤར་ནུབ་ཀྱི་མི་སུ་འདྲ་ཞིག་ཡིན་རུང་མཚན་མི་ཤེས་པ་མེད་པ་ལྟ་བུ་དེང་སྐབས་ཀྱི་འཇིག་རྟེན་འདིར་བོད་ཀྱི་བླ་མ་སྙན་གྲགས་དང་འགྲོ་དོན་ཆེ་ཤོས་མི་ལ་རས་པ་ཡིན་པས་འདིར་ཞིབ་བཤད་ཀྱི་ངལ་བ་མ་དགོས། མི་ལའི་སློབ་མའི་གཙོ་བོ་ཉི་མ་ལྟ་བུ་དྭགས་པོ་ལྷ་རྗེ་དང༌། ཟླ་བ་ལྟ་བུ་རས་ཆུང་རྡོ་རྗེ་གྲགས་གཉིས་ཡིན།

 

དྭགས་པོ་ཞེས་པ་འཁྲུངས་སའི་ཡུལ་གྱི་མིང་དང༌། ལྷ་རྗེ་ཞེས་པ་བོད་དུ་སྨན་པ་ལ་ལྷ་རྗེ་ཞེས་འབོད་སྲོལ་ཡོད་པས་དྭགས་པོའི་སྨན་པའམ་དྭགས་པོ་ལྷ་རྗེ་ཞེས་མཚན་དུ་ཆགས། ཁོང་ཐོག་མར་ཁྱིམ་དུ་བཞུགས་དུས་ཆུང་མ་ན་གཞོན་ཞིག་ཁབ་ཏུ་བཞེས་པ་དགུང་ལོ་ཉེར་གཉིས་ཙམ་ལ་ཡུན་རིང་བསྙུན་ཏེ་འདས། ཁོ་རང་སྨན་པ་ཡིན་སྟབས་ཆུང་མ་གཟུགས་གཞི་ཤིན་ཏུ་སྐྱོ་ཞིང་སྨད་དཔྱད་ཇི་ཙམ་བྱས་ཀྱང་དྲག་བསྐྱེད་མེད་པ་མ་ཟད། རྩ་ཆུ་གང་ལ་བལྟས་ནའང་གསོན་པའི་རེ་བ་བྲལ་ཞིང༌། ཤ་སྐམ་རུས་སྐམ་དུ་གྱུར་ནས་འགུལ་བསྐྱོད་ཙམ་ཡང་མི་ནུས་ཀྱང་དབུགས་མ་ཆད་པར་རྒྱུན་རིང་ལུས་པས། ཉིན་གཅིག་དྭགས་པོ་ལྷ་རྗེས་ཁྱེད་རང་གཟུགས་པོའི་ཟུངས་ལ་བལྟས་ན་འཚོ་ཐབས་མི་འདུག་ཀྱང་ད་དུང་དབུགས་མི་འགྲོ་བའི་སྡུག་བསྔལ་འདི་འདྲ་ཅི་ཞིག་ཡིན། སེམས་ཀྱི་ཞེན་ཆགས་འདྲ་མེད་དམ་གསུངས་པས། ངའི་སེམས་ཆགས་ས་ཁྱེད་རང་ལས་གཞན་པ་སུ་ཞིག་ཡོད། ང་ཤི་བའི་རྗེས་སུ་ཁྱེད་ཀྱིས་ཁྱིམ་ཐབ་གཞན་ཞིག་བཞེས་རྒྱུ་ངེས་ཤིང༌། དེ་འདྲའི་བསམ་བློ་འཁོར་དུས་ཞེན་ཐག་མི་ཆོད་པ་འདུག་ཅེས་ཞུས་པར། ཁོང་གིས་ཁྱེད་རང་གྲོངས་པའི་རྗེས་སུ་ངས་འཕྲལ་དུ་རབ་ཏུ་བྱུང་བ་ལས་ཆུང་མ་གཞན་བླང་རྒྱུ་མིན་ཞེས་དབུ་མནའ་བཞེས། དེ་འཕྲལ་མོ་འདས་གྲོངས་སུ་གྱུར། དེ་ལས་ངེས་འབྱུང་དྲག་པོ་སྐྱེས་ཏེ་བཀའ་གདམས་པའི་དགེ་བཤེས་ཤ་ར་བའི་དྲུང་ནས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། བཀའ་གདམས་ཀྱི་དགེ་བའི་བཤེས་གཉེན་མང་པོ་བསྟེན་ཏེ་བསྟན་རིམ་དང་ལམ་རིམ་ལ་སོགས་པ་གསན་ཏེ་ཐུགས་ཉམས་སུ་བཞེས། རྗེས་སུ་མི་ལ་རས་པའི་ཞབས་ལ་གཏུགས་ཏེ་གསང་སྔགས་ཀྱི་ཟབ་ཆོས་སྤྱི་དང༌། ཁྱད་པར་ཟབ་ལམ་ཕྱག་རྒྱ་ཆེན་པོའི་ཉམས་འཁྲིད་ཞུས་ཏེ་བཀའ་གདམས་པའི་བསྟན་རིམ་དང༌། མི་ལའི་ཕྱག་ཆེན་གཉིས་གཅིག་ཏུ་བསྒྲིལ་ནས་བཀའ་ཕྱག་ཆུ་བོ་གཅིག་འདྲེས་ཀྱི་བརྒྱུད་པ་ཞེས་པ་དེ་དེ་ནས་བྱུང༌།

 

དེ་འདྲའི་གདམས་ངག་བསྟན་པའི་གཞུང་ཆེན་པོ་དྭགས་པོ་ཐར་རྒྱན་ཞེས་པའི་བསྟན་བཅོས་གྲགས་ཅན་དེ་མཛད། དྭགས་པོ་ལྷ་རྗེ་ཞེས་པའི་སྙན་གྲགས་ཀྱང་བསྟན་བཅོས་དེ་མཛད་པའི་རྐྱེན་གྱིས་བྱུང་བར་ངེས། ཁོང་གི་སློབ་མ་ཀརྨ་པ་དུས་གསུམ་མཁྱེན་པ་སོགས་མཁས་གྲུབ་ཀྱི་སྐྱེས་བུ་དམ་པ་མང་པོ་བྱོན་པ་རྣམས་ཀྱི་གསུང་གཙུག་ལག་སློབ་ཁང་འདིའི་བཀའ་བརྒྱུད་རང་གཞུང་གི་གྲས་སུ་བཞག་ཡོད།

 

དེའི་རྗེས་དགེ་ལྡན་པའི་རང་གཞུང་བསྟན་པ་ལ་འཇམ་མགོན་ཡབ་སྲས་ཞེས་འབྱུང་ཞིང༌། འཇམ་མགོན་ནི་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་བློ་བཟང་གྲགས་པ་དང༌། དེའི་སྲས་ཀྱི་ཐུ་བོ་རྒྱལ་ཚབ་དར་མ་རིན་ཆེན་དང༌། མཁས་གྲུབ་དགེ་ལེགས་དཔལ་བཟང་བཅས་གསུམ་ལ་རྗེ་ཡབ་སྲས་གསུམ་ཞེས་ཡོངས་སུ་གྲགས། འཇམ་མགོན་ཙོང་ཁ་པ་ཆེན་པོ་ནི་མདོ་སྨད་ཙོང་ཁའི་ཡུལ་དུ་སྐུ་འཁྲུངས། གཞོན་ནུའི་དུས་ནས་རབ་ཏུ་བྱུང་ཞིང་ཆོས་རྗེ་དོན་གྲུབ་རིན་ཆེན་སོགས་མཁས་གྲུབ་དུ་མའི་ཞབས་ལ་གཏུགས་ཏེ་གསན་བསམ་མཛད། དབུས་སུ་བྱོན་ནས་རེད་མདའ་བ་གཞོན་ནུ་བློ་གྲོས་དང༌། བླ་མ་དབུ་མ་པ། ལྷོ་བྲག་གྲུབ་ཆེན་ལས་ཀྱི་རྡོ་རྗེ་སོགས་རྙིང་མ་བཀའ་བརྒྱུད་ས་སྐྱ་གསུམ་ཀའི་བླ་མ་དུ་མའི་ཞབས་ལ་གཏུགས་ནས་གཞུང་ལུགས་སྤྱི་དང༌། ཁྱད་པར་ཟབ་མོ་དབུ་མའི་ལྟ་བ་དང༌། གསང་སྔགས་རྡོ་རྗེ་ཐེག་པའི་གཞུང་ཀུན་ལ་ཕྱོགས་རེ་བ་དང་རགས་པ་རེ་ཙམ་གྱིས་མ་ཚིམས་པར་ཞིབ་ཏུ་སྦྱངས་ཏེ་རྒྱལ་བའི་བསྟན་པ་ལ་དག་ཐེར་རྨད་དུ་བྱུང་བ་མཛད་ནས་རི་བོ་དགེ་ལྡན་པའི་ཆོས་བརྒྱུད་ཀྱི་སྲོལ་གཏོད། སྔར་མེད་པའི་ལེགས་བཤད་དུ་མ་བརྩམས་ཏེ་གསུང་སྐྱེས་ཀྱི་སློབ་མ་གྲངས་ལས་འདས་པ་བསྐྲུན་པར་མཛད། གོང་དུ་སྨོས་པའི་རྒྱལ་ཚབ་མཁས་གྲུབ་གཉིས་དང༌། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ། འཇམ་དབྱངས་ཆོས་རྗེ་བཀྲིས་དཔལ་ལྡན། བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས། རྗེ་བཙུན་ཤེས་རབ་སེངྒེ་སོགས་སྲས་ཀྱི་ཐུ་བོ་མང་པོ་བྱོན། དགེ་ལྡན་པ་རྣམས་ཀྱིས་མདོ་སྔགས་ཡ་མ་བྲལ་བར་ཉམས་སུ་བླངས་ནའང་ཐོས་བསམ་གྱི་སྐབས་མདོ་ཕྱོགས་མཚན་ཉིད་ཀྱི་གཞུང་ཆེན་རྣམས་གཙོ་བོར་བཟུང་ནས་བོད་སྔ་རབས་པའི་ཕྱ་པ་ཆོས་ཀྱི་སེངྒེ་དང༌། ལོ་ཙཱ་བ་བློ་ལྡན་ཤེས་རབ། ལོ་ཙཱ་བ་ལེགས་པའི་ཤེས་རབ་ལ་སོགས་པའི་སྐབས་སུ་དར་བའི་མཚན་ཉིད་ཀྱི་གཞུང་ལ་རྩོད་གྲྭ་རྒྱ་ཆེན་པོ་བྱུང་བ་དེ་དག་བསྐྱར་གསོ་མཛད་པ་ལྟ་བུས་གདན་ས་ཆེན་པོ་གསུམ་གྱིས་མཚོན་པའི་དགེ་ལྡན་པའི་ཆོས་སྡེ་རྣམས་སུ་མཚན་ཉིད་ཀྱི་གཞུང་ལ་རྩོད་གྲྭའི་དར་ཁྱབ་ཆེ་བ་བྱུང༌། དེ་ལྟར་རྗེ་ཡབ་སྲས་རྣམས་ཀྱིས་བརྩམས་པའི་གཞུང་འགྲེལ་གྱི་ཡིག་ཆ་ཁག་གཙུག་ལག་སློབ་ཁང་འདིའི་དགེ་ལུགས་རང་གཞུང་དུ་བཞག་ཡོད།

 

བོད་ཀྱི་ནང་པའི་ཆོས་བརྒྱུད་ཁག་གི་ནང་གོང་གསལ་ཆོས་བརྒྱུད་ཆེན་པོ་བཞིའི་ནང་མཐའ་གཅིག་ཏུ་མ་གཏོགས་པའི་ཆོས་བརྒྱུད་ཞི་བྱེད་པ་དང༌། ཇོ་ནང་པ་སོགས་སྣ་ཚོགས་ཤིག་ཡོད་ནའང༌། དེང་སང་རྒྱུན་འཛིན་ཟུར་དུ་མེད་པས་དེ་དག་གི་རང་གཞུང་གཙུག་ལག་སློབ་ཁང་འདིའི་སློབ་ཚན་དུ་ཚུད་མེད།

 

དེའི་རྗེས་བོན་གྱི་རང་གཞུང་སྟོན་པའི་ཆེད་གནའ་རབས་གཡུང་དྲུང་བོན་ཞེས་སྨོས་ཏེ་གནའ་རབས་ཞེས་པ་སྔོན་བྱུང་ལ་གོ་ཞིང༌། བོད་དུ་ནང་ཆོས་མ་དར་བའི་སྔོན་དུ་བོན་དར་བ་ཡིན་པས། གནའ་རབས་དང་གཡུང་དྲུང་ཞེས་པ་བོད་ཀྱི་བརྡ་ཆད་རྙིང་པ་ལེགས་སྦྱར་གྱི་སྐད་ནས་བོད་སྐད་དུ་གསར་བཟོ་བྱས་པ་མིན་པའི་ཐ་སྙད་ཅིག་སྟེ། གཡུང་ཞེས་པ་གདོད་མ་དང༌། དྲུང་ཞེས་པ་ཐག་ཉེ་བའི་དོན་དུ་འཆད། གདོད་མའི་ཉེ་འགྲམ་ཞེས་པར་གོའམ་སྙམ། ཕྱིས་སུ་ལེགས་སྦྱར་སྐད་ཀྱི་སནཱཏན་ཞེས་པ་བོད་སྐད་དུ་གཡུང་དྲུང་ཞེས་བསྒྱུར་འདུག དཔེར་ན། ཆོས་ཀྱི་ཚིགས་སུ་བཅད་པའི་ ཨེཥ དྷརྨཿ སནཱཏནཿ ལ། འདི་ནི་གཡུང་དྲུང་ཆོས་ཡིན་ནོ།། ཞེས་པ་ལྟ་བུ་དང༌། སྐབས་རེ་ལེགས་སྦྱར་གྱི་སྐད་ཀྱི་ ཤཱཤྭཏ ཞེས་པ་ལའང་གཡུང་དྲུང་དུ་བསྒྱུར་བ་ཡོད་དམ་སྙམ། མི་འགྱུར་བའི་གཡུང་དྲུང་ཞེས་རྟག་བརྟན་གྱི་དོན་ལ་གོ་བའང་སྣང༌། བོད་མི་རྣམས་ཀྱི་ཤེས་ཡོན་ཡར་རྒྱས་ཕྱིན་པའི་རིམ་པའི་ནང་བོན་ནི་སྐྱ་རེངས་ལྟ་བུ་དང༌། ཆོས་ནི་ཉི་མ་ཤར་བ་ལྟ་བུ་ཞིག་ལ་བརྩི་སྲོལ་ཡོད་པས་ཉི་མ་མ་ཤར་སྔོན་དུ་སྐྱ་རེངས་ངེས་པར་དུ་འཆར་དགོས། རྗེ་ཐུའུ་ཀན་པས་བོན་གྱི་གྲུབ་མཐའ་བརྗོད་པའི་སྐབས་སུ། ༼བོད་ཡུལ་མུན་པར་དམ་ཆོས་ཉི་མའི་འོད།། འཆར་བའི་ལམ་ཡངས་འཆའ་བར་གཤེན་ལུགས་ཀྱི།། སྐྱ་རེངས་ཕོ་ཉ་སྔོན་དུ་འོངས་པ་ལ།། བོན་ཞེས་གྲགས་པའི་གྲུབ་མཐའི་བྱུང་བ་གླེང༌།།༽༡༨ ཞེས་གསུངས། ཁོ་བོས་བོན་མ་སྦྱངས་པས་ཞིབ་པར་མ་ཤེས་ཀྱང༌། གོ་ཚོད་ལྟར་ན། འཇིག་རྟེན་འདིར་ཚེ་ལོ་གྲངས་མེད་ནས་མར་འགྲིབས་ཏེ་བཅུ་པའི་བར་ལ་གཙོ་མཆོག་ཀུན་བཟང་ནས་མཐའ་མ་སྒྲོན་མེ་ཞེས་པའི་བར་སྟོན་པ་རབས་དགུའམ། ཡང་ན་བཅོ་བརྒྱད་བྱོན་པར་འདོད་ཅིང༌། སྟོན་པ་བཅོ་བརྒྱད་བྱོན་པའི་དབང་དུ་བྱས་ན་ད་ལྟའི་ཚེ་ལོ་བརྒྱ་པའི་སྐབས་བྱོན་པའི་གཤེན་རབས་མིའུ་ཆེ་དེ་བརྒྱད་པ་ཡིན་པར་བཞེད། བོད་ཀྱི་སངས་རྒྱས་པ་ཚོས་བོན་གྱི་དར་སྲོལ་བཤད་སྐབས་རྡོལ་བོན་དང༌། འཁྱར་བོན། བསྒྱུར་བོན་ཞེས་གསུམ་དུ་ཕྱེ་ཞིང༌། རྡོལ་བོན་ཞེས་པ་བརྒྱུད་རིམ་མ་དགོས་པར་རང་བཞིན་གྱིས་རྟོག་པའི་ཀློང་ནས་རྡོལ་བ་ཞིག་དང༌། འཁྱར་བོན་ཞེས་པ་ཡུལ་ལུང་གཞན་ནས་གྱར་ཡོང་བ། བསྒྱུར་བོན་ཞེས་པ་ཞང་ཞུང་གི་སྐད་ནས་ལོ་ཙཱ་བ་རྣམས་ཀྱིས་བོད་སྐད་དུ་བསྒྱུར་བ་ཞིག་ཡིན་པར་སྐད། དེ་དག་བྱུང་རིམ་གྱི་དབང་དུ་བྱས་ན་ཐོག་མ་རྡོལ་བོན་བྱུང་ཞིང༌། གཞུང་དང་བསྟན་བཅོས་སོགས་མེད་པར་ངག་ཐོག་ནས་བརྗོད་པའི་བོན་པོའི་ས་བོན་ཐོག་མ་ལྟ་བུ་ཞིག་ཡིན་ཚུལ་བོན་སྟོན་ཆོ་ག་དང་གཏོ་བཅོས་བྱེད་མཁན་རྣམས་ཀྱིས་རང་བྱུང་གི་མགུར་ལ་སོགས་པ་དབྱངས་སུ་གྱེར་བ་དེ་དག་ཡིག་ཐོག་ནས་ཀློག་པའམ་གཞན་གྱིས་བསླབས་པ་སོགས་མིན་པར་ཀློང་ནས་རྡོལ་བ་ཞིག་ཡིན་པས་རྡོལ་བོན་ཞེས་བྱ་ཟེར། དེ་འདྲའི་བོན་དེ་འགའ་ཤས་ཀྱིས་གཉའ་ཁྲི་བཙན་པོ་མ་བྱོན་པའི་སྔོན་ནས་བྱུང་བར་འདོད་པ་དང༌། འགའ་ཤས་ཀྱིས་ཁྲི་ལྡེ་གཙུག་བརྟན་གྱི་སྐབས་ནས་བྱུང་བར་འདོད། འཁྱར་བོན་ཞེས་པ་གྲི་གུམ་བཙན་པོའི་སྐབས་ཙམ་ལ་བྱུང་བར་གྲགས་ཤིང༌། དེ་སྐབས་བོད་ཀྱི་བོན་པོ་རྣམས་ཀྱིས་གཤིན་པོའི་འདས་མཆོད་ཡིད་ཚིམ་པ་ཞིག་བྱེད་མ་ཤེས་པས། ཁ་ཆེ་དང༌། གྲུ་ཤ། ཞང་ཞུང་སོགས་ནས་འདས་མཆོད་བྱེད་པོ་འབོད་པ་ལས་བྱུང་བའི་བོན་དེ་ལ་འཁྱར་བོན་ཞེས་བཏགས་སྐད། སྒྱུར་བོན་ཞེས་པ་ཞང་ཞུང་ལ་དར་བའི་བོན་གྱི་གཞུང་ལུགས་བོད་སྐད་དུ་བསྒྱུར་བ་ནས་དར་བའི་བོན་ཏེ་པཎ་ཆེན་བིམལམིཏྲ་དང༌། ལོ་ཆེན་བེ་རོ་ཙ་ན་ལ་སོགས་པས་བསམ་ཡས་སྒྲ་སྒྱུར་གླིང་དུ་སྔ་དྲོ་རྒྱ་སྐད་ནས་གཙུག་ལག་བསྒྱུར། ཉིན་གུང་ལེགས་སྦྱར་གྱི་སྐད་ནས་ཆོས་བསྒྱུར། དགོང་མོ་ཞང་ཞུང་གི་སྐད་ནས་བོན་བསྒྱུར་ཅེས་པའི་གཏམ་ཡོད་ཀྱང༌། ཕྱིས་སུ་ལེགས་སྦྱར་གྱི་སྐད་ནས་བསྒྱུར་བའི་ཆོས་ཀྱི་རྣམ་གྲངས་མཐའ་ཡས་པ་དངོས་སུ་བཞུགས་ཤིང༌། རྒྱ་སྐད་ནས་བསྒྱུར་བའི་གཙུག་ལག་ཀྱང་ཡོད་མོད། ཞང་ཞུང་གི་སྐད་ནས་བསྒྱུར་བ་བྱུང་བ་རིག་པའི་ལམ་ནས་རྭ་འཕྲོད་པ་ཞིག་ཁོ་བོས་མ་མཇལ། ལར་ནས་ཞང་ཞུང་ཞེས་པའི་ཡུལ་ལུང་ཡང་གང་དུ་ངོས་འཛིན་བྱེད་དགོས་གསལ་པོར་མ་ཤེས། རྒྱ་གར་ཧིམཱལཡའི་ཁུལ་དུ་ཆགས་པའི་གར་ཞ་དང༌། སྤི་ཏི། ཁུ་ནུ་ལ་སོགས་པ་དང༌། བོད་ཀྱི་ཧིམཱལཡའི་རི་ཐང་གི་མཚམས་དེ་དག་ཡིན་པར་ངོས་འཛིན་བྱེད། ཡང་སྐབས་རེ་ཞང་ཞུང་དང་གྲུ་ཤ་གཉིས་སུ་ཕྱེ་སྐབས་གྲུ་ཤ་ཞེས་པ་ད་ལྟའི་གར་ཞ་དེ་ཡིན་ནམ་ཟེར། འདི་དག་ཆོས་ལུགས་ཀྱི་སྒྲུང་གཏམ་མམ་རྟོགས་བརྗོད་ཙམ་ལས་དེ་ལྟ་བུའི་བྱུང་བའི་ཆ་ཤས་ཤིག་ཡིན་པར་བརྗོད་མི་ཐུབ།

 

འགྲོ་མགོན་སྐྱོབ་པ་འཇོག་རྟེན་གསུམ་མགོན་གྱིས་ཕྱི་རོལ་པའི་ཁོངས་སུ་གཏོགས་པའི་བོན་པོ་ཞིག་དང༌། ནང་པའི་ཁོངས་སུ་གཏོགས་པའི་བོན་པོ་ཞིག་སྟེ། བོན་ལ་ཕྱི་བོན་དང་ནང་བོན་གཉིས་ཡོད་པར་གསུངས་འདུག་པས་འབྲི་གུང་སྐྱོབ་པའི་གསུང་ལ་ཁུངས་ལུང་ཚད་ལྡན་ཞིག་ཡོད་ངེས་ཀྱང༌། དེང་སང་ཡོད་པའི་བོན་པོའི་ནང་ཕྱི་བོན་དང་ནང་བོན་གཉིས་ཀྱི་མཚན་གཞི་སོ་སོར་བཙལ་ན་རྙེད་དཀའ། གཤེན་ཞེས་པའང་འདས་པའི་དུས་སམ་གང་ཟག་འདས་པ་ལ་བྱ་ཞིང༌། གནའ་རབས་དང་གཤེན་རབས་རྣམ་གྲངས་པ་ལྟ་བུ་ཡིན་ནམ་སྙམ། རྒྱ་གར་བ་ཚོས་སྔོན་རབས་ལ་པུརཱཎ་སྟེ་རྙིང་པ་ཞེས་འབོད་ཚུལ་ཡོད་པ་ལྟར། བོད་པའི་གཤེན་རབས་ཟེར་བ་དེའང་དེ་དང་མཚུངས། བོད་ལ་བོན་དེ་གནའ་རབས་དང༌། ཆོས་དེ་ད་རབས་ལྟ་བུ་ཞིག་ཡིན།

 

དེ་ལ་གཞན་དག་གིས་མཐོ་སློབ་འདིར་བོན་ཡང་རྒྱ་གཞུང་དང་རང་གཞུང་གཉིས་ཀའི་དོད་དུ་སློབ་ཀྱི་ཡོད་རུང༌། འདིར་རང་གཞུང་གི་ཁོངས་སུ་བཞག་པ་ཇི་ལྟར་ཡིན་ཞེ་ན། བོན་ལ་རྒྱ་གར་ནས་བསྒྱུར་བའི་གཞུང་ལུགས་མེད་པས་བོན་གཞུང་ཐམས་ཅད་བོད་ཀྱི་རང་གཞུང་ལྟ་བུ་ཡིན་སྟབས། མཐོ་སློབ་འདིར་བོན་གྱི་སློབ་ཚན་གསར་འཛུགས་སྐབས་རང་གཞུང་གི་ཆ་ཤས་སུ་འཆར་གཞི་བསྒྲིགས་ཤིང༌། སྡེ་ཚན་ཡང་རང་གཞུང་སྡེ་ཚན་གྱི་ཁོངས་སུ་བཞག་ཡོད་ཀྱང༌། རྗེས་སུ་དངོས་སུ་འཛིན་གྲྭ་ཚུགས་སྐབས་རྒྱུགས་ཤོག་གི་གྲངས་དང་སློབ་དཔོན་གྱི་ས་མིག་སོགས་གང་ས་ནས་རྒྱ་གཞུང་དང་རང་གཞུང་གཉིས་ཀའི་དོད་ཐོབ་ཅིག་མེད་དུ་མི་རུང་བ་གྱུར་པས། ཞང་ཞུང་གི་གཞུང་དང་རང་གཞུང༌། ཡང་ན་རྩ་གཞུང་དང་འགྲེལ་གཞུང་ཞེས་ཁག་གཉིས་སུ་དབྱེ་དགོས་བྱུང་ཡོད། གང་ལྟར་བོད་ཀྱི་རང་ཡུལ་དུ་བྱུང་བའི་རིག་གཞུང་ཞིག་ཡིན་སྟབས། རིགས་གླུའི་ནང་རང་གཞུང་གི་ཁོངས་སུ་བཞག་པ་ནི་འོས་ཤིང་འཚམས་པའོ།། དེ་ལྟར་བོད་ཀྱི་བོན་ཆོས་གཉིས་ཀའི་མཁས་པ་ཡོད་རྒུའི་གཞུང་ལུགས་དང་ལྟ་གྲུབ་ཀྱི་བརྒྱུད་རིམ་འཛིན་པའི་གཙུག་ལག་སློབ་གཉེར་ཁང་ཆེན་པོ་འདི་རྒྱལ་བར་གྱུར་ཅིག་ཅེས་པ་སྟེ། དེ་ཡན་གྱིས་ནང་དོན་རིག་པའི་སློབ་སྦྱོང་གི་སྐོར་བསྟན་ཅིང༌། འདིར་ནང་དོན་རིག་པ་ལ་བོན་ཆོས་གཉིས་དང༌། ཆོས་ལ་རང་གཞུང་དང༌། རྒྱ་གཞུང་གཉིས་ཡོད་ཅིང༌། ཚད་མ་རིག་པའམ་རྒྱུ་རིག་པའང་ནང་དོན་རིག་པའི་ཆ་ཤས་སམ་འཇུག་སྒོ་ལྟ་བུར་མཉམ་དུ་བཞག་སྟེ། གཙུག་ལག་སློབ་གཉེར་ཁང་འདི་རིག་སྡེར་ (Faculty) ཕྱེ་བའི་སྐབས་སུ་ བྱཚད་མ་དང་ནང་དོན་རིག་པའི་རིག་སྡེ་བྱ ཞེས་རིག་སྡེ་གཅིག་གི་ནང་ཚུད་ཡོད་མོད། འོན་ཀྱང་ཚད་མའི་སློབ་ཚན་སྐོར་གོང་གི་རྒྱ་གཞུང་དང་རང་གཞུང་གཉིས་ཀྱི་སྐབས་སུ་མ་གསལ་བར་རིག་གནས་ཐོུང་བ་རྣམས་དང་མཉམ་དུ་གསལ་ཡོད།

 

དེའི་རྗེས་རིག་གནས་ཐུན་མོང་བའི་སློབ་ཚན་གྱི་རྣམ་གྲངས་སྟོན་པའི་ཆེད། གཞན་ཡང་སྒྲ་ཚད་བཟོ་གསོ་རིག་པའི་གཞུང༌།། དེང་རབས་སྤྱི་ཚོགས་བཟོ་འཕྲུལ་ཚན་རིག་སོགས།། ཤེས་བྱའི་གནས་རྣམས་མ་ལུས་དུས་གཅིག་ཏུ།། སློབ་པའི་གཙུག་ལག་ཁང་ཆེན་རྣམ་པར་རྒྱལ།། སློབ་པའི་གཙུག་ལག་ཁང་ཆེན་རྣམ་པར་རྒྱལ།། ཞེས་འབྱུང༌། འདིས་ཐ་སྙད་རིག་པའམ་ཐོུང་བའི་རིག་གནས་ཀྱི་སྐོར་བསྟན་ཅིང༌། སྤྱིར་བཏང་རིག་པའི་གནས་རྣམས་སྡེ་ཚན་དབྱེ་བའི་སྐབས་ཐ་སྙད་རིག་པ་དང་ནང་དོན་རིག་པའམ། ཡང་ན་ཐོུང་རིག་པ་དང་ནང་དོན་རིག་པ་ཞེས་གཉིས་སུ་ཕྱེ་སྲོལ་ཡོད། ནང་དོན་རིག་པ་ཞེས་པའི་ལེགས་སྦྱར་གྱི་སྐད་དོད་ཨཱདྷ྄ཡཱཏ྄མིཀབིདྷ྄ཡཱ་ཞེས་པ་ནི་སེམས་ཀྱི་རང་བཞིན་གོང་འཕེལ་དུ་འགྲོ་བ་དང༌། དྲི་མ་དག་ཏུ་སོང་སྟེ་མཐར་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ངོ་བོར་འགྱུར་བའི་ཐབས་ཡན་ལག་དང་བཅས་པ་སྟོན་པའི་རིག་པ་ཞིག་ལ་སེམས་ཀྱི་རིག་པའམ་ནང་དོན་རིག་པ་ཞེས་བརྗོད་ཅིང༌། དེ་ནི་ནང་པའི་ཐུན་མོང་མ་ཡིན་པའི་རིག་གནས་ཡིན་སྟབས། ཐུན་མོང་མ་ཡིན་པའི་རིག་གནས་ཞེས་ཀྱང་བཏགས། དེ་ལས་གཞན་པའི་སྒྲ་ཚད་བཟོ་གསོ་ལ་སོགས་པ་རྣམས་ཐ་སྙད་ཀུན་μོབ་ཀྱི་ཆོས་ཀྱི་རྣམ་གྲངས་གཙོ་བོར་སྟོན་པས་ཐ་སྙད་རིག་པ་དང༌། ཕྱི་ནང་ཐམས་ཅད་ཀྱི་ཐུན་མོང་དུ་སྦྱང་བྱ་ཡིན་པས་ཐུན་མོང་བའི་རིག་པ་ཞེས་ཀྱང་བཏགས། ཐུན་མོང་བ་ཞེས་པ་ཕྱི་ནང་ཐོུང་བ་དང༌། ཆོས་དང་འཇིག་རྟེན་གཉིས་ཐོུང་བ་ཞེས་པའི་བཤད་ཚུལ་ཡང་འདུག

 

ཁ་ཅིག་གིས་ཚད་མ་རིག་པ་ཕྱི་ནང་ཐུན་མོང་བའི་རིག་གནས་ཡིན་པ་མི་འཐད་དེ། ཕྱི་ནང་ཐུན་མོང་བས་ཁས་བླངས་པའི་ཚད་མའི་གཞུང་ལུགས་ཤིག་མི་རྙེད་པའི་ཕྱིར། དེར་ཐལ། ཕྱི་རོལ་བའི་ཚད་མའི་གཞུང་ལུགས་ཡིན་ན་རིག་བྱེད་ཚད་མར་སྨྲ་བ་དང༌། སྒྲ་ཚད་མ་དང༌། སྤྱི་དོན་གཞན་ལ་བརྟེན་པའི་འབྲེལ་བའི་རྣམ་བཞག་སོགས་བཤད་དགོས་ལ། དེ་དག་ནང་པས་ཁས་མི་བླང་ཞིང༌། ནང་པའི་ཚད་མའི་བསྟན་བཅོས་ཡིན་ཕྱིན་ཚད་མ་ལ་མངོན་རྗེས་གཉིས་སུ་གྲངས་ངེས་པ་དང༌། སྤྱི་དོན་གཞན་མེད་པ། བདག་གཅིག་དང་དེ་བྱུང་གི་འབྲེལ་བ་ལས་གཞན་པའི་འབྲེལ་ཚུལ་མེད་པ། དེའི་དབང་གིས་རྟགས་ཀྱི་ཚུལ་གསུམ་དུ་ངེས་པ་དང༌། འབྲས་རང་མ་དམིགས་པའི་རྟགས་ཡང་དག་གསུམ་དུ་ངེས་པ་སོགས་ཀྱི་རྣམ་བཞག་བསྟན་དགོས་ལ། དེ་ཕྱི་རོལ་པས་ཁས་མི་བླངས་པའི་ཕྱིེར་རོ།། གལ་ཏེ་ཕྱི་ནང་གཉིས་ཀ་ལ་ཚད་མ་རིག་པའི་མིང་ཅན་གྱི་རིག་གནས་ཤིག་ཡོད་པ་ཙམ་གྱིས་ཐོུང་བའི་རིག་གནས་སུ་འཇོག་ན་ནི་ནང་དོན་རིག་པའང་ཕྱི་ནང་གཉིས་ཀར་གྲགས་པས་དེ་ཡང་ཅིའི་ཕྱིར་ཐོུང་བའི་རིག་གནས་སུ་མི་འཇོག་ཅེས་ཟེར་ན། རྟོག་ལྡན་ལ་སྐྱེ་བའི་དྭོགས་པར་སྣང་བས་བློ་ལྡན་རྣམས་ཀྱིས་དཔྱད་པར་འོས་སོ།། རྟོག་གེའི་ཚིག་དོན་བརྒྱད་ཀྱི་མིང་ཙམ་ཞིག་ཕྱི་ནང་ཐོུང་དུ་གྲགས་པའི་རྒྱུ་མཚན་གྱིས་ཕྱི་ནང་ཐོུང་བའི་ཚད་མའི་གཞུང་ལུགས་ཤིག་ཡོད་པ་བསྒྲུབ་མི་ནུས་ཤིང༌། ལར་ནས་ཕྱི་ནང་གི་ཚད་མའི་གཞུང་ལུགས་ཐམས་ཅད་རེ་རེ་བཞིན་བརྟག་ན་ཕྱི་ནང་ཐོུང་བར་བཞག་ཏུ་རུང་བའི་ཚད་མའི་གཞུང་ཞིག་མི་རྙེད། དེར་མ་ཟད་འཁོར་འདས་དང་བཅིངས་བཀྲོལ། ཐར་པ་དང་དེར་བགྲོད་པའི་ལམ་ལ་སོགས་པའི་མིང་རྐྱང་མང་པོ་ཞིག་ཕྱི་ནང་གཉིས་ཀའི་གཞུང་ལུགས་སུ་ཐོུང་དུ་གྲགས་ཀྱང༌། དེ་ཙམ་གྱིས་ཕྱི་ནང་ཐོུང་བའི་ནང་དོན་རིག་པའི་གཞུང་ཞིག་བཞག་ཏུ་མེད་པ་དང་སྒོ་ཀུན་ནས་མཚུངས་སམ་སྙམ། ཚད་མ་རིག་པ་ཙམ་དུ་མ་ཟད། སྒྲ་རིག་པ་ལའང་ནང་པའི་ཐོུང་མ་ཡིན་པའི་ལེགས་སྦྱར་དང་པཱལི་ལུང་དུ་སྟོན་པའི་རྣམ་བཞག་དང༌། འདྲེས་མའི་ལེགས་སྦྱར་ཞེས་སཾཀརསཾསྐྲིཏ་ཞེས་པའི་ལེགས་སྦྱར་གྱི་སྐད་ཡིག་ཀྱང་ནང་པའི་ཐོུང་མ་ཡིན་པ་ཞིག་ཡོད་པ་དང༌། དེ་བཞིན་གསོ་བ་རིག་པར་ཆ་མཚོན་ན། བོད་ཀྱི་སྨན་གྱི་རྒྱུད་བཞི་ལྟ་བུ་ནང་པའི་ཐོུང་མ་ཡིན་པའི་གསོ་བ་རིག་པའི་བསྟན་བཅོས་ཡིན་པ་དང༌། བཟོ་རིག་པ་ལའང་རི་མོའི་མཚན་ཉིད་དང༌། ལྷ་སྐུ་དང་མཆོད་རྟེན་གྱི་ཕྱག་ཚད། དཀྱིལ་འཁོར་གྱི་ཐིག་ཚད་སོགས་ནང་པའི་ཐོུང་མ་ཡིན་པའི་བཟོ་རིག་ཇི་སྙེད་ཅིག་ཡོད་དོ།། འོན་ཀྱང་སྒྲ་དང་བཟོ་གསོ་གསུམ་ལ་ཕྱི་ནང་ཐོུང་བས་ཁས་བླངས་པའི་གཞུང་ལུགས་ནི་རྙེད་དུ་ཡོད་ཅིང༌། ཚད་མ་རིག་པ་ལྟ་བུ་ཕྱི་ནང་ཐོུང་དུ་ཁས་བླངས་པའི་གཞུང་ཚན་བྱེ་བྲག་པ་ཞིག་བཞག་ཏུ་མེད་ནའང༌། སྤྱིར་ཚད་མ་རིག་པ་ཕྱི་ནང་གཉིས་ཀས་སྦྱང་བྱར་ཁས་བླངས་པས་ཐོུང་བའི་རིག་གནས་སུ་བཞག་པ་དང༌། ནང་པའི་གཞུང་ལུགས་སུ་བཤད་པའི་རིག་གནས་ལྔའི་ནང་ཚན་གྱི་ནང་དོན་རིག་པ་ནི་ནང་པའི་ཐོུང་མ་ཡིན་པའི་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་གྱི་རྣམ་བཞག་སྟོན་པའི་རིག་གནས་ཉིད་ལ་གོ་དགོས་པས། དེ་ལུགས་འདི་ལས་ཕྱི་རོལ་ཏུ་གྱུར་པ་རྣམས་ཀྱིས་སྦྱང་བྱའི་རིག་གནས་སུ་ཁས་མི་བླངས་པའི་རྒྱུ་མཚན་ལ་བརྟེན་ནས་ཐོུང་དང་ཐོུང་མ་ཡིན་པའི་རིག་གནས་ཀྱི་ཐ་སྙད་བྱས་སམ་སྙམ་སྟེ་བློ་ལྡན་རྣམས་ཀྱིས་དཔྱད་པར་མཛོད་ཅིག

 

ནུབ་ཕྱོགས་པའི་ཤེས་བྱའི་གནས་ལ་སྡེ་ཚན་དབྱེ་བའི་སྐབས་ཚན་རིག་དང་སྒྱུ་རྩལ་ (Sciences and Arts) གཉིས་སུ་ཕྱེ་སྲོལ་འདུག་ཀྱང༌། དེང་སང་ཚན་རིག་གི་དབང་སྒྱུར་ཤུགས་ཆེ་རུ་ཕྱིན་ནས་སྒྱུ་རྩལ་གྱི་ཁོངས་སུ་གཏོགས་པའི་རིག་གནས་ཕལ་ཆེ་བའང་ཚན་རིག་གི་མིང་གིས་བསྙད་པ། དཔེར་ན། སྤྱི་ཚོགས་ཚན་རིག སྲིད་དོན་གྱི་ཚན་རིག དཔལ་འབྱོར་གྱི་ཚན་རིག་ཅེས་པ་ལྟ་བུའོ།།

 

སྐབས་འདིར་ནང་པའི་རིག་གནས་ཀྱི་དབྱེ་བ་ཕྱེ་ཚུལ་ལྟར་རིག་གནས་ལྔ་རུ་ཕྱེ་བའི་ནང་ཚན་གྱི་ནང་དོན་རིག་པ་སོང་ཟིན་པའི་ལྷག་མ་ཐོུང་བ་ཐ་སྙད་ཀྱི་རིག་གནས་བཞི་ཚིགས་བཅད་རྐང་པ་དང་པོས་བསྟན་ཏེ། སྒྲ་རིག་པ་དང༌། ཚད་མ་རིག་པ། བཟོ་རིག་པ། གསོ་བ་རིག་པ་བཅས་ཐོུང་བའི་རིག་གནས་བཞི་ལ་ཐ་སྙད་ཀྱི་རིག་གནས་ཞེས་གྲགས། རིག་གནས་དེ་དག་སོ་སོའི་རྣམ་བཞག་དང་བྱུང་ཚུལ་སོགས་སྐབས་འདིར་བཤད་ན་གཏམ་ཚོགས་ཆེ་ཞིང་དུས་ཐོག་ཏུ་མི་ཟིན་པས་རྒྱས་སྤྲོས་མི་བྱེད། ཞིབ་ཏུ་མཁྱེན་པར་འདོད་ན་སྡེ་དགེ་བསྟན་འགྱུར་གྱི་དཀར་ཆག་གི་དབུར་རྒྱས་པར་བཞུགས་ཤིང༌། དེ་བཞིན་ཨཱཅཱརྱ་རྒྱལ་མཚན་རྣམ་གྲོལ་གྱིས་བྲིས་པའི་རིག་གནས་ལྔའི་སྐོར་གྱི་རྩོམ་ཡིག་དང༌། བོད་ནས་ཐོན་པའི་རིག་གནས་ལྔའི་ངོ་སྤྲོད་སོགས་གཟིགས་ན་འཐུས་རྒྱུ་དང༌། ཁོ་བོས་སྐབས་གཞན་དུ་བཤད་པའི་རིག་གནས་ལྔའི་ངོ་སྤྲོད་ཀྱང་ཡོད་པ་དེ་དག་གསན་འཐུས། སྐབས་འདིར་ས་བཅད་མ་སྟོང་ཙམ་དུ་རིག་པའི་གནས་ལྔར་ཕྱེ་ཚུལ་དང༌། དེ་ལྟར་ཕྱེ་དགོས་པའི་རྒྱུ་མཚན་སྐོར་མདོར་བསྡུས་ཤིག་སྤྲོས་ན།

 

སྤྱིར་རིག་པའི་གནས་ལྔ་རུ་ཕྱེ་བའི་སྲོལ་དེ་ནང་པའི་རིག་གནས་ཀྱི་དབྱེ་བ་ཕྱེ་ཚུལ་ཡིན་པ་བོད་དུ་ཡོངས་གྲགས་ཡིན་ནའང༌། དེང་དུས་རྒྱ་གར་བ་མང་པོར་ཤེས་ཚོར་མི་འདུག རང་རེའི་ནང་པའི་རིག་པའི་གནས་ལྔར་ཕྱེ་བའི་རིག་གནས་དེ་དག་གི་མིང་ཕྱི་རོལ་པའི་གཞུང་ལུགས་སུའང་གསལ་མོད། དེ་དག་ལ་རིག་གནས་ལྔའི་ཐ་སྙད་མི་བྱེད། ཕྱི་རོལ་པའི་བསྟན་བཅོས་རྣམས་ཀྱི་ནང་རིག་གནས་ལྔའི་རྣམ་བཞག་མི་གསལ་བ་མ་ཟད། ནང་པའི་ཉན་ཐོས་སྡེ་པ་རྣམས་ཀྱི་བཀའ་བསྟན་རྣམས་སུའང་རིག་གནས་ལྔའི་རྣམ་བཞག་གསུངས་པ་ཞིག་མ་མཇལ། དཔེར་ན། འདུལ་བ་ལུང་ལ་སོགས་པར་རིག་པའི་གནས་བཅོ་བརྒྱད་དང༌། བཟོ་ཡི་གནས་དགུ་དང༌། སྒྱུ་རྩལ་དྲུག་ཅུ་རྩ་བཞི་ལ་སོགས་པ་མ་གཏོགས། རིག་པའི་གནས་ལྔ་ཞེས་པའི་ཐ་སྙད་ཅིག་ཁོ་བོས་མ་མཇལ། ཐེག་པ་ཆེན་པོའི་མདོ་སྡེའི་ཁུངས་དྲིན་ལན་གསབ་པའི་མདོའི་ནང་རིག་གནས་ལྔའི་མིང་བཀོད་དེ་དེ་དག་ལ་བྱང་ཆུབ་སེམས་དཔས་སྦྱང་དགོས་པའི་རྒྱུ་མཚན་རྒྱས་པར་གསུངས་ཤིང༌། བསྟན་བཅོས་ཀྱི་ཁུངས་བོད་ཀྱི་མཁས་པ་ཚོས་ཡང་ཡང་དྲངས་པའི་མདོ་སྡེ་རྒྱན་གྱི་ལུང༌། ༼རིག་པའི་གནས་ལྔ་དག་ལ་བརྩོན་པར་མ་བྱས་ན།། འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་མི་འགྱུར་ཏེ།།༽༡༩ ཞེས་གསུངས་པ་དེ་དང༌། དེའི་འགྲེལ་པ་སློབ་དཔོན་བློ་བརྟན་གྱིས་མཛད་པའི་ནང་རིག་གནས་ལྔའི་གྲངས་འདྲེན་མཛད་དེ་གོང་གི་ལུང་དེའི་མཇུག་ཐོགས་སུ། ༼དེ་ལྟ་བས་ན་གཞན་དག་ཚར་གཅད་རྗེས་གཟུང་དང༌།། བདག་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱེད།།༽༢༠ ཞེས་རིག་གནས་ལྔ་ལ་སྦྱང་དགོས་པའི་དགོས་པའང་གསལ་བར་གསུངས། བློ་བརྟན་གྱི་འགྲེལ་པ་བོད་འགྱུར་དུ་རིག་གནས་ལྔའི་མིང་འདོགས་སྟངས་འདི་ལྟར། ༼ནང་རིག་པ་དང༌། རྒྱུ་རིག་པ། སྒྲ་རིག་པ། གསོ་བ་རིག་པ། བཟོའི་ལས་ཀྱི་གནས་ཀྱི་རིག་པ་༽༢༡ ཞེས་གསལ། ཚད་མ་རིག་པ་ལ་རྒྱུ་རིག་པ་ཞེས་སྨོས་པ་ནི་ལེགས་སྦྱར་གྱི་ཧེཏུབིདྷ྄ཡཱ་ཞེས་པའི་སྒྲ་ཐད་སྒྱུར་བྱས་པའི་རྐྱེན་གྱིས་ཡིན། དེ་ལ་སྒྱུར་ཚུལ་གཞན་ཞིག་ནི་གཏན་ཚིགས་རིག་པ་ཞེས་ཟེར། མིང་འདི་བཞིན་དྲིན་ལན་གསབ་པའི་མདོའི་ནང་དུའང་མཚུངས་པར་འདུག ཡང་འཇམ་མགོན་ས་པཎ་གྱིས་རིག་གནས་ལྔ་བགྲངས་པའི་སྐབས་མིང་འདོགས་ཚུལ་ཅུང་མི་འདྲ་བ་ཡོད་པ་འདི་ལྟར། སྒྲ་རིག་པ་ལ་བརྡ་སྤྲོད་རིག་པ་དང༌། ཚད་མ་རིག་པ་ལ་རྟོག་གེའི་རིག་པ། བཟོ་རིག་པ་ལ་ཕྱིའི་རིག་པ་ཞེས་འདོགས་ཤིང༌། ནང་དོན་རིག་པ་དང་གསོ་བ་རིག་པ་ལ་ཁྱད་པར་མི་འདུག་པ་འདི་ལྟར། དེའི་ཡུལ་བརྡ་སྤྲོད་རྟོག་གེ་དང༌།། གསོ་བ་ཕྱི་ནང་རིག་ཅེས་བྱ།། ཞེས་གསུངས། རྟོག་གེ་ཞེས་པ་ལེགས་སྦྱར་གྱི་སྐད་དུ་རྒྱུ་མཚན་ནམ་རིགས་པ་ལ་ཏརྐ་ཞེས་དང༌། དེ་སྨྲ་བ་པོར་ཏཱརྐིཀ་ཞེས་བརྗོད་པ་ལ་དེའི་སྐད་དོད་བོད་སྐད་དུ་རྟོག་གེ་དང་རྟོག་གེ་བ་ཞེས་བསྒྱུར་བ་བོད་ཀྱི་བརྡ་ཆད་རྙིང་པ་ཞིག་མ་ཡིན་པར་ལེགས་སྦྱར་ནས་སྒྱུར་སྐབས་ལོ་ཙཱ་བ་རྣམས་ཀྱིས་བྱས་པའི་ཐ་སྙད་གསར་བཟོ་ཞིག་ཡིན་ནམ་སྙམ། དེ་ལྟར་སྒྲ་རིག་པ་དང༌། བརྡ་སྤྲོད་རིག་པ་རྣམ་གྲངས་པ་དང༌། གཏན་ཚིགས་རིག་པ་དང༌། ཚད་མ་རིག་པ། རྒྱུ་རིག་པ། རྟགས་ཀྱི་རིག་པ། རྟོག་གེའི་རིག་པ་རྣམ་གྲངས་པ། བཟོ་རིག་དང༌། བཟོའི་ལས་ཀྱི་གནས་རྣམ་གྲངས་པ། གསོ་བ་རིག་པ་དང༌། སྨན་གྱི་རིག་པ། ཚེའི་རིག་བྱེད་བཅས་རྣམ་གྲངས་པ་ཡིན་ནོ།།

 

རིག་པའི་གནས་ལྔར་དབྱེ་བ་དང༌། དེར་གྲངས་ངེས་པར་བྱས་པའི་རྒྱུ་མཚན་ནི་གོང་དུ་སྨོས་པ་ལྟར་སྐྱེ་བོ་རྣམས་ཀྱི་མངོན་པར་འདོད་པའི་དོན་མདོར་བསྡུ་ན། གནས་སྐབས་དང་མཐར་ཐུག་གི་དོན་གཉིས་སུ་འདུས་ཤིང༌། དེ་གཉིས་སྒྲུབ་པའི་ཐབས་ཚང་བ་ཞིག་བསྒྲུབ་པ་ལ་རིག་པའི་གནས་ལྔ་ལ་སྦྱང་དགོས། སྐྱེས་བུའི་གནས་སྐབས་ཀྱི་མངོན་འདོད་ཚེ་འདིའི་བདེ་སྐྱིད་ཙམ་བསྒྲུབ་པ་ལ་བླང་དོར་གྱི་གནས་ལ་མ་རྨོངས་པའི་ཤེས་ཡོན་ཞིག་དགོས་པ་དེ་ནང་པའི་གཞུང་ལུགས་ནས་བཤད་པ་ཙམ་མ་ཡིན་པར་དེང་རབས་པ་རྣམས་ཀྱིས་ཀྱང་ཤེས་ཡོན་སློབ་སྦྱོང་ནི་མི་ཚེ་སྐྱེལ་ཐབས་ཀྱི་མཐུན་རྐྱེན་མེད་དུ་མི་རུང་བ་ཞིག་རྩིས་ཀྱི་ཡོད། ལྷག་པར་དེང་རབས་ཅན་གྱི་སྤྱི་ཚོགས་འཁྲུགས་པོ་འདིའི་ནང་གནས་ཚུལ་མང་པོ་ཞིག་མ་ཤེས་ན་མི་ཚེ་སྐྱེལ་དཀའ། དེ་ལྟ་བས་ན་ཤེས་ཡོན་སློབ་རྒྱུ་ནི་མི་ཚེའི་འཚོ་བ་སྐྱེལ་ཐབས་བཟང་ཤོས་ཤིག་ཡིན། ཤེས་ཡོན་སློབ་པའི་ཐབས་ལམ་མེད་དུ་མི་རུང་བ་གཉིས་ཡོད་པ་ནི། ཤེས་བྱའི་གནས་མཐའ་ཡས་པའི་གནས་ཚུལ་མཐའ་དག་རང་ཉིད་ཀྱིས་བརྟག་དཔྱད་དང་འཚོལ་ཞིབ་བྱས་ཏེ་གསར་དུ་ཤེས་པའི་རྩོལ་བ་བྱེད་དགོས་བྱུང་ན་མི་ཚེ་ཐུང་ངུ་གཅིག་གི་ནང་གནས་ཚུལ་མང་པོ་ཤེས་ཐབས་མེད། འདས་པའི་མི་རབས་རྣམས་ཀྱིས་མི་ལོ་འབུམ་ཕྲག་མང་པོའི་སྔོན་ནས་ད་ལྟའི་བར་བརྟག་དཔྱད་དང་ཉམས་ཞིབ་བྱས་ནས་ཤེས་ཟིན་པའི་ཉམས་མྱོང་དེ་དག་གཅིག་ནས་གཅིག་ཏུ་བརྒྱུད་དེ་ཡོང་བ་རང་རེས་གཞི་ནས་བརྟག་དཔྱད་ཉམས་ཞིབ་མ་དགོས་པར་བླང་རྒྱུ་དེ་ཐབས་ལམ་གཅིག་དང༌། དེ་འདྲའི་བརྒྱུད་རིམ་བླང་བའི་སྐབས་ཡང་དག་པ་དང་ཚད་ལྡན་ཡིན་མིན་རང་སྟོབས་ཀྱིས་རྟོག་དཔྱོད་བྱེད་ཐུབ་པའི་ནུས་པ་ཞིག་ཀྱང་དགོས་པ་དེ་ཐབས་ལམ་གཉིས་པ་དེ་རེད། དེ་གཉིས་སྒྲ་རིག་པ་དང་ཚད་མ་རིག་པ་གཉིས་ལ་ཅི་ནས་ཀྱང་བརྟེན་དགོས། རིག་པ་འདི་གཉིས་ལ་བརྟེན་ནས་མི་རབས་སྔ་མ་མང་པོས་ཤེས་ཡོན་གྱི་ཉམས་མྱོང་བསགས་ཐུབ་པ་དང༌། བསགས་པ་དེ་མི་རབས་རྗེས་མ་ལ་གཅིག་ནས་གཅིག་བརྒྱུད་ཀྱིས་རྩིས་སྤྲད་ཐུབ་པ་བྱུང་ཞིང༌། ད་ལྟ་རང་རེའི་མི་རབས་ཀྱིས་མི་རབས་སྔ་མ་ནས་བརྒྱུད་དེ་ཡོང་བའི་ཤེས་ཡོན་དེ་དག་བླངས་ཐུབ་པའང་སྒྲ་ཚད་ཀྱི་རིག་གནས་གཉིས་ལ་ལྟོས་དགོས་ཤིང༌། ང་ཚོའི་ཕྱིས་འབྱུང་གི་མི་རབས་ལ་བརྒྱུད་རིམ་ནས་བྱུང་བའི་ཤེས་ཡོན་དང༌། རང་དུས་སུ་གསར་གཏོད་བྱས་པའི་ཤེས་ཡོན་རྣམས་རྩིས་སྤྲད་ཐུབ་པའང་སྒྲ་ཚད་ཀྱི་རིག་པ་གཉིས་ལ་ལྟོས་དགོས། ཚད་མ་རིག་པ་ལ་བརྟེན་ནས་ཤེས་བྱའི་གནས་ལ་བརྟགས་ཤིང་དཔྱད་པའི་བློ་གྲོས་ཀྱིས་ངེས་པ་རྙེད་ཅིང༌། དེའི་དཔྱད་མཐའ་རྙེད་པའི་གྲུབ་དོན་རྣམས་རང་གིས་ཤེས་པ་ཙམ་དུ་མ་ཟད། འབྱུང་འགྱུར་གྱི་མི་རབས་ལ་ངོ་སྤྲོད་བྱེད་པའི་ཆེད་དུ་བསྟན་བཅོས་དང་ཡིག་ཆ་སོགས་སུ་འགོད་ཐུབ་པ་ནི་སྒྲ་རིག་པའི་བརྡ་སྤྲོད་ཀྱི་རྣམ་བཞག་ལ་བརྟེན་ནས་བྱུང་བས་ད་ལྟ་མིའི་སྤྱི་ཚོགས་འདིར་ཤེས་བྱའི་གནས་གང་ལ་བསླབ་འདོད་ནའང་མི་རབས་གོང་མ་རྣམས་ཀྱིས་དཔྱད་མཐར་རྙེད་པའི་རྩོམ་ཡིག་གི་གཞུང་ལུགས་གྲངས་མེད་པ་ཞིག་རྙེད་ཐུབ་པ་དེ་སྒྲ་དང་ཚད་མ་རིག་པ་གཉིས་ཀྱི་འབྲས་བུ་ཡིན་པ་དང༌། ཚད་མ་རིག་པའི་རྣམ་བཞག་ལ་མ་སྦྱངས་པའི་གང་ཟག་ཅིག་གིས་བློ་ཡི་འཆར་སྒོ་ཞིག་བྱུང་རུང༌། དེ་ཉིད་གཞན་ལ་ངེས་པ་སྟེར་བའི་ར་སྤྲོད་རིགས་ལམ་དང་མཐུན་པར་བྱེད་མི་ནུས་པ་མ་ཟད། གཞན་གྱིས་དེ་ལ་དྭོགས་སློང་ཞིག་བྱུང་ན་དེའི་ཀླན་ཀ་ལྡོག་མི་ནུས་པའི་ཁར་རང་ཉིད་ཀྱང་ཐེ་ཚོམ་དུ་གྱུར་པའི་ཉེན་ཁ་ཡོད། ཚད་མ་རིག་པའི་རིགས་འགྲོས་ལ་བརྟེན་ནས་དཔྱད་མཐར་རྙེད་པའི་དོན་ཞིག་སྒྲ་རིག་པའི་གཞུང་ལུགས་དང་མཐུན་པར་རྩོམ་ཡིག་ཏུ་བཀོད་མ་ཐུབ་ན། རང་ཉིད་ཤི་བའི་རྗེས་རང་གི་རྣམ་དཔྱོད་ཀྱི་རྩལ་ལས་བྱུང་བའི་ཤེས་ཡོན་དེ་རྗེས་མའི་མི་རབས་ལ་བརྒྱུད་སྤྲོད་མི་ཐུབ། བརྡ་སྤྲོད་ཀྱི་སྲོལ་དང་མ་མཐུན་པར་གང་བྱུང་ཡིག་ལམ་དུ་བཀོད་པ་ཡིན་ན་དེའང་མི་རབས་རྗེས་མ་རྣམས་ཀྱིས་ཤེས་རྟོགས་མི་ཐུབ། ད་ལྟ་མི་ལོ་སྟོང་ཕྲག་མང་པོའི་སྔོན་ལ་བྲིས་པའི་ཡིག་ཆ་ཁག་གི་དོན་རང་རེས་བདེ་བླག་ཏུ་རྟོགས་ནུས་པ་ནི་སྒྲ་རིག་པའི་བརྡ་སྤྲོད་ཀྱི་གཞུང་ལུགས་ཡོད་པའི་རྒྱུ་མཚན་གྱིས་ཡིན། བརྡ་སྤྲོད་ཀྱི་རིག་པ་ཇི་ཙམ་དམན་པའི་སྐད་ཡིག་དེ་དག་དེ་ཙམ་གྱིས་འགྱུར་ཚབས་ཆེ་ཞིང༌། དུས་ཡུན་གང་ཙམ་གྱི་རྗེས་སུ་གོ་རྟོགས་དཀའ་བ་ཞིག་ཏུ་འགྱུར་འགྲོ་བ་མཐོང་ཆོས་སུ་ཡོད། དེ་ལྟར་གནས་སྐབས་ཀྱི་མངོན་འདོད་བསྒྲུབ་པ་ལ་ཚེ་འདིའི་བྱ་བཞག་དང་འབྲེལ་བའི་ཤེས་ཡོན་མང་པོ་ཞིག་ཡོད་པ་དང༌། དེ་ལ་སྒྲ་དང་ཚད་མ་རིག་པ་གཉིས་མེད་དུ་མི་རུང་བའི་རྒྱུ་མཚན་དེ་ལྟར་དང༌། མཐར་ཐུག་མངོན་མཐོ་དང་ངེས་ལེགས་ཀྱི་གོ་འཕང་བསྒྲུབ་པ་ལ་ནི་དེ་བས་ཀྱང་ནང་དོན་རིག་པའི་གཞུང་ལུགས་ཀྱི་གོ་དོན་རྟོགས་དགོས་ཤིང༌། དེའི་ཆེད་སྒྲ་ཚད་ཀྱི་རིག་པ་གཉིས་མེད་དུ་མི་རུང་བའང་རྟོགས་སླ། མི་ལོ་ཉིས་སྟོང་ལྔ་བརྒྱ་བརྒལ་བའི་སྔོན་དུ་བྱུང་བའི་སངས་རྒྱས་ཀྱི་གསུང་རབ་རྒྱ་གར་གྱི་སྐད་ཡིག་ཏུ་བཞུགས་པ་རྣམས་དང༌། མི་ལོ་ཆིག་སྟོང་བརྒལ་བའི་སྔོན་དུ་བོད་དུ་བསྒྱུར་བའི་གསུང་རབ་དེ་དག་དེང་སང་རང་རེས་འབད་མེད་དུ་རྟོགས་ནུས་པ་དེ་ནི་སྒྲ་རིག་པའི་བཀའ་དྲིན་ཡིན་ཞིང༌། དེ་འདྲའི་ལུང་རྟོགས་ཀྱི་ཆོས་ལ་རྨོངས་དད་ཙམ་མིན་པར་ཤེས་ནས་དད་པ་ཐོབ་སྟེ་ཉམས་སུ་བླང་ནུས་པ་ནི་ཚད་མ་རིག་པའི་བཀའ་དྲིན་ཡིན། དེ་བཞིན་བཟོ་དང་གསོ་བ་རིག་པ་གཉིས་ཀྱང་སྐྱེས་བུའི་གནས་སྐབས་དང་མཐར་ཐུག་གི་མངོན་འདོད་བསྒྲུབ་པ་ལ་མེད་དུ་མི་རུང་བ་ནི། གནས་སྐབས་ཚེ་འདིའི་བདེ་སྐྱིད་ཐམས་ཅད་ཀྱི་གཞི་རྩ་རང་གི་ལུས་ཟུངས་བདེ་ཐང་ཡོད་པ་ལ་རག་ལུས། ལུས་ཟུངས་བདེ་ཐང་མེད་ན་དཔལ་འབྱོར་དང་མངའ་ཐང་ཇི་ཙམ་ཞིག་ཡོད་རུང་དེ་དག་ལ་ལོངས་སྤྱོད་པའི་བདེ་བ་ཉམས་སུ་མྱོང་མི་ཐུབ། དབུལ་པོ་ཞིག་ཡིན་རུང་ལུས་ཟུངས་བདེ་ཐང་ཡོད་ན་ཚེ་འདིའི་བདེ་སྐྱིད་གཞན་དག་བསྒྲུབ་ནུས། ལུས་ཟུངས་བདེ་ཐང་ཡོང་ཐབས་ནི་ལུས་ལ་ནད་རིགས་མི་ཡོང་བ་དང༌། ཡོང་ཚེ་འཕྲལ་དུ་གསོ་ཐུབ་པའི་ཐབས་ལ་བསྟེན་དགོས། ལུས་ལ་ནད་རིགས་མི་འབྱུང་བའི་ཆེད་རྒྱུན་དུས་གནས་སྐབས་ཀྱི་སྤྱོད་ལམ་དང༌། ཟས་གོས་གནས་མལ་བསྟེན་ཚུལ་སོགས་གསོ་བ་རིག་པ་ལས་ཤེས་དགོས་ཤིང༌། ནད་ཀྱིས་བཏབ་ན་དེ་ལས་གྲོལ་བའི་ཐབས་སྨན་དང་དཔྱད་ཇི་འདྲ་ཞིག་བསྟེན་དགོས་པའང་གསོ་བ་རིག་པ་ལས་ཤེས་དགོས། མཐར་ཐུག་གི་མངོན་འདོད་མངོན་མཐོ་དང་ངེས་ལེགས་བསྒྲུབ་པ་ལའང་དེ་དག་སྒྲུབ་པའི་རྟེན་དལ་འབྱོར་གྱི་ལུས་རྟེན་འདི་ལས་ལྷག་པ་ཞིག་མེད་ཅིང༌། དེ་ཆོས་བསྒྲུབ་པའི་ལས་རུང་དུ་གནས་པ་ལ་ནད་དང་བྲལ་བའི་གཟུགས་གཞི་བདེ་ཐང་ཞིག་དགོས་པས་དེའི་སླད་དུའང་གསོ་བ་རིག་པ་མེད་དུ་མི་རུང༌། དེ་བཞིན་བཟོ་ཡི་ལས་ཀྱི་གནས་ཀྱི་རིག་པའང་གནས་སྐབས་ཀྱི་མངོན་འདོད་ཚེ་འདིའི་བདེ་སྐྱིད་བསྒྲུབ་པའི་སླད་དུ་ཟས་གོས་གནས་མལ་ལ་སོགས་པའི་ཕྱི་དངོས་པོའི་མཐུན་རྐྱེན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་བཟོ་རིག་པའི་འབྲས་བུ་ཡིན་པ་སྨོས་མ་དགོས། བཟོ་ལའང་ལུས་ངག་ཡིད་གསུམ་གྱི་བཟོ་ཡི་གནས་གསུམ་དུ་ཡོད་པའི་ཁང་ཁྱིམ་དང་འཛིན་ཆས་ཡོ་ཆས་རྒྱས་སྤྲོས། གནས་འཕྲིན་གྱི་ཡོ་ཆས། འགྲིམས་འགྲུལ་གྱི་འཕྲུལ་ཆས། ཐ་ན་བྲོ་བ་དང་རོ་བཅུད་ལྡན་པའི་ཟས་ཀྱི་གཡོས་སྦྱོར་ཡན་ཆད་ལུས་བཟོ་ཡིན་ཞིང༌། རྩོམ་རིག་དང༌། གླུ་དབྱངས། རོལ་ཆ་སོགས་མི་ཚེའི་ཕུན་སུམ་ཚོགས་པའི་ཆ་ཤས་མེད་དུ་མི་རུང་བར་བརྩི་བའི་མཉན་བྱའི་རང་བཞིན་དེ་དག་ངག་བཟོ་ཡིན། ལུས་ངག་གི་བཟོ་དེ་དག་ཐམས་ཅད་ཀྱི་དངོས་རྒྱུའམ་འབྱུང་ཁུངས་ནི། ༼ཆོས་ཀྱི་སྔོན་དུ་ཡིད་འགྲོ་སྟེ།། ཡིད་མགྱོགས་ཡིད་ནི་གཙོ་བོ་ཡིན།།༽༢༢ ཞེས་གསུངས་པ་ལྟར་ཡིད་བཟོ་ཡིན་པས་སྒོ་གསུམ་གྱི་བཟོ་ཡི་ལས་ཀྱི་གནས་ཀྱི་རིག་པ་ནི་བཟའ་བཏུང་གཡོས་སྦྱོར་ནས་བཟུང༌། དེང་རབས་འཇིག་རྟེན་གྱི་ཚན་རིག་དང་འཕྲུལ་ལས་ཀྱི་འཕེལ་རིམ་མཐར་ཐུག་པའི་བར་དེ་དག་བཟོ་རིག་པ་ལ་ལྟོས་དགོས་པ་དང༌། ལྷག་པར་མིའི་ཤེས་རབ་དང་རྣམ་དཔྱོད། སེམས་ཚོར་གྱི་དཔལ་ཡོན་ཕུན་སུམ་ཚོགས་པ་འགའ་ཤས་ལུས་ཀྱི་རྣམ་འགྱུར་དང་ངག་གི་སྨྲ་བརྗོད་ཀྱི་ལམ་ནས་མངོན་པར་གསལ་བར་བྱེད་མི་ནུས་པ་དེ་དག་རི་མོ་དང་བཟོ་བཀོད་ཀྱི་བྱེ་བྲག་རྣམ་པ་སྣ་ཚོགས་པའི་སྒོ་ནས་གསལ་མཚོན་བྱེད་ཐུབ་པས། བཟོ་ཡི་ལས་ཀྱི་གནས་ནི་འགྲོ་བ་མིའི་མཐའ་ཡས་པའི་སེམས་ཚོར་གྱི་རང་བཞིན་མངོན་པར་སྟོན་པའི་བརྒྱུད་ལམ་ཁྱད་པར་བ་ཞིག་ཡིན་པ་མ་ཟད། སེམས་ལ་ཉམས་དང་འགྱུར་བ་སྣ་ཚོགས་ཀྱི་ཚོར་བ་སྐྲུན་པར་བྱེད་པའི་རྒྱུ་རྐྱེན་ཞིག་ཀྱང་ཡིན། དེ་བཞིན་མཐར་ཐུག་གི་མངོན་འདོད་མངོན་མཐོ་དང་ངེས་ལེགས་སྒྲུབ་པའི་ཐབས་སུ་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་བསགས་ཏེ་ལམ་གྱི་རིམ་པ་རྣམས་དཔྱད་འཇོག་ཟུང་འབྲེལ་དུ་སྒོམ་པའི་ཡིད་བཟོ་དང༌། ལྷག་པར་གསང་སྔགས་ཀྱི་ཉམས་ལེན་བྱེད་མཁན་ཞིག་ཡིན་ན་སྐྱེད་རྫོགས་རིམ་པ་གཉིས་ཀྱི་ཉམས་ལེན་དང༌། དཀྱིལ་འཁོར་འབྲི་བ་དང་སྒྲུབ་པ། ཡི་དམ་གྱི་ལྷའི་སྐུ་དང་དཀྱིལ་འཁོར་ལ་སོགས་པའི་རི་མོའམ་འབུར་དུ་བཞེངས་པ་སོགས་བཟོ་ཡི་རྣམ་གྲངས་དུ་མ་ཞིག་ལ་ལྟོས་དགོས་པ་བཅས་སྤྱིར་གནས་སྐབས་དང་མཐར་ཐུག་གི་འདོད་དོན་བསྒྲུབ་པ་ལ་ཐོུང་གི་རིག་པའི་གནས་བཞི་ལ་ངེས་པར་དུ་ལྟོས་དགོས་པའི་ཚུལ་དེ་ལྟར་དང༌། ཡང་རགས་པ་ཙམ་གྱི་དབང་དུ་བྱས་ན་གནས་སྐབས་ཀྱི་མངོན་འདོད་བསྒྲུབ་པ་ལ་སྒྲ་ཚད་བཟོ་གསོ་བཞི་དང༌། མཐར་ཐུག་གི་མངོན་འདོད་བསྒྲུབ་པ་ལ་ནང་དོན་རིག་པ་བཅས་སུ་ཕྱེ་སྟེ་རིག་པའི་གནས་ལྔར་གྲངས་ངེས་པར་མཛད་པ་དེ་རྒྱུ་མཚན་དང་ལྡན་པ་ཡིན། ཡང་མདོ་སྡེ་རྒྱན་རྩ་འགྲེལ་ནས་བཤད་པ་ལྟར་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ལོག་པར་སྨྲ་བའི་རྒོལ་བ་ཚར་བཅད་ནས་ཡང་དག་པའི་ལམ་དུ་བཙུད་པའི་ཆེད་དུ་སྒྲ་དང་ཚད་མ་རིག་པ་ལ་སྦྱང་དགོས་པ་དང༌། གཞན་དག་ཆོས་དང་ཟང་ཟིང་གིས་རྗེས་སུ་བཟུང་བའི་ཡན་ལག་ཏུ་བཟོ་དང་གསོ་བ་རིག་པ་ལ་སྦྱང་དགོས་པ་བཅས་ཐོུང་བའི་རིག་གནས་བཞི་གཞན་དོན་སྒྲུབ་པའི་ཡན་ལག་དང༌། རང་ཉིད་ཀུན་ཤེས་སུ་བྱ་བ་སྟེ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་འཐོབ་པའི་ཆེད་དུ་ས་ལམ་གྱི་རིམ་པ་ལ་ཇི་ལྟར་སློབ་ཚུལ་ནང་དོན་རིག་པ་ལ་སྦྱང་དགོས་ཞེས་རིག་གནས་ལྔའི་གྲངས་འདྲེན་དང༌། གོ་རིམ་དེ་ལྟར་དུ་བསྟན། རིག་གནས་ལྔའི་གོ་རིམ་ལ་སྒྲ་ཚད་བཟོ་གསོ་ནང་དོན་ཞེས་བསྒྲིགས་པ་དང༌། ཡང་སྒྲ་ཚད་གསོ་བ་བཟོ་དང་ནང་དོན་ཞེས་དེ་ལྟར་གོ་རིམ་དུ་བསྒྲིགས་པ་དང༌། སྒྲ་དང་གཏན་ཚིགས་ནང་དོན་གསོ་བ་དང་ཞེས་བགྲང་བ་དང༌། ཡང་སྐབས་རེ་ནང་དོན་རིག་པ་སྔོན་དུ་བྱུང་བ་སོགས་ཅི་རིགས་སུ་འདུག་པས་མཐའ་གཅིག་ཏུ་གོ་རིམ་ངེས་ཅན་དགོས་པ་མ་མཐོང༌།

 

རིག་གནས་ལྔ་རུ་ཕྱེ་ཚུལ་དེ་ནང་པའི་ཐུན་མོང་མ་ཡིན་པའི་ཕྱེ་ཚུལ་ཡིན་ཞེས་གོང་དུ་སྨོས་པ་དེའི་ཁུངས་ནི་གསང་སྔགས་ཀྱི་བསྟན་བཅོས་བསནྟཏིལཀ་ཊཱིཀཱ་སྟེ་དཔྱིད་ཀྱི་ཐིག་ལེའི་རྒྱ་ཆེར་འགྲེལ་ལས། ༼སྤྱོད་པའི་རིག་བྱེད་ཡན་ལག་བཞིར།། དེ་ཡི་བཀོད་པ་རྒྱས་པར་ཏེ།། རྙིང་པའི་ཆོས་ཀྱི་བསྟན་བཅོས་སུ།། རིག་པ་བཅུ་བཞི་འདི་རྣམས་སོ།། སྒྲ་དང་གཏན་ཚིགས་རིག་པ་དང༌།། དེ་བཞིན་ཁོ་ནར་ནང་དང་ནི།། གསོ་བ་དང་ནི་བཟོ་རིག་གཉིས།། རིག་པའི་གནས་ནི་ལྔ་པོ་འོ།།༽༢༣ ཞེས་དང༌། ༼དེ་བཞིན་གཞན་གྱི་སྡེ་པ་ལ་གྲགས་པའི་རིག་བྱེད་ལ་སོགས་པ་རིག་པའི་གནས་བཅུ་བཞི་དང༌། རང་གི་སྡེ་པ་ལ་གྲགས་པའི་རིག་གནས་ལྔ་ལ་བརྟེན་ནས་༽༢༤ ཞེས་གསལ་བར་གསུངས་སོ།། དེའང་རྩ་བར་རྙིང་པའི་ཆོས་ཀྱི་བསྟན་བཅོས་སུ་ཞེས་པ་ནི་ཕྱི་རོལ་པར་གྲགས་པའི་ཆོས་ཀྱི་བསྟན་བཅོས་ཏེ་དྷརྨཤཱསྣྟ་ཞེས་གཞུང་བྱེ་བྲག་པ་ཞིག་ཡོད་པ་དེ་ཡིན་ཞིང༌། ནང་པའི་བསྟན་བཅོས་མ་ཡིན་ནོ།། ཕྱི་རོལ་པའི་རིག་གནས་བགྲང་བའི་སྐབས་རིག་བྱེད་དང་རིག་བྱེད་ཀྱི་ཡན་ལག་ཅེས་ཕྱེ་སྟེ་བགྲངས་ལ། བཅུ་བཞི་བགྲང་ཚུལ་འདྲ་མིན་སྣ་ཚོགས་ཡོད་ཀྱང་འདིར་མི་མཁོ་བས་མ་སྤྲོས་སོ།། རིག་གནས་ལྔའི་རྣམ་བཞག་དེ་ཐེག་ཆེན་པའི་ཐུན་མོང་མ་ཡིན་པའི་སྲོལ་ཞིག་ཡིན་ཞེས་བརྗོད་དགོས་དོན་ནི་འདུལ་བ་ལུང་དང་མཛོད་རང་འགྲེལ་སོགས་སུ་རིག་པའི་གནས་ཀྱི་སྐོར་བཤད་པའི་སྐབས་རིག་པའི་གནས་བཅོ་བརྒྱད་ཅེས་པ་ལས་གནས་ལྔ་ཞེས་པའི་ཐ་སྙད་མ་བྱུང༌། འདུལ་བ་ལུང་དང་སྐྱེས་རབས་ཀྱི་རྒྱ་ཆེར་བཤད་པ་གཉིས་སུ་རིག་པའི་གནས་བཅོ་བརྒྱད་བགྲང་ཚུལ་ཅུང་ཟད་མི་འདྲ་བ་འདུག་པ་འདི་ལྟར་འདུལ་བ་ལུང་ལས་ ༼གསང་སྔགས་དང་རྒྱུད་དང༌། ཆོ་ག་ཞིབ་མོ་དང༌། གཏན་ཚིགས་ཀྱི་རིག་པ་དང༌། རིག་བྱེད་དང༌། བརྡ་སྤྲོད་པ་དང༌། སྒྲ་ངེས་པར་སྦྱོར་བ་དང༌། ཤེས་གསལ་དང༌། ངེས་པའི་ཚིག་དང༌། སྡེབ་སྦྱོར་བསྡུས་པ་དང༌། སྐར་མའི་རིག་པ་དང༌། རྟོགས་བྱེད་ཀྱི་རིག་པ་དང༌། ཆུར་ལྷུང་གི་རིག་པ་དང༌། ཆེར་སྤྱོད་ཀྱི་རིག་པ་དང༌། འཇིག་རྟེན་རྒྱང་འཕེན་པའི་རིག་པ་དང༌། བྱེ་བྲག་པའི་རིག་པ་དང༌། རྒྱུད་དྲུག་ཅུ་པ་དང༌། ཁྱུར་མིད་ཀྱི་རིག་པ་དང༌། གནས་འདུག་གི་རིག་པ།༽༢༥ ཞེས་བགྲངས་ཤིང༌། དེ་བཞིན་སྐྱེས་པའི་རབས་ཀྱི་རྒྱ་ཆེར་བཤད་པར་འབྱུང་བ་ནི་འདི་ལྟར། ༼རོལ་མོ་དང༌། འཁྲིག་ཐབས། འཚོ་ཚིས། གྲངས་ཅན། སྒྲ། གསོ་བའི་དཔྱད་པ། བཟོ། འཕོངས་དཔྱད། གཏན་ཚིགས་ཀྱི་སྦྱོར་བ། རྣལ་འབྱོར། ཐོས་ཤིང་དྲན་པ། སྐར་མའི་དཔྱད། མིག་འཕྲུལ། སྔོན་གྱི་རབས། དེ་བཞིན་བྱེ་བྲག་པ། དོན་གྱི་ཕྲེང་བ། རིག་པའི་བསྟན་བཅོས། ཡོངས་སུ་བརྟགས་པའོ།།༽༢༦ ཞེས་འབྱུང་ངོ༌།། འདི་དག་མང་ཆེ་བ་སྒྲ་དང་ཚད་མ་བཟོ་དང་གསོ་བ་རིག་པའི་གྲས་སུ་འདུག་ཅིང༌། རིག་བྱེད་དང༌། བྱེ་བྲག་པ་དང༌། གྲངས་ཅན་པའི་ལྟ་གྲུབ་སོགས་ཀྱང་བགྲངས་མོད། དེ་དག་ནང་དོན་རིག་པའི་ཁོངས་སུ་མ་བཞག་པ་ལྟ་བུར་སྣང་ཞིང༌། ཆོས་ལུགས་ཞེས་པའང་དེང་དུས་ཕྱི་རོལ་པར་གྲགས་པའི་དྷརྨཤཱསྣྟ་སྟེ་ཆོས་ཀྱི་བསྟན་བཅོས་དེ་ཡིན་གྱི་ལུང་རྟོགས་ཀྱི་དམ་ཆོས་ལྟ་བུ་མིན་པར་གསལ་བས་རིག་གནས་བཅོ་བརྒྱད་ཡོངས་རྫོགས་ཐོུང་བའི་རིག་གནས་ཀྱི་རྣམ་གྲངས་མ་གཏོགས་ཐོུང་མ་ཡིན་པའི་རིག་གནས་ཤིག་མི་བགྲང་བ་ཁ་ཚོན་གཅོད་ཐུབ་བམ་སྙམ།

 

དེ་ལྟར་རིག་པའི་གནས་ལྔ་ལ་སྐབས་རེ་རིག་པའི་གནས་ཆེན་ལྔ་ཞེས་ཐ་སྙད་སྦྱར་བ་དེའི་ཟླས་དྲངས་པའམ་ཇི་ལྟར་ཡང༌། བོད་ཀྱི་གཞུང་ལུགས་མང་པོར་གོང་གི་རིག་གནས་ལྔའི་སྟེང་རིག་གནས་ཆུང་བ་ལྔ་བསྣན་ཏེ་བཅུ་ཕྲག་རིག་པའི་གནས་ཞེས་བརྗོད་ཚུལ་དར་ཁྱབ་ཆེ་བ་ཞིག་འདུག་ནའང༌། རིག་གནས་ཆུང་བ་ལྔ་ཞེས་པའི་ཐ་སྙད་དེ་རྒྱ་གར་དུ་གྲགས་པའི་ཁུངས་གཞན་མ་མཇལ་ཡང༌། སྙིགས་དུས་ཀྱི་ཐམས་ཅད་མཁྱེན་པ་ཀོང་སྤྲུལ་བློ་གྲོས་མཐའ་ཡས་ཀྱི་ཤེས་བྱའི་མཛོད་དུ་མངོན་པར་འབྱུང་བའི་རྒྱུད་ཀྱི་ལུང་ཞིག་དྲངས་ཡོད་པ་འདི་ལྟར། ༼བྱང་ཆུབ་སེམས་དཔའ་སེམས་ཅན་འདུན་པར་བྱ་བའི་ཕྱིར་གཞན་དག་ལ་སྙན་པར་དངགས་པའི་བསྟན་བཅོས་དང༌། མིང་གཅིག་དོན་དུ་མར་འཇུག་པ་དང༌། དོན་གཅིག་ཉིད་ཀྱང་མིང་གི་རྣམ་གྲངས་དུ་མས་མངོན་པར་བརྗོད་པའི་བསྟན་བཅོས་དང༌། ལྕི་བ་དང་ཡང་བའི་ཡི་གེ་སྦྱོར་བ་དང་སྤེལ་བའི་སྒོ་ནས་ཚིགས་སུ་བཅད་པ་སྡེབ་པའི་བསྟན་བཅོས་དང༌། མདོ་འཛིན་པ་དང༌། བཞད་གད་དང༌། སྐད་དུ་མ་གཞན་དུ་བསྒྱུར་བའི་འགྲོ་བ་དགའ་བར་བྱེད་པ་ཟློས་གར་གྱི་བསྟན་བཅོས་དང༌། གྲངས་ཀྱི་རིག་པས་གཞལ་ཏེ་ངོ་མཚར་བར་སྟོན་པའི་རྩིས་ཀྱི་བསྟན་བཅོས་རྣམས་ཀྱང་བསླབ་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་དེ་ནི་བླ་ན་མེད་པའི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འདོད་པའི་ཕྱིར་རོ།།༽༢༧ ཞེས་དྲངས་ནས་སྐར་རྩིས་དང༌། སྙན་དངགས། སྡེབ་སྦྱོར། མངོན་བརྗོད། ཟློས་གར་བཅས་ལྔ་རིག་གནས་ཆུང་བ་ལྔའི་གྲས་སུ་བགྲངས་ཏེ་རྣམ་བཤད་མཛད་འདུག་ཀྱང༌། གོང་གི་རྒྱུད་ལུང་དུ་རིག་གནས་ཆུང་བ་ཞེས་པའི་ཐ་སྙད་མི་གསལ་བ་མ་ཟད། རྩིས་ཀྱི་བསྟན་བཅོས་ཙམ་ལས་སྐར་རྩིས་ཀྱང་མ་གསལ། འདི་གའི་གཙུག་ལག་སློབ་ཁང་གི་ཉམས་ཞིབ་པ་ཞིག་གིས་མངོན་པར་འབྱུང་བའི་རྒྱུད་ཅེས་པ་ད་ཡོད་ཀྱི་བཀའ་འགྱུར་ནང་མ་རྙེད་ཅེས་བྲིས་འདུག རྒྱུད་འབུམ་དུ་ཧེ་རུ་ཀ་མངོན་པར་འབྱུང་བའི་རྒྱུད་དང༌། གཤིན་རྗེའི་མངོན་འབྱུང་གི་རྒྱུད་ལ་སོགས་པ་ཡི་དམ་དང་ཆོས་སྐྱོང་སྣ་ཚོགས་ཀྱི་མངོན་པར་འབྱུང་བའི་རྒྱུད་མང་པོ་བཞུགས་པས་མཚན་གསལ་སྟོན་མེད་ན་ལུང་ཁུངས་བཙལ་དཀའ། རྩིས་རིག་ཁོངས་སྐར་རྩིས་ལས་གཞན་པའི་རྩིས་ཀྱི་རིག་པ་དུ་མ་ཡོད་པ་མ་ཟད། དེང་དུས་ནུབ་ཕྱོགས་པའི་སློབ་ཚན་རྣམས་ཀྱི་ནང་རྩིས་ཀྱི་སློབ་ཚན་གལ་གནད་དང་གཞི་རྒྱ་ཆེ་བ་ཞིག་ཡིན་མོད། ནང་པའི་སྲོལ་རྒྱུན་དུ་རྩིས་རིག་རིག་གནས་སུ་མ་བགྲང་བ་དང༌། སྐབས་རེ་རིག་གནས་ཆུང་བའི་གྲས་སྐར་རྩིས་ཙམ་ལས་མ་བགྲང་བའི་རྒྱུ་མཚན་ཇི་ཡིན་མ་ཤེས། རྒྱ་གཞུང་རྣམས་སུ་རིག་གནས་ཀྱི་རྣམ་གྲངས་འདྲ་མིན་བསྟན་པའི་སྐབས་སྡེབ་སྦྱོར་དང༌། སྙན་ངག སྐར་རྩིས་སོགས་རང་རེའི་རིག་གནས་ཆུང་བའི་གྲས་བགྲང་རྒྱུའི་རིག་གནས་ཁག་གི་མིང་ཡང་ཡང་འཐོན་གྱི་ཡོད་མོད། རིག་གནས་ཆུང་བ་ལྔ་ཞེས་ཐ་སྙད་སྦྱར་བ་དེ་རྒྱ་གར་མཁས་པའི་སྲོལ་ཡིན་ནམ། བོད་པས་སྦྱར་བ་ཞིག་ཡིན་དཔྱད་དགོས། སྤྱིར་རིག་གནས་རྣམས་གྲངས་འདྲ་མིན་དུ་བསྡེབས་པ་སྡེ་ཚན་ངེས་པའི་ཁྱད་ཙམ་ལས། དོ་གལ་ཆེ་བ་མེད་ནའང་ཁུངས་ཤིག་ཡོད་ན་ལེགས། བོད་ཀྱི་མཁས་པ་མང་པོས་རིག་གནས་ཆུང་བ་ལྔ་བགྲང་སྐབས་སྒྲ་དང༌། སྙན་ངག སྡེབ་སྦྱོར། མངོན་བརྗོད། ཟློས་གར་ཞེས་བགྲང་གནང་མཛད་འདུག་ནའང༌། དེ་ལ་གཞན་དག་གིས་སྒྲ་རིག་གནས་ཆེ་བའི་གྲངས་སུ་ཡོད་པ་དང༌། སྙན་ངག་སྡེབ་སྦྱོར་སོགས་ཀྱི་དབྱེ་གཞི་ཡིན་པས་རིག་གནས་ཆུང་བའི་གྲས་བགྲང་ན་མི་འཐད་པར་བཤད་དེ་གྲངས་ལྔ་ཚང་བའི་སླད་དུ་སྐར་རྩིས་ཀྱི་རིག་པ་བགྲངས། འདི་ལ་དགག་བཞག་བྱེད་པའི་དགོས་པ་མ་མཐོང་ཡང་རང་གི་བློར་རིག་གནས་ཆུང་བ་ལྔ་པོ་སྒྲ་རིག་པའི་ཡན་ལག་ཏུ་བརྩིས་ཏེ་ཕྱེ་ན་འགད་གཙང་ངམ་སྙམ། དེ་ལྟར་བྱས་ཚེ་རིག་གནས་ཆེ་བའི་ཡ་གྱལ་གྱི་སྒྲ་རིག་པའི་ཁོངས་སུ་རིག་གནས་ཆུང་བ་ལྔ་པོ་འདུས་པ་དང༌། རིག་གནས་ཆུང་བའི་ནང་བརྩི་རྒྱུའི་སྒྲ་རིག་དེ་སྒྲ་རིག་པ་སྤྱི་ཡོངས་ལ་མི་གོ་བར་ལུང་དུ་སྟོན་པའམ་བརྡ་སྤྲོད་ཀྱི་རྣམ་བཞག་དེ་ལ་ངོས་བཟུང་ན་རུང་ཞིང༌། དགོས་གལ་བྱུང་ན་དེའི་ཐ་སྙད་ཀྱང་༼བརྡ་སྤྲོད་༽ཅེས་སམ། ༼ལུང་དུ་སྟོན་པ་༽ ཞེས་སྦྱར་ན་མི་འོས་པ་མེད། ལེགས་སྦྱར་དུ་སྒྲ་རིག་པའི་སྐད་དོད་ཤབྡབིདྷ྄ཡཱ་ཞེས་པ་སྐད་ཡིག་དང་རྩོམ་རིག་གཉིས་ཀར་ཁྱབ་པའི་སྤྱི་མིང་ཡིན་པ་དང༌། དེའི་ནང་ཚན་དུ་བྱཱཀརཎ་སྟེ་ལུང་དུ་སྟོན་པ་ནི་སྐད་ཀྱི་རིག་པ་ཡིན་པ་དང༌། སཱཧིཏ྄ཡ་སྟེ་རྩོམ་རིག་ནི་ཚིག་རྒྱན་གྱི་རིག་པའི་ཁོངས་སུ་འདུ་བ་ཡོངས་གྲགས་དང༌། རིག་གཅིག་རྐང་འཛིན་གྱི་སློབ་སྦྱོང་ཡང་དེ་ལྟར་སྡེ་ཚན་སོ་སོར་བྱ་སྲོལ་མཐོང་ཆོས་སུ་ཡོད། ཐོུང་བའི་རིག་གནས་བཞིའི་ནང་ནས་སྒྲ་རིག་པ་ནི་མཁས་བྱའི་གནས་གཙོ་ཆེ་བ་ཞིག་ཡིན་པས། དེའི་ཡན་ལག་ལུང་དུ་སྟོན་པའི་རིག་པ་ལ་བརྟེན་ནས་ཡི་གེ་དག་པར་འབྲི་ཤེས་པ་དང༌། སྙན་ངག་ལ་བརྟེན་ནས་ཚིག་རྒྱན་ཕུན་སུམ་ཚོགས་པ་ཡོང་བ། མངོན་བརྗོད་ལ་བརྟེན་ནས་མིང་གི་གནས་ལ་མ་རྨོངས་པ། སྡེབ་སྦྱོར་ལ་བརྟེན་ནས་ཚིགས་བཅད་སྦྱར་བ་ལ་མཁས་པ། ཟློས་གར་ལ་བརྟེན་ནས་བལྟ་བྱའི་སྙན་ངག་འབྲི་བ་ལ་མཁས་པར་གྱུར་པ་བཅས་སྐད་ཡིག་དང་རྩོམ་རིག་སྙིང་བསྡུས་ཀྱི་སྒྲ་རིག་པའི་རྣམ་བཞག་ཕུན་སུམ་ཚོགས་པ་ཞིག་རིག་གནས་ཆུང་བ་ལྔའི་དབྱེ་ཚུལ་གྱི་ཐོག་ནས་ཡོང་ངམ་སྙམ། དེ་ལྟ་མ་ཡིན་ན་སྐར་རྩིས་ཀྱི་ཚབ་ཏུ་རྟགས་རིགས་བགྲང་ན་ཅི་ཉེས། དེ་ནི་གཏན་ཚིགས་རིག་པའི་ཡན་ལག་ཡིན་པའི་ཕྱིར་རོ་ཞེ་ན། འོ་ན་སྙན་ངག་ལ་སོགས་པའི་རིག་གནས་ཆུང་བ་གཞན་བཞིའང་བགྲང་མི་རུང་ངམ། དེ་དག་སྒྲ་རིག་པའི་ཡན་ལག་ཡིན་པའི་ཕྱིར་ཞེས་བརྗོད་ན་ལན་ཅི་ཡོད། མཁས་གྲུབ་ཐམས་ཅད་མཁྱེན་པས་རྒྱུད་སྡེ་སྤྱི་རྣམ་དུ་རིག་གནས་ལྔ་བགྲངས་པའི་རྗེས་ ༼སྒྲའི་བསྟན་བཅོས་ཀྱི་ཞར་ལ་སྙན་དངགས་ཀྱི་བསྟན་བཅོས་ལ་སྙན་དངགས་དང༌། སྡེབ་སྦྱོར་དང༌། མངོན་བརྗོད་དང༌། ཟློས་གར་བཞིའོ།།༽༢༨ ཞེས་སྒྲའི་བསྟན་བཅོས་ཀྱི་ཞར་བྱུང་དུ་སྙན་ངག་བགྲངས་ནས་དེའི་ཡན་ལག་སྡེབ་སྦྱོར་མངོན་བརྗོད་ཟློས་གར་བཅས་བཞིའི་མཚན་སྨོས་པ་ཙམ་ལས་རིག་གནས་ཆེ་ཆུང་གི་རྣམ་གཞག་མཛད་མི་འདུག་གོ། ཨོ་ཧོ། རིག་གནས་ལྔའི་སྐོར་སྤྲོས་པ་མི་དགོས་པར་མདོར་བསྡུས་བྱ་རྒྱུ་ཡིན་ཞེས་ཞུ་བཞིན་གཏམ་རྙོག་མང་ཙམ་ཐལ་བ་ལ་བཟོད་པར་གསོལ་ཞིང༌། མདོ་དོན་སྒྲ་རིག་པའི་ཁོངས་སུ་ལེགས་སྦྱར་གྱི་སྐད་དང༌། དེ་བཞིན་བོད་ཀྱི་སྐད་ཡིག་དང་རྩོམ་རིག གདམ་ཁ་ཅན་གྱི་སློབ་ཚན་ནང་ཧིནྡཱི་དང༌། དབྱིན་ཇི། པཱ་ལི་བཅས་གཙུག་ལག་སློབ་ཁང་འདིའི་སློབ་ཚན་དུ་ཡོད་པ་དང༌། དེ་བཞིན་ཚད་མ་རིག་པའི་ཁོངས་ཚད་མ་རིགས་པ་ལ་འཇུག་པ། ཚད་མ་ཀུན་བཏུས། ཚད་མ་རྣམ་འགྲེལ་བཅས་སློབ་ཚན་དུ་བཀོད། བཟོ་རིག་པའི་ཁོངས་བོད་ཀྱི་སྲོལ་རྒྱུན་ལྷ་སྐུ་དང་མཆོད་རྟེན་ལ་སོགས་པའི་ཆ་ཚད་དང༌། ཐང་ཀ་འབྲི་ཚུལ། དེ་བཞིན་ཤིང་བཟོ་དང་འཇིམ་བཟོ་ལ་སོགས་པ་འགའ་ཤས་ད་ལྟ་སློབ་ཚན་དུ་ཡོད་པ་དང༌། འགའ་ཤས་འབྱུང་འགྱུར་སློབ་ཚན་དུ་འཇུག་རྒྱུའི་འཆར་གཞི་ཡོད། གསོ་བ་རིག་པ་ནི་བོད་ཀྱི་ཚེའི་རིག་བྱེད་ཀྱི་རིག་གནས་ཆ་ཚང་རིག་སྡེ་ཟུར་དུ་ཡོད་ཅིང༌། དེའི་ཆ་ཤས་སུ་བོད་ཀྱི་སྐར་རྩིས་རིག་པའང་སློབ་ཚན་དུ་ཡོད། དེང་རབས་སྤྱི་ཚོགས་ཀྱི་ཚན་རིག་ནི་ཁ་སྡེའི་སློབ་ཚན་དུ་སྲིད་དོན་གྱི་ཚན་རིག་དང༌། དཔལ་འབྱོར་གྱི་ཚན་རིག ཤར་གླིང་གི་དེ་ལྟ་བུའི་བྱུང་བ། བོད་ཀྱི་དེ་ལྟ་བུའི་བྱུང་བ་བཅས་ཡོད། བཟོ་འཕྲུལ་གྱི་ཚན་རིག དེང་དུས་ཀྱི་དམིགས་བསལ་བཟོ་འཕྲུལ་རིག་པའི་སློབ་ཚན་རང་རྐང་ཚུགས་པ་གང་ཡང་མེད་མོད། མཛུབ་ནོན་ལྕགས་པར་དང༌། ཀམ་པུ་ཀྲར་གྱི་ལས་རིགས། གློག་འཕྲིན་དྲྭ་རྒྱ། ཕྲ་གཟུགས་སྤིང་ཤོག་པར་སྐྲུན། སྒྲ་བསྡུས་འཁོར་ཆས་སོགས་ཞར་བྱུང་སློབ་ཚན་གྱི་ཚུལ་དུ་སྦྱོང་བདར་བྱ་རྒྱུའི་མཐུན་རྐྱེན་ཡོད་པ་དེ་དག་ལ་གོ་དགོས། འདིར་༼ཚན་རིག་༽ ཅེས་པ་སྒྱུ་རྩལ་དང་ཚན་རིག་གཉིས་སུ་ཕྱེ་བའི་ཡ་གྱལ་གྱི་ཚན་རིག་གི་སློབ་ཚན་མེད་ནའང༌། འདིར་གོང་གི་ཚིག་ཚང་མའི་མཐར་སྦྱར་རྒྱུ་ཡིན་པས། སྤྱི་ཚོགས་ཚན་རིག་གོང་དུ་སྨོས་ཟིན་པ་རྣམས་དང༌། བཟོ་འཕྲུལ་གྱི་ཚན་རིག་འདིར་སྨོས་པ་རྣམས་ལ་གོ་དགོས། དེ་ལྟར་སློབ་གཉེར་ཁང་གཞན་དག་ལྟར་ཐ་སྙད་རིག་པ་རྐྱང་པའམ། ཡང་ན་ནང་དོན་རིག་པ་རྐྱང་པ། རྒྱུན་སྲོལ་གྱི་སློབ་ཚན་རྐྱང་པའམ། ཡང་ན་དེང་རབས་ཀྱི་སློབ་ཚན་རྐྱང་པ་མ་ཡིན་པར་ཕྱི་ནང་གི་རིག་པའི་གནས་གཉིས་ཀ གནའ་སྲོལ་དང་དེང་རབས་ཀྱི་སློབ་ཚན་གཉིས་ཀའི་ཐོག་དུས་གཅིག་ཏུ་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་ཡོད་པའི་རྒྱུ་མཚན་གྱིས། ཤེས་བྱའི་གནས་རྣམས་མ་ལུས་དུས་གཅིག་ཏུ།། སློབ་པའི་གཙུག་ལག་ཁང་ཆེན་་་་་་་་་་་་་་༌།། ཞེས་སྨོས་ཏེ། དེ་ཉིད་རྒྱལ་བར་སྨོན་པའོ།།

 

དེ་ལྟར་བསླབ་བྱའི་སློབ་ཚན་རྣམས་བསྟན་པའི་རྗེས་སུ་དེ་དག་ཐབས་ལམ་ཇི་ལྟ་བུ་ཞིག་གིས་སློབ་སྟོན་བྱེད་པ་བསྟན་པའི་ཆེད་དུ། རྣམ་དག་ལྷ་ཆོས་དྲི་བྲལ་གངྒཱའི་ཀླུང༌།། ཡ་རབས་མི་ཆོས་ཆབ་སྲིད་ཡ་མུ་ནཱ།། ལུགས་གཉིས་ཟུང་འབྲེལ་ཆུ་བོ་གཅིག་ཉིད་དུ།། སློབ་པའི་གཙུག་ལག་ཁང་ཆེན་རྣམ་པར་རྒྱལ།། ཞེས་པའི་ཤ྄ལོཀ་འདི་བྱུང༌། འདི་སྣང་དང་ཆོས་བརྒྱད་ཀྱི་ཀུན་སློང་ངན་པས་མ་བསླད་པའི་རྣམ་པར་དག་པའི་ལྷ་ཆོས་རྙོག་པའི་དྲི་མ་དང་བྲལ་བའི་གངྒཱའི་ཀླུང་རྒྱུན་ལྟ་བུ་དེ་དང༌། མི་ཆོས་གཙང་མ་བཅུ་དྲུག་སོགས་ཡ་རབས་བཟང་སྤྱོད་ཀྱི་གཞི་རྩ་ལྡན་པའི་ཆབ་སྲིད་ཡམུནཱའི་ཆུ་རྒྱུན་གཉིས་པོ་དེ་ཆོས་སྲིད་ལུགས་གཉིས་ཟུང་འབྲེལ་གྱི་ཆུ་བོ་གཅིག་ཏུ་འདུ་བར་བྱས་ཏེ་སློབ་པའི་གཙུག་ལག་ཁང་ཆེན་པོ་རྒྱལ་བར་གྱུར་ཅིག ཅེས་པའོ།། དེ་ཡང་མདོ་དང་རྒྱ་གར་གྱི་བསྟན་བཅོས་རྣམས་སུ་ཆོས་དང་མཐུན་པའི་ཆབ་སྲིད་སྐྱོང་བའམ། ཆབ་སྲིད་ཆོས་བཞིན་དུ་སྐྱོང་བ། ཆོས་དང་མཐུན་པར་ཆོས་ཀྱི་རྒྱལ་སྲིད་བྱས་སོ་ལྟ་བུ་ལས། ཆོས་སྲིད་ཟུང་འབྲེལ་ཞེས་པའི་ཚིག་གཅིག་རྙེད་རྒྱུ་མེད་པས་ཆོས་སྲིད་ཟུང་འབྲེལ་དང་ལུགས་གཉིས་ཟུང་འབྲེལ་ཞེས་པ་དེ་བོད་ཀྱི་ཐུན་མོང་མ་ཡིན་པའི་བརྡ་ཆད་ཅིག་ཡིན་ངེས། འགའ་ཞིག་གིས་ཆོས་དང་སྲིད་གཉིས་བསྒྲུབ་བྱ་དང་དམིགས་ཡུལ་རྒྱབ་འགལ་ཡིན་པས་ཟུང་དུ་འབྲེལ་ཐབས་མེད་ཅེས་གསུངས་པའང་ཡོད་མོད། འཚེ་བ་དང་མི་དགེ་བའི་ལས་ལ་འཛེམས་མེད་དུ་འཇུག་པའི་དེང་དུས་ཀྱི་སྲིད་དོན་ལྟ་བུ་སྲིད་དོན་ནག་པོ་དང་ཆོས་ཟུང་དུ་འབྲེལ་ཐབས་མེད་པ་བདེན་ནའང་སྐྱེ་རྒུའི་བདེ་ཐབས་དང་བསྟན་པའི་ཞབས་འདེགས་ཁོ་ནར་དམིགས་པའི་ཆབ་སྲིད་ཀྱི་བྱ་བ་དེ་དག་ཆོས་དང་ཟུང་འབྲེལ་དུ་འགྲོ་རྒྱུ་ཡོད་པ་ནི་གོང་དུ་དྲངས་པའི་མདོའི་ལུང་ཆོས་དང་མཐུན་པར་ཆོས་ཀྱིས་རྒྱལ་སྲིད་བྱས་སོ་ཞེས་པ་དང༌། མྱ་ངན་མེད་ལ་ཆོས་རྒྱལ་མྱ་ངན་མེད་དུ་འབོད་པ་སོགས་ཀྱིས་གྲུབ་བོ།། བོད་མི་རྣམས་ཀྱིས་སྲོལ་རྒྱུན་དུ་ཆོས་སྲིད་ཟུང་འབྲེལ་ཡོང་སྲིད་པ་གཞི་བཞག་གིས་བོད་ཀྱི་རྒྱལ་ཁབ་དབུ་བརྙེས་པ་ནས་བཟུང་ད་ལྟའི་བར་ཆོས་སྲིད་ཟུང་འབྲེལ་ཡིན་རྐྱང་བྱེད་པ་དང༌། ཆོས་སྲིད་ཟུང་འབྲེལ་གྱི་ཚིག་དེ་རྒྱུན་སྤྱོད་ཀྱི་ཚིག་ཡོངས་གྲགས་ཤིག་ཏུ་གྱུར་ཡོད། བོད་ཀྱི་དངུལ་ལོར་སོགས་སྔོན་གྱི་ཡིག་ཆ་འགའ་ཤས་ནང་ཆོས་སྲིད་གཉིས་ལྡན་ཞེས་འཁོད་ཡོད་པ་དེ་ནི་ཆོས་སྲིད་ཟུང་འབྲེལ་ལས་གོ་བདེ་བ་འདུག ད་ལྟ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ནང་བོད་མིའི་ཆབ་སྲིད་ཀྱི་རང་བཞིན་དེ་ཆོས་སྲིད་ཟུང་འབྲེལ་ཡིན་ཞེས་བཀོད་ཡོད། འོན་ཀྱང་ཆོས་སྲིད་ཟུང་འབྲེལ་གྱི་དོན་ག་འདྲ་ཞིག་ཡིན་པ་གསལ་བར་སྟོན་པའི་གཞུང་ཚད་ལྡན་ཞིག་མ་མཇལ་ཞིང༌། འདིའི་སྐོར་འགྲེལ་བཤད་བྱེད་མཁན་མང་པོས་བསམ་བློ་གུ་དོག་ཅིག་ལ་བརྟེན་ནས་དཔྱད་པ་བྱེད་པར་སྣང་སྟེ། ལ་ལས་ཆོས་སྲིད་གཉིས་བ་ལང་དཀར་ནག་ལྟ་བུའི་ཐ་དད་ཅིག་ཞིང་རྨོ་བའི་སྐབས་གཉའ་ཤིང་གིས་སྦྲེལ་བ་ལྟ་བུའི་བསམ་ཚུལ་དང༌། ལ་ལས་དེའི་གོ་དོན་ལས་སླ་རུ་བཏང་སྟེ་བླ་མ་དང་གྲྭ་པ་ཚོས་ཆབ་སྲིད་སྐྱོང་བ་དེ་ཆོས་སྲིད་ཟུང་འབྲེལ་ཡིན་ཚུལ་བཤད་པ་དང༌། ཕྱོགས་མཚུངས་གཞུང་གི་འགན་འཛིན་གལ་ཆེ་རིགས་ཀྱི་གོ་གནས་སུ་གཞུང་ཞབས་སྐྱ་སེར་གཉིས་རེ་མཉམ་བསྐོས་བྱས་པ་ལ་ཆོས་སྲིད་ཟུང་འབྲེལ་ཡིན་ལུགས་བཤད་པ་དང༌། དགོན་སྡེ་ཁག་གི་མཁན་པོ་ཚོར་སྲིད་གཞུང་གི་ཆབ་སྲིད་ཐོག་བྱུས་གཏོགས་ཆེན་པོ་ཡོད་པའི་དབང་གིས་ཆོས་སྲིད་ཟུང་འབྲེལ་ཡིན་ཚུལ་བཤད་པ་དང༌། ྋརྒྱལ་བ་རིན་པོ་ཆེ་ཆོས་སྲིད་གཉིས་ཀའི་དབུ་ཁྲིད་གཅིག་ལྕོགས་ཡིན་པའི་རྒྱུ་མཚན་གྱིས་བོད་ཀྱི་ཆབ་སྲིད་ལ་ཆོས་སྲིད་ཟུང་འབྲེལ་ཞེས་བརྗོད་པར་བཤད་པ་སོགས་སྣ་ཚོགས་ཤིག་འདུག་པ་མ་ཟད། རྒྱ་དམར་དབང་འཛིན་པ་ཚོས་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་ལ་ལྟ་སྟངས་ནི་དུང་དཀར་རིན་པོ་ཆེས་བྲིས་པའི་ཆོས་སྲིད་ཟུང་འབྲེལ་སྐོར་གྱི་དེབ་ནང་གསལ་བ་ལྟར་ཡིན་ངེས་སྙམ། དེབ་དེ་མ་བྲིས་ཐབས་མེད་ཀྱི་གནས་ཚུལ་ཞིག་གི་འོག་བྲིས་པ་ཡིན་པས། དེའི་ནང་བཀོད་པའི་བརྗོད་དོན་རྣམས་རྩོམ་པ་པོའི་དགོངས་ཚུལ་ཡིན་པའི་ངེས་པ་མེད་ནའང༌། སྐབས་དེའི་རྒྱ་དམར་དབང་འཛིན་པ་ཚོའི་བསམ་ཚུལ་མཚོན་པ་ཞིག་རེད་ཅེས་བརྗོད་ཐུབ། ལྷག་པར་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་ཟེར་བའི་ཚིག་དེའི་གོ་དོན་ཇི་བཞིན་གསལ་བཤད་མ་བྱུང་བའི་དབང་གིས་ནུབ་ཕྱོགས་ཀྱི་མི་ཕལ་མོ་ཆེས་བོད་ཀྱི་ཆབ་སྲིད་དེ་ནུབ་ཕྱོགས་པའི་བཤད་ཚུལ་གྱི་ཐིའོ་ཀེ་རེ་སི་ (Theocracy) ཟེར་བ་དེ་ཡིན་ཤག་བྱས་པ་དང༌། འབྱུང་འགྱུར་བོད་ཀྱི་ཆབ་སྲིད་ཀྱང་ཆོས་སྲིད་ཟུང་འབྲེལ་བྱེད་རྒྱུ་ཡིན་ལུགས་བརྗོད་སྐབས་ཐིའོ་ཀེ་རེ་སིའི་ལམ་སྲོལ་དེ་རྒྱུན་སྐྱོང་བྱེད་རྒྱུ་ཡིན་པ་ལ་གོ་བ་ལེན་གྱི་འདུག དེ་ནི་ཆེས་ནོར་བ་ཡིན། ཐིའོ་ (Theo) ཞེས་པ་ནུབ་ཕྱོགས་པའི་སྐད་ཀྱི་གོཌ་ (God) འམ་འཇིག་རྟེན་གྱི་བཀོད་པ་པོ་ལ་ཡིད་ཆེས་དང་དད་པ་ཡོད་མཁན་ཚོར་ཐིའི་ས་ཊ་ (Theist) དང༌། ཡིད་ཆེས་མེད་མཁན་ཚོར་ཨེ་ཐིའི་ས་ཊ་ (Atheist) ཞེས་འབོད། བོད་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་བྱུང་བ་འགོ་ཚུགས་པ་ནས་བཟུང་སྟེ་ཟུང་དུ་འབྲེལ་རྒྱུའི་ཆོས་ནི་སངས་རྒྱས་པའི་ཆོས་གཙོ་བོ་ཡིན་ཞིང༌། ནང་པ་སངས་རྒྱས་པའི་ལྟ་གྲུབ་ནི་འཇིག་རྟེན་བཀོད་པ་པོ་མི་འདོད་པའི་ཨེ་ཐིའི་ས་ཊ་ཞེས་པའི་ལུགས་ཡིན་པས། དེ་དང་ཟུང་དུ་འབྲེལ་བའི་ཆབ་སྲིད་ཅིག་ཐིའོ་ཀེ་རེ་སི་ཡོང་མི་སྲིད། ཅི་སྟེ་ནང་ཆོས་མ་དར་གོང་བོན་སྲིད་ཟུང་འབྲེལ་ཞིག་བྱུང་ཡོད་དབང་དུ་བཏང་ནའང་བོན་པོ་ཡང་ནུབ་ཕྱོགས་ཀྱི་ཆོས་ལུགས་ཁག་གིས་འདོད་པ་ལྟར་གྱི་འཇིག་རྟེན་བཀོད་པ་པོ་མི་འདོད་པས། དེ་ཡང་ཐིའོ་ཀེ་རེ་སི་ག་ནས་ཡིན། དེ་ལྟར་ན་བོད་ཀྱི་འདས་པའི་བྱུང་བའི་ནང་ཐིའོ་ཀེ་རེ་སིའི་སྲིད་གཞུང་བྱུང་མེད་ཅིང༌། མ་འོངས་པར་ཡང་ཡོང་ཐབས་མེད་པ་ཞིག་ཡིན། བོད་མི་ན་གཞོན་དབྱིན་སྐད་ཀྱི་བརྒྱུད་ནས་སློབ་སྦྱོང་ཐོན་པ་མང་པོའང་ཆོས་སྲིད་ཟུང་འབྲེལ་དང་ཐིའོ་ཀེ་རེ་སི་གཉིས་ཁྱད་པར་ཕྱེ་མི་མཁྱེན་པ་འདུག་པས་དེ་གཉིས་རྣམ་པ་ཐམས་ཅད་དུ་ཐ་དད་ཡིན་པ་དེ་མཁྱེན་དགོས། དེང་སྐབས་འབྲུག་པ་ནང་པ་ཡིན་པ་དང༌། ཆོས་ལྡན་གྱི་རྒྱལ་ཁབ་ཡིན་པའི་དབང་གིས་དེའི་ཆབ་སྲིད་ཀྱང་ཐིའོ་ཀེ་རེ་སི་ཡིན་པར་འདོད་མཁན་ནུབ་ཕྱོགས་པ་མང་པོ་དང༌། འབྲུག་པའི་ཆབ་འབངས་ཀྱང་རེ་ཟུང་འདུག་པ་དེ་ཡང་དངོས་ཡོད་ཀྱི་གནས་ཚུལ་དང་མཐུན་པ་མིན། འབྲུག་ཡུལ་གྱི་ཆབ་སྲིད་དེ་ཇི་འདྲ་ཞིག་ཡིན་རུང་ཐིའོ་ཀེ་རེ་སི་མིན་པར་ཐག་བཅད་ཆོག དེང་སྐབས་ཐིའོ་ཀེ་རེ་སི་ཞེས་བརྗོད་དུ་རུང་བའི་ཆབ་སྲིད་ནི་ཁ་ཆེའི་རྒྱལ་ཁབ་ཁག་དང༌། ཡེ་ཤུའི་རྒྱལ་ཁབ་ཁག་ཡིན། ཁོང་ཚོའི་ཆོས་ལུགས་ཐིའི་ས་ཊ་ཡིན་པ་དང༌། ཆོས་ལུགས་དེས་སྐྱོང་བའི་ཆབ་སྲིེད་ཡིན་པས་ཐིའོ་ཀེ་རེ་སི་ཡིན་པ་སྨོས་མ་དགོས། འོན་ཀྱང་དེ་དག་ལ་ཆོས་སྲིད་ཟུང་འབྲེལ་ཞེས་པའི་ཚིག་དེ་འཇུག་མིན་དཔྱད་དགོས། དེ་བཞིན་ད་ལྟའི་འཇིག་རྟེན་འདིར་ཡུལ་གྱི་རྩ་ཁྲིམས་ནང་ནང་པའི་རྒྱལ་ཁབ་ཡིན་པར་ཁས་ལེན་བྱས་པའི་ཡུལ་ལུང་ཐ་ཡི་ལེན་ཌ་དང༌། མ་ཡན་མར། ཤྲིའལངྐཱ་བཅས་ཡོད་ཅིང༌། དེ་དག་ནི་ནང་པའི་ཆོས་ཀྱི་སྒོ་ནས་ཆབ་སྲིད་སྐྱོང་བར་འདོད། འོན་ཀྱང་ཆོས་སྲིད་ཟུང་འབྲེལ་ཡིན་མིན་ཁ་ཚོན་བཅད་དེ་བཤད་མི་ཐུབ། གོང་གི་ནང་པའི་རྒྱལ་ཁབ་གསུམ་ཀས་ནང་པའི་ཆོས་ཀྱི་དགོངས་དོན་གཞི་བཟུང་གིས་འཚེ་བ་སྤངས་པའི་ཆབ་སྲིད་ཅིག་སྐྱོང་གི་མེད་ཅིང༌། དམག་དང་མཚོན་ཆའི་འདུ་འགོད་རྒྱལ་ཁབ་གཞན་དང་སྤྱི་མཚུངས་སུ་ཡོད་པ་མ་ཟད། དམག་མིས་སྲིད་གཞུང་བཟུང་བ་དང༌། ཡུལ་གྱི་ནང་འཁྲུགས་ཀྱིས་རྐྱེན་པའི་མི་བསད་ཁྲག་སྦྱོར་གྱི་འཚེ་བ་རྒྱུན་མི་ཆད་པར་ཡོང་བཞིན་པ་མཐོང་ཆོས་སུ་གྱུར་པ་འདིས་དེ་དག་ནང་པའི་རྒྱལ་ཁབ་ཡིན་པ་དང༌། ཆོས་སྲིད་ཟུང་འབྲེལ་ཡིན་པའི་འགྲེལ་བརྗོད་ཇི་ལྟར་བྱེད་ཁོ་བོས་མ་ཤེས། རང་རེའི་བོད་ཀྱང་གནའ་བོའི་དུས་ནས་ཆོས་སྲིད་ཟུང་འབྲེལ་ཡིན་པར་ཁས་འཆེ་ནའང༌། མཐའ་གཅིག་ཏུ་དམག་དང་འཚེ་བ་སྤངས་པའི་ཆབ་སྲིད་བསྐྱངས་ཡོད་པའི་བྱུང་བ་མི་གསལ། ཕྲན་གྱིས་ཤེས་ཚོད་ལྟར་ན། བཙན་བྱོལ་བོད་གཞུང་གིས་ཀྱང་ཕྱི་ལོ་ ༡༩༦༧ ཙམ་ནས་མ་གཏོགས་འཚེ་བ་སྤངས་པའི་ཆབ་སྲིད་ཅིག་སྐྱོང་ཐུབ་པ་བྱུང་ཨེ་ཡོད་སྙམ། སྲིད་བྱུས་ཀྱི་ཐག་གཅོད་ཅིག་གི་ཐོག་ནས་མི་དགེ་བའི་བྱ་བ་སྤྱི་དང༌། ལྷག་པར་འཚེ་བའི་བྱ་བ་ལ་འཇུག་པའི་ཆབ་སྲིད་ཅིག་ལ་ཆོས་སྲིད་ཟུང་འབྲེལ་གྱི་ཡ་གྱལ་གྱི་སྲིད་དེ་ཡོང་ཐུབ་པ་ཞིག་ཁོ་བོའི་བློ་ཡུལ་དུ་མ་འཆར།

 

ཡང་ལ་ལས་ཆོས་སྲིད་ཟུང་འབྲེལ་གྱི་ཆབ་སྲིད་ཅིག་ཡིན་ན་དེང་དུས་ནུབ་ཕྱོགས་པའི་སྲིད་དོན་གྱི་ཚན་རིག་ནས་བྱུང་བའི་བརྗོད་ཚིག་ཁྱད་པར་བ་སེ་ཀུ་ལར་ (Secular) སྟེ་སྲིད་རྐྱང་ཞེས་པ་དེ་ཡོང་ཐབས་མེད་པར་འདོད་མཁན་འདུག་པ་ཞིབ་ཆ་མ་ཕྱེ་ན་བདེན་པ་ལྟ་བུར་སྣང་ཡང༌། སེ་ཀུ་ལར་ཞེས་པའི་ཚིག་དེའི་དོན་ཇི་བཞིན་མ་མཁྱེན་ན་ཁ་ཚོན་གཅོད་དཀའ། བྱུང་བའི་དབང་དུ་བྱས་ན་ཡེ་ཤུའི་ཆོས་ལུགས་ཀྱིས་འཛིན་པའི་ཆབ་སྲིད་དངོས་དོན་དུ་ཐིའོ་ཀེ་རེ་སི་ཡིན་པ་དེ་འགྱུར་བ་བཏང་སྟེ་ཆོས་ལུགས་ལས་ཐ་དད་དུ་སྲིད་བསྐྱང་རྒྱུ་དང༌། དེ་ཡང་ཆོས་ཀྱི་སྒྲིག་འཛུགས་ཅར་ཅ་ (Church) སྟེ་ལྷ་ཁང་དང༌། སྲིད་ཀྱི་སྒྲིག་འཛུགས་ཨིས་ཊེཊ་ (State) སྟེ་རྒྱལ་ཁབ་གཉིས་ཐ་དད་དུ་དབྱེ་བ་དང༌། སྲིད་གཞུང་གི་ངོས་ནས་ཆོས་ལུགས་ཐམས་ཅད་ལ་འདི་རྒྱལ་ཁབ་ཀྱི་ཆོས་དང༌། འདི་རྒྱལ་ཁབ་ཀྱི་ཆོས་མ་ཡིན་པ་ཞེས་དབྱེ་འབྱེད་དང་ཕྱོགས་རིས་མེད་པར་གུས་བརྩི་གཅིག་གྱུར་བྱེད་པ་དང༌། ཆོས་ལུགས་ལ་སྲིད་གཞུང་གིས་ཐེ་བྱུས་མི་བྱེད་པ་དེ་སེ་ཀུ་ལར་ཞེས་པའི་གོ་དོན་མཐར་ཐུག་དེ་ཡིན་སྙམ། སེ་ཀུ་ལར་ཞེས་པའི་ཚིག་དེ་སྐད་ཡིག་གཞན་དུ་བསྒྱུར་དཀའ་བ་ཞིག་ཡོད། གཟུ་བོར་མི་གནས་པ་ཁ་ཤས་ཀྱིས་སེ་ཀུ་ལར་ཞེས་པ་ཆོས་མེད་རིང་ལུགས་དང༌། ཆོས་དང་འགལ་བའི་རིང་ལུགས། ཡང་ན་ཆོས་ལ་ལྟོས་མེད་ཀྱི་རིང་ལུགས་སོགས་སུ་བསྒྱུར་བ་འདུག་ནའང་དེ་དག་སྒྱུར་སྟངས་ཚད་ལྡན་ཞིག་ག་ནས་ཡིན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཟིན་བྲིས་ཚོགས་ཆུང་གིས་དབྱིན་སྐད་ཀྱི་སེ་ཀུ་ལར་ཞེས་པ་བོད་སྐད་དུ་ཆོས་ལུགས་རིས་མེད་དུ་བསྒྱུར་འདུག་པ་དེ་འགྱུར་ལེགས་ཤོས་ཤིག་བྱུང་ཡོད། བདག་ཉིད་ཆེན་པོ་གཱཾདྷཱིས་སརྦདྷརྨསཾབྷབ་སྟེ་ཆོས་ལུགས་ཐམས་ཅད་ལ་སྙོམ་པའི་སེམས་ཞེས་གསུངས་པ་དེ་དང་ཡང་མཐུན་ཚབ་ཆེ། དེ་ལྟར་བྱས་ན་ཆོས་ལུགས་རིས་མེད་དང་ཆོས་སྲིད་ཟུང་འབྲེལ་གཉིས་མཉམ་དུ་འགྲོ་མི་ཐུབ་པ་མེད་པར་མངོན།

 

བཙན་བྱོལ་བོད་མིའི་བཅའ་ཁྲིམས་སུ་གསལ་བའི་ཆོས་སྲིད་ཟུང་འབྲེལ་ཞེས་པའི་ཟུང་གི་ཡ་གྱལ་གྱི་ཆོས་དེ་སངས་རྒྱས་པའི་ཆོས་དང༌། བོན་དང༌། ཡེ་ཤུའི་ཆོས་ལ་སོགས་པ་གང་ཡིན་ཞེས་དྲིས་ན། རིས་སུ་མ་ཆད་པའི་ཆོས་ལུགས་ཐམས་ཅད་དེའི་ཡ་གྱལ་དུ་བརྩི་བ་མ་གཏོགས། ཆོས་ལུགས་བྱེ་བྲག་པ་ཞིག་ངོས་འཛིན་མེད། དེའི་ཕྱིར་ཆབ་སྲིད་ཀྱི་ངོས་ནས་ཆོས་ལུགས་ཐམས་ཅད་ལ་རིས་སུ་མ་ཆད་པའི་གཅིག་གྱུར་གྱི་དད་གུས་དང༌། ཆོས་ལུགས་ཁག་ནས་བསྟན་པའི་བསླབ་བྱའི་སྙིང་པོ་རྣམས་དང་མཐུན་པར་ཆབ་སྲིད་སྐྱོང་བ་ཡིན་ན་ཆོས་སྲིད་ཟུང་འབྲེལ་དང༌། ཆོས་ལུགས་རིས་མེད་ (Secular) གཉིས་མཉམ་དུ་ཡོང་བ་ལ་ངལ་བ་གང་ཡང་མེད། ཆོས་སྲིད་ཟུང་འབྲེལ་གྱི་དོན་རྒྱལ་ཁབ་ཀྱི་སྲིད་བྱུས་རྣམས་ཆོས་དང་མཐུན་པར་སྐྱོང་བ་ཞིག་ལ་བཞག་དགོས་ཤིང༌། ཟུང་དུ་འབྲེལ་ཚུལ་ཡང་ཆབ་སྲིད་ཀྱི་བྱ་བའི་ནང་འོས་པ་དང་མི་འོས་པ། དགེ་བ་དང་མི་དགེ་བ། དྲང་བདེན་དང་དྲང་བདེན་མ་ཡིན་པའི་རྣམ་དབྱེ་དམ་པའི་ཆོས་ཀྱི་དགོངས་དོན་དང་མཐུན་པར་ཕྱེ་བ་དེ་ཡིན། བོད་མིའི་ཆབ་སྲིད་ཀྱི་རང་བཞིན་ལྟ་བུར་མཚོན་ན་བདེན་པ་དང༌། འཚེ་བ་མེད་པ། ཡང་དག་པའི་མང་གཙོའི་ལམ་སྲོལ་གསུམ་གྱི་རྨང་གཞི་ལ་བརྟེན་པ་ཡིན་པས་ཆོས་ལུགས་ཐམས་ཅད་ཀྱི་དགོངས་དོན་དང་མི་འགལ་བ་ཡིན། དེང་དུས་ཀྱི་གྲུབ་མཐའ་སྨྲ་བ་འགའ་རེའི་ཁ་སྐད་དུ་བདེན་པ་ལས་མཐོ་བའི་ཆོས་ལུགས་གང་ཡང་མེད་ཅེས་ཟེར་བ་དེ་བརྗོད་ཚུལ་བཟང་པོ་ཞིག་རེད། གལ་ཏེ་སླུ་བ་དང་འཚེ་བ་འོས་པར་སྨྲ་བ་ཞིག་བྱུང་ན་དེ་ཆོས་ལུགས་ཡིན་པ་ངོས་ལེན་བྱེད་མི་ཐུབ། བྱམས་བརྩེ་དང་རྣམ་པར་མི་འཚེ་བ་དེ་འཇིག་རྟེན་གྱི་ཆོས་ལུགས་ཐམས་ཅད་ཀྱི་གཞི་རྩའི་ལྟ་གྲུབ་ཏུ་གཅིག་མཐུན་ཡིན་ཞེས་བརྗོད་ན་སྐྱོན་གང་ཡང་མེད། ཆོས་སྲིད་ཟུང་དུ་འབྲེལ་རྒྱུའི་ཡ་གྱལ་གྱི་ཆོས་ནི་གོང་དུ་ཆོས་ནོར་འདོད་ཐར་བཞི་ཞེས་སྐྱེས་བུའི་འདོད་དོན་བཞི་བགྲངས་པའི་སྐབས་ཀྱི་ཐར་པའི་རྒྱུར་གྱུར་པའི་ཆོས་དེ་ཡིན། སྤྱིར་བོད་སྐད་ཀྱི་ བྱཆོས་བྱ ཞེས་པའི་ཚིག་དེ་ལེགས་སྦྱར་གྱི་དྷརྨ་ཞེས་པའི་དོད་དུ་རྗེས་སྒྲུབ་ཀྱི་སྒྲ་ཡིན་པས། རྣམ་བཤད་རིགས་པ་ལས། ཆོས་ནི་ཤེས་བྱ་ལམ་དང་ནི།། ཞེས་སོགས་གསུངས་པ་ལྟར་འཇུག་ཡུལ་དུ་མ་ཡོད་པའི་དབང་གིས་དོན་གཞན་དང་མི་ནོར་བར་སྐྱེས་བུའི་འདོད་དོན་བཞིའི་ཡ་གྱལ་གྱི་ཐར་པའི་རྒྱུར་གྱུར་པའི་ཆོས་ཉིད་ལ་གོ་བའི་ཆེད་དུ་༼ལྷ་༽ ཞེས་པའི་ཚིག་གྲོགས་དང་སྦྱར་ཏེ་༼ལྷ་ཆོས་༽ ཞེས་བརྗོད་པ་དང༌། ཆོས་དང་འཇིག་རྟེན་ལ་ལྷ་ཆོས་མི་ཆོས་ཞེས་པའི་ཐ་སྙད་སྦྱར་བ་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་བརྗོད་སྲོལ་ཞིག་ཡིན། ལེགས་སྦྱར་གྱི་སྐད་དུའང་ཐར་པའི་རྒྱུར་གྱུར་པའི་ཆོས་ཉིད་དམིགས་ཀྱིས་བཀར་ནས་བསྟན་པའི་སྐབས་སད྄་ཞེས་པའི་ཚིག་གྲོགས་སྦྱར་ཏེ་སདྡྷརྨ་སྟེ་དམ་པའི་ཆོས་ཞེས་འབོད་སྲོལ་དེ་དང་མཚུངས་པར་བོད་སྐད་དུ་ལྷ་ཆོས་ཞེས་འབོད་ཅིང༌། སྐབས་འདིའི་ལྷ་ཆོས་ཞེས་པའི་ལྷ་དེ་འགྲོ་བ་རིགས་དྲུག་གི་ཡ་གྱལ་གྱི་ལྷ་ལ་མི་གོ་བར། དམ་པའམ་ཡི་དམ་གྱི་ལྷ་ཚོགས་ཞེས་པ་ལྟ་བུ་ཁྱད་པར་དུ་འཕགས་པའི་དོན་དུ་གོ་དགོས། དེ་འདྲ་བའི་དམ་པའི་ལྷ་ཆོས་ཀྱི་རིང་ལུགས་ལའང་སྙིགས་མའི་དུས་འདིར་མ་རྟོགས་པ་དང༌། ལོག་པར་རྟོགས་པའི་དྲི་མས་སྦགས་ཏེ་རྣམ་པར་མ་དག་པ་ཡོང་སྲིད་པས། སྐབས་འདིའི་ཟུང་དུ་འབྲེལ་རྒྱུའི་ཡ་གྱལ་གྱི་ཆོས་དེ་སྐྱོན་གྱིས་མ་བསླད་པའི་རྣམ་པར་དག་པ་ཞིག་དགོས་པའི་ཕྱིར། ༼རྣམ་དག་ལྷ་ཆོས་༽ ཞེས་སྨོས་པ་དང༌། དེ་ཉིད་རྙོག་པའི་དྲི་མ་དང་བྲལ་བའི་ལྷ་ཡི་ཆུ་བོ་གངྒཱའི་གཟུགས་སུ་བཀོད། ཡ་རབས་བཟང་སྤྱོད་དང་མི་འགལ་བའི་འཇིག་རྟེན་མི་ཆོས་དེ་ཆུ་བོ་ཡམུནཱའི་གཟུགས་སུ་བཀོད། དེ་ལྟ་བུ་དཔེའི་ཆུ་བོ་གཉིས་པོ་འདི་རྒྱ་གར་གྱི་གནས་ཁྱད་པར་ཅན་པྲཡཱགརཱཇ་ཞེས་པའི་ས་དེར་མཉམ་དུ་འདུས་པ་དང༌། ཆུ་གཉིས་ཀྱི་འཕྲད་སའི་མདོ་དེར་སཾགམ་ཞེས་རིག་བྱེད་པ་ཚོས་བྱིན་ཅན་དུ་བརྩི་ཞིང༌། བོད་ཀྱི་སྙན་ངག་རྩོམ་སྲོལ་དུ་རིག་བྱེད་ཀྱི་གཏམ་རྒྱུད་མང་པོ་དཔེར་བླངས་པ་ལྟར། འདིར་ཡང་གཏམ་རྒྱུད་དེ་དཔེར་བླངས་ཤིང༌། ལྷ་ཆོས་ཏེ་ཆོས་དང༌། མི་ཆོས་ཏེ་སྲིད་ཀྱི་ཆུ་རྒྱུན་གཉིས་གཙུག་ལག་སློབ་ཁང་འདིར་གཅིག་ཏུ་འདུ་བ་ཡིན་པས། བྱའདུ་བའི་གཙུག་ལག་ཁང་ཆེན་བྱ ཞེས་སྨོས་སོ།། ཡམུནཱ་ཞེས་པ་དེང་སང་ཁ་སྐད་དུ་ཇམུནཱ་ཞེས་པའི་ཆུ་བོ་དེ་ཡིན། ཡ་དང་ཇ་གཉིས་གཟུགས་འགྱུར་བ་རྒྱ་གར་སྐད་ཀྱི་རང་བཞིན་ཞིག་ཡིན་པས་ཡོགིའ་ལ་ཇོགཱི་ཞེས་འབོད་པ་ལྟ་བུ་མང་པོ་ཡོད།

 

བོད་ཀྱི་གནའ་བོའི་སྲོལ་རྒྱུན་དུ་ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་ཅེས་ཡོངས་སུ་གྲགས་ཤིང༌། དགེ་བ་བཅུ་ནི་སངས་རྒྱས་ཀྱི་གཞུང་ལུགས་ནས་བཤད་པའི་སྐྱེས་བུ་ཆུང་ངུ་དང་ཐོུང་བའི་ལམ་གྱི་རིམ་པར་ཉམས་སུ་བླང་རྒྱུའི་དམ་པའི་ཆོས་ཡིན་པས། དེ་ལ་ལྷ་ཆོས་ཞེས་ཐ་སྙད་སྦྱར་བ་ཡིན། གཙང་མ་བཅུ་དྲུག་གི་ཁྲིམས་སྲོལ་ནི་རྒྱལ་ཁབ་ཀྱི་ཡུལ་མི་ཕན་ཚུན་དུ་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འབྲེལ་ལམ་བྱེད་སྟངས་དྲང་བདེན་འདྲ་མཉམ་དང༌། གཡོ་སྒྱུ་སླུ་བྲིད་མེད་པ་ཡོང་བའི་ཆེད་རྒྱལ་པོས་བཅས་པའི་ཆབ་སྲིད་ཀྱི་ཁྲིམས་སྲོལ་ཞིག་ཡིན་ནའང་ཆོས་དང་འདྲ་བར་རྩ་ཆེན་པོར་བརྩིས་ཏེ་ཉམས་སུ་བླང་དགོས་པ་ཞིག་ཡིན་པས་མི་ཆོས་ཞེས་ཐ་སྙད་སྦྱར་བས་བོད་ཀྱི་སྲོལ་རྒྱུན་གྱི་ཡོངས་གྲགས་སུ་ཡོད་པའི་བརྗོད་ཚུལ་ཞིག་ཡིན་པས་འདིར་ཡང་ཐ་སྙད་དེ་བེད་སྤྱོད་གནང་འདུག

 

སངས་རྒྱས་ཀྱི་ཆོས་ནི་མདོར་བསྡུས་ན་འཚེ་བ་མེད་པར་འདུ་ཞིང༌། དེ་བཞིན་ཆོས་ལུགས་གཞན་དག་ཀྱང་འཚེ་བ་མེད་པའི་སྙིང་པོ་ཅན་ཤ་སྟག་འདུག་སྟབས། དངོས་དོན་འཚེ་བ་མེད་པའི་ཆབ་སྲིད་ཅིག་བསྐྱང་ཐུབ་ན་ཆོས་སྲིད་ཟུང་འབྲེལ་ཡོང་རྒྱུ་དང༌། འོན་ཀྱང་ཆོས་སྲིད་གཉིས་ཀའི་གནའ་རབས་ཀྱི་དེ་ལྟ་བུའི་བྱུང་བ་ལ་ཉམས་ཞིབ་བྱས་ཚེ་རྒྱལ་ཁབ་ཀྱིས་ཆབ་སྲིད་སྐྱོང་བ་ལ་མཐའ་གཅིག་ཏུ་འཚེ་བ་མེད་པ་ཞིག་ཡོང་ཐབས་མེད་པ་ལྟ་བུ་ཐམས་ཅད་ཀྱིས་བརྩི་ནས། དུས་ཡུན་རིང་པོ་ནས་ནང་པའི་རྒྱལ་ཁབ་ཏུ་ཁས་འཆེ་བའི་ཡུལ་ལུང་དེ་ཚོས་ཀྱང་དམག་དང་མཚོན་ཆ་མེད་པའི་རྒྱལ་ཁབ་སྐྱོང་སྟངས་མེད་པ་ལྟ་བུ་ཞིག་ཏུ་བཟུང་སྟེ། རྒྱལ་ཁབ་ཀྱི་དོན་དུ་དམག་གི་སྒྲིག་འཛུགས་ནི་རང་རེའི་བོད་ལ་མཚོན་ནའང་སྔོན་ཆོས་རྒྱལ་གོང་མ་ཚོའི་སྐུ་དུས་ནས་རྒྱལ་བ་སྐུ་ཕྲེང་ན་རིམ་གྱིས་ཆབ་སྲིད་བསྐྱངས་སྐབས་ཀྱི་བར་མེད་པ་བཟོ་གནང་མཛད་ཐུབ་མི་འདུག རྣམ་པ་ཐམས་ཅད་དུ་འཚེ་བ་མེད་པའི་རྒྱལ་ཁབ་ཀྱི་ཆབ་སྲིད་སྐྱོང་ཚུལ་ཞིག་ཡོད་པའི་བསམ་ཚུལ་ནི་སའི་གོ་ལ་འདིའི་ཐོག་བདག་ཉིད་ཆེན་པོ་གཱཾདྷཱིས་ཐོག་མར་གསལ་སྟོན་མཛད་འདུག་པས་སྐྱེས་མཆོག་དེས་ཁོ་བོའི་ཡིད་དབང་གཏིང་ནས་འཕྲོག་པའི་རྒྱུ་མཚན་གཙོ་བོ་ཞིག་དེ་རང་ཡིན་ནོ།། གལ་སྲིད་འཚེ་བ་མེད་པའི་ཆབ་སྲིད་ཅིག་སྐྱོང་ཐབས་མེད་པ་ཡིན་ན་ནི་ཆོས་བྱེད་མཁན་གྱིས་ཆབ་སྲིད་སྐྱོང་མི་ཐུབ་ལ། ཆབ་སྲིད་སྐྱོང་མཁན་གྱིས་ཆོས་བྱེད་མི་ཐུབ་པས། ཁ་ཆེ་ཕ་ལུས། ༼ཆོས་དང་འཇིག་རྟེན་ཁག་ཁག་སོ་སོ་རེད།།༽༢༩ ཟེར་བ་ལྟར་ལོགས་སུ་གཞག་རྒྱུ་ལས་ཟུང་འབྲེལ་དུ་ཡོང་ཐབས་ག་ལ་ཡོད། ནང་པའི་ཆོས་ལུགས་འཛིན་པའི་བླ་མ་དང་རབ་བྱུང་ཞིག་གིས་ཆབ་སྲིད་ཀྱི་དབང་འཛིན་བྱེད་འོས་པ་དང་ཐུབ་པ་ཁས་བླངས་ཕྱིན་ཆད་འཚེ་བ་མེད་པའི་ཆབ་སྲིད་ཅིག་ཀྱང་བསྐྱང་འོས་པ་དང་ཐུབ་པ་རང་བཞིན་གྱིས་ཁས་བླང་དགོས་པ་ཞིག་ཡིན་པས་འགའ་ཤས་ཀྱིས་བླ་མས་སྲིད་དབང་འཛིན་པ་དེ་ཆོས་སྲིད་ཟུང་འབྲེལ་གྱི་དོན་རེད་ཅེས་ཟེར་བ་ལའང་ཞིབ་ཏུ་བརྟག་ན་གོ་རྒྱུ་གཏིང་ཟབ་ཅིག་ཀྱང་ཡོད་སྲིད། རྒྱ་གར་གྱི་སྔ་མོའི་སྲིད་དོན་ཚོགས་པ་རྙིང་པ་བྷཱརཏཱིཡཇནསཾགྷ་ཞེས་པ་དེས་དྷརྨརཱཇ་སྟེ་ཆོས་ཀྱི་ཆབ་སྲིད་ཅེས་པའི་བསམ་ཚུལ་ཞིག་བཏོན་ཡོད། བསམ་ཚུལ་དེ་ནི་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་ཞེས་པའི་བསམ་ཚུལ་དང་མཚུངས་པ་ཞིག་རེད། ཚོགས་པ་དེའི་བསྒྲགས་གཏམ་གྱི་ནང་ལེགས་སྦྱར་སྐད་དུ་དྷརྨརཱཇ་ཞེས་པ་དབྱིན་སྐད་དུ་རཱུལ་ཨོཕ་ལོ་ (Rule of Law) སྟེ་ཁྲིམས་ཀྱི་དབང་སྒྱུར་ཞེས་པ་ལ་བསྒྱུར་འདུག ལེགས་སྦྱར་གྱི་དྷརྨ་ཞེས་པ་ཚུལ་དང༌། ལམ་སྲོལ་དང༌། ཁྲིམས་ལའང་བསྒྱུར་དུ་རུང་ཞིང༌། དབྱིན་སྐད་ཀྱི་ལཽའ་ Law) ཞེས་པའང་ཆོས་དང༌། ལྟ་བ། བསླབ་པ་སོགས་ལའང་གོ་བས་ཁྲིམས་ཀྱི་དབང་སྒྱུར་དང༌། ཆོས་ཀྱི་ཆབ་སྲིད་གཉིས་གཅིག་གྱུར་དུ་འགྲེལ་བཤད་བརྒྱབ་ཐུབ། དེང་རབས་ཀྱི་སྲིད་དོན་ཚན་རིག་པ་ཚོས་མང་གཙོའི་ལྟ་གྲུབ་ཁྲིམས་ཀྱི་དབང་སྒྱུར་ཞེས་པ་དེ་ཧ་ཅང་གལ་གནད་ཆེ་བ་ཞིག་བརྩི་བ་དེའང་ལེགས་པར་བརྟག་ན། ཆོས་ཀྱི་ཆབ་སྲིད་དང༌། ཆོས་སྲིད་ཟུང་འབྲེལ་ལ་གོ་ཆོག་གམ་སྙམ། སྐབས་འདིར་ཁྲིམས་ཞེས་པ་རྒྱལ་ཁབ་སོ་སོའི་ཁྲིམས་བཟོའི་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པའི་ཡུལ་ཁྲིམས་ཙམ་མིན་པར་རང་བྱུང་དྲང་བདེན་གྱི་རྣམ་གཞག་ (Law of Nature) གི་ཐོག་ནས་ཆབ་སྲིད་ཀྱི་དབང་སྒྱུར་ཐུབ་པ་ཡིན་ན་དངོས་བདེན་ཁྲིམས་ཀྱི་དབང་སྒྱུར་ཞིག་ཡོང༌།

 

དེ་ལྟར་ནང་དོན་རིག་པ་རྒྱ་གཞུང་དང་རང་གཞུང་སོགས་ཀྱི་བརྒྱུད་ནས་དམ་པའི་ཆོས་དང་གཡུང་དྲུང་བོན་གྱི་ཚུལ་དང༌། ཐ་སྙད་རིག་པ་སྒྲ་ཚད་བཟོ་གསོའི་ལམ་ནས་སྲིད་དོན་དང་དཔལ་འབྱོར་གྱི་ཚན་རིག་སོགས་ཆབ་སྲིད་ཀྱི་རིག་གནས་རྣམས་གངྒཱ་དང་ཡམུནཱ་གཅིག་ཏུ་འདྲེས་པ་ལྟར་ཟུང་འབྲེལ་གྱི་ཚུལ་དུ་སློབ་སྦྱོང་བྱ་རྒྱུའི་མཐུན་རྐྱེན་དང་ལྡན་པའི་གཙུག་ལག་ཁང་ཆེན་པོ་འདི་རྒྱལ་བར་གྱུར་ཅིག་ཅེས་པའོ།།

 

དེ་རྗེས་དེ་ལྟའི་ཕྱི་ནང་གི་རིག་པའི་གནས་ལ་ཐོས་བསམ་བྱེད་མཁན་གྱི་སློབ་གཉེར་བ་རྣམས་ཀྱིས་མཁས་པའི་བྱ་བ་ (Academic Activity) ལ་ཇི་ལྟར་འཇུག་ཚུལ་བསྟན་པ་ལ། ཕྱོགས་བྲལ་ཐོས་བསམ་སྒོམ་པའི་ལྟེ་བ་ལ།། འཆད་རྩོད་རྩོམ་པའི་རྩིབས་སྟོང་རྣམ་བཀྲ་བ།། མཁས་བཙུན་བཟང་པོའི་མུ་ཁྱུད་ཀྱིས་བཅིངས་པའི།། སྔོན་མེད་འཁོར་ལོ་གཙུག་ལག་ཁང་ཆེན་རྒྱལ།། ཞེས་པའི་ཤ྄ལོཀ་འདི་བྱུང༌། ཚིགས་བཅད་འདིས་སློབ་ཁྲིད་ཀྱི་ཐབས་ལམ་ (Method of Teaching) དང་སློབ་སྦྱོང་བྱ་བའི་རིམ་པ་ (Process of Learning) གཉིས་ཀ་ཆོས་ཀྱི་གཞུང་ལུགས་ནས་བཤད་པའི་བོད་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་སློབ་སྦྱོང་བྱེད་ཚུལ་དེ་བསྟན་པ་ཡིན། ཕྱོགས་རེ་བ་དང་རགས་པ་རེ་ཙམ་མ་ཡིན་པའི་རིས་སུ་མ་ཆད་པའི་རིག་པའི་གནས་རྣམས་ལ་ཐོས་བསམ་སྒོམ་གསུམ་ཡང་ཕྱོགས་རེ་ཙམ་མ་ཡིན་པར། ཡ་མ་བྲལ་བར་བྱས་པའི་ལྟེ་བ་བརྟན་པོ་ནས་བྱུང་བའི་མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་གྱི་རྩིབས་སྟོང་རྣམ་པར་བཀྲ་བ་དེ་དག་མཁས་བཙུན་བཟང་གསུམ་གྱི་མུ་ཁྱུད་བར་མ་ཆད་པས་ཡོངས་སུ་བཅིངས་པའི་སྔ་ན་མེད་པའི་འཁོར་ལོའི་གཟུགས་ཅན་གྱི་གཙུག་ལག་ཁང་ཆེན་པོ་རྒྱལ་ཞེས་ཐོས་བསམ་སྒོམ་གསུམ་ལྟེ་བ་དང༌། འཆད་རྩོད་རྩོམ་གསུམ་རྩིབས། མཁས་བཙུན་བཟང་གསུམ་མུ་ཁྱུད་ཀྱི་གཟུགས་སུ་བཀོད་དེ་དཔེ་འཁོར་ལོ་དང་མཚུངས་པའི་དོན་བོད་ཀྱི་གཙུག་ལག་ཁང་ཆེན་པོ་རྒྱལ་བར་གྱུར་ཅིག་ཅེས་པའོ།། ཕྱོགས་བྲལ་ཞེས་པ་ཕྱོགས་རེ་ཙམ་མིན་པ་དང༌། ཕྱོགས་སུ་མ་ལྷུང་བར་གོ་དགོས་ཤིང༌། ཕྱོགས་བསླད་པའམ་ཕྱོགས་མེད་པའི་དོན་མ་ཡིན། ཤེས་བྱའི་རིག་པའི་གནས་ཐམས་ཅད་ལ་ཕྱོགས་རེ་བ་ཙམ་མ་ཡིན་པར་ཀུན་ལ་སྦྱངས་པ་དང༌། ཐོས་བསམ་སྒོམ་གསུམ་ཁ་བྲལ་དུ་སོང་བའི་ཕྱོགས་རེ་བ་ཙམ་མ་ཡིན་པར། བཀའ་གདམས་པའི་དམ་པ་རྣམས་ཀྱིས་ང་ཐོས་དུས་ཙ་ན་བསམ་པ་བདོ། བསམ་དུས་ཙ་ན་སྒོམ་པ་བདོ་ཞེས་གསུངས་པ་ལྟར། ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བར་གཅིག་གྲོགས་སུ་གཅིག་སོང་བར་བྱས་ཏེ་སློབ་དཔོན་གྱི་དྲུང་ནས་ཉན་པ་དང༌། གཞུང་ལུགས་བཀླགས་པ། སློབ་གྲོགས་གཞན་དང་བགྲོ་གླེང་བྱས་པ་སོགས་ལས་བྱུང་བའི་གཞན་སྟོབས་ཀྱིས་སྐྱེས་པའི་ཐོས་བྱུང་གི་ཤེས་རབ་དེ་ཉིད་རིགས་པ་བཞིས་ཡང་ནས་ཡང་དུ་དཔྱད་ཅིང་བསམ་པ་ལ་བརྟེན་ནས་རང་སྟོབས་ཀྱིས་ངེས་པ་རྙེད་པའི་བསམ་བྱུང་གི་ཤེས་རབ་ཀྱི་ངོ་བོར་བསྒྱུར་རྒྱུ་དང༌། དེ་ལྟའི་བསམ་པ་ལས་བྱུང་བའི་ཤེས་རབ་ཀྱིས་ངེས་པ་རྙེད་པའི་དོན་དེའི་སྟེང་དུ་ཡང་ནས་ཡང་དུ་སྒོམ་པའི་སྟོབས་ཀྱིས་དོན་དེ་མངོན་སུམ་དུ་འཇལ་བའི་སྒོམ་བྱུང་གི་ཤེས་རབ་ཀྱི་ངོ་བོར་བསྒྱུར་བའི་རིམ་པ་གསུམ་ཡ་མ་བྲལ་བར་བྱེད་པ་ནི་ནང་པའི་ཐོུང་མ་ཡིན་པའི་སློབ་སྦྱོང་བྱེད་ཚུལ་ཡིན། ཐོས་བསམ་སྒོམ་གསུམ་གྱི་དོན་མངོན་པ་མཛོད་ནས་བཤད་པ་ལྟར་བྱས་ན། མིང་ཙམ་ཡུལ་དུ་བྱས་པའི་ཤེས་རབ་ལ་ཐོས་བྱུང་གི་ཤེས་རབ་དང༌། དོན་ཙམ་ཡུལ་དུ་བྱས་པའི་ཤེས་རབ་ལ་བསམ་བྱུང་གི་ཤེས་རབ། མིང་དོན་གཉིས་ཀ་ཡུལ་དུ་བྱས་པའི་ཤེས་རབ་དེ་ལ་སྒོམ་བྱུང་གི་ཤེས་རབ་ཅེས་གསུངས། བཤད་ཚུལ་འདི་དངོས་སྨྲ་བའི་ལུགས་ཀྱི་སྟབས་བདེ་པོ་ཞིག་ཡིན་ནའང༌། ལས་དང་པོ་བར་ཤེས་རབ་གསུམ་ལ་གོ་བ་རགས་པ་ཙམ་ཆགས་པའི་ཆེད་ངོ་སྤྲོད་བྱ་སྟབས་བདེ་བ་ཞིག་འདུག དེང་དུས་ཚན་རིག་པ་རྣམས་ཀྱིས་སློབ་སྦྱོང་བྱེད་སྐབས་སྤྱི་དོན་རགས་པ་ཙམ་དེབ་ཐོག་ནས་ཀློག་པའམ་དགེ་རྒན་ནས་གོ་བའི་རྗེས་རང་གིས་མངོན་སུམ་དུ་མྱོང་བའི་ཆེད་ཚོད་བལྟ་བྱ་སའི་ཁང་པའི་ནང་ཞུགས་ཏེ་སྦྱོར་བ་དང་ཚོད་བལྟ་བྱས་ཏེ་ཉམས་མྱོང་གསོག་གི་ཡོད་པ་ལྟར་རང་རེའི་ཚོད་བལྟ་བྱ་སའི་ཁང་པ་དེ་རང་གི་བློ་གྲོས་ཉིད་ཡིན་ཞིང༌། བློ་གྲོས་ཀྱི་ཚོད་བལྟའི་ཁང་པའི་ནང་ཡང་ཡང་སྦྱོར་བ་དང་བརྟག་དཔྱད་བྱས་ཏེ་ཐོས་བྱུང་ནས་བསམ་བྱུང་དང༌། བསམ་བྱུང་ནས་སྒོམ་བྱུང་གི་མྱོང་བ་ཐོན་པའི་བར་གོང་ནས་གོང་དུ་བགྲོད་ཐུབ་པ་ཡིན། རིག་པའི་གནས་གང་ལ་སྦྱངས་རུང་ཐོས་བསམ་སྒོམ་གསུམ་ཆ་ཚང་བ་ཞིག་དགོས་པ་དེ་བསླབ་པའི་གཞི་རྩ་ཡིན་པས་ལྟེ་བ་དང་མཚུངས་ཆོས་སུ་སྦྱར་རོ།། ཐོས་བསམ་ཡང་དག་པ་ཞིག་བྱེད་པ་ལ་འཆད་རྩོད་རྩོམ་གསུམ་གྱི་ཡན་ལག་ཀྱང་ཚང་དགོས་ཏེ། སློབ་དཔོན་གྱི་དྲུང་ནས་ཉན་པ་དང༌། དྲི་བ་དྲིས་ལན་ཞུས་པ་ལྟ་བུའམ། ཡང་ན་གཞུང་དོན་རྣམས་རང་བློར་གོམས་ཤིང་ངེས་པའི་ཆེད་དུ་གཞན་ལ་བཤད་པ་ལྟ་བུའི་འཆད་པའི་བྱ་བ་དང༌། སློབ་གྲོགས་གཞན་དང་རྒོལ་བ་སྔ་ཕྱིའི་ཚུལ་དུ་དངོས་སུ་རིགས་ལམ་གྱི་རྩོད་པ་བྱེད་པའམ། ཅི་སྟེ་གདན་སའི་ཆོས་གྲྭའི་རྩོད་པ་ལྟར་རྐང་རྡབ་ལག་རྡབ་སོགས་མ་བྱས་ཀྱང༌། ཕན་ཚུན་བགྲོ་གླེང་བྱེད་པ་དང༌། རིགས་པས་བརྡར་ཤ་གཅོད་པ། རྩོད་གྲོགས་གཞན་མེད་ཀྱང་རང་གི་བསམ་པའི་ནང་རིགས་པའི་བརྟག་དཔྱད་ཀྱི་སྒོ་ནས་བརྡར་ཤ་གཅོད་པའི་རྩོད་པ་དང༌། རྩོམ་པ་ནི་ཐ་ན་བརྗེད་ཐོ་བརྒྱབ་པ་དང༌། འབྲི་རྒྱུགས་སྤྲད་པ་ཚུན་ཆད་རྩོམ་པའི་ཆ་ཤས་སུ་གཏོགས་ཤིང༌། དེ་གསུམ་ག་མ་ཚང་བར་སློབ་སྦྱོང་ཚད་ལྡན་ཞིག་བྱེད་ཐབས་མེད། འཁོར་ལོའི་ལྟེ་བ་ཡོད་ཀྱང་རྩིབས་མེད་ན་མི་འཁོར་བ་ལྟར་ཐོས་བསམ་སྒོམ་གསུམ་གོང་འཕེལ་དུ་འགྲོ་བ་ལ་འཆད་རྩོད་རྩོམ་གསུམ་གྱི་གྲོགས་ལ་བརྟེན་དགོས་པས་དེ་གསུམ་འཁོར་ལོའི་རྩིབས་ཀྱི་གཟུགས་སུ་བཀོད། འཁོར་ལོ་ལ་རྩིབས་མང་པོ་ཡོད་ཀྱང་མུ་ཁྱུད་ཆད་མེད་ཅིག་གིས་མ་བཅིངས་ན་འཁྲུགས་ཤིང་ལྷུང་བ་ལྟར་ཐོས་བསམ་སྒོམ་གསུམ་དང༌། འཆད་རྩོད་རྩོམ་གསུམ་གྱི་བྱ་བ་གནད་དུ་སྨིན་པ་ཞིག་ཡོང་བ་ལ་བྱེད་པ་པོ་རང་ཉིད་ལ་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ཚང་དགོས། མཁས་བཙུན་བཟང་གསུམ་གྱི་དོན་མདོར་བསྡུས་ཏེ་བཤད་ན། རྗེ་གུང་ཐང་པས། མང་དུ་ཐོས་པ་རྒྱ་ཆེར་བཙལ་བས་མཁས།། ཞེས་གསུངས་པ་ལྟར་རིག་པའི་གནས་མང་པོ་ལ་ཐོས་པ་རྒྱ་ཆེན་པོ་བཙལ་ཏེ་ཤེས་བྱའི་གནས་མང་པོ་ཤེས་པ་དེ་ལ་མཁས་པ་དང༌། ཐོས་དོན་ཇི་བཞིན་རྒྱུད་ལ་སྦྱར་བས་བཙུན།། ཞེས་གསུངས་པ་ལྟར་ཐོས་པ་བསགས་ཏེ་རིག་པའི་གནས་མང་པོ་ཤེས་པས་མཁས་པའི་ཡོན་ཏན་དང་ལྡན་ནའང་ཐོས་པའི་དོན་རྣམས་རང་གི་རྒྱུད་ལ་མ་སྦྱར་བར་དབུལ་པོ་ཞིག་གིས་ཕྱུག་པོའི་བཅའ་དངོས་ཀྱི་གྲངས་ཀ་བརྒྱབ་པའམ། རྫི་བོ་ཞིག་གིས་རྭ་ལུག་གྲངས་ཀ་བརྒྱབ་པ་ལྟར། ཕྱིའི་ཡུལ་རྐྱང་པ་ཞིག་ལ་བཞག་ན་རང་གི་སེམས་རྒྱུད་ལ་ཡར་རྒྱས་གང་ཡང་མི་ཐོན། དེ་ལྟར་མ་ཡིན་པར་གང་ཐོས་པའི་དོན་རྣམས་རྒྱུད་ལ་སྦྱར་ཏེ་ཉམས་ལེན་བྱས་ནས་མི་རྟག་པ་ཐོས་པ་ལ་བརྟེན་ནས་རྟག་འཛིན་གྱི་བློ་ཆུང་དུ་འགྲོ་བ་དང༌། བདག་མེད་པ་ཐོས་པ་ལ་བརྟེན་ནས་བདག་མེད་རྟོགས་པའི་ཤེས་རབ་བསྐྱེད་ཐབས་ལ་འབད་པ། ལས་འབྲས་ཀྱི་རྣམ་གཞག་ཐོས་པ་ལ་བརྟེན་ནས་སྡིག་སྤོང་དགེ་སྒྲུབ་ཀྱི་བྱ་བ་ལ་བརྩོན་པ་སོགས་གང་ཐོས་པའི་དོན་དེ་རང་གི་མི་ཚེའི་བསམ་སྤྱོད་ཀྱི་ནང་འཁྱེར་ཐུབ་པ་ཞིག་བྱུང་ན་བཙུན་པོ་ཟེར་བ་ཡིན། གང་ཤེས་པ་དང༌། གང་སྨྲ་བ་དང༌། གང་ལག་ལེན་དུ་བསྟར་བ་གསུམ་རྒྱབ་འགལ་དུ་འགྲོ་བ་དེ་དེང་རབས་ཀྱི་མིའི་སྐྱོན་ཆེ་ཤོས་སུ་སྣང༌། ཁ་བཤད་ལག་ལེན་མི་མཐུན་པ་ཞིག་བྱུང་ན་བཙུན་པའི་ཡོན་ཏན་མི་ཐོབ། ཀུན་ཀྱང་བསྟན་འགྲོའི་དོན་དུ་བསྔོ་བས་བཟང༌།། ཞེས་པ་ལྟར་རང་དོན་ཡིད་བྱེད་ཀྱི་བསམ་པ་སྤངས་ནས་བྱ་བ་ཆེ་ཆུང་ཇི་འདྲ་ཞིག་ཡིན་རུང་བསྟན་པ་རྒྱས་པ་དང༌། འགྲོ་བ་བདེ་བའི་ཆེད་དུ་གཞན་དོན་ཁོ་ནར་དམིགས་ནས་བྱེད་ཐུབ་པ་ཞིག་བྱུང་ན་བཟང་པོའི་ཡོན་ཏན་ཚང་བ་ཡིན། དེ་ལྟའི་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་དེ་མུ་ཁྱུད་ཀྱི་གཟུགས་སུ་བཀོད་དོ།། ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བར་བྱེད་ན་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ཐོབ་པ་དང༌། དེའི་འབྲས་བུ་འཆད་རྩོད་རྩོམ་གསུམ་གྱི་བྱ་བ་བྱེད་ནུས་པ་ཞིག་ཡོང་བ་ཡིན་པས་ཐོས་བསམ་སྒོམ་གསུམ། མཁས་བཙུན་བཟང་གསུམ། འཆད་རྩོད་རྩོམ་གསུམ་རྣམས་རྒྱུ་འབྲས་ཀྱི་ཚུལ་དུ་བྱས་ཀྱང་རུང་ལ། ཡང་ན་ཐོས་བསམ་སྒོམ་གསུམ་མཁས་པར་འགྱུར་བའི་རྒྱུ་དང༌། མཁས་བཙུན་བཟང་གསུམ་མཁས་པའི་ཡོན་ཏན་དང༌། འཆད་རྩོམ་གསུམ་མཁས་པའི་བྱ་བ་ཡིན་ཞེས་བརྗོད་ཀྱང་རུང་ངོ༌།། དེ་ལྟ་བུ་ཐོས་བསམ་སྒོམ་གསུམ་གྱི་སྒོ་ནས་མཁས་བཙུན་བཟང་གསུམ་འཛོམས་པར་བྱས་ཏེ། འཆད་རྩོད་རྩོམ་གསུམ་གྱི་མཁས་པའི་བྱ་བ་སྤེལ་བའི་སྔོན་མེད་ཀྱི་འཁོར་ལོ་གཙུག་ལག་སློབ་ཁང་འདི་རྒྱལ་བར་གྱུར་ཅིག་ཅེས་པའོ།།

 

མཐའ་མ་གཙུག་ལག་སློབ་ཁང་འདི་ནས་སློབ་སྦྱོང་བྱས་པའི་སློབ་ཐོན་པ་ཇི་ལྟ་བུ་ཞིག་བསྐྲུན་པ་བསྟན་པའི་ཆེད། ལྷག་བསམ་དགེ་བའི་སྐྱེས་མཆོག་འཛད་མེད་སྐྲུན།། དུས་མཐུན་ཆོས་སྲིད་ཡང་དག་ལྟ་བ་སྤེལ།། གནའ་བོའི་རྣམ་དག་སྲོལ་སྐྱོང་རང་དབང་དཔལ།། སྐྱེད་བྱེད་གཙུག་ལག་ཁང་ཆེན་རྒྱལ་གྱུར་ཅིག། ཅེས་པའི་ཤ྄ལོཀ་འདི་བྱུང༌། སློབ་གཉེར་ཁང་ཇི་འདྲ་ཞིག་ཡིན་རུང་དེ་དག་རང་རང་གི་ཐུན་མོང་མ་ཡིན་པའི་དམིགས་ཡུལ་རེ་ཡོད་པ། དཔེར་ན། སྨན་གྱི་མཐོ་སློབ་ཅིག་ཡིན་ན་སྨན་པ་བཟང་པོ་བསྐྲུན་རྒྱུ་དང༌། སོ་ནམ་ཞིང་ལས་ཀྱི་མཐོ་སློབ་ཅིག་ཡིན་ན་སོ་ནམ་གྱི་མཁས་དབང་བསྐྲུན་རྒྱུ་སོགས་གང་ལ་དམིགས་ནས་བཙུགས་པའི་སློབ་གྲྭ་དེ་ནས་དམིགས་ཡུལ་དང་མཐུན་པའི་སློབ་གཉེར་བ་འཐོན་དགོས་པ་གལ་ཆེ་བས། བོད་ཀྱི་མཐོ་སློབ་འདི་ནས་ཐོན་པའི་སྐྱེས་བུ་ཇི་འདྲ་ཞིག་སྐྲུན་གྱི་ཡོད་ཅེ་ན། གཞན་དོན་ཁུར་དུ་འཁྱེར་བའི་ལྷག་པའི་བསམ་པ་ཅན་གྱི་སྐྱེས་བུ་མཆོག་མང་པོ་ལོ་ལྟར་འཛད་མེད་དུ་སྐྲུན་ཞིང༌། དུས་དང་མཐུན་པའི་ཆོས་དང་ཆབ་སྲིད་ཀྱི་ཡང་དག་པའི་ལྟ་བ་གོང་མཐོར་སྤེལ་བ་དང༌། བོད་ཀྱི་སྔོན་རབས་གནའ་བོའི་ལེགས་བྱང་རྣམ་པར་དག་པའི་སྲོལ་སྐྱོང་ནུས་ཤིང༌། བོད་མིར་རང་དབང་གི་དཔལ་ཡོན་སྐྱེད་པར་བྱེད་ནུས་པའི་སྐྱེས་བུ་དུ་མ་སྐྲུན་པར་བྱེད་དོ།། དེ་ལྟར་སྐྲུན་པར་བྱེད་པའི་གཙུག་ལག་ཁང་ཆེན་པོ་རྒྱལ་བར་གྱུར་ཅིག་ཅེས་པའོ།། སྤྱིར་བསམ་པ་ཞེས་པ་བྱ་བ་འདི་དང་འདི་ལ་འཇུག་སྙམ་པའམ། བརྗོད་བྱ་འདི་དང་འདི་འདྲ་བ་ཞིག་སྟོན་སྙམ་པ་ལྟ་བུའི་བྱེད་འདོད་དང་བརྗོད་འདོད་སོགས་ལ་བསམ་པ་ཞེས་བརྗོད་ཅིང༌། དེའང་རང་དོན་དུ་མ་ཡིན་པར་གཞན་གྱི་དོན་དུ་བྱེད་འདོད་ཀྱི་ཀུན་སློང་ལ་ལྷག་པའི་བསམ་པ་ཞེས་ཟེར། རྒྱུན་སྤྱོད་བོད་སྐད་དུ་ ༼བསམ་པ་༽ཞེས་པ་སྤྱིར་༼སེམས་༽ ཙམ་དང་ཤེས་པ་ཙམ་ལ་གོ་སྲོལ་ཡོད་ནའང༌། སྐབས་འདིར་བསམ་པའམ་ལྷག་པའི་བསམ་པ་ཞེས་པ་ནི་ལེགས་སྦྱར་སྐད་ཀྱི་ཨཱཤཡ་དང་ཨདྷ྄ཡཱཤཡའི་དོན་ཡིན་པས་ཀུན་སློང་ལ་གོ་དགོས། གཞུང་ལས་དགེ་མི་དགེའི་ལས་ཀྱི་རྣམ་བཞག་བཤད་པའི་སྐབས་གཞི། བསམ་པ། སྦྱོར་བ། མཐར་ཐུག་བཅས་སུ་དབྱེ་བའི་ནང་ཚན་གྱི་བསམ་པ་དེ་དང་དོན་མཚུངས་ཤིང༌། དེ་ལ་ཀུན་སློང་དང་ཉོན་མོངས་གཉིས་སུ་ཕྱེ་སྟེ་བཤད་མོད། ཉོན་མོངས་དེའང་ལེགས་པར་བརྟག་ན་རྒྱུའི་ཀུན་སློང་དང་དུས་ཀྱི་ཀུན་སློང་གང་རུང་གི་ཆར་གཏོགས་འགྲོ་བས། འདིར་བསམ་པ་དང་ལྷག་བསམ་ཟེར་བ་ནི་བྱ་བ་ཀུན་ནས་སློང་བྱེད་ཀྱི་བློ་ལ་གོ་དགོས་པ་དང༌། གཞན་དོན་བྱེད་འདོད་ཀྱི་བློ་ཁྱད་པར་བ་ཞིག་ལ་ལྷག་པའི་བསམ་པ་ཞེས་བརྗོད། དེ་ནི་རང་དོན་དུ་བྱ་བ་ཕལ་པ་ལ་འཇུག་འདོད་ཀྱི་བསམ་པ་ལས་ལྷག་པ་ཡིན་པས་ལྷག་བསམ་མོ།། བྱདགེ་བ་བྱ ཞེས་པ་ནི་བཟང་པོ་དང༌། རླབས་ཆེན་པོ། སྐྱོན་མེད་པ་བཅས་ལ་འཇུག དགེ་བའི་སྐད་དོད་ཀུཤལ་ཞེས་པ་ཕུན་སུམ་ཚོགས་པ་དང༌། ཕོན་ཆེན་པོ། མང་པོ་ཡོད་པ། བྱང་བ། བདེ་བ་སོགས་ལ་འཇུག་པ་ཡིན་པས། ལྷག་བསམ་དགེ་བ་ཞེས་པ་ལྷག་བསམ་ཆེན་པོའམ། ལྷག་བསམ་བཟང་པོ་ཡོད་པ་ཞིག་ལ་བཤད། གཞན་དོན་ཁུར་དུ་འཁྱེར་བའི་ལྷག་བསམ་ཅན་གྱི་མི་དེ་ནི་རང་དོན་ཙམ་དོན་དུ་གཉེར་བའི་སྐྱེས་བུ་གཞན་ལས་མཆོག་ཏུ་གྱུར་པ་ཡིན་པས་སྐྱེས་མཆོག་ཅེས་བརྗོད། སློབ་གཉེར་ཁང་འདིའི་ནང་སློབ་སྦྱོང་བྱ་རྒྱུའི་རྩ་བའི་སློབ་ཚན་ཐེག་པ་ཆེན་པོའི་མདོ་དང་དེའི་དགོངས་འགྲེལ་གྱི་བསྟན་བཅོས་ཁག་ཡིན་པས། གཞུང་ཆེན་དེ་དག་ལ་སློབ་གཉེར་ཚད་ལྡན་བྱེད་པའི་གང་ཟག་དེ་ཅི་ནས་ཀྱང་གཞན་དོན་ཁུར་དུ་འཁྱེར་བའི་ལྷག་བསམ་ཅན་ཞིག་ཡོང་དགོས། དེ་མ་བྱུང་ན་སློབ་སྦྱོང་གནད་དུ་མ་སོང་བའི་རྟགས་སོ།། ལྷག་བསམ་བཟང་པོ་ཞིག་ཡོད་ནའང་དུས་དང་གནས་སྐབས་དང་འཚམས་ཤིང་ཡང་དག་པའི་རིགས་པའི་སྒོ་ནས་དཔྱད་མཐའ་རྙེད་པའི་ལྟ་བ་ཚད་ལྡན་ཞིག་མེད་ན་ཆོས་སྲིད་ཀྱི་བྱ་བ་གང་ལ་ཞུགས་ནའང༌། ལང་ཕྱོགས་བརྟན་པོ་མི་ཡོང་བས་ལྟ་བ་ཚད་ལྡན་སྤེལ་དགོས། ལྟ་བ་ཞེས་པ་རགས་པ་ཙམ་དུ་བཤད་ན། མཐོང་ཚུལ་ (View point) དང༌། གྲུབ་མཐའ། (Doctrine) ཡང་ན་རྩ་བའི་དམ་བཅའ་ (Basic Principle) སོགས་ཡིན། ཆོས་སྲིད་གང་ལའང་ལྟ་བ་བརྟན་པོ་ཞིག་མེད་ན་ལས་དོན་གྱི་ཐབས་ལམ་གསལ་པོ་མེད་པ་དང༌། དེའི་དབང་གིས་གང་བྱས་གཞན་གྱི་ཟེར་རྗེས་སུ་འབྲང་བའམ། ཡང་ན་འཕྲལ་སེལ་རིང་ལུགས་པ་དང༌། སྐབས་འཚོལ་རིང་ལུགས་པ་ཞིག་ཏུ་འགྲོ་ཉེན་ཡོད། ཆོས་ཕྱོགས་ལ་མཚོན་ན། ཆོས་ཀྱི་ཉམས་ལེན་ཡང་དག་པ་ཞིག་ཡོང་བ་ལ་ལྟ་སྒོམ་སྤྱོད་གསུམ་ཚང་དགོས་ཤིང༌། དེ་གསུམ་གྱི་ནང་དང་པོ་ལྟ་བ་ཡིན། ལྟ་བ་ཡང་དག་པ་ཞིག་མེད་ན་སྒོམ་པ་དང་སྤྱོད་པ་ཡང་དག་པ་ཡོང་ཐབས་མེད། དེའི་རྒྱུ་མཚན་གྱིས་འཕགས་ལམ་ཡན་ལག་བརྒྱད་ཀྱི་དང་པོ་ཡང་དག་པའི་ལྟ་བ་བཞག ཡང་དག་པའི་ལྟ་བ་མེད་ན་འཕགས་ལམ་ཡན་ལག་གཞན་རྣམས་ཡོང་ཐབས་མེད་ཅིང༌། ཡང་དག་པའི་ལྟ་བ་ཡོད་ན་ཡན་ལག་གཞན་རྣམས་རང་ཤུགས་ཀྱིས་འབྱུང༌། དེ་དང་མཚུངས་པར་ཆབ་སྲིད་ཀྱི་ལས་ཀ་བྱེད་མཁན་ཞིག་ཡིན་ནའང་རང་གི་སྲིད་དོན་གྱི་ལྟ་བ་གསལ་པོ་དང་བརྟན་པོ་ཞིག་ཡོད་ན་དེས་དྲངས་པའི་ལས་དོན་གཞན་ལའང་རང་ཤུགས་ཀྱིས་གོ་རིམ་འགྲིགས་པ་ཞིག་ཡོང༌། ལྟ་བ་མེད་ཚེ་ཡང་ན་ནི་མི་གཞན་གྱི་ཟེར་རྗེས་སུ་འབྲངས་ནས་བྱེད་པ་མ་གཏོགས། རང་སྟོབས་ཀྱིས་ཐག་གཅོད་བྱེད་མི་ནུས་པའི་བླུན་པོ་ཆུ་སྣ་གར་ཁྲིད་ཅིག་ཡོང་རྒྱུའམ། ཡང་ན་སྐབས་སོ་སོའི་གནས་བབས་ལ་བལྟས་ནས་རང་དོན་གང་འགྲུབ་བྱེད་པའི་སྐབས་འཚོལ་རིང་ལུགས་པ། ཡང་ན་སྐབས་འཕྲལ་སོ་སོའི་དཀའ་རྙོག་རྣམས་ཕྱིས་འགྱངས་བྱེད་ཐུབ་ཙམ་ཞིག་གི་འཕྲལ་སེལ་རིང་ལུགས་ཀྱི་བྱེད་སྟངས་ཤིག་མ་གཏོགས། གཞི་རྩ་བརྟན་ཅིང་ནམ་ཕུགས་འཕེར་བའི་ཆབ་སྲིད་ཀྱི་བྱ་བ་ཞིག་བསྒྲུབ་མི་ཐུབ། རང་ཅག་བོད་མི་ལྟ་བུར་མཚོན་ན། བོད་ཀྱི་རང་དབང་སླར་གསོའི་ལས་དོན་ཞིག་བསྒྲུབ་དགོས་པའི་ལྷག་བསམ་རེ་བོད་མི་མང་ཆེ་བར་ཡོད་མོད། ཆབ་སྲིད་ཀྱི་ལྟ་བ་ཚད་ལྡན་ཞིག་ཐམས་ཅད་ལ་མེད་པའི་དབང་གིས་ལས་འགུལ་ནུས་ཤུགས་ཐོན་པ་ཞིག་ཡོང་དཀའ་བའི་ཉམས་མྱོང་ཡོང་བཞིན་པ་དང༌། འཚེ་བ་མེད་པའི་ཐབས་ལམ་དེ་བོད་མིས་གཏན་ལ་ཕབ་པའི་སྲིད་བྱུས་ཤིག་ཡིན་པར་ངོས་འཛིན་བྱས་རུང༌། དེའི་རྒྱབ་རྟེན་ལྟ་གྲུབ་ཀྱི་རྣམ་བཞག་སེམས་རྒྱུད་འཁོལ་ངེས་ཤིག་མེད་པའི་དབང་གིས་ཉིན་གཅིག་སྟོབས་ཤུགས་རྙེད་ནས་དམག་འཐབ་བྱས་ན་རྒྱལ་ཁ་ཐོབ་ངེས་པའི་གོ་སྐབས་ཤིག་བྱུང་ན་འཚེ་བར་ཞུགས་རྒྱུ་ལ་འཚེར་སྣང་མེད་པ་དང༌། དེ་འདྲའི་འཚེ་བའི་བྱ་བ་དེའང་ཆབ་སྲིད་ཀྱི་ལྟ་བ་ལ་བརྟེན་པ་ཞིག་མིན་སྟབས། ཕམ་ཉེས་བྱུང་ཚེ་འཚེ་བའི་ལས་ཐབས་མཐའ་མ་བསྐྱལ་བར་འཚེ་མེད་ཞི་བ་ཡིན་ཞེས་བརྗོད་ངེས་པ་ལྟ་བུ། དེ་འདྲའི་ལས་འགུལ་ཞིག་གིས་གར་ཡང་མི་སླེབས། ལྟ་བ་བརྟན་པོ་ཞིག་ཡོད་ན་གཞན་གྱི་རྒྱབ་སྐྱོར་ཡོང་མིན་དང༌། རྒྱལ་ཕམ་གྱི་གནས་ཚུལ་ཇི་འདྲ་ཞིག་བྱུང་རུང༌། རང་གི་ལང་ཕྱོགས་དེ་ནས་ཕྱི་བཤིག་མི་བརྒྱབ་པ་ཞིག་ཡོང༌། རང་རེའི་མདུན་དུ་མཚོན་དཔེ་བཟང་ཤོས་ཤིག་རྒྱ་གར་རང་བཙན་གྱི་རྩོད་ལེན་སྐབས་རྒྱ་གར་མང་ཚོགས་ཀྱི་དབུ་ཁྲིད་གནང་མཁན་བདག་ཉིད་ཆེན་པོ་གཱཾདྷཱི་དང༌། སུབྷཱཥཅནྡ྄རབོས་གཉིས་ཡོད། ཁོང་གཉིས་རྒྱ་གར་རང་བཙན་བླང་རྒྱུའི་ཕུགས་དམིགས་གཅིག་གྱུར་ཡིན་པ་དང༌། དེའི་ཆེད་དུ་རང་གི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་བཏང་བྱེད་རྒྱུའི་ཆོད་སེམས་གཅིག་གྱུར་ཡོད་པ། སྒེར་གྱི་ཆ་ནས་ཕན་ཚུན་མཛའ་མཐུན་གྱི་གྲོགས་པོ་ཡང་ཡིན་མོད། ཆབ་སྲིད་ཀྱི་ལྟ་བ་མཐའ་གཅིག་ཏུ་མི་མཐུན་པ་ཡིན་པའི་དབང་གིས་དུས་རྒྱུན་རིང་པོའི་བར་རྒྱ་གར་རྒྱལ་ཡོངས་ཀོང་རེ་སིའི་ཚོགས་པའི་ནང་མཉམ་དུ་ཕྱག་ལས་གནང་མ་ཐུབ་པར་ཐ་དད་དུ་ཕེབས་དགོས་བྱུང་ཡོད། འོན་ཀྱང་དེ་ལ་བརྟེན་ནས་ཁོང་གཉིས་སྐུ་སྒེར་གྱི་མཛའ་བརྩེ་དང༌། གྲོགས་མཆེད་ཀྱི་གནས་སྟངས་ལ་ཉམ་ཆག་འགྲོ་མེད། བོད་མིའི་སྤྱི་ཚོགས་ནང་ཆབ་སྲིད་ཀྱི་ལྟ་བ་དམན་སྟབས་གང་ཟག་སྒེར་གཉིས་མཐུན་པོ་བྱུང་ན་ཁོང་གཉིས་ཀྱི་ཆབ་སྲིད་ཀྱི་ལང་ཕྱོགས་ཀྱང་གཅིག་གྱུར་དུ་འགྲོ་བ་དང༌། སྒེར་གཉིས་མ་འཆམ་པར་གྱུར་ཚེ་ཆབ་སྲིད་ཀྱི་ལང་ཕྱོགས་ཀྱང་མི་མཐུན་པར་འགྲོ་བ། མདོ་དོན་གང་ཟག་ལ་ལྟོས་ཏེ་ཐག་གཅོད་བྱེད་པ་མ་གཏོགས། ལྟ་གྲུབ་ལ་ལྟོས་ཏེ་ཐག་གཅོད་མི་བྱེད་པ་དེ་བོད་མིའི་སྐྱོན་ཆེ་ཤོས་དང༌། རང་རེའི་རང་དབང་འཐབ་རྩོད་ཀྱི་ལས་འགུལ་ཤུགས་ནུས་མི་ཐོན་པའི་རྒྱུ་རྐྱེན་ཆེ་ཤོས་ཤིག་ཡིན། ལྟ་བ་ལོག་པ་ཞིག་ཡོད་ནའང་ལྟ་བ་མེད་པ་ལས་དྲག ལྷག་བསམ་དང་སེམས་ཤུགས་ལ་སྐྱོན་མེད་པའི་བོད་མི་མང་པོས་སྒྲིག་འཛུགས་དང༌། སྤྱི་པའི་ལས་དོན་དུ་ཞུགས་སྐབས་ཆོས་སྲིད་གཉིས་ཀའི་ལྟ་བ་ཡང་དག་པ་ཞིག་མེད་པའི་དབང་གིས་ལས་དོན་ཐོག་ནོར་འཁྲུལ་ཆེན་པོ་བཏང་སྟེ། གདན་ས་གྲྭ་ཚང་ལྟ་བུ་ཡིན་ན་དགེ་འདུན་ཡོངས་རྫོགས་ཀྱི་འཚོ་བ་ལོག་འཚོར་བསྒྱུར་བ་སོགས་རང་ངོས་ནས་ལྷག་བསམ་དང་ཤ་ཞེན་ཡིན་ཁུལ་བྱས་ནའང་སྤྱི་པའི་སྒྲིག་འཛུགས་ལ་གནོད་སྐྱོན་ཆེན་པོ་གཏོང་བ་མང་པོ་ཡོང་བཞིན་པ་རང་རེའི་མཐོང་ཆོས་སུ་སྣང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོས་འཛམ་གླིང་གི་སྐྱེ་འགྲོ་ཡོངས་ལ་ཆོས་སྲིད་ཀྱི་ཡང་དག་པའི་ལྟ་བ་རྒྱ་ཆེ་ཞིང་གཏིང་ཟབ་པ་ལམ་སྟོན་མཛད་ཀྱི་ཡོད་ནའང༌། དེ་དག་ལ་ཞིབ་འཇུག་དང་ཉམས་ལེན་རྒྱུན་འཛིན་བྱེད་མཁན་བོད་མིའི་ཁྲོད་ཤིན་ཏུ་དཀོན། ཉེ་ཆར་རྒྱ་གར་གྱི་བུད་མེད་མཁས་དབང་གྲགས་ཅན་ཞིག་ྋགོང་ས་ྋསྐྱབས་མགོན་ཆེན་པོར་མཇལ་བཅར་ཞུ་སྐབས་ཁོ་བོའང་ལྷན་དུ་ཡོད་ཅིང༌། སྐབས་དེར་མོས་ྋགོང་ས་མཆོག་ལ་ྋསྐྱབས་མགོན་རྒྱལ་བའི་དབང་པོ་གང་ཉིད་ཀྱིས་ཆོས་དང༌། ཆབ་སྲིད། དཔལ་འབྱོར། སྤྱི་ཚོགས། ཁོར་ཡུག་བཅས་ཀྱི་ཐོག་རྒྱ་ཆེ་ལ་གཏིང་ཟབ་པའི་ལྟ་གྲུབ་ཀྱི་རྣམ་གཞག་མང་པོ་ཞིག་བཀའ་བསྩལ་ཡོད་ནའང༌། དེ་དག་ཡིག་ཐོག་ཏུ་བཀོད་རྒྱུ་དང༌། ལག་ལེན་དུ་བསྟར་རྒྱུ། མང་ཚོགས་ལ་ཁྱབ་བསྒྲགས་བྱེད་རྒྱུ་བཅས་ཀྱི་ལས་དོན་ཐོག་བོད་མི་ན་གཞོན་ཚོས་ཁུར་འགན་ལེན་གྱི་ཡོད་པ་ཞིག་མ་མཐོང༌། ྋགོང་ས་ཆེན་པོས་གསར་གཏོད་མཛད་པའི་ལྟ་གྲུབ་ལ་ཉམས་ཞིབ་བྱེད་མཁན་ཕལ་ཆེ་བ་ནུབ་ཕྱོགས་པའི་མི་རིགས་ཡིན་པ་ལྟ་བུ་འདུག་པས། མ་འོངས་པར་དུས་ཡུན་གང་ཙམ་ཞིག་ནས་ྋརྒྱལ་དབང་སྐུ་ཕྲེང་བཅུ་བཞི་པའི་ལྟ་གྲུབ་ཀྱི་སྐོར་ཤེས་འདོད་བྱུང་ན་ནུབ་ཕྱོགས་པའི་མི་ལ་འདྲི་དགོས་པ་ཞིག་ཡོང་སྲིད་པ་འདུག་པས། ད་ལྟ་དུས་ཚོད་ཧ་ཅང་མ་ཕྱིས་གོང་བོད་མི་ན་གཞོན་རྣམས་ལ་དམིགས་ཀྱིས་བཀར་ཏེ་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ལྟ་གྲུབ་ཀྱི་རྣམ་བཞག་དེ་དག་ཆེད་གཉེར་གྱི་སྦྱོང་བདར་སྤྲད་རྒྱུའི་འཆར་གཞི་ཞིག་བཀོད་ན་ལེགས་ཚུལ་ཞུས་སོང་བར། ྋགོང་ས་ཆེན་པོས་བཞད་མོ་དང་བཅས་ངའི་ལྟ་བ་འཛིན་མཁན་ཨ་ཕྲུག་འགའ་ཤས་གསོས་ཏེ་དེ་ལ་ངས་སྦྱོང་བདར་སྤྲད་པ་ཡིན་ན་རྒྱ་དམར་གྱིས་ན་གཞོན་ཚོར་ཀླད་པ་བཀྲུས་པ་དང་ཁྱད་པར་མེད་པ་ཞིག་མཐོང་སྲིད། བོད་མི་ན་གཞོན་ཚོས་རང་འགུལ་གྱི་ཐོག་ནས་ངའི་ལྟ་བ་ལ་དོ་སྣང་དང་སློབ་སྦྱོང་བྱེད་མཁན་བྱུང་ན་འགྲིག་རུང༌། ངས་ཁོ་ཚོར་འདི་སྦྱང་དགོས་ཞེས་བརྗོད་ན་མའོ་ཚེ་ཐུང་ང་གཉིས་ཁྱད་པར་མེད་པ་ཆགས་ཀྱི་རེད་ཅེས་སྐུ་རྩེད་དང་སྦྲགས་ནས་བཀའ་བསྩལ་སོང་བ་དེ་ནི་ངོས་རང་གི་བསམ་བློའི་ནང་བློ་ཕམ་དང་འཇིགས་སྣང་གཉིས་ཀ་སྐྱེ་བ་ཞིག་བྱུང༌། མོས་གང་ཞུས་པ་དེ་དངོས་ཡོད་གནས་ཚུལ་ཞིག་ཡིན་པ་མ་ཟད། ྋགོང་ས་མཆོག་གིས་བཀའ་ལན་གནང་བ་དེའང་འུ་ཐུག་ཐབས་ཟད་ཀྱི་དངོས་ཡོད་གནས་ཚུལ་ཞིག་ཡིན་སྟབས། འུ་ཅག་མི་རིགས་ཤིག་ཡིན་པའི་ཆ་ནས་ཧ་ཅང་ངོ་གནོངས་དགོས་པ་ཞིག་བྱུང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ཡང་དག་པའི་དབུ་ཁྲིད་ལམ་སྟོན་གྱི་འོག་བོད་མི་རྣམས་ཀྱིས་ཇི་ལྟར་རྗེས་སུ་ཞུགས་དགོས་པའི་ཚུལ་མ་ཤེས་པར་བོད་མི་ཕལ་མོ་ཆེ་དམའ་རིམ་འཛིན་གྲྭའི་སློབ་དེབ་ཏུ་བྲིས་པའི་ཚིག་བརྗོད་ ༼ྋགོང་ས་ྋསྐྱབས་མགོན་ཆེན་པོ་ནི་བོད་མི་རྣམས་ཀྱི་ལྟ་བའི་མིག་དང་ཁོག་པའི་སྙིང་ལྟ་བུ་ཡིན།༽ ཞེས་པ་དེ་ཡང་ཡང་སྐྱོར་ནའང་དངོས་དོན་མི་ཚེའི་འཚོ་བའི་ནང་ྋགོང་ས་ཆེན་པོའི་བཀའ་སློབ་དེ་དག་འབྲེལ་བ་མེད་པ་ཞིག་དང༌། ཕན་ནུས་མེད་པ་ཞིག་གྱུར་པ་དེ་ཆེས་ཡ་ང་བའི་གནས་ཚུལ་ཞིག་ཡིན་པར་སྙམ། ལས་ཀྱི་སྣེ་མོར་གཏོགས་པ་ཚོར་མཚོན་ནའང་ྋགོང་ས་མཆོག་གི་མདུན་དུ་ཕྱག་འཚལ་བ་དང༌། མིག་ཆུ་གཏོང་བ་སོགས་ཕྱི་སྤྱོད་འདྲ་ཆགས་པོ་མང་པོ་བྱེད་རྒྱུ་ཡོད་ནའང༌། དངོས་སུ་ལས་དོན་གྱི་ཐོག་ྋགོང་ས་མཆོག་གི་བཀའ་དགོངས་དང་རང་གི་ཆོལ་ཁ་ཆོས་ལུགས། ཡང་ན་དགའ་ཉེའི་ཕྱོགས་གཏོགས་སོགས་ཀྱི་ལྟར་སྣང་ཁེ་ཕན་གཉིས་གདམ་ག་བརྒྱབ་དགོས་བྱུང་སྐབས། གོང་སྨོས་དེ་དག་གིས་ལྟར་སྣང་ཁེ་ཕན་འདེམས་རྐྱང་བྱས་པ་ལས། ྋགོང་ས་ཆེན་པོའི་བཀའ་དགོངས་འདེམས་མཁན་ཧ་ཅང་དཀོན། དེ་འདྲ་ཡོང་དོན་ཡང་ཆོས་དང་ཆབ་སྲིད་ཀྱི་ལྟ་བ་ཡང་དག་པ་ཞིག་མེད་པའི་དབང་གིས་ཡིན་པ་ལས། ཡང་དག་པའི་ལྟ་བ་ཞིག་ཡོད་ན་ྋགོང་ས་ཆེན་པོའི་བཀའ་དགོངས་རང་གི་བསམ་ཚུལ་དང་མི་མཐུན་པའམ། ལག་ལེན་བསྟར་མི་ཐུབ་པ་ཞིག་བྱུང་ན། དེ་དོན་འཛེམས་ཟོན་མེད་པར་ྋགོང་ས་མཆོག་ལ་གསལ་བཤད་ཞུ་ནུས་པ་ཞིག་ཡོང་ངེས། དེ་ལྟར་ཞུ་ན་ྋགོང་ས་མཆོག་གི་བཀའ་མ་འགྲུབ་པ་ཡིན་ནའང༌། མང་གཙོའི་ལམ་སྲོལ་གྱི་ནང་མི་འོས་པ་ག་ནས་ཡིན། གསུང་རབ་ལས་ཀྱང༌། ༼རིགས་པ་ཡིས་ནི་མི་ནུས་པ།། མི་ནུས་དེ་ལ་ཚིག་གིས་སྦྱང།།༽༣༠ ཞེས་གསུངས་ཡོད། རང་གི་བླ་མ་དང་དབུ་ཁྲིད་རྒྱུནགྱིས་དབུ་བསྐོར་བ་ལས་བདེན་པ་ཐད་ཞུས་བྱེད་པ་ཉེས་པ་ཆུང་ཞིང་འོས་བབས་ཆེ། ཁ་ནས་ྋགོང་ས་མཆོག་གི་ཅི་གསུངས་བཀའ་སྒྲུབ་ཞུ་དགོས་མ་ཎི་བཞིན་འདོན་བཞིན་དུ་ལས་དོན་ལག་ལེན་བཀའ་དགོངས་དང་མི་མཐུན་པ་བྱེད་མཁན་དེ་དག་ནི་ཧ་ཅང་ཐ་ཆད་ཡིན། ྋགོང་ས་ཆེན་པོའི་བཀའ་ལ་མི་བརྩི་བའི་བོད་མི་རེ་ཟུང་ཡོད་པ་དེ་དག་མཚུངས་བསྡུར་གྱིས་བརྟག་ན། འགའ་ཤས་ྋགོང་ས་མཆོག་ལ་སྙིང་ནས་དད་པ་ཡོད་ཀྱང༌། ཁོང་གིས་གང་གསུངས་ཐམས་ཅད་ཅི་གསུངས་བཀའ་སྒྲུབ་ཞུ་ཐུབ་ཀྱི་མི་འདུག་ཅེས་བརྗོད་མཁན་ཡོད། དེ་ཚོ་དྲང་པོ་རེད། དེ་ལ་ྋགོང་ས་མཆོག་གིས་ཐུགས་མི་དགྱེས་པ་མེད་པ་མ་ཟད། དགོངས་བཞེས་གནང་གི་ཡོད། ཡང་བསོད་ནམས་དམན་པ་ཉུང་ཤས་ཤིག་ྋགོང་ས་མཆོག་ལ་དད་མོས་དང་གུས་བརྩི་མེད་ཅིང༌། ཁོང་གིས་གསུངས་པ་ལའང་མོས་མཐུན་མེད་ཅེས་བརྗོད་མཁན་དེ་ཚོའང་རང་ཉིད་ལས་བསོད་དམན་པ་མ་གཏོགས། དྲང་བདེན་དང་སྨྲ་བརྗོད་ཀྱི་རང་དབང་ལ་བེད་སྤྱོད་བྱས་པ་ཞིག་ཡིན་པས་གཡོ་སྒྱུ་དང་ཁྲིམས་འགལ་གང་ཡང་མིན། ཡང་དག་པའི་ལྟ་བ་ཞིག་མེད་ཀྱང་ལོག་པའི་ལྟ་བ་ཞིག་ཡོད་པ་མཚོན་པ་རེད། དེ་ལྟ་མ་ཡིན་པར་རྒྱབ་མདུན་ངོ་ལྐོག་གིས་ྋགོང་ས་ཆེན་པོའི་གཟིགས་གདོང་དུ་སྨིན་མ་ཟིང་ཟིང༌། ཐལ་མོ་བཏུད་བཏུད། མིག་ཆུ་འཁྲུག་འཁྲུག་བྱེད་ཅིང༌། རྒྱུན་དུ་རྒྱལ་བ་རིན་པོ་ཆེའི་བཀའ་དགོངས་ཞེས་མ་ཎི་ལྟར་བགྲང་བཞིན་དུ་ལས་དོན་ཕལ་ཆེར་བཀའ་དགོངས་དང་མི་མཐུན་པར་ལག་བསྟར་བྱེད་མཁན་དེ་རིགས་ནི་ཤིན་ཏུ་ཐ་ཆད་ཡིན་པ་མ་ཟད། ཆབ་སྲིད་ཀྱི་ཡང་དག་པའི་ལྟ་བ་ལྟ་ཞོག ལོག་པའི་ལྟ་བ་ཞིག་ཀྱང་མེད་པར་གསལ།

 

དེ་ལྟར་དུས་དང་མཐུན་པའི་ཆོས་སྲིད་ཀྱི་ཡང་དག་པའི་ལྟ་བ་དེ་བོད་མིའི་སྤྱི་ཚོགས་སུ་ཧ་ཅང་མཁོ་གལ་ཆེ་བ་གོང་དུ་བརྗོད་པ་ལྟར་དང༌། དེའང་གཙུག་ལག་སློབ་གཉེར་ཁང་ཁག་ནས་སྤེལ་དགོས། གཙུག་ལག་སློབ་ཁང་རྣམས་སུ་མཁས་པ་དང་དཔེ་དེབ་སྣ་ཚོགས་འཛོམས་པ་མ་ཟད། བགྲོ་གླེང་དང་ཉམས་ཞིབ་ཀྱི་མཐུན་རྐྱེན་འཛོམས་པས་ཆབ་སྲིད་ཀྱི་ལྟ་བ་སྤེལ་བའི་བསྟི་གནས་ཤིག་ཏུ་བརྩི་ཞིང༌། རྒྱ་གར་རང་བཙན་རྩོད་ལེན་བྱེད་པའི་སྐབས་སུའང་ཀཱཤཱིབིདྷ྄ཡཱཔིའཋ་དང༌། གུཇརཱཏབིདྷ྄ཡཱཔིའཋ་སོགས་གཙུག་ལག་སློབ་ཁང་ཁ་ཤས་བཙུགས་ཏེ་དེ་དག་གི་ནང་གོང་མའི་དབང་སྒྱུར་རིང་ལུགས་དང་མི་མཐུན་པར་ཡུལ་གྱི་རང་བཙན་དང་མང་གཙོའི་ལམ་སྲོལ་སོགས་ཀྱིས་མཚོན་པའི་ཆབ་སྲིད་དང་དཔལ་འབྱོར་གྱི་ལྟ་གྲུབ་སྤེལ་བ་དང༌། རང་བཙན་རྩོད་ལེན་དུ་ཞུགས་མཁན་གྱི་འགོ་ཁྲིད་མང་པོ་བསྐྲུན་ཡོད། རྒྱ་གར་རང་བཙན་བྱུང་རྗེས་བཙུགས་པའི་དིལླཱིའི་ཇབཱཧརལཱལནེཧརཱུ་གཙུག་ལག་སློབ་ཁང་ (Jawaharlal Nehru University) དེའང་སྲིད་དོན་དང་སྤྱི་ཚོགས་ཀྱི་ཚན་རིག་གཙོ་འདོན་བྱེད་ཅིང༌། ཆབ་སྲིད་ཀྱི་བགྲོ་གླེང་སྣ་ཚོགས་ཡོང་གི་ཡོད་པ་དང༌། གཙུག་ལག་སློབ་ཁང་དེའི་ནང་བྱུང་བའི་བསམ་ཚུལ་གྱི་རླུང་གི་འགྲོ་ཕྱོགས་དེ་རྒྱ་གར་གཞུང་དང༌། ལྷག་པར་རྒྱ་གར་གྱི་ཕྱི་འབྲེལ་སྲིད་བྱུས་ཐོག་ཕན་ནུས་འདྲེས་པ་ཡོང་བཞིན་པ་ཀུན་གྱིས་མཐོང་གསལ་དུ་ཡོད། ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་ཁང་འདི་སྤྱིར་བོད་མི་མང་ཚོགས་གནས་ཡུལ་གྱི་གཞིས་ཆགས་ཁག་ནས་ས་ཐག་རིང་བ་དང༌། ལྷག་པར་ད་ཡོད་ཀྱི་སློབ་དཔོན་རྣམ་པ་ནི་ང་དང་ང་འདྲ་བ་དང༌། སློབ་གཉེར་བ་ནི་ཁྱེད་རྣམ་པ་ཚོ་ལྟ་བུ་ཡིན་པས། དེ་ཚོའི་ཁ་སྟབས་ཀྱི་དབང་གིས་བོད་མིའི་བསམ་སྤྱོད་དང་ཆབ་སྲིད་ཀྱི་ལྟ་བའི་ཐོག་གཡོ་འགུལ་ཐེབས་པ་ཞིག་བྱུང་མེད། དངོས་དོན་དུ་བོད་མིའི་སྤྱི་ཚོགས་ནང་ཆབ་སྲིད་ཀྱི་བསམ་བློའི་གཡོ་འགུལ་དེ་མཐོ་སློབ་འདི་ནས་གཏོང་དགོས་པ་ཞིག་དང༌། དུས་དང་མཐུན་པའི་ཆོས་སྲིད་ཀྱི་ཡང་དག་པའི་ལྟ་བ་འདི་ནས་སྤེལ་ཐུབ་པ་ཞིག་དགོས།

 

དེ་ནས་གནའ་བོའི་རྣམ་དག་སྲོལ་སྐྱོང་ཞེས་པའང་གནའ་སྲོལ་ཡོད་ཚད་རྣམ་དག་ཡིན་པའི་ངེས་པ་མེད་པས། སྤྱིར་འགྲོ་བ་མི་རིགས་དང༌། སྒོས་བོད་མིའི་དགོས་མཁོ་ལ་ཕན་ཐོགས་མེད་པའི་གནའ་སྲོལ་རྣམས་རྒྱུན་སྐྱོང་བྱེད་མི་དགོས། བོད་ཀྱི་ས་ཁད་མཐོ་བའི་འབྲོག་སྡེ་འགའ་ཤས་ཀྱི་ནང་མི་ཚེ་ཧྲིལ་པོ་གཟུགས་པོ་མ་བཀྲུས་པའི་སྲོལ་ཡང་ཡོད་པ་དེ་དག་རྒྱུན་སྐྱོང་ཐུབ་ཐབས་ཀྱང་མེད་ཅིང་དགོས་མཁོའང་མེད། འཇིག་རྟེན་མི་རིགས་སྤྱི་ཡོངས་ལ་ཕན་ཐོགས་ཡོད་པའི་བོད་ཀྱི་གནའ་བོའི་ལམ་སྲོལ་དང༌། ཆོས་མཐུན་གྱི་ལེགས་བྱང༌། ནང་དོན་རིག་པའི་གཞུང་ལུགས་རྣམས་འཇིག་རྟེན་སྤྱིའི་ཕན་བདེ་བསྒྲུབ་སླད་ཉམ་མེད་རྒྱུན་སྐྱོང་བྱ་རྒྱུ་དེ་བོད་མི་ཡོངས་ཀྱིས་འཇིག་རྟེན་སྤྱི་ཡོངས་ཀྱི་ཆེད་དུ་འཁྱེར་དགོས་པའི་སྐྱེ་བས་ཐོབ་པའི་ལས་འགན་ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་དབྱིན་སྐད་དུ་ Universal Responsibility ཞེས་གསུངས་པ་དེ་ཡིན་པས། རང་ཅག་རྣམས་ཀྱིས་ངེས་པར་དུ་བསྒྲུབ་དགོས། དེ་ལ་བརྟེན་ནས་བོད་ལྗོངས་རང་དབང་སླར་གསོའི་དཔལ་ཡོན་ཡོང་དུ་རེ་བས་དེ་ལྟ་བུའི་གཙུག་ལག་ཁང་ཆེན་པོ་རྒྱལ་བར་གྱུར་ཅིག་ཅེས་སྨོན་པའོ།།

 

དེའི་རྗེས་སུ་རྣམ་པར་རྒྱལ་ཞེས་པའི་ཚིག་ལན་ལྔ་བསྐྱར་ལྡབ་ཏུ་བྱེད་པ་ནི་སྨོན་ཚིག་དེ་ཉིད་ནན་ཏན་དུ་མནན་པ་དང༌། དེ་དང་ཆབས་ཅིག་གླུ་དབྱངས་ཀྱི་འགྱུར་ཁུགས་དང་རོལ་ཆའི་སྒྲ་གདངས་སྙན་པོ་ཡོང་ཆེད་དང༌། གླུའི་ཡན་ལག་ཚང་བའི་ཆེད་དུ་སྦྱར་བའོ།། དེ་ལྟ་བུའི་སྙན་འཇེབས་བྱིན་རླབས་དང་ལྡན་པའི་རིགས་ཀྱི་གླུ་དབྱངས་འདིའི་མཛད་བྱང་ནི། ཅེས་པ་འདི་བཞིན། ཝཱ་ཎ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་ནས་རིགས་ཀྱི་གླུ་དབྱངས་འདི་འདྲ་ཞིག་དགོས་ཞེས་བསྐུལ་ངོར། ཏཱ་ལའི་བླ་མའི་སྐྱེ་ཕྲེང་བཅུ་བཞི་པར་འབོད་པས། རབ་བྱུང་བཅུ་བདུན་པའི་ས་འབྲུག་ཟླ་ ༩ ཚེས་ ༢༤ ཕྱི་ལོ་ ༡༩༨༨ ཟླ་ ༡༡ ཚེས་ ༢ ཉིན་སྤེལ་བ་དགེ། ཞེས་པ་གཙུག་ལག་སློབ་གཉེར་ཁང་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན་ྋགོང་ས་ྋསྐྱབས་མགོན་ཆེན་པོས་ཐུགས་དགྱེས་བརྩེའི་ངང་ནས་ལྗགས་རྩོམ་མཛད་པའི་མཛད་བྱང་སྟེ་གོ་སླའོ།། སྤྱིར་གླུ་གཞས་ལ་སོགས་པ་བལྟ་བྱ་དང་མཉན་བྱའི་སྙན་ངག་གི་རིགས་ཐམས་ཅད་ནི་ཉན་པ་པོའི་རྒྱུད་ལ་ཉམས་འགྱུར་གྱི་ཚོར་བ་སྤེལ་བའི་ཆེད་ཡིན་པ་དང༌། ལྷག་པར་རྒྱལ་གླུ་དང་རིགས་ཀྱི་གླུ་ཞེས་པ་འདི་རིགས་རྒྱལ་ཁབ་བམ་རིགས་ཁྱད་པར་བ་ཞིག་ལ་དམིགས་བཀར་གྱིས་བརྩམས་པས་དེའི་ཁྱད་ཆོས་དང༌། དམིགས་ཡུལ། ལས་འགན་སོགས་བརྗོད་དེ་རྒྱལ་ཞེན་དང་རིགས་ཞེན་ཤུགས་ཆེ་སྤེལ་ཐབས་དང༌། དེ་དག་མི་ཉམས་པར་ཡང་ཡང་དྲན་གསོ་བྱེད་ཐབས། རྒྱལ་ཁབ་དང་རིགས་ཀྱི་གཟི་བརྗིད་དང་དཔལ་ཡོན་གྱི་ཡན་ལག དེའི་ཆེ་མཐོང་ལ་སྲུང་སྐྱོབ་བྱ་རྒྱུ་བཅས་ཀྱི་ཆེད་དུ་ཡིན། ཆེ་མཐོང་ཞེས་པ་ང་རྒྱལ་དང༌། ཤ་ཞེན་ཞེས་པ་འདོད་སྲེད་ཀྱི་དོན་མ་ཡིན་པར། ཡོན་ཏན་དང་དགེ་མཚན་གང་ཡོད་པ་དེ་རྩིས་མེད་སྣང་ཆུང་དུ་མི་གཏོང་བ་ཆེ་མཐོང་གི་དོན་དང༌། ཡང་དག་པའི་དོན་གནད་ཅིག་ལ་དྭང་བ་དང་ཡིད་ཆེས་མངོན་འདོད་ཀྱི་བློ་སྤེལ་བ་སྐབས་འདིའི་ཤ་ཞེན་ཞེས་པའི་དོན་ཡིན། དེ་འདྲ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་སངས་རྒྱས་ཀྱི་རིགས་ལ་ཆེ་མཐོང་དང་ཤ་ཞེན་མཛད་དེ། རིགས་དེའི་ཆེ་མཐོང་དང་མི་མཐུན་པའི་ལས་ལ་མི་འཇུག་པའི་དམ་བཅའ་མཛད་པ་སྔར་དྲངས་ཟིན་པའི་སྤྱོད་འཇུག་གི་ལུང༌། ༼དེ་རིང་སངས་རྒྱས་རིགས་སུ་སྐྱེས།། སངས་རྒྱས་སྲས་སུ་བདག་དེང་གྱུར།། ད་ནི་བདག་གིས་ཅི་ནས་ཀྱང༌།། རིགས་དང་མཐུན་པའི་ལས་བརྩམས་ཏེ།། སྐྱོན་མེད་བཙུན་པའི་རིགས་འདི་ལ།། རྙོག་པར་མི་འགྱུར་དེ་ལྟར་བྱ།།༽༣༡ ཞེས་གསུངས་པ་ལྟར་རིགས་ཀྱི་ཤ་ཞེན་གྱི་ཐོག་ནས་རིགས་ཀྱི་ཆེ་མཐོང་ལ་གནོད་སྐྱོན་མི་གཏོང་བའི་དམ་བཅའ་ཡང་ཡང་དྲན་བསྐུལ་བྱེད་པའི་ཆེད་དུ་རིགས་ཀྱི་གླུ་བླངས་པ་ཡིན་པས། རིགས་གླུ་འདིའི་གདངས་ཐོས་པ་ཙམ་གྱིས་རང་ཉིད་སློབ་གྲྭ་འདིའི་རིགས་ཡིན་པ་དྲན་པ་དང༌། འདིའི་རིགས་དང་མི་མཐུན་པའི་ལས་མི་བྱེད་པ་དང༌། རིགས་དང་མཐུན་པའི་ལས་བྱེད་རྒྱུའི་ཡིད་ལ་ཚོར་སྣང་ཐོན་པ་ཞིག་བྱེད་ན་རིགས་གླུ་ལེན་པའི་དགོས་དོན་ཚང་བ་ཡིན།

 

རིགས་ཀྱི་གླུ་འདིའི་གདངས་ནི་བོད་ནས་གླུ་གཞས་དང་རོལ་དབྱངས་ཀྱི་ཐོག་རིག་གཅིག་རྐང་འཛིན་གྱི་ཆེད་སྦྱོང་ཐོན་པའི་ཨ་མདོ་བ་སྐུ་ཞབས་གཅོད་པ་ཐར་གཙུག་ལག་སློབ་ཁང་ནས་ཆེད་མངགས་གདན་ཞུས་ཀྱིས་མཐོ་སློབ་འདིའི་དགོས་མཁོ་དང་འཚམས་ཤིང༌། གླུའི་བརྗོད་དོན་དང་མཐུན་པའི་གདངས་འཇམ་སྙན་བརྗིད་གསུམ་དང་ལྡན་པ་ཞིག་བརྩམ་རྒྱུའི་བསྐུལ་མ་ཞུས་པ་ལྟར། ཁོང་གིས་སྐུ་ངལ་འཛེམས་མེད་ཀྱིས་གདངས་འདི་དང༌། དེའི་དབྱངས་དཔེ་བཅས་ལྗགས་རྩོམ་མཛད། དེང་སྐབས་བོད་ནང་རྒྱ་དམར་གྱི་གཉའ་ནོན་ལ་བརྟེན་ནས་བོད་གཞས་མང་པོའི་གདངས་ཀྱི་འགྱུར་ཁུགས་ནང་རྒྱ་ནག་གི་གདངས་ཀྱི་ཤུགས་གནོན་དངོས་གསལ་དོད་པོ་དང༌། དངོས་གསལ་དོད་པོ་མེད་པ་ཅི་རིགས་ཀྱི་ཤན་ཤུགས་འདུག་སྟབས། རིགས་གླུའི་གདངས་སུ་དེ་འདྲའི་ཤན་ཤུགས་རྩ་བ་ནས་མེད་པ། བོད་ཀྱི་གནའ་བོའི་གདངས་ཀྱི་འགྱུར་ཁུགས་དང་མཚུངས་པ་ཞིག་དང༌། ཉེ་རིང་གང་ནས་ཉན་རུང་ཉན་པ་པོའི་སེམས་ལ་འཚེ་བ་མེད་པའི་ཞི་བའི་ཉམས་ཐོན་པ་དང་ཆབས་ཅིག་སྙིང་སྟོབས་དང་ལྷག་བསམ་གྱི་ཆོད་སེམས་འགྱུར་བ་མེད་པ་དང༌། ཞུམ་པ་མེད་པའང་མཚོན་ནུས་པ་ཞིག་ཡོང་ཐབས་བྱས་ཡོད། རིགས་ཀྱི་གླུ་དབྱངས་འདི་ཐོག་མའི་སྒོ་འབྱེད་ལྟ་བུར་ྋགོང་ས་ྋསྐྱབས་མགོན་ཆེན་པོར་གཟེངས་བསྟོད་ཀྱི་མཚན་རྟགས་འབུལ་ཆེད་དམིགས་བསལ་བསླབ་པ་མཐར་སོན་གྱི་དགའ་སྟོན་གྱི་སྐབས་བཏང་བ་ཡིན་ཞིང༌། སྐབས་དེར་དགའ་སྟོན་དུ་འདུས་པའི་ཌོག་ཊར་དཡཱལཤརཎབརྨཱ་ (Dr. Dayalsharan Verma) དང་གཞན་དག་རེ་ཟུང་གིས་ཀྱང་རིགས་གླུ་དེ་བོད་སྐད་དུ་ཡོད་པས་ཚིག་གོ་མ་ཐུབ་ཀྱང་སྒྲ་གདངས་ཀྱིས་སློབ་གཉེར་བ་ཚོའི་ཆོད་སེམས་ (Determination) བརྟན་པོ་ཡོད་པའི་རྣམ་འགྱུར་གསལ་པོ་མཚོན་ཐུབ་པ་ཞིག་འདུག་ཅེས་འགྲེལ་བརྗོད་གནང་སོང༌། འོན་ཀྱང་དེང་སང་སློབ་གཉེར་བ་ཚོས་གཏོང་བཞིན་པའི་གདངས་དེ་ཐོག་མར་བརྩམས་པའི་གདངས་དང་ཕྲན་བུ་མི་འདྲ་བར་ཉམས་གུད་ཕྱིན་འདུག་མོད། དེ་ནི་སྤྱིར་འདུས་བྱས་ཐམས་ཅད་དང༌། བྱེ་བྲག་གླུ་གཞས་ཀྱི་རང་བཞིན་ལ་ཡོང་ངེས་པའི་འགྱུར་བ་ཞིག་ཡིན་པས་བཟློག་པར་མི་ནུས།

 

རིགས་གླུ་དང་མཉམ་དུ་གཏོང་རྒྱུའི་རོལ་ཆའི་གྲས་གླིང་བུ་དང༌། བོད་ལུགས་ཀྱི་སྒྲ་སྙན། བོད་རྔ༌། སིལ་སྙན་བཅས་མ་གཏོགས་གཞན་དག་མེད། བོད་རྔ་ཚད་ལྡན་ཞིག་རྙེད་དཀའ་བས་སྐབས་མང་པོར་དེང་དུས་ཀྱི་རག་རྔ་བོད་རྔའི་རྡུང་སྟངས་ལྟར་བེད་སྤྱོད་བྱེད་དགོས་པའང་ཡོང་བཞིན་སྣང༌། རོལ་ཆའང་བོད་ཀྱི་གནའ་སྲོལ་དུ་ཡོད་པ་ཞིག་མ་གཏོགས། དེང་རབས་ཀྱི་བརྡུང་རྒྱུ་ཡོད་ཚད་དང་འབུད་རྒྱུ་ཡོད་ཚད་བླངས་ཏེ་ཤར་ནུབ་ཚང་མ་མཉམ་བསྲེ་བྱས་ན་དགོས་ཕན་ཅིའང་མེད། དེར་བརྟེན་མཐོ་སློབ་འདིའི་སློབ་གཉེར་བ་རྣམས་ཀྱིས་རིགས་གླུ་འདི་ནམ་གཏོང་གི་སྐབས་ཚིག་དོན་དྲན་ཏེ་ཡིད་འགུལ་ཐེབས་པ་བྱེད་རྒྱུ་དང༌། ལྷག་བསམ་དང་ཆོད་སེམས་བསྐྱར་ལྡབ་རེ་ངེས་པར་དུ་བྱེད་དགོས་པ་མ་ཟད། གདངས་དང་རོལ་ཆ་སོགས་ཐོག་མར་གཏན་འབེབས་བྱས་པའི་སྲོལ་རྒྱུན་དེ་རང་ཉམ་པ་མེད་པར་རྒྱུན་སྐྱོང་ཐུབ་ཐབས་མཛད་རྒྱུ་གལ་ཆེ་བ་ཡིན་ནོ།། དེ་ལྟར་ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ཆེན་པོའི་རིགས་ཀྱི་གླུ་ཤ྄ལོཀ་བརྒྱད་ཀྱི་བདག་ཉིད་ཅན་དེའི་ཚིག་དོན་རགས་པ་ཙམ་འཕྲོས་དོན་ཅུང་ཟད་དང་བཅས་ཏེ་ཞུས་ཟིན་ཏོ།། ཞེས་ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ཆེན་པོའི་རིགས་ཀྱི་གླུ་དབྱངས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་ལྗགས་རྩོམ་མཛད་པ་དེའི་ཚིག་དོན་གྱི་འགྲེལ་བཤད་ཅིག་བྱེད་དགོས་ཞེས་སྐབས་དེ་དུས་སློབ་ཁང་གི་སློབ་གཉེར་བའི་བདེ་དོན་ལྷན་ཚོགས་ཀྱིས་ཇི་ལྟར་བསྐུལ་མ་མཛད་པ་བཞིན་སྐབས་དེའི་ངེས་སྟོན་པའི་མིང་འཛིན་ཟམ་གདོང་པ་བློ་བཟང་བསྟན་འཛིན་གྱིས་དབུ་མ་འོག་མ་ལོ་རིམ་དང་པོའི་དཔྱིད་ཆོས་ཐུང་ངུའི་སྐབས་རྩ་བའི་སློབ་ཚན་གྱི་ཚུལ་དུ་རྩལ་བཤད་བྱས་པ་སློབ་གཉེར་ཁང་གི་དཔེ་མཛོད་ནས་སྒྲ་འཛིན་འཁོར་ཐག་ཏུ་བཅུག་འདུག་པ་དེ་དག་གཙུག་ལག་སློབ་ཁང་གི་བོད་སྐད་ཀྱི་སློབ་དཔོན་ཌོཀ་ཊར་བཀྲིས་ཚེ་རིང་མཆོག་གིས་སྐུ་ངལ་ཁྱད་བསད་ཀྱིས་དུས་ཚོད་མང་པོ་བཏང་སྟེ་སྒྲ་འཛིན་འཁོར་ཐག་ནས་ཡིག་ཐོག་ཏུ་ཕབ་བཤུས་ཀྱིས་ཀམ་པུ་ཀྲར་དུ་བཅུག་སྟེ་པར་བཏོན་དང་འབྲེལ་དེབ་གཟུགས་སུ་པར་འདེབས་བྱེད་ན་ཕན་ཐོགས་ཆེན་པོ་ཡོང་བ་འདུག་པས་ཞུ་དག་ཅིག་བྱོས་ཤིག་ཅེས་བསྐུལ་མ་བྱུང་བ་ལྟར་ཤོག་ལྷེ་འགའ་རེ་ཞུ་དག་བྱ་རྒྱུའི་འབད་བརྩོན་བྱས་རུང༌། ངག་ཐོག་ནས་ཕལ་སྐད་དུ་བཤད་པའི་གཏམ་རྙོག་རིང་པོ་ཞུ་དག་ཇི་ཙམ་བྱས་ཀྱང་པར་སྐྲུན་འོས་པའི་རྩོམ་ཡིག་ཅིག་ཏུ་ཡོང་རེ་བྲལ་ཞིང༌། ལར་ནས་རྒྱུན་ལྡན་ཁ་སྐད་ལྟར་བཤད་པའི་སྐད་ཆ་པར་སྐྲུན་མང་པོ་བྱེད་ན་བོད་ཀྱི་བརྡ་སྤྲོད་དང་སྐད་ཡིག་གི་རིག་གནས་ལ་ཕན་ཐོགས་མེད་ཁར། བོད་ཀྱི་སྔོན་སྲོལ་ཡིག་ཐོག་བརྗོད་བྱ་འགོད་སྟངས་ལ་ཉམ་ཆག་དང་འཆལ་སྐྱོན་ཡོང་གཞིར་འགྱུར་དུ་དྭོགས་པས། པར་སྐྲུན་མི་འོས་པ་མེད་ཙམ་གྱི་བརྗོད་ཚིག་བསྐྱར་བཅོས་བྱ་དགོས་སུ་མཐོང་སྟེ་བསྐྱར་འབྲི་བྱེད་འགོ་ཚུགས་ནའང་ཝཱ་ཎ་མཐོ་སློབ་ཀྱི་ངེས་སྟོན་པ་དང༌། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སོགས་མིང་གནས་མང་དག་དང་འབྲེལ་བའི་རྣམ་གཡེང་འདུ་འཛིའི་བྱ་བྲེལ་ཆུ་གཉེར་ལྟ་བུ་ཟད་མཐའ་མེད་པས་བར་བཅད་དེ་ཌོཀ་ཊར་བཀྲིས་ཚེ་རིང་དང༌། ཞི་འཚོ་དཔེ་མཛོད་ཁང་གི་དོ་དམ་པ་སློབ་དཔོན་བྱམས་པ་བསམ་གཏན། ཕྱི་ལོ་ ༡༩༩༩ ལོའི་བདེ་དོན་ཚོགས་གཙོ་ཆོས་རྒྱལ་བསྟན་འཛིན་བཅས་ནས་ལོ་དེར་ཁོ་བོའི་རང་ལོ་དྲུག་ཅུ་སོན་པའི་སྐྱེས་ཚེས་ཀྱི་དུས་སྟོན་བྱ་རྒྱུའི་གོང་པར་སྐྲུན་ཐུབ་རེས་ཡང་ཡང་བསྐུལ་འདེབས་ནན་ཏན་བྱུང་ཡང༌། ཁོང་ཚོའི་ཐུགས་འདོད་དང་མཐུན་པར་དུས་ཐོག་ཟིན་ཐབས་རྩ་བ་ནས་མ་བྱུང་ཁར། དེ་རྗེས་དེ་མུར་ནར་འགྱངས་སུ་ལུས་པ། འདི་ལོ་མཐོ་སློབ་ཀྱི་ངེས་སྟོན་པ་དང༌། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོའི་ལས་ཁུར་ཁྱུར་རྗེས་གཞུང་འབྲེལ་ལས་སྣེ་ཕལ་ཆེ་བ་ཅམ་བཞག་གིས་སླར་ཡང་གྲྭ་རྐྱང་འཁོས་ཆུང་གི་མི་ཚེ་བཟང་པོ་ཞིག་འགོ་འཛུགས་བྱ་རྒྱུའི་རེ་བ་དང༌། གཟུགས་གཞི་འཕྲོད་བསྟེན་བཅས་ཀྱི་སླད་འཕགས་ཡུལ་ལྷོ་ཕྱོགས་སྦེང་ལོར་གྲོང་ཁྱེར་གྱི་ཉེ་འདབས་ཧརིདབནམ྄་ (Haridvanam) ཁུལ་ཀྲྀཥ྄ཎམཱུརྟི་སློབ་སྦྱོང་གི་བསྟི་གནས་སུ་རེ་ཞིག་ལྷོད་སྡོད་བྱ་བའི་གོ་སྐབས་བྱུང་བ་ན་སྔར་གྱི་ལས་འཕྲོ་བསྐྱངས་ཏེ་སྒྲ་འཛིན་འཁོར་ཐག་ནས་ཕབ་བཤུས་བྱས་པའི་བརྗོད་དོན་རྣམས་ལ་བསྐྱར་བཅོས་མ་བྱས་པར་རང་བབ་སོར་བཞག་གིས་ཁ་སྐད་ཡིག་ཐོག་ཏུ་འབྲི་མི་འོས་པ་རྣམས་བསྐྱར་བཅོས་དང༌། ཟློས་སྐྱོན་ཡོད་པ་རྣམས་ཕྱིར་བསྡུ། གོ་རིམ་འཁྲུགས་པ་རྣམས་མཐར་ཆགས་སུ་བསྒྲིགས་པ་བཅས་བྱས་ཤིང༌། གཞུང་ལུགས་རྩོམ་སྲོལ་ལྟར་མཐའ་གཅིག་ཏུ་བརྡ་སྤྲོད་དང་བསྟུན་ཏེ་འབྲི་ན་མ་དཔེ་དང་ཧ་ཅང་མི་མཐུན་པར་འགྲོ་རྒྱུ་མ་ཟད། དེང་དུས་ཀྱི་གསར་བུ་བ་རྣམས་ལ་གོ་དཀའ་ཙམ་འགྱུར་བར་དྭོགས་ཏེ་བརྡ་སྤྲོད་དང་མི་མཐུན་པ་མེད་ཙམ་ཞིག་བྱུང་ཚེ་ཕལ་སྐད་ཀྱི་བརྗོད་བབ་རང་གཙོ་འདོན་བྱས་ཏེ། བོད་རབ་ལོ་ ༩༧༥ ནག་ཟླའི་དགའ་བ་གསུམ་པ། ཕྱི་ལོ་ ༢༠༠༡ ཟླ་ ༥ ཚེས་ ༣ ཉིན་ཅན་དན་དྲི་བསུང་ཐུལ་བའི་ནགས་ཀླུང་གི་སྤྱིལ་བུ་ཉམས་དགའ་བར་རྫོགས་པར་བྲིས་པ། ཡི་གེ་པ་ནི་བོད་ཀྱི་བརྡ་སྤྲོད་ལ་སྤོབས་པ་དགེ་བའི་ན་གཞོན་ཚེ་དང་ལྡན་པ་བསྟན་འཛིན་དོན་ཡོད་དོ།། འདིས་ཀྱང་བསིལ་ལྡན་གངས་རིའི་ལྗོངས་ཀྱི་རིག་པའི་གཞུང་ལུགས་ཉམས་མེད་དུ་གནས་པའི་ཆ་རྐྱེན་དུ་འགྱུར་བར་སྨོན་ནོ།། ཤུབྷམ྄། ཇཡནྟུ།། །།

 

མཆན་ཁག

༡ སྡེ་བསྟན། དབུ་མ། ལ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ། སློབ་དཔོན་ཞི་བ་ལྷ། ལེའུ་གསུམ་པ། ཤ྄ལོཀ་ ༢༥ ཤོག་གྲངས་ ༧བ༤

༢ སྡེ་བསྟན། དབུ་མ། ལ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ། སློབ་དཔོན་ཞི་བ་ལྷ། ལེའུ་གསུམ་པ། ཤ྄ལོཀ་ ༢༦ ཤོག་གྲངས་ ༧བ༤

༣ སྡེ་བསྟན། སྣ་ཚོགས། ངོ༌། ཤེས་རབ་བརྒྱ་པ། སློབ་དཔོན་ཀླུ་སྒྲུབ། ཤ྄ལོཀ་ ༥ ཤོག་གྲངས་ ༩༩བ༦

༤ སྡེ་བསྟན། སེམས་ཙམ། ཕི། མདོ་སྡེའི་རྒྱན། འཕགས་པ་བྱམས་པ། ལེའུ་བཅུ་དགུ་པ། ཤ྄ལོཀ་ ༣༢ ཤོག་གྲངས་ ༢༩བ༣

༥ སྡེ་བསྟན། སེམས་ཙམ། ཤི། རྣམ་བཤད་རིགས་པ། སློབ་དཔོན་དབྱིག་གཉེན། ལེའུ་ལྔ་པ། ཤོག་གྲངས་ ༡༢༣ན༢

༦ སྡེ་བཀའ། མདོ་སྡེ། ཁ། རྒྱ་ཆེར་རོལ་པ། ལེའུ་ ༢༥ ཤོག་གྲངས་ ༡༨༧བ༥ ལས་འདི་ལྟར། ༼ཟབ་ཞི་རྡུལ་བྲལ་འོད་གསལ་འདུས་མ་བྱས།། བདུད་རྩི་ཆོས་ནི་བདག་གིས་ཐོབ་པར་གྱུར།། བདག་གིས་བསྟན་ཀྱང་གཞན་གྱིས་མི་ཤེས་ཏེ།། མི་སྨྲར་ནགས་འདབས་གནས་པར་བྱ་བ་སྙམ།།༽ ཞེས་འབྱུང་ངོ༌།།

༧ སྡེ་བསྟན། མངོན་པ། ཀུ མངོན་པ་མཛོད། སློབ་དཔོན་དབྱིན་གཉེན། གནས་དྲུག་པ། ཤ྄ལོཀ་ ༥༤ ཤོག་གྲངས་ ༢༠བ༥

༨ དཔལ་སྤྲུལ་གསུང་འབུམ། པོད། ཆ། ཐོག་མཐའ་བར་གསུམ་དུ་དགེ་བའི་གཏམ་ལྟ་སྒོམ་སྤྱོད་གསུམ་ཉམས་ལེན་དམ་པའི་སྙིང་ནོར། དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ། Gangtok ༡༩༧༡ ཤོག་གྲངས་ ༡༩༦

༩ དབུ་མ་ཆོས་ཀྱི་དབྱིངས་རྣམ་པར་འབྱེད་པའི་རབ་ཏུ་བྱེད་པའི་འགྲེལ་པ་སྨྲ་བ་ངན་པའི་ཚང་ཚིང་འཇོམས་པར་བྱེད་པའི་བསྟན་བཅོས་གནམ་ལྕགས་མེ་ཆར། ༡༩༦༩།༧།༢༣ ཤོག་གྲངས་ ༢བ༢

༡༠ སྡེ་བཀའ། རྒྱུད། དཔལ་སྟོབས་པོ་ཆེའི་རྒྱུད་ཀྱི་རྒྱལ་པོ། ག ལེའུ་དང་པོ། ཤ྄ལོཀ་ ༡༦ ཤོག་གྲངས་ ༢༡༦བ༦ ལས་འདི་ལྟར། ༼བསྲེགས་བཅད་བདར་བའི་གསེར་བཞིན་དུ།། ཡོངས་སུ་བརྟགས་ནས་ང་ཡི་བཀའ།། བླང་བར་བྱ་ཡི་མོས་པ་འམ།། གཞན་གྱིས་མཁས་པ་འཇུག་མི་བྱ།།༽ ཞེས་འབྱུང་ངོ༌།།

༡༡ སྡེ་བསྟན། སེམས་ཙམ། ཕི། རྒྱུད་བླ་མ། འཕགས་པ་བྱམས་པ། སྐབས་ལྔ་པ། ཤ྄ལོཀ་ ༡༨ ཤོག་གྲངས་ ༧༢བ༥

༡༢ སྡེ་བསྟན། ཤེས་ཕྱིན། ཇ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཞེས་བྱ་བའི་འགྲེལ་པ། འགྲེལ་པ་དོན་གསལ། སློབ་དཔོན་སེངྒེ་བཟང་པོ། ཤོག་གྲངས་ ༡༤༠ན༢

༡༣ ལམ་རིམ་ཉམས་མགུར། རྗེ་ཙོང་ཁ་པ། དེབ་གཟུགས། དཔལ་དགེ་ལྡན་པའི་ལམ་རིམ་དང་སྙན་བརྒྱུད་ཀྱི་ཆོས་སྐོར། བོད་ཀྱི་གཙུག་ལག་གཅེས་བཏུས་པོད་ཕྲེང་ ༦ བོད་ཀྱི་གཙུག་ལག་ཞིབ་དཔྱོད་ཁང༌། ༢༠༠༥ ཤོག་གྲངས་ ༣།༨

༡༤ སྡེ་བཀའ། རྒྱུད་འབུམ། ན། འཕགས་པ་འཇམ་དཔལ་གྱི་རྩ་བའི་རྒྱུད། ལེའུ་ ༣༦ ཤོག་གྲངས་ ༣༠༨བ༦

༡༥ སྡེ་བཀའ། རྒྱུད་འབུམ། ན། འཕགས་པ་འཇམ་དཔལ་གྱི་རྩ་བའི་རྒྱུད། ལེའུ་ ༣༦ ཤོག་གྲངས་ ༣༠༩ན༡

༡༦ སྡེ་བསྟན། ཚད་མ། ཅེ། ཚད་མ་ཀུན་ལས་བཏུས་པ། སློབ་དཔོན་ཕྱོགས་གླང༌། ལེའུ་དང་པོ། ཤ྄ལོཀ་ ༡ ཤོག་གྲངས་ ༡ན༢

༡༧ སྡེ་བསྟན། ཤེས་ཕྱིན། ཇ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཞེས་བྱ་བའི་འགྲེལ་པ། འགྲེལ་པ་དོན་གསལ། སློབ་དཔོན་སེངྒེ་བཟང་པོ། ཤོག་གྲངས་ ༡༤༠ན༤

༡༨ ཐུའུ་བཀྭན་གྲུབ་མཐའ། ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ། དེབ་གཟུགས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང༌། ༡༩༨༢ ཤོག་གྲངས་ ༣༧༨།༡༥

༡༩ སྡེ་བསྟན། སེམས་ཙམ། ཕི། མདོ་སྡེའི་རྒྱན། འཕགས་པ་བྱམས་པ། ལེའུ་ ༡༢ ཤ྄ལོཀ་ ༦༠ ཤོག་གྲངས་ ༡༥བ༤

༢༠ སྡེ་བསྟན། སེམས་ཙམ། ཕི། མདོ་སྡེའི་རྒྱན། འཕགས་པ་བྱམས་པ། ལེའུ་ ༡༢ ཤ྄ལོཀ་ ༦༠ ཤོག་གྲངས་ ༡༥བ༤

༢༡ སྡེ་བསྟན། སེམས་ཙམ། མི། མདོ་སྡེ་རྒྱན་གྱི་འགྲེལ་བཤད། སློབ་དཔོན་བློ་གྲོས་བརྟན་པ།

ཤོག་གྲངས་ ༢༠༢བ༥

༢༢ སྡེ་བཀའ། མདོ་སྡེ། ས། ཆེད་དུ་བརྗོད་པའི་ཚོམས། སེམས་ཀྱི་ཚོམས། ཤོག་གྲངས་ ༢༤༤ན༡

༢༣ སྡེ་བསྟན། རྒྱུད། ཝ། དཔྱིད་ཀྱི་ཐིག་ལེའི་རྒྱ་ཆེར་འགྲེལ། སློབ་དཔོན་ནགས་ཀྱི་རིན་ཆེན། རྒྱས་པར་བསྟན་པ་དགུ་པ། ཤོག་གྲངས་ ༣༤༡ན༥

༢༤ སྡེ་བསྟན། རྒྱུད། ཝ། དཔྱིད་ཀྱི་ཐིག་ལེའི་རྒྱ་ཆེར་འགྲེལ། སློབ་དཔོན་ནགས་ཀྱི་རིན་ཆེན། རྒྱས་པར་བསྟན་པ་དགུ་པ། ཤོག་གྲངས་ ༣༤༡ན༣

༢༥ སྡེ་བཀའ། འདུལ་བ། ཏ། དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ། ཤོག་གྲངས་ ༣༡ན༡

ལེགས་པར་གསུངས་པའི་དམ་པའི་ཆོས་འདུལ་བའི་གླེང་གཞི་དང་རྟོགས་པ་བརྗོད་པ་ལུང་སྡེ་བཞི་ཀུན་ལས་བཏུས་པ་རིན་པོ་ཆེའི་མཛོད། འདུལ་བའི་གླེང་འབུམ་ཆེན་མོ། རྗེ་དགེ་འདུན་གྲུབ། དེབ་གཟུགས། ཝཱ་ཎ་མཐོ་སློབ་དགེ་ལྡན་སྤྱི་ལས་ཁང༌། ༢༠༠༡ ཤོག་གྲངས་ ༢༡།༡༥ ལས་འདི་ལྟར། ༼གསང་སྔགས་ཀྱི་རྒྱུད་དང༌། ཆོ་ག་ཞིབ་མོ་དང༌། གཏན་ཚིགས་རིག་པ་དང༌། རིག་བྱེད་དང༌། བརྡ་སྤྲོད་པ་དང༌། སྒྲ་ངེས་པར་སྦྱོར་བ་དང༌། ཤེས་གསལ་དང༌། ངེས་པའི་ཚིག་དང༌། སྡེབ་སྦྱོར་བསྡུས་པ་དང༌། སྐར་མའི་རིག་པ་དང༌། རྟོག་བྱེད་ཀྱི་རིག་པ་དང༌། ཆུར་ལྷུང་གི་རིག་པ་དང༌། ཆེར་སྤྱོད་ཀྱི་རིག་པ་དང༌། འཇིག་རྟེན་རྒྱང་འཕེན་པའི་རིག་པ་དང༌། བྱེ་བྲག་པའི་རིག་པ་དང༌། རྒྱུད་དྲུག་ཅུ་པ་དང༌། ཁྱུར་མིད་ཀྱི་རིག་པ་དང༌། གནས་འདུག་གི་རིག་པ།༽ ཞེས་འབྱུང་ངོ༌།།

༢༦ སྡེ་བསྟན། སྐྱེས་རབས། ཧུ། སྐྱེས་པའི་རབས་ཀྱི་རྒྱ་ཆེར་བཤད་པ། སློབ་དཔོན་ཆོས་ཀྱི་གྲགས་པ། སྐྱེས་རབས་དང་པོ། ཤོག་གྲངས་ ༡༣༩བ༢

༢༧ ཤེས་བྱ་ཀུན་ཁྱབ་མཛོད། ཀོང་སྤྲུལ། Dharma Publishing USA ༢༠༠༥ ཤོག་གྲངས་ ༤༨༡།༣

༢༨ མཁས་གྲུབ་རྗེའི་གསུང་འབུམ་ཉ་པ། རྒྱུད་སྡེ་སྤྱི་རྣམ། མཁས་གྲུབ་དགེ་ལེགས་དཔལ་བཟང༌། ཤོག་གྲངས་ ༢༡ན༦

༢༩ ཁ་ཆེ་ཕ་ལུ། བསླབ་བྱ་ལེའུ་གཉིས་པ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང༌། ༢༠༠༠ ཤོག་གྲངས་ ༥།༢

༣༠ སྡེ་བསྟན། རྒྱུད། ཚུ། བླ་མ་ལྔ་བཅུ་པ། སློབ་དཔོན་རྟ་དབྱངས། ཤོག་གྲངས་ ༡༡ན༡

༣༡ སྡེ་བསྟན། དབུ་མ། ལ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ། སློབ་དཔོན་ཞི་བ་ལྷ། ལེའུ་གསུམ་པ། ཤ྄ལོཀ་ ༢༥ ཤོག་གྲངས་ ༧བ༤