སློབ་དཔོན་ཆེན་པོ་ཟམ་གདོང་རིན་པོ་ཆེའི་མཛད་བཟང་ལ་བསྔགས་པ། བོད་གཞུང་རིགས་པའི་རྒྱུན།
བློ་བཟང་འཇམ་དཔལ།
ཟམ་གདོང་རྒྱལ་བའམ་རྒྱལ་བའི་སྲས།
སྤྲུལ་པའི་སྐུ་ཡི་ཚཱུལ་བཟུང་ནས།
སངས་རྒྱས་བསྟན་དང་འགྲོ་བའི་དོན།
མཛད་པར་རྒྱ་བོད་མཁས་པས་བསྔགས།། རྒྱལ་བ་རིན་པོ་ཆེའི་བཞེད་པ།།
བཞིན་དུ་ཝཱ་རཱ་ཎ་སཱིའི་འགྲམ།།
ཆོས་འཁོར་གནས་ཀྱི་རི་བོའི་སྤོར།།
བོད་ཀྱི་སློབ་གྲྭའི་རྒྱལ་མཚན་བསྒྲེངས།།
དེ་ཉིད་བརྟན་ཅིང་རྒྱས་པ་ལ།།
ཟམ་གདོང་རིན་པོ་ཆེའི་མཛད་པར།།
རྒྱ་བོད་མཁས་པས་བསྟོད་བསྔགས་ཞུས།།
བཅོས་མིན་བདག་གིས་མཐོང་ཐོས་ལགས།།
རྒྱལ་བ་ཕྱག་ན་པདྨོའི་ཞབས།།
རང་གི་དགེ་སློང་མཁན་པོ་སོགས།།
རྩ་བའི་བླ་མར་ཡོངས་བསྟེན་ཏེ།།
རྒྱ་བོད་ནང་བསྟན་སྲི་ཞུ་བསྒྲུབས།།
དགེ་སློང་རྣལ་འབྱོར་བ་ཆེན་པོ།།
ལོངས་སྤྱོད་གསོག་འཇོག་རིང་དུ་དོར།།
ཆོག་ཤེས་མཛད་པས་བཙུན་པ་ཡི།།
ངང་ཚུལ་བཟང་པོར་འདུད་པར་འོས།། ཞེས་ཚིགས་སུ་བཅད་པའི་མདུན་བསུས་ཏེ། ཟམ་གདོང་རིན་པོ་ཆེའི་མཛད་པ་ཆུ་ཐིགས་ཙམ་འགོད་པ་ལ་དགའ་བ་སྐྱེས། ཝཱ་རཱ་ཎ་སཱི་བོད་ཀྱི་མཐོ་རིམ་སློབ་གྲྭ་ ༡༩༦༨ ལོར་བཙུགས་ནས། ངེས་སྟོན་པ་དང་པོ་དགའ་ལྡན་ཟུང་རིན་པོ་ཆེ་དང་། ངེས་སྟོན་པ་གཉིས་པ་ཟམ་གདོང་རིན་པོ་ཆེ་ཕེབས།
དེ་ཡང་ཕྱི་ལོ་ ༡༩༦༨ ལོར་བོད་ཀྱི་མཐོ་རིམ་སློབ་གྲྭ་ཆེན་མོའི་སློབ་ཚན་བཟོ་བར་ཆོས་འཁོར་གནས་སུ། དགའ་ལྡན་ཟོང་རིན་པོ་ཆེ་དང་། ས་སྐྱ་བཅོ་བརྒྱད་ཁྲི་རིན་པོ་ཆེ། ཀུན་བདེ་གླིང་འོད་ཟེར་རྒྱལ་མཚན། སློབ་དཔོན་ཛ་གནྣཱ་ཐོ་པཱདྷྱཱ་ཡ། པཎ་ཆེན་འོས་སྤྲུལ་རིན་པོ་ཆེ། ཧིནྡ་ཡིག་འབྲི་བའི་ཞབས་ཕྱི་ཞུ་བར་བདག་རང་བཅས་འཛོམས་ཏེ། སློབ་ཚན་བཟོ་སྐྲུན་གྲུབ། དེ་དུས་དྷ་སར་ཡོད་པའི་བོད་གཞུང་ཆོས་དོན་བཀའ་བློན་གྱིས་ད་ལན་ལ་དྭགས་འཇམ་དཔལ་ནས་དངོས་གནས་ཕན་ཐོགས་ཆེན་པོ་བྱུང་། གཞན་ལྟ་ཕར་ཞོག ང་ཚོ་ཡིན་ན། སློབ་ཚན་གྱི་དཔེ་ཆ་རྣམས་བཀའ་བསྟན་ནས་འཚོལ་བར་ཉི་མ་ག་ཚོད་དང་ག་ཚོད་འགོར་ངེས། ཞེས་ཁམས་བྲག་གཡབ་པ་ཉི་མ་རྡོ་རྗེར་གསུངས་པ་ཐོས།
༸གོང་ས་རྒྱལ་བ་རིན་པོ་ཆེས་བོད་ཀྱི་མཐོ་རིམ་སློབ་གྲྭ་ཆེན་མོའི་སྒོ་འབྱེད་མཛད། ལེགས་སྦྱར་སྐད་དང་། ཧིནྡི་ཅུང་ཟད་སྦྱངས་པའི་འབྲས་བུས་ལོ་ཁ་ཤས་རིང་བོད་མཐོ་རིམ་སློབ་གྲྭ་ཆེན་མོར་སྲི་ཞུ་སྒྲུབ་པར་བདག་ལ་སྐལ་བ་བཟང་པོ་བྱུང་། དེ་དུས་བོད་ཀྱི་མཐོ་རིམ་སློབ་གྲྭ་གསར་པའི་རྐྱེན་གྱིས་རང་ཐག་ཆོད་པའི་འཛིན་ཁང་སོགས་མེད་པས། ཝཱ་རཱ་ཎ་སཱིའི་ལེགས་སྦྱར་སློབ་གྲྭ་ཆེན་མོ་ནས་ཁང་པ་གཡར་ཅིང་། སློབ་དཔོན་དང་སློབ་གཉེར་བ་ཀུན་སྔ་དྲོ་ཚོགས་རྒྱུར་སཱ་ར་ནཱ་ཐ་ནས་ཐོ་རེངས་རླངས་འཁོར་ཐོག་ཕེབས་དགོས་པ་དང་། སློབ་དཔོན་རྣམས་ལ་ཡང་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆུང་ཤོས་ཀྱི་ཕོགས་མ་གཏོགས་ཐོབ་ཐང་ཆ་ཚང་མེད་པ་ཡིན།
དེ་ནས་ཟམ་གདོང་རིན་པོ་ཆེས་ཐུགས་ཁུར་ཆེ་བཞེས་ཀྱིས་སློབ་དཔོན་རྣམས་ལ་གསོལ་ཕོགས་སྤར་བའི་ཆེད། སློབ་དཔོན་འབྲིང་དང་། ཆེན་པོའི་འོས་འབབས་སུ་བསྒྱུར་བར་མཛད། ཆོས་འཁོར་གནས་ཀྱི་ཉེ་འགྲམ་དུ་བོད་ཀྱི་མཐོ་རིམ་སློབ་གྲྭ་ཆེན་མོའི་གཞི་བཏིངས་ཏེ། འཛིན་གྲྭ་ཚོགས་ཁང་དང་། དཔེ་མཛོད་ཁང། སློབ་དཔོན་དང་སློབ་གཉེར་བའི་གནས་ཁང་། ལས་ཁུངས་སོ་སོའི་ཁང་པ་སོགས་ཁང་བཟང་ཡིད་དུ་འོང་བ་མང་པོ་བོད་ཀྱི་ཁང་བཟང་གི་དབྱིབས་སུ་བསྐྲུན་པ་དང། རྒྱ་གཞུང་དང་། བོད་བརྒྱུད་ཆོས་ལུགས་ཁག་གི་རང་གཞུང་དང་། བོད་ཀྱི་སྨན་གཞུང་བཅས་ཀྱི་སློབ་ཁྲིད་དང་སློབ་སྦྱོང་། མཁས་པའི་གཞུང་འཚོལ་སྒྲུབ་དང་། སྒྲ་སྒྱུར་དང་། ལེགས་སྦྱར་བསྐྱར་གསོའི་སློབ་སྦྱོང་སོགས་སྣོད་བཅུད་ཀྱིས་བརྒྱན་ཏེ། བོད་ཀྱི་མཐོ་རིམ་སློབ་གྲྭ་ཆེན་མོའི་ཉི་མ་གཞོན་ནུ་ཤར་རིའི་རྩེ་ནས་འཆར་བར་མཛད་དོ།།
༡༩༧༡ ཙམ་ལ་ཁོ་བོ་བོད་ཀྱི་གཞུང་ལ་སྦྱངས་པ་དམན་པས། གཞུང་ཆེན་སྦྱངས་པའི་སློབ་མ་རྣམས་ལ་སློབ་ཁྲིད་བྱེད་མི་འོས་པར་མཐོང་ནས། གཞན་དུ་འགྲོ་བར་རྩོམ་པ་ན། བདག་གི་བྱ་བ་འགའ་ཞིག་བོད་ཀྱི་སློབ་གྲྭ་ཆེན་མོ་ཕན་ཐོགས་པར་གཟིགས་ཏེ། ཁྱེད་གཞན་དུ་མ་འགྲོ་ན། ད་ལྟ་བོད་ཀྱི་མཐོ་རིམ་སློབ་གྲྭ་ན་སློབ་དགེ་ཆེ་ཤོས། སློབ་དཔོན་འབྲིང་གི་ཐོབ་ཐང་གཉིས་ཡོད་པ་ནས་གཅིག་ཁྱེད་ལ་སྟེར་ཆོག་ཅེས་ཟམ་གདོང་རིན་པོ་ཆེ། ངེས་སྟོན་པས་གསུངས་ཀྱང་། ཕྱི་ལོགས་སུ་འགྲོ་བར་ཐག་བཅད་ཡོད་པས། བདག་ལྡི་ལིའི་སློབ་གྲྭ་ཆེན་མོར་ཕྱིན།
གཞན་ཡང་། ༡༩༧༠ འགོ་སྟོད་ལ་གནས་མཆོག་རྡོ་རྗེ་གདན་དུ། ༸གོང་ས་རྒྱལ་བ་རིན་པོ་ཆེས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སྩོལ་སྐབས་སུ། བོད་ཀྱི་མཐོ་རིམ་སློབ་གྲྭ་ཆེན་མོའི་སློབ་དཔོན་དང་། སློབ་གཉེར་བ་རྣམས་མ་ག་དྷའི་གཙུག་ལག་སློབ་གྲྭ་ཆེན་མོ་ནས་ཁང་པ་གནས་ཚང་དུ་གཡར་པའི་ཕྱི་དྲོ་ཞྀག་ལ་སློབ་དགེ་ཁ་ཤས་འཛོམས་སར་ཟམ་གདོང་རིན་པོ་ཆེས། བདག་ལ། ཁྱེད་ཨ་རིར་འགྲོ་བ་འཕྲོ་བརླག་མ་ཡིན་ནམ་གསུངས་པ་ན། སེ་ར་དགེ་བཤེས་རྒན་ལེགས་ལྡན་གྱིས་ཨ་རིའི་མགོ་སེར་མོ་ཞིག་ཁྲིད་འོང་ན། ཅི་འདྲ་ཡིན་བཞད་མོའི་སྒང་ནས་གསུངས་པ་ན། ཟམ་གདོང་རིན་པོ་ཆེས། དེ་ལ་ཧ་ལས་དགོས་པ་གང་ཡང་མ་ཡིན། ལེགས་སྦྱར་དང་བོད་ཡིག་མཉམ་བསྡུར་བྱས་ཏེ་སྦྱངས་པ་དེ་ཉིད་ཆུད་ཟོས་སུ་བཏོང་ན། དངོས་གནས་ཕངས་པོ་ཡིན་གསུངས།
༡༩༧༡ ལ་ཡིན་པར་སེམས། ཆོས་འཁོར་གནས་སུ། རྒྱལ་པོ་ཁྲིམས་སྐྱོང་མཁན་རྣམས་ཀྱི་བྱ་བར་མཁས་པའི་བགྲོ་གླེང་ཚོགས་པ་ན། བདེན་པ་པོའི་ལེའུའམ། བྱང་སེམས་སྤྱོད་ཡུལ་ན། ཡུལ་འཕགས་རྒྱལ་གྱི་རྒྱལ་པོ་གཏུམ་པོ་རབ་སྣང་གིས་དྲིས་པ་ལ། བྱང་ཆུབ་སེམས་དཔའ་མུ་སྟེགས་བྱེད་ཀྱི་བུ། བདེན་པར་སྨྲ་བས་ལན་སྨྲས་པ་གཞིར་བཟུང་སྟེ། ཟམ་གདོང་རིན་པོ་ཆེས། རང་གི་རྩོམ་ཡིག་ཏུ་སངས་རྒྱས་པའི་རྒྱལ་པོས་དམག་བརྒྱབ་ཚུལ་ལ་བཤད་པ་སྐྱོན་པས། རྒྱ་གར་གྱི་མཁས་པ་རྣམས་ལ་ངོ་མཚར་སྐྱེ་བའི་གནས་སུ་གྱུར། དེ་ནས་ཉིན་ཁ་ཤས་རྗེས། སྤྱིར་བཏང་བོད་ཀྱི་མཁས་པ་རྣམས་ཀྱི་བསྟན་བཅོས་པོ་ཏི་ལྔའི་གཞུང་ཙམ་མ་གཏོགས། བཀའ་འགྱུར་སོགས་ཀློག་པར་ཆེར་མེད་པས། བདེན་པའི་ལེའུ་ན་འཐབ་མོའི་ཚུལ་ཡོད་པ་ཇི་ལྟར་མཁྱེན་པ་ལགས། བདག་གིས་ཞུས་པ་ན། མི་ཕམ་རིན་པོ་ཆེའི་ལུགས་ཀྱི་བསྟན་བཅོས་ས་གཞི་སྐྱོང་བའི་རྒྱན་ལ་བརྟེན་ནས་ཤེས་བྱུང་། ཞེས་བདེན་པར་གསུངས་པ་ལ་ཤིན་ཏུ་དད་དགོས་པ་བྱུང་།
བཀྲ་ཤིས་ལྷུན་པོར་སྦྱིན་བདག་གིས་བཀའ་འགྱུར་སྒྲོག་པར་བྱེད་དུས་བྱང་སེམས་སྤྱོད་ཡུལ་གྱི་མདོ་སྡེ་དེ་ཉིད་བདག་གིས་དང་པོར་བཀླགས། དེ་ནས་ཝཱ་རཱ་ཎ་སཱིའི་ལེགས་སྦྱར་སློབ་གྲྭ་ཆེན་མོའི་དཔེ་མཛོད། དབྱངས་ཅན་མའི་ཁང་པ་ན་བོད་ཀྱི་བཀའ་འགྱུར་རྣམས་བཞུགས་པའི་ཐོ་འགོད་པ་ན། དཔེ་མཛོད་འགོ་བྱེད། ལེགས་པ་བཟང་པོ། ཛྷཱ། ཞེས་པས་ཁྱེད་ཀྱིས་དཔེ་ཆའི་མིང་ཙམ་མ་ཡིན་པར་མགོ་ནས་མཇུག་བར་དུ་བཀླགས་ནས་དཔེ་ཐོ་རྒྱོབས། འདི་ཡིས་མ་འོངས་པ་ན། ཁྱེད་ལ་ཕན་པར་འགྱུར། ཞེས་གསུངས་ཀྱང་ཆ་ཚང་ག་ལ་ཀློག་ཐུབ། བཀའ་བསྟན་གྱི་དཔེ་ཆ་མང་པོ་ཞིག་དང་། མདོ་སྡེ་འདི་ཉིད་སླར་ཡང་ཀློག་པའི་སྐལ་བ་བཟང་པོ་བྱུང་།
ཨ་རི་ཀོ་ལམ་བི་ཡ་གཙུག་ལག་སློབ་གྲྭ་ཆེན་མོ་ནས། བྱང་སེམས་སྤྱོད་ཡུལ་ལམ། བདེན་པ་པོའི་ལེའུ་སྟེ། མདོ་སྡེ་རིན་པོ་ཆེ་འདིའི་ཐོག་ལ་རིགས་གཅིག་རྐང་འཛིན་གྱི་སློབ་སྦྱོང་གི་གྲུབ་འབྲས་ལེགས་པ་བྱུང་། བྱང་ཆུབ་སེམས་དཔའ་སྤྱོད་ཡུལ་གྱི་ཐབས་ཀྱི་ཡུལ་ལ་རྣམ་པར་འཕྲུལ་པ་བསྟན་པ། ཞེས་པའི་བོད་འགྱུར་དང་ཨིན་འགྱུར་གཉིས་ཀ་སྐད་གཉིས་ཤན་སྦྱར་གྱི་ཚུལ་དུ་བྱས་པ་ཞིག ཟམ་གདོང་རིན་པོ་ཆེའི་ཕྱག་ཏུ་ཕུལ།
ཨ་རིའི་མཁས་པ་ཞིག་གིས་སངས་རྒྱས་པའི་གཞུང་ན། དམག་འཐབ་ཆོག་གམ། མི་ཆོག་ཅེས་པར་འཚོལ་སྒྲུབ་བྱེད་པ་པོ་ཞིག དྷ་སར་ཟམ་གདོང་རིན་པོ་ཆེའི་དྲུང་དུ་མཇལ་བ་ན། བདག་གིས་བསྐུར་འབུལ་ཞུས་པའི། བདེན་པ་པོའི་ལེའུ། བོད་ཨིན་སྐད་གཉིས་ཤན་སྦྱར་གྱི་ཚུལ་དུ་ཡོད་པ་དེ། བསྟན་ནས་སློབ་སྟོན་མཛད་པའི་གནས་ཚུལ་ཁ་སྤར་ཐོག་བདག་ལ་བཤད་སོང་།
དེའི་རྗེས་གཞུང་དཔེ་འདི་ཀོ་ལམ་བི་ཡ་གཙུག་ལག་སློབ་གྲྭ་ཆེན་མོ་དང་འབྲེལ་པའི་ཨ་རིའི་སངས་རྒྱས་པའི་སློབ་སྦྱོང་ཚོགས་པས། ༢༠༡༠ ལོར་པར་སྐྲུན་བྱས་པ། ཟམ་གདོང་རིན་པོ་ཆེ་མཆོག་ལ་བསྐུར་འབུལ་ཞུས་སོ།།
འཕགས་པ་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་གྱི་ཐབས་ཀྱི་ཡུལ་ལ་རྣམ་པར་འཕྲུལ་པ་བསྟན་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།
འདི་ཡི་ངོ་སྤྲོད་མདོར་བསྡུས་སུ་ཞུ་བ། མདོ་སྡེ་འདི་ལ་ས་བཅད་ཤེས་བྱའི་སྒོ་ནས། བརྟག་དཔྱད་བྱས་པས། ལེའུ་བཅུ་གཉིས་ཡོད་དགོས་ཀྱང་། ལེའུ་བརྒྱད་པའི་རྗེས་སུ། ལེའུ་མིང་འགོད་པར་ཆད་དེ། མདོ་ཉིད་རྫོགས་པ་ན། ལུང་བསྟན་པའི་ལེའུ་སྟེ་བཅུ་པའོ། །བརྟག་པ་མཐའ་བཟུང་གིས་ལེའུ་བཅུ་ཡོད་པའི་དབང་དུ་བྱས་ན་ཡང་། ལེའུ་དགུ་པ་གང་དུ་ཡང་བྲིས་མེད་པས། ངེས་པར་དུ་ལེའུའི་སྐོར་ལ་ཆད་པར་ཐེ་ཚོམ་མེད་པར་མཐོང་།
སྔོན་རྒྱ་གར་དུ། བཅུ་གཉིས་ཀྱི་ཚན་པ་བཀོད་པ་སྲོལ་བཟང་པོར་བརྩི་བའི་སྲོལ་མཆིས། དེས་ན། གསུང་རབ་ཡན་ལག་བཅུ་གཉིས། རྟེན་འབྲེལ་ཡན་ལག་བཅུ་གཉིས། སངས་རྒྱས་ཀྱི་མཛད་པ་བཅུ་གཉིས་སོགས་ཚན་པ་བཅུ་གཉིས་མང་དུ་བྱུང། རྒྱུ་མཚན་དེ་ཡིས་མདོ་སྡེ་འདི་ཉིད་དུ་ཡང་། སེམས་བསྐྱེད་བསྟན་པ་ལ། ཚན་པ་བཅུ་གཉིས་པ་ཚར་གཉིས་དང་། ཕར་ཕྱིན་དྲུག་རེ་རེ་བསྟན་པ་ལ་དྲུག་དང། ཐབས་ལ་མཁས་པ་བསྟན་པ་ལ་གཅིག་དང་། དུས་སྙིགས་མ་སོགས་བསྟན་པ་ལ་གཅིག་དང་། སངས་རྒྱས་ཀྱི་ཞིང་བསྟན་པ་ལ་གཅིག་དང་། གང་ཟག་གི་སྐྱོན་དང་ཡོན་ཏན་བརྗོད་པ་ལ་གཅིག་སྟེ། བསྡོམས་ཚན་པ་བཅུ་གཉིས་པ་ཚར་བཅུ་གཉིས་སུ་མཆིས་པས། མདོ་སྡེ་འདི་ལ་ལེའུ་བཅུ་གཉིས་ཡོད་དགོས་པར་མཐོང་སྟེ། མདོ་འདི་ཉིད་ཀྱི་བརྗོད་བྱ་ལ་བརྟག་དཔྱད་བྱས་པ་བརྗོད་དོན་མི་འདྲ་བ་བཅུ་གཉིས་སུ་མཐོང་།
ལེའུ་བརྒྱད་པ་བར་དུ་ལེའུ་བསྟན་པ་ལ་འཁྲུལ་པ་མེད་པ་དང་། ལེའུ་དགུ་པ་ནས་བཅུ་གཉིས་པ་བར་དུ་འཁྲུལ་པ་ཤོར་ཡོད་པ་མཐོང་། རྒྱུ་མཚན་འདི་ཡིས། དེ་བཞིན་གཤེགས་པའི་ཡོན་ཏན་བསྟན་པ་ལ་ལེའུ་དགུ་པ་དང་། དེ་བཞིན་གཤེགས་པའི་དྲུང་དུ་ཕྱིན་པ་ལེའུ་བཅུ་པ་དང་། དོན་དམ་བྱང་ཆུབ་བསྟན་པ་ལེའུ་བཅུ་གཅིག་པ་དང་། ལུང་བསྟན་པ་ལེའུ་བཅུ་གཉིས་བཅས་ལེའུ་བཅུ་གཉིས་ཡོད་པར་གྲུབ་བོ།།
སྔ་འགྱུར་སྐབས་སུ། མདོ་སྡེ་དེ་ཉིད་རྒྱ་གར་གྱི་མཁན་པོ་པྲཛཉཱ་བརྨ་དང་། བོད་ཀྱི་སྒྲ་སྒྱུར་ལོ་ཙཱ་པ་བནྡེ་ཡེ་ཤེས་ལ་སོགས་པས། ལེགས་སྦྱར་སྐད་ནས། བོད་སྐད་དུ། བསྒྱུར་ཅིང་གཏན་ལ་ཕབ་པ་བཀའ་འགྱུར་ཁོངས་སུ་བཞུགས། འོན་ཀྱང་བར་སྐབས་སུ་བོད་སྔ་རབས་པའི་སྐད་ཉམས་པའི་དབང་གིས་ཁ་སྐད་ཚིག་མང་དུ་ཤོར་ཏེ། མིང་ཚིག་དག་ཆ་མི་འདྲ་བ་སྣ་ཚོགས་སུ་འགྱུར། སྣར་ཐང་། པེ་ཅིང་། སྡེ་དགེ། ལྷ་ས། སྟོག་བྲིས་མ་བཅས་བཀའ་འགྱུར་གྱི་དཔེ་ཆ་མི་འདྲ་བ་ལྔ་ལ་མཉམ་བསྡུར་བྱས་པས། ཡི་གེ་དག་ཆ་མི་འདྲ་བ་ལྔ་བརྒྱ་དང་། བརྒྱད་ཅུ་ལྷག་ཙམ་ཐོན། གང་དག་པ་དེ་བླངས། མི་མཐུན་པ་དེ་འདི་ན། འདི་ལྟར་འདུག་ཅེས་བྲིས། སྐབས་འགར་དཔེ་ཆ་ཐམས་ཅད་ན་མ་དག་པ་བྲིས་པ་མཐོང་། སྐབས་འགར་ལེགས་སྦྱར་མིང་ཚིག་བོད་ཡིག་ཏུ་བྲིས་པ་དཔེར་ན། ཨིནྡ་ནཱི་ལ། དཔེ་དག་ཏུ་ཨནྡ་རྙིལ་དང་། ཨནྡ་སྙིལ། སྣ་ཚོགས་པ་བྲིས་པ་དག་ལ། ལེགས་སྦྱར་མིང་ཚིག་རང་དག་པར་བྱས་ཏེ། ཨིནྡྲ་ནཱི་ལ། ཞེས་བྲིས། གཞན་ཡང་། ངོ་མཚར་ཆེ་བ་ཞིག་ནི། བཀའ་འགྱུར་ཤིང་སྤར་མ་ཀུན་ན། སྒྲོལ་མའི་ཡིད་ལྟར། ཞེས་ཡོད་ཀྱང་། སྟོག་བྲིས་མ་ན། སྒྲོན་མ་ཡོད་ལྟར། ཞེས་པ་ཡོད་པས། སྒྲོན་མ། ཞེས་པ་དེ་བླངས། ཡོད་ལྟར། ཞེས་པ་དེ། འོད་ལྟར། ཞེས་བཅོས།
མདོ་སྡེ་འདི་ཉིད་གསུངས་པའི་དུས་སུ། སྔགས་དར་བ་མ་ཡིན་པ་དང། མདོ་སྔགས་ཀྱི་སྤྱོད་པ་མི་འདྲ་བས་ཀྱང་། སྒྲོལ་མའི་ཡིད་ལྟར། ཞེས་པ་དེ་མ་ཡིན་ཅིང་། སྒྲོན་མ་འོད་ལྟར། ཡིན་དགོས་པར་བསམས། དེ་ཡང་ཤེས་རབ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་རྣམས་རྣམ་རྟོག་མེད་པར་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་ཅེས་དོན་ཏེ། ཇི་སྐད་དུ།
དེ་ལ་མིག་ཅེས་ཐུབ་པ་ཟླ་བ་གསུང།།
མངོན་སུམ་བྱེད་ཅིང་རྟོགས་པའི་མཚན་ཉིད་དེ།།
དེ་འགྲོགས་བྱང་ཆུབ་སེམས་དཔའ་དྲི་མེད་རྣམས།།
སྒྲོན་མ་འོད་ལྟར་བྱང་ཆུབ་སྤྱད་པ་སྤྱོད།།
སླར་ཡང་རྒྱ་བོད་རིག་གཞུང་གི།
གངས་ལྗོངས་དང་འཛམ་གླིང་དུ།།
རྒྱལ་མཚན་མཐོན་པོར་སྒྲེང་བ་ལ།།
གོང་ས་ཆེན་པོའི་སྲི་ཞུ་གཅེས།།
ཟམ་གདོང་རིན་པོ་ཆེའི་རིན་བོ།།
གྲུབ་མཐའ་རིས་སུ་མ་ཆད་པར།།
ཕན་ཐོགས་ལྷག་བསམ་དག་པའི་ངང་།།
གཡོ་མེད་གཟི་བྱིན་འབར་གྱུར་ཅིག།།
ཅེས་ཟམ་གདོང་རིན་པོ་ཆེ་མཆོག་དགུང་གྲངས་དོན་ལྔ་ལོན་པར་གང་གི་མཛད་བཟང་ལ་རྗེས་སུ་ཡི་རང་གིས་གཟེངས་བསྟོད་དང་། གནས་བརྟན་སློབ་དཔོན་ཆེན་པོ་གང་ཉིད་ཞབས་པད་བརྟན་ཅིང་མཛད་བཟང་གོང་འཕེལ་ཞུ་རྟེན་དུ། གུས་བློ་བཟང་འཇམ་དཔལ་གྱིས་ ༢༠༡༤ ལ་སྦྱར་པའོ།།