ྋགོང་ས་མཆོག་ལ་མཇལ་བཅར་སྐབས་ལུས་བཤེར་དང་འབྲེལ་བའི་གྲོས་ཆོད་གྲོས་འཆར་ཞིག་ཐོག་གསལ་བཤད།

ད་ལྟ་གྲོས་འཆར་འདིའི་ཐོག་སྤྱི་འཐུས་རྣམ་པ་མང་པོ་ཞིག་གིས་དགོངས་པ་གཏིང་ཟབ་བཞེས་ནས། གྲོས་འཆར་དང༌། བཟོ་བཅོས་གྲོས་འཆར། བཟོ་བཅོས་གྲོས་འཆར་གྱི་ཐོག་བཟོ་བཅོས་གྲོས་འཆར། དེ་ལ་དགག་བྱ་དང་རྒྱབ་སྐྱོར་སོགས་ཀྱི་རིམ་པ་མང་པོ་བྱུང་སོང༌།འདིའི་ཐོག་གྲལ་རིམ་གྱི་དབྱེ་བ་ཕྱེ་མ་ཕྱེ་ཇི་ལྟར་ཡང་རུང༌། ངས་གསལ་བཤད་ཞུ་རྒྱུ་ནི། དཔེར་ན་བཀའ་བློན་རྣམ་པ་ལ་ཆ་མཚོན་ན་བཀའ་བློན་སོ་སོའི་ངོས་ནས་ལུས་བཤེར་བྱ་རྒྱུར་དགག་བྱ་གང་ཡང་མེད་ཅེས་ཞུས་པ་ཡིན། སྤྱིར་བཏང་སྟབས་བདེ་པོ་ཞིག་ནི་མ་རེད། བཀའ་བློན་ཚོ་དུས་དང་དུས་མ་ཡིན་པའམ། སྔོན་ནས་འཆར་གཞི་ཡོད་པ་དང་མེད་པ་སྣ་ཚོགས་ཤིག་གི་སྐབས་མང་པོར་༧སྐྱབས་མགོན་རིན་པོ་ཆེའི་སྐུ་མདུན་བཅར་དགོས་པ་ཡོང་གི་ཡོད་རེད། དེ་ཡང་ཉམས་མྱོང་གི་ཐོག་ནས་ཞུ་ན། སྐབས་རེ་༧སྐྱབས་མགོན་རིན་པོ་ཆེའི་སྐུ་མདུན་དུ་སྐུ་ཕྱག་ཀྱང་འབུལ་ལོང་མེད་པར་སྙན་གསན་དང་བཀའ་བསྡུར་ཞུ་དགོས་སོགས་ཛ་དྲག་གི་གནས་ཚུལ་ཡང་ཡོང་གི་ཡོད་པས། ཅི་སྟེ་གྲོས་ཆོད་འདི་འདྲ་ཞིག་བཞག་གནང་བ་ཡིན་ན། གྲོས་ཆོད་གཞིར་བཟུང་གིས་ལག་ལེན་བསྟར་རྒྱུར་འབད་བརྩོན་བྱེད་འདོད་ཡོད་རུང་ལག་ལེན་བསྟར་མི་ཐུབ་པའི་སྐབས་མང་པོ་ཞིག་ངེས་པར་དུ་ཡོང་སྲིད་པ་ཞིག་རེད་ཅེས་སྔོན་དུ་ཞུས་ཟིན་ལ། ད་ལྟའང་ཞུ་རྒྱུ་ཡིན། དེ་ཡང་ཕྱིའི་གནད་ཡོད་མི་སྣ་རྣམས་ལ་དམིགས་བསལ་འབུལ་དགོས་མིན་སྐོར་བཀའ་མོལ་གནང་བཞིན་པ་ཡིན་པས་འདི་རིགས་ལ་དཀའ་རྙོག་ཡོད་སྐོར་གསལ་བཤད་ཞུས་ཟིན་པ་ཡིན། བདེ་སྲུང་ལས་ཁུངས་ངོས་ནས་ད་ལྟ་བཀུར་འོས་སྤྱི་འཐུས་རྣམ་པ་ཚོའི་དགོངས་པར་ཡོད་པའི་ཐུགས་དྭོགས་རྣམས་བསལ་བའི་ཆེད་དུ། མཐོ་དམན་གྱི་མི་རིགས་སུ་འདྲ་ཡིན་རུང་༧སྐྱབས་མགོན་རིན་པོ་ཆེའི་སྐུ་མདུན་བཅར་སྐབས་མཉམ་འཁྱེར་མི་ཆོག་པའི་ཅ་དངོས་རྣམས་ངོས་འཛིན་བྱས་ནས་ཐོ་བརྒྱབས་ཏེ་ཁ་ཤས་བཀོད་ཁྱབ་བཏོན་ཟིན་པ་དང༌། ཁ་ཤས་བཀོད་ཁྱབ་བཏོན་རྩིས་ཡོད།དེ་ཡང་ལག་འཁྱེར་ཁ་པར་དང༌།དེ་བཞིན་དེང་སང་དྭོགས་པ་བྱེད་འོས་པའི་རིགས་མང་པོ་ཞིག་ཆེས་མཐོའི་ཁྲིམས་ཞིབ་པས་མཚོན་པའི་སུ་འདྲ་ཡིན་ཡང་སྙན་ཞུ་བཅར་སྐབས་ཅ་དངོས་དེ་རིགས་མཉམ་དུ་བསྣམ་མི་ཆོག་པའི་སྒྲིག་གཞི་ཞིག་ད་ལྟ་གཏན་འབེབས་ཞུ་བཞིན་པ་ཡིན། དེ་བཞིན་ང་རང་ཚོའི་ཁྲིམས་ཞིབ་པ་སོགས་ལུས་བཤེར་གཏོང་དགོས་མིན་གྲོས་ཆོད་ཀྱི་ནང་དུ་ཐག་ཆོད་ཀྱི་རེད། ཡིན་ནའང་གཞུང་གི་ཆེས་མཐོའི་མི་སྣ་དུས་དང་དུས་མ་ཡིན་པར་ཕོ་བྲང་ལ་བཅར་དགོས་མཁན་གྱི་རིགས་རྣམས་ལ་སྐུ་པར་དང་ཆབས་ཅིག་བདེ་སྲུང་གི་གསང་བའི་རྟགས་ཡོད་པའི་ངོས་འཛིན་གྱི་ཕྱག་འཁྱེར་རེ་བཟོ་རྒྱུའི་བསམ་བློ་གཏོང་བཞིན་པ་ཡིན། དུས་ཚོད་ཕྲན་བུ་འགོར་སྲིད་ཀྱང༌། ངོས་འཛིན་གྱི་ཕྱག་འཁྱེར་བཟོས་ཟིན་རྗེས་སྐུ་སྲུང་བ་གསར་པ་ཞིག་ཡིན་ནའང་ངོ་ཤེས་ཐུབ་པ་ཞིག་དང༌། ཕོ་བྲང་གི་ཉེ་འཁོར་དུ་ཡོད་པའི་སྐུ་སྲུང་བ་ཚང་མས་ངོས་འཛིན་བྱེད་ཐུབ་པ་ཞིག་བྱུང་ན་ཐུགས་སྟབས་བདེ་པོ་ཡོང་གི་རེད་བསམ་གྱི་འདུག གང་ལྟར་ཕོ་བྲང་གི་ནང་དུ་སྐུའི་སྲུང་སྐྱོབ་དང་འབྲེལ་བའི་ལས་ཀ་མང་ཆེ་བ་༧སྐྱབས་མགོན་རིན་པོ་ཆེའི་དགོངས་གཞི་དང་བསྟུན་ནས་ཞུ་དགོས་པ་ཞིག་རེད།ཁ་སང་སྐུ་སྒེར་དྲུང་ཆེ་རྣམ་པའི་ལྷན་དུ་བཀའ་བསྡུར་བྱུང༌། སྐུ་སྒེར་དྲུང་ཆེ་རྣམ་པས་ཀྱང་༧སྐྱབས་མགོན་རིན་པོ་ཆེར་དགོངས་སྐོར་བཀའ་འདྲི་ཞུས་ན་མ་གཏོགས་ལས་དོན་གསར་པ་མང་པོ་ལག་ལེན་བསྟར་ཁག་པོ་བྱེད་ཀྱི་རེད་ཅེས་བཀའ་གནང་གི་འདུགདེས་ན་གྲོས་ཆོད་ཇི་འདྲ་ཞིག་བཞག་པ་ཡིན་ནའང་དགོངས་པ་བཞེས་དགོས་རྒྱུ་གཙོ་བོ་ནི་ལག་ལེན་ལ་འཁེལ་མིན་ངེས་པར་དུའང་གཟིགས་དགོས་ཀྱི་རེད། ཅི་སྟེ་ལག་ལེན་ལ་མ་འཁེལ་བའི་གྲོས་ཆོད་ཅིག་བཞག་པ་ཡིན་ན། གྲོས་ཚོགས་ནས་ང་ཚོས་གྲོས་ཆོད་འདི་འདྲ་ཞིག་ཡོད་པས་ཟླ་དུས་ཚེས་གྲངས་འདི་འདྲ་ཞིག་ལ་ལག་ལེན་བསྟར་མི་འདུག་ཅེས་བཀའ་གནང་བ་ཡིན་ན། དེ་དུས་དགོངས་དག་ཞུ་རྒྱུ་མ་གཏོགས་༧རྒྱལ་བ་རིན་པོ་ཆེའི་དགོངས་གཞི་དང་མ་མཐུན་བཞིན་དུ་གྲོས་ཚོགས་ཀྱི་གྲོས་ཆོད་ལག་ལེན་བསྟར་རྒྱུ་བཀའ་ཤག་གིས་འཇོན་ས་མ་རེད་ཅེས་ད་ལྟ་ནས་གསལ་པོ་ཞུ་རྒྱུ་ཡིན།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་གསུམ་པའི་ཚོགས་དུས་གཉིས་པ། ༢༠༠༡།༩།༡༩ ནས་ ༢༠༠༡།༩།༢༨