ཨི་སི་རལ་དུ་སོ་ནམ་སྦྱོང་བདར་ཆེད་མི་འགྲོ་གཏོང་ཕྱོགས་ལས་འཕྲོས་པའི་དྲི་བ་དྲིས་ལན།
སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་ནས། ༄༅། །ཕྱི་རྒྱལ་ཨི་སི་ར་ཡིལ་དུ་སོ་ནམ་སྦྱོང་བདར་ཆེད་གཞིས་ཆགས་ཁག་ནས་འདས་པའི་ལོ་མང་རིང་མི་འགྲོ་བཏང་དང་གཏོང་བཞིན་པ་དེ་ལྟར་ཡང་ཀྲུ་ཀྲིང་མི་མང་ལ་ཐེངས་དང་པོར་ ༢༠༠༤ ལོར་གཏོང་འཆར་མི་འགྲོ་ལྔ་བྱུང་འདུག་ཀྱང་དངོས་སུ་བསྐྱོད་ཐུབ་པ་གཅིག་ཀྱང་བྱུང་མི་འདུག་ན།
༡ གྲངས་ཉུང་དང༌། རྗེས་ལུས། ལུང་ཁུག་སོགས་དམིགས་བསལ་དཀའ་ངལ་ཅན་རྣམས་ལ་རྒྱལ་ཁབ་སྤྱི་སྲོལ་དུ་དམིགས་བསལ་དགོངས་བཞེས་གནང་ལམ་ཡོད་པ་བཞིན། ༢༠༠༥ ལོར་ཨི་སི་ར་ཡིལ་དུ་བསྐྱོད་ཕྱོགས་ཐད་ཀྲུ་ཀྲིང་ལ་དམིགས་བསལ་དགོངས་བཞེས་གནང་འོས་ལ་སོང་གནང་འཆར་ཡོད་དམ།
༢ མེད་ན་རྒྱུ་མཚན་གང་ཡིན་ནམ།
བཀའ་ལན།
༡ གྲངས་ཉུང་དང༌། རྗེས་ལུས། ལུང་ཁུག་སོགས་ལ་དམིགས་བསལ་ཐོབ་ཐང་གནང་ལམ་དེ་སྔ་བྱུང་མི་འདུག་ཀྱང༌། ཕྱི་ལོ་ ༢༠༠༤ ལོར་ཀྲུ་ཀྲིང་ལ་དམིགས་བསལ་མི་ལྔ་ཨི་སི་རལ་དུ་གཏོང་རྒྱུའི་འདེམས་སྒྲུག་བྱས་པ་ནས་མི་གཉིས་བསྐྱོད་ཐུབ་པ་བྱུང་ཡོད། ཕྱི་ལོ་ ༢༠༠༥ ལོར་དམིགས་བསལ་གཏོང་འཆར་མེད།
༢ རྒྱུ་མཚན་ཨི་སི་རལ་དུ་སོ་ནམ་སྦྱོང་བརྡར་གཏོང་རྒྱུའི་མི་འགྲོའི་ཆ་རྐྱེན་རོགས་ཚོགས་ནས་དགོས་མཁོ་གཏན་འབེབས་ལྟར་ད་ལྟ་ཞིང་ལས་བྱེད་མུས་ཤིག་ཡིན་པའམ། ཡང་ན་ཕ་མ་ནང་མི་རྣམས་ཞིང་ལས་བྱེད་མཁན་ཞིག་ཡིན་དགོས་པའི་དབང་གིས་ཡིན་ལགས།
སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་ནས་འཕྲོས་དོན་དྲི་བར།
རང་ཉིད་ས་གནས་ལ་ཕྱིན་ནས་མི་མང་གིས་བདེ་སྡུག་ཞུས་པ་ཞིག་རེད། དེ་ལ་གཞིར་བཞག་པའི་ཐོག་ནས་བྱས་པ་ཡིན་ན། ༢༠༠༤ ལོ་ལ་ཀྲུ་ཀྲིང་ནས་ཐེངས་དང་པོ་མི་ལྔ་འགྲོ་རྒྱུའི་གནས་ཚུལ་ཞིག་བྱུང་འདུག དེའི་ནང་མི་གཉིས་ཆ་རྐྱེན་འདྲ་པོ་ཚང་མ་ཚང་ནས་ཚུད་འདུག་སྟེ་དངོས་སུ་བསྐྱོད་ཐུབ་མ་སོང་ཞེས་ཁོང་གཉིས་དངོས་སུ་ས་གནས་ལ་ཐུག་སོང༌། ཁོང་གཉིས་ནས་ཟེར་རྒྱུ་ལ། ང་གཉིས་ Reserved Candidate ནང་བཞག་ཡོད། རྗེས་མ་གཏང་རྒྱུའི་ནང་ཡོད། རྩ་བའི་ཆ་རྐྱེན་ཚང་མ་ཚང་བ་རེད་དེ། ད་ལོ་འགྲོ་རྒྱུ་དེའི་ནང་མ་ཚུད་པ་རེད་མ་གཏོགས། ཆ་རྐྱེན་ཚང་མ་ཚང་ཡོད། མ་འོངས་གཏང་རྒྱུའི་ནང་ཡོད་ཅེས་ཚིག་དེ་ཁོ་རང་གཉིས་ནས་ཚུར་བེད་སྤྱོད་བཏང་བ་རེད། གཞན་གསུམ་དེ་རང་ངོས་ནས་ཆ་རྐྱེན་ཚང་ཡོད་དེ། མཐའ་མ་གང་ལྟར་ནང་སྲིད་ནས་ཐོངས་མཆན་དེ་ཞུ་རྒྱུའི་དུས་ཚོད་དེ་མ་ལྡེང་བའི་ཐོག་ནས་ཐོངས་མཆན་རང་མ་ཐོན་ནས་འགྲོ་ཐུབ་མ་སོང་མ་གཏོགས། ཁོ་རང་ཚོའི་ངོས་ནས་ཞུ་དགོས་རྒྱུ་ཚང་མ་རང་ཁུར་བྱས་ནས་འཕྲོད་བསྟེན་བརྟག་དཔྱད་བྱེད་རྒྱུ་ལ་སོགས་པ་ཚང་མ་ཞུས་ཡོད་ཅེས་གསུངས་སོང༌། དེ་གསུམ་གྱི་ནང་ནས་གཅིག་ཐུག་མ་སོང་མ་གཏོགས་གཞན་གཉིས་དེ་ང་གཉིས་ལ་ཐུག་སོང༌། དེ་འདྲ་སོང་ཙང་མི་ལྔའི་ནང་ནས་བཞི་འགྲོ་ཐུབ་མ་སོང་ཟེར་ནས་ཐུག་པ་རེད། དེ་འདྲ་སོང་ཙང་ང་གཉིས་ལ་དངོས་སུ་གནས་ཚུལ་བྱུང་བ་དེ་འདི་རེད། དེས་ན་ད་ལྟའི་བཀའ་ལན་གྱི་ནང་ལ་མི་གཉིས་བསྐྱོད་ཐུབ་ཡོད་ཅེས་གསུངས་འདུག ཡིན་ནའང་ང་གཉིས་ནས་ཁ་སྔོན་ལས་བསྡོམས་ཀྱི་ནང་ལ་མི་བཞི་དེ་སུ་དང་སུ་ཡིན་མིན་མིང་དང་བཅས་པ་བཀོད་ཡོད། དེ་འདྲ་མགོ་བསྐོར་རང་བཏང་ཡོད་སྲིད་ཀྱི་མ་རེད། དེ་འདྲ་སོང་ཙང་ད་ལྟ་འདིར་གཉིས་བཏང་ཡོད་ཅེས་གསུངས་པ་དེ། གཉིས་སུ་རེད།དེ་ང་གཉིས་ལ་གསལ་པོ་ཞིག་གསུང་རོགས་གནང་ཞེས་ཞུ་རྒྱུ་ཡིན། བྱས་ཙང་ང་གཉིས་ ༢༠༠༥ ལོ་ལ་གཏང་གི་རེད་མ་རེད་ཞུ་རྒྱུ་དེ་གཅིག་ནས་ཀྲུ་ཀྲིང་ལ་ ༢༠༠༤ ལོ་ལ་ཐེངས་དང་པོ་གོ་སྐབས་ཐོབ་པ་དང༌། གཉིས་ནས་ལུང་ཁུག་སོགས་རྗེས་ལུས་ཐེབས་པ་ཡིན་པ་དང༌། གསུམ་པ་དེར་ ༢༠༠༤ ལོ་ལ་ཐེངས་དང་པོ་གོ་སྐབས་རག་ནས་མི་ལྔ་ལ་འབྲེལ་བ་བྱུང་བ་རེད་དེ་གཅིག་ཀྱང་བསྐྱོད་མ་ཐུབ་པ་སོང་ཙང་ ༢༠༠༥ ལོ་ལ་དམིགས་བསལ་གཏང་གནང་གི་རེད་དམ་ཞེས་ཞུ་རྒྱུ་དེ་རེད། ཡིན་ནའང་ད་ལྟ་འདིར་ནང་སྲིད་ནས་ཐུགས་སྣང་བཞེས་ནས་མི་གཉིས་བཏང་ཡིན་ཞེས་གསུངས་འདུག གལ་སྲིད་དེ་བཏང་བ་ཡིན་ན། དམིགས་བསལ་མི་དགོས་པར་དེ་ག་རང་བཞག་ན་འགྲིག་གི་འདུག ཡིན་ནའང་མ་འོངས་པར་རྩད་གཅོད་གནང་ནས་མི་གཅིག་ཀྱང་བསྐྱོད་ཐུབ་མེད་པ་ཡིན་ན། ༢༠༠༥ ལོ་ལ་ཡང་བསྐྱར་གཏང་གནང་གི་རེད་དམ་མ་རེད་ཅེས་ཞུ་རྒྱུ་ཞིག་དང༌། དེ་ནས་དྲི་བ་གཞན་ཞིག་ཞུ་རྒྱུ་ལ་ཀྲུ་ཀྲིང་ལ་སྡོད་མཁན་མི་དེ་དག་འཚོ་ཐབས་གང་ཡིན་པ་ཞིག་ལ་ནང་སྲིད་ནས་ངོས་འཛིན་གནང་གི་ཡོད་དམ། གང་ལགས་ཤེ་ན་ད་ལྟའི་བཀའ་ལན་གཉིས་པའི་ནང་ཨི་སི་རལ་ནས་སོ་ནམ་གྱི་སྦྱོང་བརྡར་ཆ་རྐྱེན་གྱི་ནང་ལ་ཕར་འགྲོ་མཁན་དེ་དག་ཞིང་ལས་བྱེད་མཁན་ངེས་པར་དུ་དགོས་ཀྱི་རེད་ཅེས་གསུངས་པ་སོང་ཙང་ཀྲུ་ཀྲིང་ཡོད་པ་དེ་དག་བརྒྱ་ཆ་དགུ་བཅུ་ལྷག་ལ་ང་རང་ཚོ་གཞུང་གི་ངོས་ནས་གཞིས་ཆགས་ཀྱི་མཐུན་རྐྱེན་གང་ཡང་གནང་ཐུབ་ཡོད་མ་རེད། ཁོ་རང་ཚོའི་འཚོ་ཐབས་དེ་ཡུལ་མིའི་ས་གནས་ས་ཆ་བོགས་མ་བླངས་ཏེ་དེའི་ཐོག་ལ་ཞིང་ཁ་བཏབ་ནས་མི་མང་མང་ཆེ་བའི་ད་ལྟའི་བར་གྱི་འཚོ་རྟེན་དེ་རེད། བྱས་ཙང་གཞུང་ནས་གཞིས་ཆགས་མཐུན་རྐྱེན་གནང་ཐུབ་པ་ཡིན་ནའང་ཕ་གིའི་མི་ཚོས་དངོས་སུ་ཞིང་ལས་རང་བྱེད་ཀྱི་ཡོད་རེད། ཨི་སི་རལ་དུ་བཏང་བར་ཞིང་ལས་འདེབས་མཁན་ཞིག་དགོས་ཀྱི་ཡོད་ན། ཞིང་ལས་འདེབས་རྒྱུའི་ཆ་རྐྱེན་མ་ཚང་བ་གང་ཡང་ཡོད་མ་རེད། ཀྲུ་ཀྲིང་གི་ས་ནས་ཁོ་ཚོ་ཕ་གིར་ཞིང་ཁ་འདེབས་མཁན་ཡིན་པའི་རྒྱབ་གཉེར་ཞིག་ཞུས་ནའང་མ་རག་པ་གང་ཡང་ཡོད་མ་རེད་བསམ་གྱི་འདུག དེའི་ཆ་རྐྱེན་དེ་ཚང་བསྡད་ཡོད་དུས་ནང་སྲིད་ཀྱིས་དེ་མ་ཡིན་པ་ཞིག་ལ་ཚད་འཛིན་གནང་གི་ཡོད་ན་ཁོང་ཚོའི་འཚོ་རྟེན་དེ་ག་རེ་ཡིན་པར་ངོས་འཛིན་ཞུ་གི་ཡོད་དམ།
བཀའ་ལན།
ཀྲུ་ཀྲིང་ཟེར་བའི་བོད་མིའི་ཁ་འཐོར་གནས་སྡོད་དེ་བཙན་བྱོལ་གཞུང་གིས་གཟིགས་སྐྱོང་གནང་མ་ཐུབ་པར་ཡུན་རིང་ལུས་བསྡད་པ་ཞིག་དང༌། འདས་པའི་ལོ་ཉུང་ཤས་ཤིག་གི་ནང་གཞི་ནས་འབྲེལ་བ་བྱུང་སྟེ་གནས་སྐབས་ཏི་ཛུ་གཞིས་ཆགས་ཀྱི་ཁྱབ་ཁོངས་སུ་རྩིས་པ་དང༌། ཉེ་ཆར་འབྲེལ་མཐུད་པ་ཞིག་ཟུར་བསྐོ་བྱས་ནས་ཐད་ཀར་འབྲེལ་བ་བྱེད་ཀྱི་ཡོད། དེ་འདྲ་སོང་ཙང་ ༢༠༠༤ ལོ་ལ་ཐེངས་དང་པོར་སྔར་གཏན་འབེབས་བྱས་པའི་སོ་ནམ་གཞིས་ཆགས་བཅུ་གཉིས་ཀྱི་འགྲོ་རེས་ལ་བསྒུག་མ་དགོས་པར་ ༢༠༠༤ ལོར་དམིགས་བསལ་མི་ལྔ་གཏོང་རྒྱུའི་གོ་སྐབས་ཕུལ་བ་རེད་འདུག ཁོང་ཚོའི་ནང་ནས་མི་གཉིས་བསྐྱོད་ཐུབ་པ་དང༌། མི་གསུམ་ཕྱི་བསྐྱོད་ལག་འཁྱེར་དུས་ཐོག་ཏུ་མ་ཐོན་པའི་དབང་གིས་འགྲོ་ཐུབ་མི་འདུག གཅིག་བྱས་ན་སྤྱི་འཐུས་རྣམ་པ་འཚམས་གཟིགས་ཕེབས་པའི་སྐབས་ཁོང་ཚོ་གཞི་ནས་འཐོན་རྒྱུ་ཡིན་འགྲོ་བསམ་གྱི་འདུག མི་གཉིས་ད་ལྟ་ཕ་གིར་ཡོད་བཞིན་པ་རེད། ཁོང་གཉིས་ཀྱི་མཚན་འདིར་ཡིག་ཆའི་ནང་བྲིས་མི་འདུག རྗེས་སུ་མིང་དེ་བཀུར་འོས་སྤྱི་འཐུས་མཆོག་ལ་འབུལ་ཆོག་པ་ཞུ་རྒྱུ་ཡིན། མི་གཞན་གསུམ་པོ་དེ་ཕྱི་བསྐྱོད་ལག་ཁྱེར་དུས་ཐོག་ཏུ་མ་ཐོན་པའི་ནང་སྲིད་ལས་ཁུངས་དང་བོད་གཞུང་ལ་གནང་ཐབས་མེད་པའི་གནས་ཚུལ་ཞིག་བྱུང་བ་ཡིན་ཙང་འགྲོ་མ་ཐུབ་པ་རེད་ཅེས་ཞུ་རྒྱུ་ཡིན།
༢༠༠༥ ལོ་ལ་དམིགས་བསལ་གཏོང་འཆར་མེད་ཞུས་དགོས་དོན་ནི་ ༢༠༠༥ ལ་མི་འགྲོ་མཁན་དེ་དག་ཧ་ལམ་གཏན་འཁེལ་ཟིན་པ་རེད། དེ་འདྲ་ཡིན་ཙང་དེའི་ནང་ཀྲུ་ཀྲིང་ནས་མི་གཏང་ཐུབ་ཐབས་ཡོད་པ་མ་རེད། ད་ ༢༠༠༥ གི་ལོ་ལ་དམིགས་བསལ་གཏོང་འཆར་མེད་ཅེས་གསལ་ཁ་གཏོད་དགོས་དོན་ནི་ ༢༠༠༦ ལོ་དང་དེའི་རྗེས་སུ་དམིགས་བསལ་གཏོང་མིན་གཞི་ནས་བསམ་ཞིབ་བྱ་རྒྱུ་ཡིན་པ་མཚོན་པའི་ཆེད་དུ་ཡིན། ནམ་ཡང་དམིགས་བསལ་གཏོང་གི་མིན་ཞེས་ཞུས་མེད། སྤྱིར་སྟངས་ད་ལྟ་ཁོ་རང་ཚོའི་འཚོ་ཐབས་ག་འདྲ་ཞིག་སྐྱེལ་གྱི་ཡོད་མེད་ལ་མ་ལྟོས་པར་བཙན་བྱོལ་གཞུང་གི་ཁོང་ཚོ་སོ་ནམ་གཞིས་ཆགས་ཡིན་པའི་ངོས་འཛིན་ད་ལྟ་ཞུས་མེད། མང་ཆེ་བ་ཞིག་ཚོང་ལས་དང་ངེས་མེད་འཚོ་ཐབས་ཅན་ལྟ་བུ་ཞིག་ལ་ངོས་འཛིན་གྱི་འདུག ཡིན་ནའང་ད་ཆ་འབྲེལ་མཐུད་པ་གསར་དུ་བསྐོས་ཚར་བ་ཡིན་ཙང༌། འབྲེལ་མཐུད་པ་དེས་ཐུགས་འགན་ཆེན་པོ་བཞེས་ཀྱི་འདུག དེ་འདྲ་སོང་ཙང་མ་འོངས་པར་ཁོ་རང་ཚོའི་འཚོ་ཐབས་ཀྱི་ལས་གཞི་དང་གནས་ཚུལ་ཚང་མ་གསལ་པོ་ཆགས་མདོག་ཁ་པོ་རེད། ཉེ་ཆར་འབྲེལ་མཐུད་པ་དང་བཀའ་བསྡུར་བྱུང་བའི་སྐབས་ལ་ཕྲུ་གུ་སློབ་འཇུག་དང༌། ཕྱི་རྒྱལ་གཞིས་ཆགས་ཁོངས་ཚུད་ཐབས། འཕྲོད་བསྟེན་གྱི་མཐུན་རྐྱེན་སོགས་དོན་ཚན་ལྔ་དྲུག་ཅིག་དགོངས་འཆར་གནང་སོང༌། དེ་ཚོ་ཚང་མར་ང་ཚོས་བསམ་གཞིག་བྱེད་ཀྱི་ཡིན་ཞེས་ཞུས་ཡོད། ཀྲུ་ཀྲིང་གི་གནས་སྟངས་དེ་འདྲ་རེད་ཅེས་ཞུ་རྒྱུ་ཡིན།
སྤྱི་འཐུས་ཚེ་རིང་སྒྲོལ་མ་ལགས་ནས།
འདས་པའི་ལོ་མང་རིང་ཕྱི་རྒྱལ་ཨི་སི་རལ་དུ་སོ་ནམ་སྦྱོང་བརྡར་བཏང་གནང་བ་རྣམས་སྦྱོང་བརྡར་ཆ་ཚང་གྲུབ་པ་དང་ཚུར་བཙན་བྱོལ་སྤྱི་ཚོགས་ནང་ཕེབས་ནས་ཇི་མ་ཇི་བཞིན་གྱི་ཕྱག་ལས་གནང་ཐུབ་པ་དེ་འདྲ་གྲངས་ག་ཚོད་ཙམ་བྱུང་ཡོད་དམ། གཉིས་པ་དེར་ཁོ་ཚོ་སྦྱོང་བརྡར་ཆ་ཚང་ཐོན་ནས་ཁོང་ཚོ་ཆ་ཚང་ཞིག་བཙན་བྱོལ་སྤྱི་ཚོགས་ནང་ལོག་ཡོང་གི་ཡོད་དམ་མེད།
བཀའ་ལན།
ཨི་སི་རལ་ལ་སོ་ནམ་གྱི་སྦྱོང་བརྡར་ཞེས་མིང་སྙན་པོ་ཞིག་བཏགས་པ་མ་གཏོགས་དངོས་དོན་སོ་ནམ་ཞིང་ལས་ཀྱི་ལས་མི་བྱས་ནས་གླ་ཆ་བསགས་ནས་ཚུར་ལོག་རྗེས་སོ་སོའི་འཚོ་བའི་མདུན་ལམ་ལ་ཕན་པ་བྱེད་རྒྱུའི་ལས་གཞི་ཞིག་རེད་འདུག སྦྱོང་བརྡར་ཡང་གང་འཚམས་ཤིག་སྤྲད་ཀྱི་ཡོད་འདུག སྦྱོང་བརྡར་བྱས་པ་དེ་དག་ཚུར་ལོག་ནས་སོ་སོའི་ཞིང་ལས་ཐོག་བེད་སྤྱོད་གཏོང་མཁན་ཡང་གང་ལ་གང་འཚམས་བྱུང་འདུག མང་ཆེ་བ་ཞིག་སྦྱོང་བརྡར་བྱས་པ་དེ་ཚུར་སླེབས་དུས་རང་གི་ས་ཞིང་གི་ཐོག་བེད་སྤྱོད་གཏང་མི་ཐུབ་པ་དང༌། གཏང་རྒྱུའི་འདུན་པ་མེད་པ། ཡང་ཚུར་ལོག་རྗེས་ཞིང་ལས་མི་བྱེད་པ་དེ་འདྲ་ཅི་རིགས་ཤིག་ཡོད་འདུག ཕར་འགྲོ་དུས་སྡེབ་ལ་འགྲོ་གི་ཡོད་རེད། སྡེབ་ལ་ཐོངས་མཆན་རྫོགས་འགྲོ་བ་རེད། སྡེབ་ལ་ཚུར་ལོག་དགོས་ཀྱི་ཡོད་པ་རེད། དེ་འདྲ་ཡིན་ཙང་རྒྱལ་ཁབ་གཞན་ལ་ཕྱིན་པ་ནང་བཞིན་དེ་མུར་འཛར་བསྡད་རྒྱུ་རྩ་བ་ནས་ཡོད་མ་རེད། ད་ལྟའི་སྐབས་སུ་ཨི་སི་རལ་ལ་སྦྱོང་བརྡར་འགྲོ་མཁན་ཚུར་མ་ལོག་པ་གཅིག་ཀྱང་བྱུང་ཡོད་མ་རེད་ཅེས་ཞུ་རྒྱུ་ཡིན།
སྤྱི་འཐུས་ངག་དབང་བསྟན་པ་ལགས་ནས།
སྤྱིར་བཏང་དྲི་བ་ཞུ་མཁན་དང་ལན་གསལ་པོ་གང་འཚམས་བྱུང་སོང་སྟེ། མི་ ༢༣༠༠ ལྷག་ཙམ་གྱི་བདེ་སྡུག་གི་རྙོག་གཞི་ཞིག་ཆགས་བསྡད་པ་སོང་ཙང་དེ་ལ་དྲི་བ་དང་ང་ཚོའི་བསམ་ཚུལ་གཉིས་ཐ་གཅིག་ཏུ་ཁག་ཁག་ལྟ་བུ་ཞིག་ཆགས་སོང༌། གང་ལགས་ཤེ་ན་དྲི་བ་དེ་ལ་སོ་ནམ་ལས་གཞི་དེར་བཏང་མ་ཐུབ་པའི་སྐོར་དྲིས་ཀྱི་ཡོད་རེད། ནང་སྲིད་ཀྱི་བཀའ་ལན་གནང་མཁན་གྱིས་མི་གཉིས་བཏང་ཡོད་གསུངས་ཡོད་རེད། བྱས་ཙང་གོང་དུ་སྤྱི་འཐུས་ཤིག་གིས་གསུངས་པ་ཇི་བཞིན། མི་གཉིས་སུ་སུ་བཏང་ཡོད་མེད། ང་ཚོ་ཡར་འགྲོ་དུས་ལོ་མང་པོ་ཞིག་ནས་སུ་གཅིག་གིས་ཀྱང་ལྟ་རྟོག་དང་ལས་གཞི་རྩ་བ་ནས་མེད་པ་འདྲ་པོ་ཞིག་ལབ་སོང༌། ད་ལྟ་ཡང་གསལ་པོ་ཞིག་མགོ་འཚོད་ཀྱི་མི་འདུག གོང་དུ་སྤྱི་འཐུས་ཤིག་ནས་གསུངས་པ་བཞིན་རེད། གཉིས་པ་དེ་ལ་མི་གཉིས་ Reserved ནང་ད་ལྟ་ལྷག་བསྡད་པ་དེ་ ༢༠༠༥ ལ་མེད་ཅེས་གསལ་པོ་གསུངས་འདུག་པ་དེ་ལ་ཨུ་ཚུགས་གང་ཡང་མེད། ༢༠༠༦ ལ་མི་དེ་དག་སྐོར་ལ་ག་རེ་གནང་གི་ཡོད་མེད་སྐོར་ལ་བཀའ་ལན་གསལ་པོ་ཞིག་གནང་རོགས་གནང༌།
བཀའ་ལན།
བཀུར་འོས་སྤྱི་འཐུས་ཀྱིས་མི་གཉིས་དེ་སུ་སུ་ཡིན་པ་གསལ་པོ་བཟོ་དགོས་ཞེས་བཀའ་གནང་སོང༌། མི་གཉིས་ནི་ཉི་མ་རྡོ་རྗེ་དང་ཕུན་ཚོགས་དབང་མོ་གཉིས་རེད་འདུག ཁོང་ཚོ་གཉིས་ད་ལྟ་ཨི་སི་རལ་དུ་ཡོད་བཞིན་པ་རེད། ཡང་ད་ལོ་འགྲོ་མ་ཐུབ་པ་གསུམ་པོ་དེ་ ༢༠༠༦ གི་ནང་ལ་ཚུད་ཀྱི་རེད་དམ་ཞེས་བཀའ་གནང་སོང༌། ༢༠༠༦ གི་མི་འགྲོ་ད་ལྟ་གཏན་འབེབས་བྱ་རྒྱུ་ཡིན། དེ་འདྲ་ཡིན་དུས་ ༢༠༠༦ ལ་ཁོང་གསུམ་གཏང་དགོས་ཀྱི་ཡོད་དམ། དེ་ལས་མང་བ་གཏང་དགོས་ཀྱི་ཡོད། མི་གསུམ་པོ་དེ་ཡང་འགྲོ་མ་ཐུབ་པ་ཆགས་ཀྱི་ཡོད། ད་ལྟ་ཐག་བཅད་ནས་གྲོས་ཚོགས་ནང་ཞུ་ཐུབ་ཀྱི་མི་འདུག
སྤྱི་འཐུས་ངག་དབང་ལྷ་མོ་ལགས་ནས།
ངའི་དྲི་བ་དེ་བཀའ་ལན་དང་པོ་དང་འབྲེལ་བ་ཆགས་ཀྱི་ཡོད། གྲངས་ཉུང་དང༌། རྗེས་ལུས། ལུང་ཁུག་སོགས་ལ་དམིགས་བསལ་ཐོབ་ཐང་གནང་ལམ་དེ་སྔ་བྱུང་མི་འདུག་ཀྱང་ཞེས་པ་དེ་དང་འབྲེལ་བ་ཆགས་ཀྱི་ཡོད། སྔོན་མ་སྤྱི་འཐུས་སྐབས་ ༡༢ སྐབས་ལ་དེའི་སྐོར་ལ་བཀའ་མོལ་མང་པོ་བྱུང་བ་རེད། སྐབས་དེ་དུས་ས་ཆ་ཁུག་ཁུག དཔེར་ན་མ་ནང༌། རྡོར་པ་ཊན། ལ་དྭགས་ལ་སོགས་པ་དེ་ཚོ་ལ་གཞུང་གི་སློབ་སྦྱོང་དང་ལས་ཀའི་གོ་སྐབས་ག་དུས་ཡོད་པ་ཡིན་ནའང་ཁོང་ཚོར་གཞུང་གི་གསལ་བསྒྲགས་དང་བཀའ་རྒྱ་དེ་ཚོ་དུས་ཚོད་དང་འདེམས་སྒྲུག་ཚང་མ་ཟིན་པའི་རྗེས་ལ་གཞི་ནས་ས་གནས་ལ་འབྱོར་གྱི་ཡོད་སྐོར་དང༌། དེར་བརྟེན་བཀའ་ཤག་ནས་དེ་རིགས་གསལ་བསྒྲགས་ས་གནས་ཁུག་ཀྱོག་ཁག་ལ་དམིགས་བསལ་གནང་དགོས་སྐོར་བགྲོ་གླེང་མང་པོ་ཞེ་དྲགས་བྱུང་བ་རེད། བགྲོ་གླེང་བྱུང་བ་མ་ཟད་དེ་འབྲེལ་ཐུགས་སྣང་གཞེན་བསྐུལ་ཡང་ཕུལ་ཡོད། དེ་གཞིར་བཟུང་བཀའ་ཤག་སྔོན་མ་རྣམ་པ་ཚོས་ཞལ་བཞེས་གནང་ཡོད་རེད། ཡིན་ནའང་ད་ལྟ་དེའི་ནང་ལ་དེ་སྔ་བྱུང་མི་འདུག་གསུངས་དུས་སྔོན་མ་ཞལ་བཞེས་གནང་བ་དེ་ཚོ་ཕྱག་ལེན་དུ་ཏག་ཏག་མ་བསྡད་པ་ག་འདྲ་ཞིག་བྱུང་ཡིན་ནམ་ཞེས་ཞུ་རྒྱུ་ཞིག་དང༌། གཉིས་པ་ད་ལྟ་དེ་ལུང་པ་དམིགས་སུ་བཀར་བ་ཞིག་ལ་རེད། ཡིན་ནའང་དེ་དང་དེ་འདྲ་བའི་གྲངས་ཉུང་དང་རྗེས་ལུས་ཐེབས་པ་ལུང་ཁུག་མང་པོ་ལ་ད་ལྟ་ནང་བཞིན་གང་ཅིའི་ཐོག་ལ་གཞུང་གི་སློབ་སྦྱོང་དང་ལས་ཀའི་གོ་སྐབས་ལ་དཀའ་ངལ་མུ་མཐུད་ནས་ཡོང་གི་ཡོད་པ་སོང་ཙང་ས་གནས་དེ་རིགས་ལ་བཀའ་ཤག་ནས་མ་འོངས་པར་དམིགས་བསལ་གནང་རྒྱུའི་དགོངས་འཆར་ཡོད་དམ་མེད།
བཀའ་ལན།
ཨི་སི་རལ་དུ་སོ་ནམ་གཞིས་ཆགས་གཏོང་རྒྱུའི་ཆེད་དུ་གྲངས་ཉུང་དང༌། རྗེས་ལུས། ལུང་ཁུག་དེ་དག་ལ་དམིགས་བསལ་གྱིས་གོ་སྐབས་སྤྲད་དགོས་པའི་སྐོར་གྱི་ཐུགས་སྣང་གཞེན་བསྐུལ་དང༌། གྲོས་ཚོགས་ཀྱི་ལམ་སྟོན་ཡོད་པ་ཞིག་ང་ཚོས་མཇལ་མ་སོང༌། ད་ལྟ་བཀུར་འོས་སྤྱི་འཐུས་ནས་གསུངས་པ་ཇི་བཞིན་ཐག་རིང་ས་གནས་ཁག་དང་ལུང་ཁུག་ཁག་ལ་གཞུང་གི་གསལ་བསྒྲགས་དུས་ཐོག་ཏུ་མ་འབྱོར་བའི་གནས་ཚུལ་གྲོས་ཚོགས་ནང་བགྲོ་གླེང་དང་ཐུགས་སྣང་གཞེན་བསྐུལ་བྱུང་སོང༌། དེང་སང་གསལ་བསྒྲགས་ག་འདྲ་ཞིག་ཡིན་ནའང་ཚང་མ་ལ་འབྱོར་ངེས་ཀྱི་དུས་ཚོད་བཞག་རྒྱུ་དང༌། འཕྲོད་འབྱོར་ཐུབ་པའི་ཐབས་ཤེས་བྱེད་ཀྱི་ཡོད། དཔེར་ན་ཀྲུ་ཀྲིང་ནས་ད་ལྟ་བར་དུ་སོ་ནམ་སྦྱོང་བརྡར་ལ་འགྲོ་མ་ཐུབ་པ་དེ་གསལ་བསྒྲགས་མ་འབྱོར་བའི་དབང་གིས་ཆགས་ཀྱི་མི་འདུག་ཅེས་ད་གིན་ཞུས་ཟིན་པ་ཡིན། ཡིན་ནའང་མ་འོངས་པར་གྲངས་ཉུང་དང༌། རྗེས་ལུས། ལུང་ཁུག་དེ་དག་ལ་དམིགས་བསལ་གྱིས་ཐོབ་ཐང་སྤྲད་དགོས་པའི་གནས་ཚུལ་ཡོང་སྲིད་པ་ཞིག་རེད། དེ་ཡང་ལས་གཞི་ཡོད་ཚད་ལ་དམིགས་བསལ་ཡོང་ཐབས་མེད་ནའང་ཁོང་ཚོ་ལ་འོས་ཤིང་འཚམས་པའི་ལས་གཞིའི་ནང་དམིགས་བསལ་གྱི་ཐོབ་ཐང་སྤྲད་དགོས་པ་ཡོང་གི་རེད། ཡང་ལས་གཞི་ཁ་ཤས་གྲོང་ཁྱེར་དུ་སྡོད་མཁན་དང༌། དེང་རབས་ཀྱི་སློབ་སྦྱོང་ཐོན་པ། སོ་ནམ་གཞིས་ཆགས་ཆེན་པོའི་ནང་སྡོད་མཁན་ལ་ཆེད་དུ་དམིགས་པ་ཡིན་ན། ཁོང་ཚོ་ལ་ཟུར་དུ་ཐོབ་ཐང་སྤྲད་ཐབས་མེད་ཅེས་ཞུ་རྒྱུ་ཡིན།
སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་ནས།
གོང་དུ་དཔལ་ལྡན་བཀའ་བློན་མཆོག་ནས་འཕྲོས་དོན་དྲི་བར་བཀའ་ལན་གནང་བའི་སྐབས་ལ་མི་གཉིས་བཏང་ཡོད་པ་དེ་ཡོད་པ་རང་བྱས། ང་གཉིས་ས་གནས་སུ་འགྲོ་བའི་སྐབས་དང་དུས་ཚོད་ཐོག་ནས་ཁྱད་པར་ཕྱིན་མེད་འགྲོ་ཞེས་གསུངས་པ་དེ་དངོས་གནས་ཡིན་གྱི་རེད་བསམ་གྱི་འདུག དེ་འདྲ་ཡིན་ན་ ༢༠༠༤ ལོ་ལ་བཏང་བའི་མི་དེ་དག་ཟླ་བ་གང་གི་ནང་བཏང་ཡོད་དམ། ང་གཉིས་ས་གནས་སུ་ཡོད་པའི་དུས་ཚོད་ནི་ ༢༠༠༤ ཕྱི་ཟླ་ ༡༡ ཚེས་ ༢༩ ནས་ཕྱི་ཟླ་ ༡༢ ཚེས་ ༤ བར་ཉིན་ལྔའི་རིང་ང་གཉིས་ས་གནས་ལ་བསྡད་པ་རེད། དེའི་སྐབས་ལ་གོང་དུ་ཞུས་པ་བཞིན་མི་ལྔ་ནས་ད་ལྟ་སུ་གང་ཡང་འགྲོ་ཐུབ་མེད་ཅེས་མི་ལྔའི་ནང་བཞི་དེ་དང་དེ་ཡིན་ཞེས་ང་གཉིས་དང་བཅར་ནས་གནས་ཚུལ་བྱུང་བ་དེ་རེད། བྱས་ཙང་བཏང་བའི་དུས་ཚོད་ག་དུས་ཡིན་ནམ། དུས་ཚོད་ལ་གལ་སྲིད་ཁྱད་པར་ཡོད་ན། ཡིན་ནའང་ཞོར་དུ་ཞུ་རྒྱུ་ཞིག་ལ་དེ་མ་འོངས་པ་རྩད་གཅོད་ཞུ་རྒྱུ་ཞིག་རེད་འདུག ད་ལྟ་མི་གཉིས་ཀྱི་མིང་གསུངས་པ་དེ་ཁ་སང་ངས་ནང་སྲིད་ཀྱི་འབྲེལ་ཡོད་ལས་བྱེད་ལ་དངོས་སུ་བཅར་ནས་བཀའ་འདྲི་ཞུ་བའི་སྐབས་ལའང་དེ་གསུང་གི་འདུག གང་ལྟར་དེ་གོ་བརྡ་འཕྲོད་ཀྱི་མི་འདུག ང་གཉིས་ལ་ཞུ་རྒྱུ་དེ་མི་ལྔའི་ནང་ནས་ཁྱད་ཆོས་ཚང་བ་དེ་ཡིན་རྒྱུ་ཕོ་གཅིག་དང་མོ་གཅིག་ཡིན་པ་དེ་ཏན་ཏན་རེད་འདུག སངས་རྒྱས་རྡོ་རྗེ་དང་བསོད་ནམས་མཚོ་མོ། སངས་རྒྱས་རྡོ་རྗེ་ཟེར་མཁན་མི་དེ་ཉིན་མ་མང་པོ་ང་ཚོའི་མཉམ་དུ་བསྡད་པ་རེད། ཁོ་ཀྲུ་ཀྲིང་ལ་བོད་མི་སྡོད་སྒར་ཁག་མི་འདྲ་བ་ ༡༧ ཡོད་པའི་ནང་ནས་གི་ལིང་ཟེར་མཁན་སྡོད་སྒར་དེའི་བརྒྱ་དཔོན་རེད། ཡིན་ནའང་བསོད་ནམས་མཚོ་མོ་ཟེར་མཁན་བུ་མོ་དེ་ང་གཉིས་སྡོད་ས་རང་གི་པད་སྐོང་སྡོད་སྒར་ཟེར་མཁན་དེའི་ནང་སྡོད་མཁན་ཞིག་རེད། བྱས་ཙང་ཁོ་གཉིས་ཁྱད་ཆོས་ཚང་བ་རེད་དེ། ད་ལོ་འགྲོ་ཐུབ་མ་སོང༌། རྗེས་མ་འགྲོ་རྒྱུའི་སྒུག་ཐོའི་ནང་ཡོད་ཅེས་ལབ་སོང༌། བྱས་ཙང་དེ་མཚུངས་ཀྱི་མེད་པ་ཡིན་དུས་ཡང་བསྐྱར་རྩད་གཅོད་ཞུ་གི་ཡིན་ལ། གང་ལྟར་ད་ལྟ་བཏང་གནང་བའི་ཟླ་བ་དེ་གང་ཡིན་ནམ་ཞེས་ཞུ་རྒྱུ་ཡིན།
བཀའ་ལན།
ཁོ་ཚོ་ཐོན་ཁར་བཀང་བའི་འགེངས་ཤོག་འདི་རེད། འགེངས་ཤོག་དེ་བཀང་བའི་ཚེས་གྲངས་ ༢༠༠༤ ཕྱི་ཟླ་ ༡༢ ཚེས་ ༡༦ ཞེས་བཀོད་འདུག དེའི་ནང་ལ་ཨི་སི་རལ་ལ་ཕར་འཐོན་རྒྱུའི་དུས་ཚོད་ ༢༠༠༤ ཕྱི་ཟླ་ ༡༢ ཚེས་ ༢༦ ཉིན་ཐོན་དགོས་ཀྱི་རེད་ཅེས་གསལ་འདུག ཚུར་འབྱོར་རྒྱུའི་ཚེས་གྲངས་དེ་ ༢༠༠༥ ཕྱི་ཟླ་ ༡༡ ཚེས་ ༢༤ ལ་ཚུར་འབྱོར་དགོས་ཞེས་བཀོད་འདུག འགེངས་ཤོག་དེ་གཉིས་ཀ་གཅིག་པ་རང་རེད། བྱས་ཙང་ ༢༠༠༤ ཕྱི་ཟླ་ ༡༢ ཚེས་ ༢༦ ཉིན་ཐོན་པ་ཞིག་རེད་འདུག
སྤྱི་འཐུས་རྒྱ་རི་བུ་ཕྲུག་ལགས་ནས།
གོང་དུ་འཕྲོས་དོན་དྲི་བ་ཞིག་གི་ལན་འདེབས་ནང་ལ་ཨི་སི་རལ་ལ་སོ་ནམ་སྦྱོང་བརྡར་གྱི་མིང་ཙམ་མ་གཏོགས་ལས་ཀའི་ཆེད་དུ་རེད་ཅེས་དེ་ལྟ་བུ་ཞིག་གསུངས་སོང༌། གལ་སྲིད་དེ་འདྲ་ཡིན་ན་ང་ཚོ་འདིར་སོ་ནམ་གྱི་སྦྱོང་བརྡར་ཞེས་འཁོད་ཡོད་དུས་དེ་ལ་ད་ནས་བཟུང་ང་ཚོས་ངོས་འཛིན་ག་འདྲ་ཞིག་བྱེད་དགོས་ཀྱི་རེད་དམ།
བཀའ་ལན།
ང་ཚོས་ལས་གཞི་འདི་སོ་ནམ་གཞིས་ཆགས་ཁག་གི་བོད་མི་ཚོར་ཕན་ཐོགས་ཡོད་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ཁོང་ཚོར་ལོ་གཅིག་གི་རིང་ལ་འཛིན་གྲྭ་གང་ཙམ་ཞིག་ཚོགས་ཀྱི་ཡོད་འདུག དེའི་ནང་སོ་ནམ་ཞིང་ལས་དང་འབྲེལ་བའི་སློབ་སྟོན་གང་ཙམ་ཞིག་བྱེད་ཀྱི་ཡོད་རེད། ཡིན་ནའང་དུས་ཚོད་མང་ཤོས་དེ་ལས་ཀའི་ཐོག་ལ་གཏོང་གི་ཡོད་རེད། ལས་ཀའི་གླ་འབབ་ཡག་ཐག་ཆོད་ཡོད་ཙང་ཚུར་ལོག་རྗེས་ནང་མིའི་དཔལ་འབྱོར་གྱི་གནས་བབ་ལ་ཕན་ཐོགས་ཆེན་པོ་ཡོད་རེད། དེ་འདྲ་སོང་ཙང་དེ་ཕན་ཐོགས་ཆེན་པོ་ཞིག་ཡོད་པ་ལ་ངོས་འཛིན་བྱེད་ཀྱི་ཡོད། འཕྲོས་དོན་དྲི་བ་སྔོན་མའི་ནང་ཞུས་པ་བཞིན་སློབ་སྦྱོང་ལ་དོ་སྣང་དང༌། ཚུར་ཡོང་སྐབས་ལག་ལེན་འཁེལ་རྒྱུ་ཡོད་པ་ཞིག་ཡིན་ན་ཁེ་ཕན་ཆེན་པོ་ཡོང་རྒྱུ་ཡང་ད་ལྟའི་བར་དེ་འདྲ་བྱུང་མི་འདུག ཨི་ཛ་རལ་གྱི་ནང་སྐྱེ་ལྡན་དང་རང་བཞིན་གྱི་སོ་ནམ་གྱི་ལག་ལེན་ཚད་མཐོ་ཡོད་པ་མ་ཟད། ཚད་མཐོའི་འཕྲུལ་ལས་High Technologyམང་པོ་ཡོད་འདུག དེ་ཚོ་སྦྱོང་བརྡར་བྱས་ནས་ཚུར་ཡོང་མཁན་ད་བར་བྱུང་ཡོད་མ་རེད། གལ་སྲིད་དེ་འདྲའི་ཐོག་ལ་དོ་སྣང་བྱེད་མཁན་ཞིག་ཡིན་ན་གོ་སྐབས་ངེས་པར་དུ་ཐོབ་ཀྱི་རེད་བསམ་གྱི་འདུག
སྤྱི་འཐུས་ཚེ་རིང་ཕུན་ཚོགས་ལགས་ནས།
ཨི་སི་རལ་ལ་སོ་ནམ་ཞིང་ལས་སྦྱོང་བརྡར་གྱི་མི་འགྲོའི་ཆ་རྐྱེན་དུ་མི་འགྲོ་སོ་སོས་ཞིང་ལས་བྱེད་མུས་ཡིན་པའམ་ཕ་མ་གཉིས་པོས་ཞིང་ལས་བྱེད་མུས་ཡིན་པ་དགོས་ཀྱི་ཡོད་པ། སྲོལ་རྒྱུན་དང་དེང་དུས་ཀྱི་སོ་ནམ་གཉིས་ཀའི་ཐོག་ལ་གོ་སྐབས་ཡོད་པ་དང་ངེས་པར་བྱེད་དགོས་ཀྱི་རེད་ཅེས་བཀའ་གནང་སོང༌། བྱང་ཙང་ནང་སྲིད་ལས་ཁུངས་ནས་དེ་ཚོའི་ཐོག་ལ་ལམ་སྟོན་གནང་གི་ཡོད་དམ། ཨི་སི་རལ་དུ་གཏོང་རྒྱུ་དེ་སོ་ནམ་ཙམ་མིན་པར་འཚོ་རྟེན་གྱི་ངོ་བོ་ཆགས་ཀྱི་ཡོད་པ་གསལ་པོ་བྱུང་སོང༌། སོང་ཙང་གཞིས་ཆགས་གཅིག་ཙམ་མ་ཡིན་པར་གཞིས་ཆགས་ཁག་ཚང་མ་རེས་མོས་ཐོག་ཨི་སི་རལ་ལ་བསྐྱོད་རྒྱུའི་ལས་གཞི་དེའི་ནང་གཏོང་ཐུབ་ཀྱི་རེད་དམ།
བཀའ་ལན།
ནང་སྲིད་ལས་ཁུངས་ནས་ཕར་བཏང་བའི་སྐབས་ཁོང་ཚོར་སློབ་སྦྱོང་བྱེད་དགོས་ཚུལ་དང༌། ལྷག་པར་དུ་ཆེས་དེང་རབས་ཀྱི་སོ་ནམ་གྱི་ལས་གཞི་རང་བཞིན་དང་སྐྱེ་ལྡན་གྱི་སོ་ནམ་ལ་དོ་སྣང་བྱེད་དགོས་པའི་བཀོད་མངགས་ཞུས་ཀྱི་ཡོད་ཀྱང༌། འོན་ཀྱང་ཕ་གིར་འཛིན་གྲྭ་ཚོགས་པའི་སྐབས་བོད་པ་ཙམ་མ་ཡིན་པར་སྦར་མ། ཐེ་ལེནཌ་སོགས་ཀྱི་རྒྱལ་ཁབ་མང་པོ་ནས་ཕེབས་མཁན་ཚོ་དང་མཉམ་དུ་ཚོགས་ཀྱི་ཡོད་རེད། བྱས་ཙང་སྤྱི་ཡོངས་ཀྱི་ངོ་སྤྲོད་ལྟ་བུ་ཞིག་མ་གཏོགས་ལས་དོན་གཅིག་གི་ཐོག་རིགས་གཅིག་རྐང་འཛིན་ཡོང་གི་མི་འདུག ཡིན་ནའང་དེ་ཕན་ཐོགས་ཆེན་པོ་ཡིན་པ་དང་དོ་སྣང་ཆེན་པོ་བྱེད་དགོས་པའི་བཀོད་མངགས་ཞུས་ཡོད། དོ་སྣང་གནང་ཡོད་མེད་དེ་ཕེབས་མཁན་ཚོར་རག་ལུས་པ་རེད།
དྲི་བ་གཉིས་པ་མ་འོངས་པར་གཞིས་ཆགས་ཚང་མ་རེ་མོས་ཐོག་གཏོང་ཐུབ་ཀྱི་རེད་དམ་ཞེས་བཀའ་གནང་བར། དེ་སྔ་ཡིན་ན་སོ་ནམ་གྱི་གཞིས་ཆགས་བཅུ་གཉིས་ཞེས་དམིགས་སུ་བཀར་ཡོད་རེད། ད་ལྟ་དེའི་ཐོག་ཀྲུ་ཀྲིང་སོགས་ལ་གོ་སྐབས་ཕུལ་ཡོད། མ་འོངས་པར་སོ་ནམ་གཞིས་ཆགས་ཡིན་མིན་ལ་མ་ལྟོས་པར་གཞིས་ཆགས་ནང་རང་གི་ཁྱིམ་ཚང་གི་ས་ཞིང་ཇི་ཡོད་ཐོག་བོགས་ཞིང་སོགས་འདས་པའི་ལོ་གཉིས་ཀྱི་རིང་རང་ཉིད་ཀྱིས་འདེབས་ལས་བྱེད་བཞིན་པ་ཞིག་ཡིན་པའི་ཆ་རྐྱེན་དེ་ངེས་པར་དུ་ཚང་དགོས་ཀྱི་ཡོད་རེད། བཟོ་གཞིས་རྐྱང་པ་ཡིན་པའི་གཞིས་ཆགས་ཁག་ལ་མ་འོངས་པར་མི་གཏོང་ཐུབ་ཀྱི་རེད་ཅེས་ཞུ་ཐུབ་ཀྱི་མི་འདུག
གྲོས་ཚོགས་ཚོགས་དུས་དགུ་པ། ༢༠༠༥།༣།༡༥ ནས་ ༢༠༠༥།༣།༢༨