ྋགོང་ས་མཆོག་གི་གསུང་འཕྲིན་ལས་བརྩམས་པའི་གསལ་བཤད།

ྋགོང་ས་ྋསྐྱབས་མགོན་ཆེན་པོའི་གསུང་འཕྲིན་གྱི་དགོངས་དོན་སྤྱི་འཐུས་རྣམ་པ་ཚོས་ད་དུང་ཡང་གསལ་རྟོགས་ཐུབ་མེད་པའི་ཚོར་སྣང་ཞིག་བྱུང་བས། སླར་ཡང་ལྗགས་ཀློག་ཅིག་གནང་སྟེ་གནད་དོན་རྣམས་མཁྱེན་པ་གནང་རོགས་གནང་ཞེས་ཞུ་རྒྱུ་ཡིན། ད་ལྟའི་གསུང་འཕྲིན་འདི་མདོར་བསྡུས་པ་ཡིན་ན་སྤྱི་འཐུས་ལྷན་ཚོགས་ཀྱི་འོས་བསྡུ་བྱེད་ཕྱོགས་ཀྱི་སྒྲིག་གཞི་ལ་ལེགས་བཅོས་གཏོང་ཕྱོགས་སྐོར་གྲོས་བསྡུར་ལྷུག་པོ་ཞིག་གནང་དགོས་པའི་བཀའ་ཕེབས་པ་རེད། གསུང་འཕྲིན་དུ་ བྱབྱམདོ་དོན་འོས་གཞི་འདོན་ཕྱོགས་ཚད་ལྡན་བློ་ཁ་ཁེངས་ངེས་ཤིག་ད་དུང་ཡོང་གི་མེད་པའི་ཚོར་སྣང་སྤྱི་དོན་ཐོག་དོ་ཁུར་ཡོད་པའི་ལྷག་བསམ་ཅན་དུ་མས་ཡོང་བཞིན་པ་མ་ཟད་བྱབྱ ཅེས་རྒྱུ་མཚན་དེ་དག་བཀོད་གནང་ནས་ བྱབྱད་ལྟ་ནས་འོས་བསྡུའི་སྒྲིག་གཞིར་དུས་བསྟུན་དངོས་ཡོད་ཀྱི་གནས་ཚུལ་ལ་གཞིགས་པའི་བསྐྱར་བཅོས་ལེགས་སྤེལ་བྱེད་ཕྱོགས་ཇི་དགེ་གྲོས་ཚོགས་སུ་མ་ལན་མ་འགྱོད་པའི་བསམ་ཞིབ་བགྲོ་གླེང་མཐིལ་ཕྱིན་བགྱིས་ཏེ་སྐབས་བཅུ་གསུམ་པའི་འོས་བསྡུའི་སྔོན་ཚུད་ནས་མང་ཚོགས་སུ་གོ་རྟོགས་སྤེལ་ཕྱོགས་ནན་ཏན་བྱ་གལ་ཆེ་བས། ད་ལན་ཚོགས་དུས་འདི་ཐོག་ནས་གྲོས་བསྡུར་ལྷུག་པོ་ཞིག་འགོ་འཛུགས་བྱ་དགོས་བྱབྱ ཞེས་གསུངས་ཡོད་པ་མ་གཏོགས། བཅའ་ཁྲིམས་བསྒྱུར་བཅོས་གཏོང་རྒྱུའི་སྐོར་གོ་བསྡུར་བྱེད་དགོས་གསུངས་མེད་པ་འདི་ཐུགས་འཇགས་དགོས་གལ་ཆེ། འོས་བསྡུའི་སྒྲིག་གཞི་བསྒྱུར་བཅོས་བཏང་སྟེ་འོས་གཞིའི་ནང་དུ་མི་གང་བྱུང་མིན་པར་ཡག་པོ་ཞིག་སླེབས་ཐུབ་པ་དང༌། སླེབས་པ་དེ་ཚོས་གཞི་རིམ་གྱི་བོད་མི་མང་ཚོགས་དང་འབྲེལ་བ་བྱེད་ཐུབ་རྒྱུའི་ཐབས་ལམ་གང་བཟང་བ་དང༌། འབྲེལ་བ་ཡག་པོ་མི་ཡོང་བའི་དཀའ་ངལ་སེལ་ཐབས་གང་གནང་དགོས་མིན་སྐོར་བཅས་བཀའ་བསྡུར་གནང་དགོས། གལ་ཏེ་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་ལ་འགྱུར་བ་ཞིག་གཏང་དགོས་བྱུང་ན། བཅའ་ཁྲིམས་ལ་འགྱུར་བ་གཏོང་དགོས་པ་ལས་འོས་བསྡུའི་སྒྲིག་གཞི་ལ་འགྱུར་བ་བཏང་བས་ཕན་ཐོགས་མེད། ང་ཚོར་སྤྱི་འཐུས་ཀྱི་གྲུབ་ཆའི་སྐོར་ལ་བསམ་ཞིབ་བྱེད་དགོས་ཞེས་ྋསྐྱབས་མགོན་རིན་པོ་ཆེས་བཀའ་ཕེབས་མེད་པའི་གནད་དོན་འདི་གསལ་པོ་མཁྱེན་པ་ཡིན་ན། བཀའ་བསྡུར་གནང་བའི་སྐབས་སུ་སྐུ་ངལ་མ་འཕྲད་པའི་ཁྱད་པར་ཡོད་སྙམ། དངོས་ཡོད་ཀྱི་གནས་ཚུལ་དང་ྋརྒྱལ་བ་རིན་པོ་ཆེའི་དགོངས་ཚུལ་གཉིས་ཀར་གང་ནས་བལྟས་ཀྱང་བོད་མི་གཞིས་བྱེས་མཉམ་འཛོམས་ཤིག་མ་བྱུང་གི་བར་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་འདི་ད་ལྟའི་སྒྲོམ་གཞི་འདི་རང་བསྡད་དགོས་པ་ཞིག་རེད་མ་གཏོགས་འདི་ལ་འགྱུར་བ་གཏང་རྒྱུ་ཁག་པོ་རེད། གལ་ཏེ་འགྱུར་བ་ཕྱིན་པ་ཡིན་ན་བོད་ཀྱི་རྩ་དོན་ཐོག་གནོད་རྒྱུ་ལས་ཕན་ཐོགས་ཤིག་ཡོང་རྒྱུ་མེད། འདི་ནི་རྩ་བའི་དམ་བཅའ་ཞིག་ལ་ཐུག་བསྡད་ཡོད། ས་གནས་སོ་སོ་དང་མི་གྲངས་མང་ཉུང་ལ་སོགས་པའི་གནས་ཚུལ་ཐོག་མ་བཞག་པར་གཞི་རིམ་གྱི་ཆོལ་ཁ་གསུམ་དང་ཆོས་བརྒྱུད་ལྔའི་ཁུངས་ནས་མང་ཉུང་མེད་པར་སྤྱི་མཚུངས་ཀྱི་སྤྱི་འཐུས་ཡོང་བ་འདི་བརྟག་དཔྱད་གོ་བསྡུར་མང་པོ་བྱས་པའི་མཐའ་མར་ྋསྐྱབས་མགོན་རིན་པོ་ཆེས་འདི་རང་ལེགས་པར་གཟིགས་ནས་ཐག་གཅོད་གནང་བ་རེད། བོད་ནང་གི་མང་ཚོགས་ལ་རྣམ་པ་སྟོན་སྟངས་ཡིན་ནའང་རུང༌། བཙན་བྱོལ་བོད་མི་སྤྱི་ཚོགས་ཀྱི་ནང་མཐུན་ལམ་གཅིག་བསྒྲིལ་ཡོང་རྒྱུའི་ཆེད་དུ་ཡིན་ནའང་རུང༌། འདི་ཚོ་ཚང་མའི་ཐོག་ལ་སྤྱི་འཐུས་ཀྱི་གྲུབ་ཆ་འདི་ང་ཚོའི་བཅའ་ཁྲིམས་ཀྱི་གཞི་རིམ་གྱི་སྒྲོམ་གཞི་ཞིག་ཡིན་པར་བརྟེན། ད་ལྟ་འདི་ལ་འགྱུར་བ་གཏང་དགོས་པའི་རྒྱུ་མཚན་མེད་ལ། འགྱུར་བ་གཏོང་སླ་པོ་ཞིག་ཀྱང་མིན། ཡོ་རོབ་དང་ཨ་རིའི་ནང་ནས་དམིགས་བསལ་གྱི་སྤྱི་འཐུས་ཡོང་རྒྱུ་འདི་ཆོལ་ཁ་ཆོས་ལུགས་ཀྱི་སྤྱི་འཐུས་གཞི་ལ་བཞག་པའི་ཐོག་ནས་འཕར་མ་ཡོང་སྟངས་ཤིག་རེད། དེའི་ཆ་རྐྱེན་སྤྲད་ཡོད། རྩ་བའི་གྲུབ་ཆ་འདི་ལ་འགྱུར་བ་མི་གཏང་རྒྱུ་ནི་བཙན་བྱོལ་གཞུང་གི་གཞི་རིམ་གྱི་སྲིད་བྱུས་འཛིན་ཕྱོགས་ཤིག་ལ་ཐུག་པ་ཡིན་ཙང༌། དེ་འདྲའི་གཞི་རིམ་གྱི་སྲིད་བྱུས་འཛིན་ཕྱོགས་དེ་འགྱུར་བ་མ་ཕྱིན་གྱི་བར་དུ་བཅའ་ཁྲིམས་ལའང་འགྱུར་བ་གཏོང་རྒྱུ་ཁག་པོ་རེད།
དོན་གནད་གཉིས་པ་ཞིག་ལ། ཚོགས་པ་སྐྱིད་སྡུག་དང་སྲིད་དོན་གྱི་ཚོགས་པ་གཉིས་ནི་མཐའ་གཅིག་ཏུ་རྣམ་པ་ཐ་དད་རེད། རྒྱལ་ཁབ་ཅིག་གི་སྲིད་དོན་ཚོགས་པ་ཞིག་ཡིན་ན། རྒྱལ་ཁབ་དེའི་རྒྱལ་ཡོངས་ཀྱི་ངོ་བོ་ལྡན་པ་ཞིག་དགོས་ཀྱི་ཡོད། དེའི་ནང་དུ་ཆོལ་ཁ་ཆོས་ལུགས་ཡོངས་སུ་རྫོགས་པའི་མི་ཡོད་པ་ཞིག་དགོས་པ་མ་ཟད། སྲིད་དོན་གྱི་ལྟ་གྲུབ་ཀྱི་གསལ་བསྒྲགས་ཡོད་པ་ཞིག་ཀྱང་དགོས། དེ་འདྲའི་ཐོག་ནས་དབུས་འོས་བསྡུ་ལས་ཁང་གིས་རྒྱལ་ཡོངས་ཀྱི་སྲིད་དོན་ཚོགས་པ་ཞིག་ཡིན་པར་ངོས་ལེན་བྱེད་དགོས་ཀྱི་ཡོད། དེ་མིན་འདྲ་མིན་སྣ་ཚོགས་ཀྱི་ཚོགས་པ་ཐམས་ཅད་སྲིད་དོན་ཚོགས་པའི་ངོ་བོ་ལ་འགྲོ་ཐུབ་ཀྱི་མེད། ཚོགས་པ་དུ་མ་ཅན་གྱི་གྲོས་ཚོགས་ཟེར་དུས་སྤྱི་ཚོགས་ནང་ཚོགས་པ་ཁ་ཤས་ཡོད་པ་ཙམ་གྱིས་འགྲིག་པའི་དགོངས་པ་འཁོར་བ་ཡིན་ན་དངོས་དོན་མ་རེད། བོད་པའི་སྤྱི་ཚོགས་ཀྱི་ནང་སྔོན་མ་དམར་པོའི་ཚོགས་པ་ཆུང་ངུ་ཞིག་བྱུང་ནས་མེད་པ་ཕྱིན་པ་དེ་སྲིད་དོན་ཚོགས་པ་རང་རེད། དེའི་རྗེས་སུ་གཞོན་ནུ་ལྷན་ཚོགས་ཀྱིས་ལས་འགུལ་གྱི་ཆ་ཤས་ཤིག་ལ་བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་བཙུགས་པ་དེ་ད་ལྟ་ཡོད་བཞིན་པ་རེད། མ་ཟད་ལས་ཀའང་ཡག་ཐག་ཆོད་ཅིག་བྱས་བསྡད་ཡོད་པ་རེད་དེ། རྒྱལ་ཡོངས་མང་གཙོ་ཚོགས་པ་དེ་ལ་འོས་བསྡུ་ལས་ཁང་གི་ངོས་ནས་སྲིད་དོན་གྱི་ཚོགས་པ་ཞིག་ལ་ངོས་ལེན་ཡོད་པ་དང༌། འོས་བསྡུ་བྱེད་པའི་སྐབས་དངོས་སུ་ཚོགས་པའི་ངོ་བོ་བསྟན་ནས་ཆ་ཤས་བླང་ཆོག་པ་ད་ལྟ་ཆགས་མེད་པ་འདི། སྤྱི་འཐུས་ལྷན་ཁང་གིས་སྲིད་དོན་ཚོགས་པ་ངོས་ལེན་བྱེད་སྟངས་ཀྱི་ཁྲིམས་གཞི་གཏན་འབེབས་གནང་མ་ཐུབ་པའི་ཉེར་ལེན་ལ་བརྟེན་ནས་བྱུང་བ་རེད། དེ་འདྲ་ཡིན་པར་བརྟེན་ངས་རྒྱུན་དུ་བོད་མིའི་སྤྱི་ཚོགས་ཀྱི་ནང་དུ་སྲིད་དོན་གྱི་ཚོགས་པ་ཡར་རྒྱས་མི་ཡོང་བ་འདི་སྤྱི་འཐུས་ལྷན་ཁང་ལ་ཐུག་བསྡད་ཡོད་པ་དང༌། སྤྱི་འཐུས་ལྷན་ཁང་གི་ལས་འགན་མ་གྲུབ་པའི་གྲས་སུ་སྲིད་དོན་ཚོགས་པ་མང་པོ་སྤེལ་མ་ཐུབ་པ་དེའང་གཅིག་རེད་ཅེས་ཞུས་བསྡད་པའི་རྒྱུ་མཚན་དེ་རེད། དེ་འདྲ་ཡིན་ཙང་ང་ཚོའི་ནང་དོན་གྱི་རྙོག་ཁྲ་ཆུང་རིགས་ལ་བརྟེན་ནས་རྩ་བའི་བོད་རྒྱ་ཆེ་མི་མང་གི་མང་གཙོའི་འཕེལ་རིམ་ལ་བར་ཆད་ཡང་ཡང་ཡོང་བསྡད་ཀྱི་ཡོད། ང་ཚོའི་བོད་པའི་སྤྱི་ཚོགས་ཀྱི་ནང་དུ་མང་གཙོའི་གོམས་གཤིས་དང་ལེགས་བྱང་གཞི་རྩ་བརྟན་པོ་ཞིག་བྱུང་མེད་པ་དང༌། བཙན་འོག་ཏུ་སྡོད་རྒྱུའི་བསམ་བློའི་བག་ཆགས་འདི་མ་བྱང་བར་བསྡད་ཡོད་པ་འདིས་སྐུ་ངལ་འཕྲད་བསྡད་ཡོད། དེར་བརྟེན་ང་ཚོས་བཀའ་བསྡུར་གནང་རྒྱུའི་ས་མཚམས་ནི་སྤྱི་འཐུས་འོས་གཞི་འདེམས་སྒྲུག་བྱེད་སྟངས་དང་འབྲེལ་བ་ཡོད་པའི་སྒྲིག་གཞི་ལ་ལེགས་བཅོས་ག་འདྲ་ཞིག་གཏང་རྒྱུ་ཡོད་མེད་དང༌། དེ་ལ་བརྟེན་ནས་གཅིག་ཏུ་མི་ཡག་པོ་ཞིག་འོས་གཞིའི་ནང་སླེབས་ཐུབ་པ་ཞིག་དང༌། གཉིས་སུ་ཕ་རོལ་པོའི་གཡོ་ཁྲམ་གྱིས་མང་ཚོགས་མགོ་འཁོར་གཏོང་རྒྱུའི་ཉེན་ཁ་འདི་ཟློག་ཐུབ་པ་ཞིག་ཡོང་རྒྱུའི་དམིགས་ཡུལ་འདི་གཉིས་གཙོ་བོར་བཞག་ནས་དེའི་ཆེད་དུ་སྒྲིག་གཞིའི་ཐབས་ལམ་ག་འདྲ་ཞིག་བཟོ་རྒྱུ་འདུག་བལྟ་དགོས། མང་གཙོ་ཞེས་པ་འདི་གཞན་གང་ཡང་མིན་པར་སྒྲིག་གཞི་ཤ་སྟག་ཅིག་རེད་ཅེས་མཁས་པ་འགས་གསུངས་ཡོད། མི་མང་གི་སྒྲིག་འཛུགས་རྣམས་ག་འདྲ་བྱས་ནས་བཟོ་དགོས་པའི་ལམ་ལུགས་ཀྱི་ནང་མང་གཙོའི་ལམ་སྲོལ་འདུས་འགྲོ་བ་རེད་ཅེས་སྲིད་དོན་ཚན་རིག་པས་བཤད་པ་རེད།
ྋསྐྱབས་མགོན་རིན་པོ་ཆེའི་གསུང་འཕྲིན་གྱི་གླེང་གཞིའི་ནང་གཟིགས་ན་མ་འོངས་པར་ཆབ་སྲིད་ཀྱི་ཚོགས་པ་མང་པོ་ཡོད་པའི་གྲོས་ཚོགས་ཤིག་ཏུ་འགྲོ་དགོས་ཀྱི་ཡོད་པའི་དགོངས་ཚུལ་དེ་གསལ་པོ་རེད། གལ་ཏེ་དེའི་ཐོག་ཕྱིན་པ་ཡིན་ན་དཀའ་ངལ་གང་ཡང་མེད། མི་ཡག་སྡུག་གང་སླེབས་ཀྱི་འགན་ཁུར་ཆ་ཚང་སྲིད་དོན་ཚོགས་པས་འཁྱེར་རྒྱུ་ཡིན་དུས། ཁོང་ཚོས་འོས་གཞིའི་ནང་དུ་ག་འདྲ་ཞིག་གཏོང་རྒྱུའི་གོ་སྒྲིག་བྱེད་པ་ལྟར་སླེབས་རྒྱུ་དང༌། དེ་ནས་ཕྱོགས་གཅིག་གིས་གཞུང་འཛིན་པ་དང༌། གཅིག་གིས་འགལ་ཟླ་བྱེད་རྒྱུ་ཡིན་པར་བརྟེན་གྲོས་ཚོགས་དང༌། བཙན་བྱོལ་གཞུང༌། འོས་བསྡུ་ལས་ཁང་བཅས་ཀྱི་ཁུར་འགན་ཆུང་དུ་འགྲོ་རྒྱུ་རེད། ད་ལྟ་དེ་འདྲའི་ཚོགས་པ་མེད་པའི་སྐབས་སུ་འཛིན་སྐྱོང་དང་འོས་བསྡུ་ལས་ཁང་གི་ངོས་ནས་ལམ་ལུགས་ཡག་པོ་ག་འདྲ་ཞིག་བཟོ་རྒྱུ་ཡོད་མིན་སྐོར་དགོངས་བཞེས་གནང་དགོས་རྒྱུ་ཡིན་པས་ཐུགས་འཇགས་གནང་རོགས། ཞེས་གསུངས།

བོད་མི་མང་སྤྱི་འཐུས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཚོགས་དུས་བརྒྱད་པ། ༡༩༩༩/༠༩/༢༡ ་་་ ༡༩༩༩/༠༩/༣༠