ྋགོང་ས་མཆོག་གི་ྋསྐུའི་འཁྲུངས་སྐར་དུས་ཆེན་ཐོག་གནང་བའི་བཀའ་ཤག་གི་ཡོངས་ཁྱབ་གསུང་བཤད།

༄༅། །ལྷ་དང་བཅས་པའི་འགྲོ་བ་ཡོངས་ཀྱི་མགོན་སྐྱབས་དང་དཔུང་གཉེན་བླ་ན་མ་མཆིས་པ། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག གངས་རིའི་ལྗོངས་ཀྱི་སྐྱེ་འགྲོ་རྣམས་ཀྱི་དད་པའི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ། འཕགས་མཆོག་འཇིག་རྟེན་གསུམ་མགོན་གསུམ་ལྡན་ངུར་སྨྲིག་འཛིན་པའི་གཟུགས་སུ་བཟློ་བ། ྋགོང་ས་ྋསྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་སྐུའི་ཕྲེང་བ་བཅུ་བཞི་པ། དགོས་པ་དང་དོན་གྱི་སླད་དུ་མཚན་དངོས་ནས་སྨོས་ན་རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་སྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག སྙིགས་དུས་འགྲོ་བ་ཡོངས་ལ་བརྩེ་ཆེན་ཐུགས་རྗེའི་གཟིགས་པས་མི་འདོར་བར་མདོ་སྨད་ས་ཡི་ཐིག་ལེར་སྐུ་བལྟམས་པའི་མཛད་པ་བསྟན་ཏེ་ལོ་འཁོར་ ༧༢ ཧྲིལ་པོར་སོན་པའི་འཁྲུངས་ཚེས་ཀྱི་ཉིན་མོ་འདིར་བཙན་བྱོལ་བོད་གཞུང་བཀའ་ཤག་གིས་གཞིས་བྱེས་བོད་མི་ཡོངས་དང༌། མགོན་པོ་གང་ཉིད་ཀྱི་རྣམ་དཀར་འཕྲིན་ལས་ཀྱིས་བསྐྱངས་པའི་མཐོང་ཐོས་དྲན་རེག་གི་གདུལ་བྱར་གྱུར་པའི་འཇིག་རྟེན་སྐྱེ་འགྲོ་ཡོངས་ཀྱི་ངོ་ཚབ་ཞུས་ཏེ། གུས་ཕྱག་གྲངས་མེད་དང་བཅས་འཚམས་ཞུའི་རྟེན་འབྱུང་དང་འབྲེལ་མགོན་པོ་ཐུགས་རྗེའི་གཏེར་ཆེན་གང་ཉིད་མཁའ་ཁྱབ་བསྟན་འགྲོའི་མགོན་དཔུང་དམ་པར་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང༌། རྒྱ་ཆེ་རྒྱུན་མི་ཆད་པའི་འཕྲིན་ལས་འགོག་མེད་དུ་སྐྱོང་བའི་གསོལ་འདེབས་དང་སྨོན་འདུན་ཞུ་རྒྱུ་ཡིན། དེ་རིང་གི་ཉིན་མོ་འདི་ནི་གངས་ཅན་བོད་ཀྱི་སྐྱེ་འགྲོ་ཙམ་མ་ཟད། འཇིག་རྟེན་ཡོངས་ལ་བླ་ན་མེད་པའི་ལམ་སྟོན་གྱི་ཉི་མ་གསར་པ་ཞིག་ཤར་བའི་དུས་ཚིགས་ཁྱད་པར་ཅན་ཡིན་སྟབས། འཛམ་གླིང་ཁྱོན་ཡོངས་སུ་དད་ལྡན་གྱི་སྐྱེ་འགྲོ་གྲངས་ལས་འདས་པས་དགའ་དད་གུས་གསུམ་གྱི་སྒོ་ནས་སྲུང་རྩི་ཞུ་བཞིན་པའི་དུས་ཆེན་རྨད་དུ་བྱུང་བ་ཞིག་ཡིན་པ་དང༌། སྐབས་བཅུ་གསུམ་པའི་བཀའ་ཤག་གི་ལས་རྒྱུན་རིང་གི་འཁྲུངས་ཚེས་དུས་སྟོན་དང་པོ་དེ་ཡིན་སྟབས། དད་གུས་ཟོལ་ཟོག་མེད་པའི་སྒོ་ནས་འབྱུང་འགྱུར་ལས་དུས་རིང་འཛིན་སྐྱོང་གི་ཆོས་སྲིད་ཀྱི་ཞུ་སྒོ་མཐའ་དག་ལ་རྨོངས་སེལ་ལམ་སྟོན་སྔར་མཁོ་བཞིན་རྒྱུན་ལྡན་དུ་བསྩལ་གནང་ཡོད་པའི་ཐོག ལྷག་པར་མགོན་པོ་གང་ཉིད་ད་ལྟ་ཕྱེད་བགྲེས་ཡོལ་དང༌། འབྱུང་འགྱུར་བགྲེས་ཡོལ་ཆ་ཚང་གནང་རྒྱུའི་དགོངས་བཞེས་དང༌། བཀའི་ཕེབས་སྒོ་རིགས་ནམ་ཡང་མི་གནང་བ་ཞེས་སྙིང་ཁོང་རུས་པའི་གཏིང་ནས་གསོལ་བ་ཕུར་ཚུགས་སུ་འདེབས་རྒྱུ་ཡིན།

ལྷག་པར་འདི་ལོ་རབ་བྱུང་བཅུ་བདུན་པའི་མེ་མོ་ཕག་གི་ལོ་འདི་བཞིན་སྐུའི་དགུང་ཀེག་དངོས་གཞིར་འཁེལ་ནའང་སྐུའི་གསང་བ་གསུམ་ལ་ཚུལ་བསྟན་འགལ་རྐྱེན་གྱི་རིགས་ཕྲ་མོ་ཙམ་ཡང་མི་བཞེས་པར་འཛམ་གླིང་ཡངས་པའི་ཁྱོན་འདིར་ལུགས་ཟུང་འཕྲིན་ལས་ཀྱི་རོལ་པ་ཉི་ཟླའི་འགྲོས་དང་རྒྱ་མཚོའི་རླབས་བཞིན་དུས་ལས་ཡོལ་བ་མེད་པར་བསྐྱངས་དང་སྐྱོང་བཞིན་པ་ལ་དགའ་གུས་ཡི་རངས་དང༌། འབྱུང་འཆར་ཡང་དགུང་ཀེག་མ་ཡོལ་བར་ཚུལ་བསྟན་གེགས་བར་གྱི་རིགས་ནམ་ཡང་མི་བཞེས་པར་འཕྲིན་ལས་ཀྱི་འཇུག་པ་ལྷུན་གྲུབ་རྒྱུན་མི་ཆད་དུ་སྐྱོང་བའི་གསོལ་བ་འདེབས་པ་དང་ཆབས་ཅིག དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་དབུ་མཛད་པའི་ཆེས་མཐོའི་དགུང་ཀེག་ཞབས་རིམ་ཚོགས་ཆུང་གིས་རིས་མེད་ལྷ་བླ་ཡོངས་ལ་ཐུགས་དམ་བརྟག་པ་ཞུས་པའི་ཕྱིར་ཕེབས་དགོངས་དོན་རྐྱེན་སེལ་ཞབས་རིམ་ཇི་ཕེབས་དྲི་མ་མེད་པའི་བསམ་སྦྱོར་གྱིས་འབད་སྒྲུབ་ཞུས་པའི་བསྒྲུབས་ཐོ་ཟུར་འབུལ་ལ་དགྱེས་པའི་སྤྱན་རས་ཡུད་ཙམ་གཡོ་བའི་ཐོག དགེ་བའི་རྩ་བ་འདིས་མཚོན་རང་གཞན་སྐྱེ་འཕགས་ཡོངས་ཀྱིས་དུས་གསུམ་དུ་བསགས་པའི་དགེ་བའི་དངོས་པོ་ཇི་སྙེད་ཅིག་མཆིས་པ་ཐམས་ཅད་ྋརྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་གང་ཉིད་ཀྱི་སྐུ་ཚེ་བརྟན་ཅིང༌། མཛད་འཕྲིན་རྒྱས་པ་དང༌། དེ་ལ་བརྟེན་ནས་བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་རྒྱུར་འགྱུར་བའི་འཁོར་གསུམ་དག་པའི་བསྔོ་བ་དམ་པས་རྒྱས་འདེབས་གནང་སྐྱོང་ཡོང་བའི་གསོལ་འདེབས་ཞུ་རྒྱུ་ཡིན།

གཞིས་བྱེས་བོད་མི་ཡོངས་ནས་རྒྱུན་དུ་དད་པ་དང་དམ་ཚིག་གཡོ་བ་མེད་པས་སྡིག་སྤོང་དགེ་སྒྲུབ་དང༌། ནང་ཁུལ་འཆམ་མཐུན། བོད་སྤྱི་མཐུན་གྱི་བསོད་ནམས་གོང་མཐོར་སྤེལ་བའི་ཐབས་ཚུལ་ལ་འབད་འབུངས་རྒྱུན་སྐྱོང་ཡོང་བ་དང༌། ཁྱད་པར་བཙན་བྱོལ་གཞུང་གི་སྲི་ཞུར་གཏོགས་པའི་ལས་བྱེད་ཆེ་ཕྲ་ཡོངས་ནས་སོ་སོའི་སྐབས་བབ་ཀྱི་ཁུར་འགན་ཞུ་སྒོ་མཐའ་དག་རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་འགྲོ་བའི་ཐབས་ཚུལ་ལ་སྒོ་ཀུན་ནས་འབད་རྩོལ་གནང་དགོས་པའི་གསལ་འདེབས་ཞུ་རྒྱུ་ཡིན།

ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ཟབ་བརླིང་དཀྱེལ་ཆེའི་དགོངས་བཞེད་དང་བསྟུན་གཞིས་བྱེས་བོད་མིས་མང་མོས་དང༌། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྤྱི་མོས་རྒྱབ་སྐྱོར་ཞུས་པའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་འོག་བོད་རྒྱའི་འབྲེལ་མོལ་གྱི་ལས་དོན་འགྲོ་བཞིན་པའི་མུར་སྔ་ལོ་ཕྱི་ཟླ་ལྔ་པ་ནས་བཟུང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཁག་གཅིག་གི་བཤད་ཕྱོགས་དང་བྱེད་ཕྱོགས་ལ་བརྟེན་ནས་འབྲེལ་མོལ་གྱི་ཁོར་ཡུག་ཉམས་ཉེས་ཚབས་ཆེ་ཕྱིན་པའི་ཁར། འབྲེལ་མོལ་ཐེངས་དྲུག་པའང་དུས་ཡུན་རིང་ཙམ་ཕྱིར་འགྱངས་སོང་བ་དེ་ལྟར་ཡང༌། ཉེ་ཆར་འདི་ལོའི་ཕྱི་ཟླ་དྲུག་པའི་ཚེས་ ༢༩ ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་སྐུ་ཚབ་ཚོགས་ཆུང་རྒྱ་ནག་ཏུ་ཕེབས་ཏེ་འབྲེལ་ཡོད་རྣམས་དང་ལྷན་འབྲེལ་མོལ་ཐེངས་དྲུག་པ་ལེགས་གྲུབ་ཀྱིས་སྐུ་ཚབ་རྣམས་ཁ་སང་ཕྱི་དྲོ་རྒྱ་གར་དུ་བདེ་འབྱོར་ཟིན་ཡོད། སྐབས་འདིའི་འབྲེལ་མོལ་གྱི་གྲུབ་དོན་ལ་ཚོར་ཤུགས་ཆེན་པོས་དོ་སྣང་བྱེད་བཞིན་པ་ཡིན།
ད་ལྟའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་འཛིན་པ་ཚོས་བོད་དོན་ཐོག་བཟང་ཕྱོགས་ཀྱི་འགྱུར་བ་གཏོང་རེ་མེད་པའི་བསམ་ཚུལ་ཞིག་བོད་མི་མང་ཆེ་བར་ཡོད་པ་ནི་དངོས་དོན་ལ་བརྟེན་པ་ཞིག་ཡིན་མོད། དེ་འདྲའི་མཐོང་ཚུལ་འོག་ཐབས་ཟད་རེ་སྟོང་གི་སྣང་བས་ཞུམ་སྟེ་བསྡད་རྒྱུ་ནི་བློ་ལྡན་གྱི་སྤྱོད་ཚུལ་ཞིག་ག་ནས་ཡིན། རང་ཕྱོགས་ཀྱི་ནུས་ཤུགས་སྤེལ་ཏེ་རྒྱ་མིའི་དབང་འཛིན་པ་ཚོར་བོད་དོན་ཐོག་བཟང་ཕྱོགས་ཀྱི་འགྱུར་བ་མ་གཏང་ཐབས་མེད་ཀྱི་གོ་སྐབས་བསྐྲུན་རྒྱུ་ནི་གཞིས་བྱེས་བོད་མི་ཡོངས་ལ་འཁྲི་བའི་ལས་དབང་གིས་བསྐུར་བའི་འགན་ཁུར་འདོར་མེད་ཅིག་ཡིན་པ་དེ་མཁྱེན་དགོས། ད་ལྟའི་བར་རྒྱལ་སྤྱིའི་ནང་བོད་ཀྱི་གནད་དོན་མ་བརླགས་པ་དང༌། རྒྱ་ཕྱོགས་ནས་ཀྱང་སྣང་མེད་དུ་བཞག་མ་ཐུབ་པར་ཡ་ལན་ཞིག་བྱེད་དགོས་པ་འདི་ནི་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་འཚེ་བ་མེད་པའི་ལམ་གྱི་སྟོབས་ཤུགས་ལས་བྱུང་བ་ཡིན་སྟབས། སྟོབས་ཤུགས་འདི་ད་དུང་ཡང་བོད་མི་ཡོངས་ཀྱིས་ལྷག་བསམ་རྣམ་དག་གིས་གོང་སྤེལ་ཐུབ་པ་ཡིན་ན་སྟོབས་ཤུགས་འདི་ལ་འགྲན་བཟོད་པའི་སྟོབས་ཤུགས་གཞན་གང་ཡང་འཇིག་རྟེན་འདིར་མེད་པ་ནི་ཤེས་ལྡན་རྣམས་ལ་མངོན་སུམ་དུ་གྱུར་ཟིན། དེ་ལྟ་བས་ན་བོད་མི་རིགས་ཀྱི་རྩ་དོན་ལ་སེམས་ཁུར་ཡོད་པའི་བོད་མི་ཞིག་ཡིན་ཕྱིན་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་དང༌། འཚེ་མེད་ཞི་བའི་ཐབས་ལམ་ལ་སྙིང་ནས་ཡིད་ཆེས་ཀྱིས་ཉམས་ལེན་གནང་དགོས་པ་ཡིན།

ད་ལྟའི་འཇིག་རྟེན་གྱི་གནས་བབ་འདིའི་འོག་བོད་ཀྱི་གནད་དོན་ཐག་གཅོད་ཡོང་བར་དུས་ཡུན་རིང་པོ་འགོར་མི་སྲིད་པ་མིན་སྟབས། ྋགོང་ས་ྋསྐྱབས་མགོན་ཆེན་པོས་རེ་བ་བཟང་ས་དང་གྲྭ་སྒྲིག་སྡུག་ས་ནས་བྱེད་དགོས་པའི་བཀའ་སློབ་ཡང་ཡང་ཕེབས་པ་ནི་རླབས་ཆེན་དོན་སྙིང་ལྡན་པའི་ལམ་སྟོན་ཞིག་ཡིན་པས། བོད་མི་རིགས་ཀྱི་འཐབ་རྩོད་འདི་ལོ་གྲངས་བརྒྱ་ཕྲག་མང་པོ་འགོར་ཡང༌། སྒྱིད་ལུག་དང་ཞུམ་པ་མི་སྐྱེ་བར་རྒྱུན་བསྲིང་ཐུབ་པ་དགོས་རྒྱུ་ནི་སྨོས་མ་དགོས། དེའི་ཆེད་སེམས་ཚོར་དང་གླེང་མོལ་ཙམ་གྱིས་མི་ཆོག་པར་བོད་མི་མི་རེ་ངོ་རེས་སོ་སོའི་རྣམ་དཔྱོད་དང་འཁོས་ཀ་ལ་གཞིགས་པའི་ལས་འགུལ་ཞིག་ཉིན་བཞིན་སྤེལ་དགོས། བོད་མི་མང་དག་ཅིག་གིས་རྩ་དོན་ཆེད་ངོ་རྒོལ་སྐད་འབོད་དང༌། འདུ་འཛོམས་གོམ་བགྲོད་ལྟ་བུ་ལས་གཞན་པའི་རྒྱུན་ལྡན་ཉིན་རེའི་འཚོ་བའི་ནང་བསྒྲུབ་རྒྱུའི་ལས་འགུལ་རྣམ་གྲངས་མཐའ་ཡས་པ་ཞིག་ཡོད་པ་ངོས་མ་ཟིན་པ་དང༌། ཡང་ན་བརྩོན་འགྲུས་ཀྱིས་མ་ལྕོགས་པ་སོགས་ཅི་རིགས་པའི་དབང་གིས་མང་ཚོགས་ལ་ལྷག་བསམ་ཡོད་ཀྱང༌། ལས་དོན་སྒྲུབ་སྟངས་མ་ཤེས་པའི་སྐུ་ངལ་ཡོང་བཞིན་པ་དང༌། ཡང་རེ་ཟུང་གིས་བོད་རྒྱ་འབྲེལ་མོལ་གྱི་ཁོར་ཡུག་བསྐྲུན་དགོས་པའི་འབོད་བསྐུལ་སོགས་ལ་ལས་དོན་གང་ཡང་མ་བྱས་པར་བསྡད་དགོས་པའི་འབོད་སྐུལ་ཡིན་པ་ལྟ་བུའི་གོ་བ་ལོག་སྒྲུབ་དང༌། ཁག་དཀྲི་བྱེད་མཁན་ཡང་ཡོད། གནད་དོན་དེ་དག་ལ་བསམ་ཞིབ་ཀྱིས་ད་ལན་འཁྲུངས་ཚེས་ཀྱི་དུས་ཚེས་བཟང་པོ་འདི་དང་བསྟུན་བཙན་བྱོལ་བོད་གཞུང་བཀའ་ཤག་གིས་བོད་རིགས་སྤྱི་དང༌། ཁྱད་པར་བཙན་བྱོལ་བོད་མི་ཡོངས་ལ་དཔེ་མཚོན་གྱི་ཚུལ་དུ་ཚང་མས་བསྒྲུབ་ནུས་པའི་ལས་འཆར་བཅུ་གཅིག་ཟུར་བཏོན་གྱིས་དེ་དག་ཚང་མས་འབད་སྒྲུབ་གནང་རྒྱུའི་རེ་བསྐུལ་ནན་པོ་ཞུ་རྒྱུ་ཡིན།

ཆོས་དང་རིག་གཞུང༌།
༡༽ བོད་སྤྱི་མཐུན་གྱི་ལས་ངན་བྱངས་ཤིང༌། བསོད་ནམས་སྤེལ་བའི་སླད་སྡིག་སྤོང་དགེ་སྒྲུབ་དང༌། ཁྱད་པར་ཚིག་བདུན་གསོལ་འདེབས། གུ་རུའི་ཐུགས་དམ་གནད་བསྐུལ། བདེན་གསོལ་སྨོན་ཚིག གསོལ་འདེབས་བདེན་པའི་རྔ་སྒྲ ྋགོང་ས་མཆོག་གི་ཞབས་བརྟན་གསོལ་འདེབས་བཅས་རྒྱུན་འདོན་གནང་རྒྱུ།
༢༽ ཆོས་དང༌། རིག་གཞུང༌། སྐད་ཡིག་སོགས་ཀྱི་ཆ་ནས་བོད་དང་གཅིག་གྱུར་གྱི་ཧི་མཱ་ལ་ཡའི་རི་རྒྱུད་དུ་གནས་པའི་མི་རིགས་རྣམས་དང༌། དེ་བཞིན་བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་རྙིང་པ་སོག་རིགས་དང༌། རྒྱ་རིགས། བར་སྐབས་བོད་བརྒྱུད་ནང་བསྟན་དུ་གསར་དུ་ཞུགས་པའི་རིགས་བཅས་ལ་ཆོས་དང༌། རིག་གཞུང༌། ཤེས་ཡོན་སོགས་ཀྱི་ཕན་གྲོགས་རོགས་སྐྱོར་དང༌། འབྲེལ་ལམ་དམ་ཟབ་གནང་རྒྱུ།

ཤེས་ཡོན།
༣༽ བོད་མི་སོ་སོའི་ཁྱིམ་ཚང་ནང་བོད་ཀྱི་སྐད་ཡིག་དང༌། སྲོལ་རྒྱུན་རིག་གནས་ཁག ཡུལ་གོམས་གཤིས་ལུགས། བོད་མིའི་རང་གཤིས་བཟང་པོ་རྣམས་མི་ཉམས་རྒྱུན་འཛིན་དང༌། གཞོན་སྐྱེས་རྣམས་ལ་བོད་ཀྱི་སྐད་ཡིག་དང༌། ཆོས་དང་རིག་གཞུང་གི་སློབ་སྟོན་ཚད་ལྡན་རྒྱུན་འཁྱོང་བྱ་རྒྱུའི་ཐོག་དེང་རབས་ཀྱི་སློབ་སྦྱོང་ཚད་མཐོ་སྤྲད་དེ་རིགས་གཅིག་རྐང་འཛིན་ཐུབ་པ་ཡོང་ཐབས་དང༌། དེ་བཞིན་བོད་ཀྱི་ལོ་རྒྱུས་དང༌། ཁྱད་པར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་བཙན་བཟུང་བྱས་པ་ནས་བཟུང་བོད་ཀྱི་སྣོད་བཅུད་གཉིས་ཀར་ཉམས་རྒུད་ཇི་བྱུང་གི་གནས་ཚུལ་རྣམས་ཉིན་རེ་བཞིན་ཤོད་དགོས།

སྤྱི་ཚོགས།
༤༽ ཆེས་གྲངས་ཉུང་དུ་གྱུར་པའི་བོད་མི་རིགས་རྒྱུན་གནས་དང༌། ནུས་ལྡན་ཡོང་ཆེད་ཁྱིམ་པ་རྣམས་ཀྱིས་ཕྲུ་གུ་གསོ་སྐྱོང་ཐོག་དམིགས་བསལ་དོ་སྣང་དང༌། མ་དང་བྱིས་པའི་འཕྲོད་བསྟེན་ལ་ལྷོད་ཡངས་མ་སོང་བར་ཧུར་བརྩོན་གནང་རྒྱུ།
༥༽ བོད་མི་སྤྱི་དང༌། ཁྱད་པར་ན་གཞོན་རྣམས་ཀྱིས་མྱོས་རྫས་ངན་གོམས་དང༌། ངན་སྤྱོད་ཀྱི་རིགས་སྤངས་ཏེ་ལུས་སེམས་བདེ་ཐང་དང༌། བོད་མི་ཚད་ལྡན་ཞིག་ཡོང་ཐབས་ལ་རང་ཉིད་ཀྱིས་འབད་བརྩོན་དང༌། གཞན་ལ་བརྒྱུད་བསྐུལ་བྱ་རྒྱུ།
༦༽ རྒྱལ་ཁབ་གཞན་གྱི་ཡུལ་མིའི་གནས་བབ་ཡོད་པ་ཚང་མས་བོད་དུ་གང་མང་བསྐྱོད་ཐབས་དང༌། གཞིས་བཞུགས་བོད་མི་རྣམས་ལ་ཤེས་ཡོན་དང༌། འཕྲོད་བསྟེན་སོགས་ཀྱི་མཐུན་འགྱུར་གནང་ཐབས་གནང་རྒྱུ།

ཆབ་སྲིད།
༧༽ རང་ཉིད་གནས་ཡུལ་གྱི་གྲོང་ཁྱེར་དང༌། མངའ་སྡེ། རྒྱལ་ཁབ་བཅས་ཀྱི་མང་ཚོགས་སྤྱི་དང༌། གནད་ཡོད་མི་སྣ་ཁག་ལ་འབྲེལ་གཏུག་དང༌། བོད་དང་བོད་མིའི་གནས་བབ་ངོ་མ་ངོ་སྤྲོད་ཀྱིས་བོད་དོན་གོ་རྟོགས་སྤེལ་ཐབས་གནང་རྒྱུ། དེ་ཡང་བོད་དོན་རྒྱལ་སྤྱི་ཅན་དུ་བསྒྱུར་ཆེད་མ་ཡིན་པར། རྒྱ་ཕྱོགས་ཀྱི་བདེན་པ་མིན་པའི་དྲིལ་བསྒྲགས་ངན་པའི་ལོག་རྟོག་སེལ་ཐབས་གནང་རྒྱུ།
༨༽ ཕྱི་སྡོད་རྒྱ་རིགས་དང༌། ལྷག་པར་རྒྱ་ནག་སྐམ་ས་ནས་ཡོང་བའི་སློབ་ཕྲུག་དང༌། ཚོང་པ། ཡུལ་སྐོར་སྤྲོ་འཆམ་པ་སོགས་ལ་འབྲེལ་གཏུག་དང༌། བོད་ཀྱི་གནད་དོན་གསལ་བཤད་ཀྱིས་བོད་དོན་གོ་རྟོགས་སྤེལ་ཐབས་དང༌། ལོག་རྟོག་སེལ་ཐབས་ཀྱི་འབད་བརྩོན་གནང་རྒྱུ་མ་ཟད། དེང་རབས་ཀྱི་བརྒྱུད་ལམ་དྲྭ་རྒྱ་དང༌། གློག་འཕྲིན་སོགས་ཀྱི་ལམ་ནས་བོད་དང་རྒྱ་ནག་ནང་གི་མི་མང་དང༌། ཁྱད་པར་ཤེས་ཡོན་ཅན་རྣམས་ལ་བཙན་བྱོལ་བོད་མི་ཚོས་འབྲེལ་བ་དང་གཏམ་གླེང་གནང་ཐབས་གནང་རྒྱུ།
༩༽ བོད་མིའི་སྤྱི་ཚོགས་ནང་ཆིག་བསྒྲིལ་དང་མཉམ་རུབ་ཀྱི་ནུས་པར་གནོད་གཞིའི་འཆལ་གཏམ་ཁག་ལ་ཚད་འཛིན་མི་བྱེད་པར། གནས་ཚུལ་གང་ཅིར་ཞིབ་དཔྱོད་དང༌། ལྷག་པར་ཆོས་ལུགས་ཆོལ་ཁ་ལུང་ཚན་སོགས་ཀྱི་ཕྱོགས་ཞེན་ནམ་ཡང་མི་འབྱུང་བ་དང༌། གཞུང་མང་དབར་དང༌། སྒྲིག་འཛུགས་ཕན་ཚུན། མི་སྒེར་བཅས་ཀྱི་ནང་ཕན་ཚུན་ལོག་རྟོག་བསལ་ནས་བོད་ཀྱི་རྩ་དོན་ཐོག་ནུས་ཤུགས་ཆིག་བསྒྲིལ་ཡོང་ཐབས་དང༌། ཕ་རོལ་པོའི་དཀྲུགས་ཤིང་ནུས་མེད་དུ་གཏོང་རྒྱུ།
༡༠༽ བྱེས་འཁོད་རང་རིགས་སྤྱི་སྒེར་ཚོགས་སྡེ་ཁག་ནང་བོད་གཞུང་མང་ནས་གཏན་འབེབས་གནང་བའི་དབུ་མའི་ལམ་གྱི་སྲིད་བྱུས་དང༌། དེའི་ལག་བསྟར་གྱི་ཐབས་ལམ་ཇི་དགེའི་ཐོག་ཟབ་སྦྱོང་དང༌། བགྲོ་གླེང༌། གོ་བསྡུར་དང་སྦྱང་བཤད་ལ་འབད་བརྩོན་གནང་རྒྱུ།

དཔལ་འབྱོར།
༡༡༽ སྤྱི་ཚོགས་དང༌། སྒྲིག་འཛུགས། མི་སྒེར་སུ་འདྲ་ཞིག་ཡིན་རུང༌། བོད་མི་སྤྱིའི་གནས་བབ་དང༌། རང་རེའི་སྐྱབས་བཅོལ་བའི་གནས་བབ་མ་བརྗེད་པའི་ཐོག་ནས་དབུལ་ཕྱུག་ཚང་མས་རང་རང་གི་འཚོ་ཐབས་མཐའ་གཉིས་སུ་མ་ལྷུང་བར་རྒྱས་སྤྲོས་དང་རྒྱུ་ངོམ། བག་མེད་ཆུད་ཟོས་སུ་མ་བཏང་བར་འཚོ་བའི་མདུན་ལམ་བརྟན་ལྷིང་རྒྱུན་འཁྱོང་དང་ཡར་རྒྱས་འགྲོ་ཐབས་ལ་འབད་བརྩོན་མི་གཡེལ་བའི་ཐོག་རང་རང་གི་ལོ་རེའི་འབབ་ཡོང་ངམ། འགྲོ་གྲོན་གྱི་ཆ་ཤས་མི་ཉུང་བ་ཞིག་ཟླ་རེའམ་ལོ་རེའི་ནང་ཟུར་བཅད་ཀྱིས་འབྱུང་འགྱུར་བོད་རིགས་སྤྱིའི་བདེ་དོན་དང༌། བོད་གསར་པའི་འཛུགས་སྐྲུན་ཆེད་སོ་སོའི་མིང་ཐོག་དངུལ་ཁང་དུ་རྩིས་འགོ་ཟུར་བཅད་ནང་གཏན་འཇགས་གསོག་འཇོག་གནང་རྒྱུ་བཅས་གོང་གསལ་དོན་ཚན་བཅུ་གཅིག་པོ་འདི་དག་མི་རེ་ངོ་རེས་གནང་ཐུབ་པ་དང༌། གནང་འོས་པ་ཞིག་ཡིན་པས་ཚང་མས་ཕྱག་བསྟར་གནང་སྐྱོང་ཡོང་བའི་འབོད་བསྐུལ་ཞུ་རྒྱུ་ཡིན།

༢༠༠༧ ཕྱི་ཟླ་ ༧ ཚེས་ ༦ ཉིན་ྋགོང་ས་མཆོག་གི་ྋསྐུའི་འཁྲུངས་སྐར་དུས་ཆེན་ཐོག་གནང་བའི་བཀའ་ཤག་གི་ཡོངས་ཁྱབ་གསུང་བཤད།