ྋགོང་ས་མཆོག་གི་དམིགས་བསལ་སྐུ་དབང་སྐོར།

ྋགོང་ས་མཆོག་གི་དམིགས་བསལ་སྐུ་དབང་རིགས་གྲོས་ཚོགས་སུ་བགྲོ་གླེང་མི་ཆོག་པ་དང༌། ྋགོང་ས་མཆོག་ནས་ཁྲིམས་སྒྲིག་ལ་བརྩི་སྲུང་ཇི་གནང་སྐོར།
བཅའ་ཁྲིམས་ཀྱི་དགོངས་དོན་གཞིར་བཟུང་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་རྒྱལ་ཁབ་ཀྱི་བླ་ན་མེད་པའི་དབུ་ཁྲིད་དང་གཙོ་འཛིན་ཡིན་པའི་ཆ་ནས་བཅའ་ཁྲིམས་ནང་དམིགས་ཀྱིས་བསལ་བའི་སྐུ་དབང་དེ་རིགས་གྲོས་ཚོགས་ནང་བགྲོ་གླེང་བྱེད་རྒྱུའི་གླེང་གཞི་ཞིག་ལ་སླེབས་ཆོག་གི་ཡོད་མ་རེད། དེ་འདྲ་སོང་ཙང་ྋགོང་ས་མཆོག་གིས་ཡེ་ཤེས་དབྱིངས་དཔྱད་ཀྱིས་གཟིགས་ཏེ་ཐད་བསྐོས་གནང་བ་དེ་རིགས་གྲོས་ཚོགས་ནང་དྲི་བ་དྲིས་ལན་བྱེད་ཆོག་གི་ཡོད་མ་རེད་ལ་བྱེད་ཀྱི་ཡོད་མ་རེད། དེ་ཡང་མང་གཙོའི་ལམ་དང་མ་མཐུན་པ་ཞིག་མ་རེད།དོན་གནད་མང་པོ་ཞིག་དམིགས་བསལ་གྱི་ནང་དུ་བཞག་ནས་གྲོས་ཚོགས་ཀྱི་བགྲོ་གླེང་གི་རྭ་བའི་ཕྱི་ལོགས་སུ་བཞག་ཡོད་རེད། འདིར་བཀའ་བློན་ཁྲི་པས་གསལ་བཤད་གནང་བའི་ཞོར་ལ་ཉེ་ཆར་གཞུང་ཞབས་འདེམས་བསྐོའི་ཚོགས་གཙོ་འཕོ་ལེན་གནང་བ་དང༌། འཕོ་ལེན་ཕྱིར་འཐེན་གནང་བ་དེ་གྲོས་ཚོགས་ལ་གསལ་བཤད་གནང་བ་ནི་ཚོགས་གཙོའི་ངོས་ནས་བལྟས་པ་ཡིན་ན་དེ་ཏག་ཏག་འཚམས་པ་ཞིག་བྱུང་མ་སོང་བསམ་གྱི་འདུག གནས་ཚུལ་གཞན་པ་དེ་གྲོས་ཚོགས་ལ་གསལ་བཤད་གནང་བ་ཡིན་ན་གནད་འགག་མེད་པ་ཞིག་རེད། གསལ་བཤད་ཀྱི་གོ་སྐབས་འབུལ་དུས་གནས་ཚུལ་འདི་སླེབས་ཀྱི་ཡོད་པ་ངས་ཤེས་མ་སོང༌། ཡིན་ནའང་བཀའ་ཤག་གིས་གསལ་བཤད་ཙམ་ལས་གྲོས་ཚོགས་ཀྱིས་བགྲོ་གླེང་གནང་གི་ཡོད་མ་རེད། གྲོས་ཚོགས་ཀྱི་མཁྱེན་རྟོགས་སླད་གསུངས་པ་ཙམ་ཞིག་རེད། དེར་བརྟེན་བཀའ་གནང་ན་འགྲིག་གི་མ་རེད་ཅེས་བཀག་མེད། དེ་དང་ཆབས་ཅིག་གྲོས་ཚོགས་ཀྱི་ཡིག་ཆའི་ནང་ནས་ཕྱིར་འཐེན་བྱེད་དགོས་པའི་གནས་ཚུལ་ཆགས་ཀྱི་མི་འདུག གནས་ཚུལ་དེ་དག་གྲོས་ཚོགས་སུ་བྱུང་བ་ཡིན་ཙང་ངེད་གྲོས་ཚོགས་ཀྱི་ཚོགས་གཙོ་ཡིན་པའི་ཆ་ནས་ྋགོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་ཁྲིམས་ཀྱི་ལམ་སྲོལ་སྤྱི་དང༌། ལྷག་པར་བཅའ་ཁྲིམས་ཀྱི་འབྲུ་དོན་རེ་རེ་བཞིན་ཡང་འགལ་མེད་བརྩི་སྲུང་གནང་བའི་དགོངས་བཞེད་རླབས་ཆེན་དེ་དེ་རིང་གི་གནས་ཚུལ་འདིའི་ཐོག་ནས་གསལ་པོ་ཞིག་ཆགས་ཡོད་རེད། སྐབས་འདིར་ང་ཚོའི་རྒྱུན་ལས་ངོས་ནས་རྒྱལ་བ་རིན་པོ་ཆེའི་བཀའ་རྟགས་ཕེབས་པ་དེ་འགྱུར་བ་གཏོང་མི་དགོས་པའི་ཐོག་ནས་བྱེད་ཕྱོགས་ཤིག་ལ་བསམ་ཞིབ་བྱེད་བཞིན་པའི་སྐབས་ྋགོང་ས་མཆོག་གིས་དེ་བཅའ་ཁྲིམས་ཀྱི་འབྲུ་དོན་དང་མ་མཐུན་པ་ཡིན་ཙང་ཕྱིར་འཐེན་གནང་རྒྱུ་ཡིན་ཞེས་ཐུགས་སྤོབས་ཆེན་པོའི་ཐོག་ནས་གསུངས་པ་དེ་ལོ་རྒྱུས་ནང་དྲན་གསོ་བྱེད་དགོས་པ་ཞིག་རེད། དེ་ནི་རྒྱལ་ཁབ་ཀྱི་གཙོ་འཛིན་སུ་འདྲ་ཞིག་ཡིན་ཡང་དེ་འདྲ་གནང་ཐུབ་རྒྱུ་མེད་པའི་ཐུན་མོང་མ་ཡིན་པ་ཞིག་ལ་ངོས་ལེན་བྱེད་དགོས་པ་དང༌། དེའི་ཐོག་ནས་ང་རང་ཚོའི་ངོས་ནས་ཀྱང་ཁྲིམས་དང་སྒྲིག་གཞི་ལ་ག་ཚོད་ཀྱིས་བརྩི་འཇོག་བྱེད་དགོས་པའི་ལམ་སྟོན་གསལ་པོ་ཞིག་གནང་བ་རེད།འདིར་གླེང་གཞི་བསླང་རྒྱུའི་འདོད་པ་མེད། གླེང་གཞི་བྱུང་བ་ཡིན་ཙང༌། འདི་མ་ཞུས་ན་ཆ་ཚང་བ་ཆགས་ཀྱི་མི་འདུག་པར་བརྟེན་ཞུས་པ་ཡིན། ཞེས་གསུངས།

བོད་མི་མང་སྤྱི་འཐུས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཚོགས་དུས་བདུན་པ། ༡༩༩༤/༠༧/༢༡ ་་་ ༡༩༩༤/༠༨/༠༣