སྲོལ་རྒྱུན་སོ་ནམ་འདེབས་ལས་དང་འབྲེལ་བའི་ཐོག་དྲི་བ་དྲིས་ལན།

སྤྱི་འཐུས་ངག་དབང་ལྷ་མོ་ལགས་ནས། སྲོལ་རྒྱུན་སོ་ནམ་འདེབས་ལས་ཀྱི་ལས་གཞི་དེར་མང་ཚོགས་ནང་བསྔགས་བརྗོད་ཞུ་མཁན་དང༌། སྐྱོན་བརྗོད་བྱེད་མཁན་ཡང་གང་མཚམས་ཞིག་ཡོད་སྟབས་བཀའ་འདྲི་ཞུ་རྒྱུར།
༡ གཞུང་ལ་མང་ཚོགས་ནས་ལེགས་ཉེས་ཀྱི་སྙན་སེང་ཇི་ལྟར་བྱུང་ཡོད་དམ།
༢ བར་སྐབས་ཤིག་ནས་གཞིས་ཆགས་ནང་ཞིང་ལས་བྱེད་མཁན་རྒན་གྲས་ལས་མེད་པ་ཤོད་ཀྱི་ཡོད་སྟབས། ད་ལྟའི་ལས་གཞི་འདིས་ན་གཞོན་རྣམས་ཀྱི་ཞིང་ལས་ཐོག་དོ་འཁུར་ཆེ་རུ་ཕྱིན་ཡོད་དམ་མེད།
༣ ཡང་སྲོལ་རྒྱུན་སྲིད་བྱུས་ཕུགས་གཏན་འཕེར་ངེས་ཡིན་ཡང་གཞིས་ཆགས་སོ་སོའི་ས་ཆ་མཐོ་དམན་དང༌། སྐམ་རློན་མ་འདྲ་བ་ཡོད་སྟབས། གཞུང་གི་ལམ་སྟོན་གཅིག་གྱུར་འོག་འགྲོ་སྐབས་དཀའ་ངལ་འཕྲད་ཀྱི་ཡོད་སྐོར་བཤད་དང་ཤོད་མུས་ལ་སོང༌། ས་ཆར་གཞིགས་པའི་སྲོལ་རྒྱུན་སོ་ནམ་གྱི་སློབ་སྟོན་གནང་ཐུབ་ཡོད་མེད་དང༌། ཡོད་ན་ས་གནས་གང་དང་གང་དུ་གནང་ཡོད། མེད་ན་དེའི་རྒྱུ་མཚན་ཇི་ཆགས་ཀྱི་བཀའ་ལན་གནང་སྐྱོང་ཞུ།

བཀའ་ལན།
༡ སྐྱེ་ལྡན་སོ་ནམ་གྱི་ལས་གཞི་སྐོར་མང་ཚོགས་ནས་ལེགས་ཉེས་གཉིས་ཀའི་སྙན་གསན་བྱུང་ཡོད།
༢ ན་གཞོན་གང་ལ་གང་འཚམས་ཤིག་ནས་སོ་ནམ་འདེབས་ལས་ལ་སྔར་ལྷག་དོ་སྣང་བསླེབས་དང་སླེབ་བཞིན་པ་ཡིན།
༣ སོ་ནམ་གཞིས་ཆགས་ཁག་གི་ས་ཆའི་མཐོ་དམའ་དང༌། སྐམ་རློན། ཚ་གྲང༌། ས་བཅུད་གནས་སྟངས་བཅས་ལ་གཞི་བཅོལ་གྱིས་གཞིས་ཆགས་སོ་སོའི་ནང་སྟོན་འབྲས་གང་དང་གང་སྐྱེ་སྨིན་ཐུབ་མིན་ཞིབ་འཇུག་ཞུས་ཏེ་འདེབས་ལས་ཀྱི་ལམ་སྲོལ་གཏོད་པ་བཞིན་ལམ་སྟོན་བྱེད་ཀྱི་ཡོད་པ་ལས་གཞིས་ཆགས་ཡོངས་ལ་གཅིག་གྱུར་གྱིས་ལམ་སྟོན་བྱེད་ཀྱི་མེད། གཞིས་ཆགས་ཁག་ལ་ས་བཅུད་བརྟག་དཔྱད་བྱས་རྗེས་དེའི་གྲུབ་འབྲས་ལ་བསྟུན་ཏེ་སྟོན་ཐོག་སྐྱེ་འོས་ཁག་གི་བཏབ་སྟངས་Crop Patternགཏན་འབེབས་ཀྱིས་ཀོ་ལི་གྷལ་དང༌། མོན་གྷོ། བྱང་ཤར་གཞིས་ཁག ལ་དྭགས་བཅས་སུ་ལམ་སྟོན་བྱེད་ཀྱི་ཡོད།

སྤྱི་འཐུས་ངག་དབང་ལྷ་མོ་ལགས་ནས་འཕྲོས་དོན་དྲི་བར།
དཔལ་ལྡན་ཚོགས་གཙོ་བརྒྱུད་ནས་དཔལ་ལྡན་ནང་སྲིད་བཀའ་བློན་མཆོག་ལ་འཕྲོས་དོན་དྲི་བ་དང་པོ་ནི་སྐྱེས་ལྡན་སོ་ནམ་གྱི་ལས་གཞིའི་སྐོར་མང་ཚོགས་ནས་ལེགས་ཉེས་གཉིས་ཀའི་སྙན་སེང་བྱུང་ཡོད་བཀའ་གནང་འདུག དེ་ལྟར་ཡིན་ན་ལེགས་པའི་ཆ་ལ་སྙན་སེང་ཞུ་མཁན་མང་བ་བྱུང་ཡོད་དམ། ཡང་ན་ཉེས་པའི་ཆ་ལ་སྙན་སེང་མང་བ་ཡོང་གི་ཡོད་རེད།
དྲི་བ་གཉིས་པ་ནི་ན་གཞོན་གང་ལ་གང་མཚམས་ཤིག་ནས་སོ་ནམ་འདེབས་ལས་ལ་སྔར་ལྷག་དོ་སྣང་བསླེབས་དང་སླེབ་བཞིན་པ་ཡིན་ཞེས་གསུངས་འདུག དེ་ཧ་ཅང་གི་བསྔགས་བརྗོད་ཞུ་འོས་པ་ཞིག་རེད། དེ་འདྲ་ཡིན་དུས་གཞིས་ཆགས་ཁག་ཚང་མ་ནས་ཁག་པོ་ཆགས་ཀྱི་རེད་དེ། གཞིས་ཆགས་གང་གི་ནང་ལ་ན་གཞོན་དོ་འཁུར་ཆེ་རུ་ཕྱིན་པའི་དཔེ་མཚོན་གཅིག་གཉིས་ཤིག་གསུངས་ཐུབ་ན་ཡག་པོ་ཡོང་ས་རེད། དེ་ནས་དྲི་བ་གསུམ་པའི་ནང་ལ་གཞིས་ཆགས་ཡོངས་ལ་གཅིག་གྱུར་གྱི་ལམ་སྟོན་བྱེད་ཀྱི་མེད་ཅེས་གསུངས་འདུག དེ་བདེན་པ་རེད། རང་ཉིད་ཀྱིས་ཞུ་རྒྱུ་དེ་ག་རེ་ཡིན་ཟེར་ན། རྫས་ལུད་མ་ཡིན་པར་སྔོ་ལུད་དང་འབུ་ལུད་སོགས་བེད་སྤྱོད་གཏོང་རྒྱུའི་བཀའ་ཤུགས་ཆེར་གནང་གི་ཡོད་པ་སོང་ཙང༌། རྫས་ལུད་དང་འབུ་ལུད་སོགས་བེད་སྤྱོད་བྱེད་རྒྱུ་དེ་ས་ཆ་སྐམ་རློན་གྱི་གཅིག་གྱུར་གནང་ན་སྐུ་ངལ་འཕྲད་ཀྱི་ཡོད་སྐོར་བཤད་ཀྱི་ཡོད་པ་དེར་བདེན་མིན་དང་གཞན་ཡང་གཞིས་ཆགས་ཁག་ལ་Soil Test དང་དེ་དང་མཚུངས་པའི་ Crop Pattern སོགས་གནང་གི་ཡོད་པ་བཀའ་གནང་འདུག དེ་ཚོར་བསྔགས་བརྗོད་འོས་པ་རེད། མཐའ་མའི་འཕྲོས་དོན་དྲི་བ་ག་རེ་རེད་གསུངས་ན་བཀའ་ལན་གྱི་ནང་ལ་གཞིས་ཆགས་ཁག་ལ་ Soil Test གནང་གི་ཡོད་གསུངས་འདུག ཡང་གཤམ་དེ་ལ་ཀོ་ལེ་གྷལ་དང་མོན་གྷོ་བྱང་ཤར་དེ་བཞིན་ལ་དྭགས་སོགས་ལ་ལམ་སྟོན་གནང་གི་ཡོད་གསུངས་འདུག དེ་འདྲ་ཡིན་དུས་གོང་ལ་གཞིས་ཆགས་ཁག་ལ་གསུང་རྒྱུ་དེ་གཤམ་ལ་འཁོད་པའི་གཞིས་ཆགས་ད་ག་རང་ཡིན་ནམ། ཡང་ན་དེ་མ་ཡིན་པའི་གཞིས་ཆགས་གཞན་ནང་ལ་གསུང་གི་ཡོད་རེད།

བཀའ་ལན།
འཕྲོས་དོན་དྲི་བ་དང་པོའི་ལན་ཞུ་རྒྱུར། སྦེལ་ཀོབ་ལུགས་ཟུང་བསམ་གྲུབ་གླིང་པུ་ཧྲེང་རང་ཀེམ་ནང་ན་གཞོན་གྲངས་བརྒྱ་དང་བདུན་གྱིས་ཞིང་ཁ་ཨེ་ཀར་ ༡༠༧༠ ཙམ་ལ་འདེབས་ལས་བྱེད་ཀྱི་ཡོད། དེ་བཞིན་བདེ་སླར་ནས་ན་གཞོན་གྲངས་ ༡༩༩ ཡིས་ཨེ་ཀར་ ༡༩༩༠ ཙམ་ལ་འདེབས་ལས་བྱེད་ཀྱི་འདུག ཀོ་ལི་གྷལ་དོན་ལྡན་གླིང་ནས་ན་གཞོན་གྲངས་ ༡༦༧ གྱིས་ས་ཆ་ཨེ་ཀར་ ༦༦༨ ཙམ་ལ་འདེབས་ལས་བྱེད་བཞིན་པ་དང༌། སྦན་རྡ་ར་ནོར་རྒྱས་གླིང་གི་ན་གཞོན་བཅོ་བརྒྱད་ཀྱིས་ས་ཆ་ཨེ་ཀར་གྲངས་ ༦༣། མོན་གྷོ་འདོད་རྒུ་གླིང་ནས་ན་གཞོན་གྲངས་ ༣༣ གྱིས་ཨེ་ཀར་ ༣༤༨ ཁེ་ར་ཀེམ་གྱི་ན་གཞོན་གྲངས་ ༡༠ ཡིས་ཨེ་ཀར་བཅུ། སོ་ལན་བོན་གཞིས་ནས་ན་གཞོན་གྲངས་ལྔ་ཡིས་ཨེ་ཀར་བཅུ། ཨོ་རི་ས་ཕུན་ཚོགས་གླིང་གི་ན་གཞོན་གྲངས་ ༡༢༠ ནས་ས་ཆ་ཨེ་ཀར་ ༤༠༠། མན་སྤར་ཕན་བདེ་གླིང་ནས་ན་གཞོན་གྲངས་ ༡༥༠ ཙམ་ནས་ས་ཆ་ཨེ་ཀར་གྲངས་ ༢༦༡༡། ལ་དྭགས་བསོད་ནམས་གླིང་ནས་ན་གཞོན་གྲངས་ ༣༧༠ ནས་ཞིང་ཁ་ཨེ་ཀར་གྲངས་ ༡༣༣། ཧོན་སུར་རབ་རྒྱས་གླིང་ནས་ན་གཞོན་གྲངས་ ༦༩ ནས་ཨེ་ཀར་གྲངས་ ༢༥༠། མེའོ་ཆོས་འཕེལ་གླིང་གི་ན་གཞོན་གྲངས་ ༢༧༡ ནས་ཨེ་ཀར་ ༤༠༦། ཏི་ཛུ་དར་རྒྱས་གླིང་གི་ན་གཞོན་གྲངས་ ༡༠༠ ནས་ཨེ་ཀར་ ༡༩༣ འབུམ་ལ་བསྟན་འཛིན་སྒང་དུ་ན་གཞོན་གྲངས་ ༥༠ ཡིས་ཨེ་ཀར་ ༤༦ བཅས་ད་ལྟ་ཞིང་ལས་ལ་དོ་སྣང་ཡོད་པ་ང་ཚོས་ཤེས་རྟོགས་ཡོད་པ་ ༡༦༡༩ ཙམ་གྱིས་ཞིང་ཁ་ཨེ་ཀར་ ༨༠༠༠ ཙམ་འདེབས་ལས་བྱེད་བཞིན་ཡོད་ཅེས་ཞུ་རྒྱུ་ཡིན།
འཕྲོས་དོན་དྲི་བ་གཉིས་པ། སྙན་ཞུ་འབུལ་མཁན་གྱི་ནང་ཡག་པ་ཞུ་མཁན་མང་བ་བྱུང་ཡོད་དམ། སྡུག་པ་ཞུ་མཁན་མང་བ་བྱུང་ཡོད་ཅེས་བཀའ་གནང་ཐད། ཞིབ་ཚགས་པོའི་ཐོག་ནས་ཡག་སྡུག་ཞུ་མཁན་གྱི་སྙན་ཞུ་གྲངས་ཀ་བརྒྱབ་རྒྱུ་མ་བྱུང༌། ཡིན་ནའང་སྤྱིར་བཏང་ནས་ཡར་སྙན་ཞུ་འབུལ་མཁན་མང་ཆེ་བ་འགྲིགས་ཀྱི་མི་འདུག་ཞུ་མཁན་རྐྱང་རྐྱང་རེད། ལག་ལེན་བྱེད་མཁན་དེ་ཚོ་འགྲིགས་དང་འགྲིག་བཞིན་པ་ཡིན་དུས་ཁོང་ཚོས་སྙན་ཞུ་བཏང་དགོས་པ་ཆགས་ཀྱི་ཡོད་མ་རེད། དེ་འདྲ་ཡིན་ཙང་ཤོག་བུ་རང་གྲངས་ཀ་བརྒྱབ་ན་འགྲིགས་ཀྱི་མི་འདུག་ཅེས་ཞུ་རྒྱུ་ཡིན།
ཡང་ས་གནས་ཁག་ལ་ལུད་གཅིག་གྱུར་བྱས་པ་དེ་འགྲིགས་ཀྱི་མི་འདུག་ཅེས་གསུངས་པ་ཡིན་གསུངས་ཐད། ལུད་ཀྱི་གནས་སྟངས་ལ་སྦྱར་ལུད་དང་འབུ་ལུད་སོགས་ཡིན་ན་ས་ཆ་སྐམ་རློན་དང་མཐོ་དམའི་ཁྱད་པར་ཡོད་མ་རེད། ག་པར་ཡིན་ནའང་ལུད་གཅིག་གྱུར་བེད་སྤྱོད་བྱེད་ཆོག སྔོ་ལུད་རྐྱང་པ་ས་ཆ་སོ་སོར་གཞིགས་པའི་གང་བཏབ་དགོས་ཡོད་མེད་སོ་ནམ་ཁྱད་ལས་པས་ལམ་སྟོན་བྱེད་ཀྱི་ཡོད། དེ་མ་ཡིན་པའི་སྦྱར་ལུད་དང་འབུ་ལུད་གཉིས་ཀ་ས་ཆ་ཡག་ཉེས་བལྟ་དགོས་དོན་ཡོད་མ་རེད། ས་ཆ་ཡག་ཉེས་ཀྱི་དབང་གིས་ལུད་ཀྱི་དགོས་མཁོ་མང་ཉུང་ཡོང་སྲིད་པ་རེད།
ད་ལྟ་སྟོན་ཐོག་བཏབ་སྟངས་འདི་གཞིས་ཆགས་གང་དང་གང་དུ་ལམ་སྟོན་བྱེད་ཀྱི་ཡོད་ཅེས་གསུངས་ཐད། དེ་ལ་ང་ཚོས་ Crop Pattern གཏན་འཁེལ་ནས་ལམ་སྟོན་བྱེད་ས་དེ་ཀོ་ལི་གྷལ་དང༌། མོན་གྷོ་བྱང་ཤར། དེ་བཞིན་ལ་དྭགས་བཅས་རེད། དེ་མིན་གཞིས་ཆགས་གཞན་དུ་ས་ཆ་བརྟག་དཔྱད་Soil Testདང་ Crop Pattern གྱི་ལས་གཞི་འགྲོ་བཞིན་པ་རེད། མ་འོངས་པར་སོ་ནམ་གཞིས་ཆགས་ཡོངས་རྫོགས་ལ་ལམ་སྟོན་ཞུ་རྒྱུ་ཡིན།
སྤྱི་འཐུས་ཚུལ་ཁྲིམས་བསྟན་འཛིན་ལགས་ནས།
ད་ལྟ་དྲི་བ་ཨང་ལྔ་པ་འདིའི་ཐོག་ལ་འཕྲོས་དོན་དྲི་བ་གཅིག་གཉིས་ཤིག་ཞུ་འདོད་བྱུང༌། ང་ཚོ་སྲོལ་རྒྱུན་གྱི་ཞིང་ལས་འདི་སྤྱི་ཚོགས་ནང་ལ་ལས་གཞི་ཆེན་པོ་ཞིག་རེད། དེ་འདྲ་ཡིན་དུས་འདི་བཙུགས་ནས་དུས་ཡུན་གང་མཚམས་ཕྱིན་ཚར་བ་རེད། ངས་དྲི་བ་འདི་གང་ཡིན་ཟེར་ན། ད་ལྟ་བར་དུ་ཚོད་ལྟའི་སྒང་ལ་གནས་བསྡད་ཡོད་རེད་དམ། ཡང་ན་ཐོན་སྐྱེད་བཟོ་ཐུབ་ཀྱི་ཡོད་རེད། གལ་ཏེ་ཐོན་སྐྱེད་བཟོ་ཐུབ་པ་ཡིན་ན་རྫས་སྦྱོར་གྱི་ཐོན་སྐྱེད་དང་སྲོལ་རྒྱུན་གྱི་ཐོན་སྐྱེད་དབར་ལ་ཐོན་སྐྱེད་ཀྱི་ཁྱད་པར་གང་འདྲ་ཡོད། དོན་གསུམ་པ་སྲོལ་རྒྱུན་གྱི་ཐོན་སྐྱེད་དེ་ཚོས་ཁྲོམ་རྭ་འཚོལ་ཐུབ་ཀྱི་ཡོད་དམ་མེད། རྫས་སྦྱོར་གྱི་ཐོན་སྐྱེད་དང་སྲོལ་རྒྱུན་དབར་ལ་གོང་ཚད་ཀྱི་ཁྱད་པར་ཡོད་དམ་མེད། ཁྱད་པར་ཡོད་ན་ཇི་ཙམ་ཡོད། འདི་བཙོང་སའི་ཁྲོམ་རྭ་ག་པར་བཟོ་ཡི་ཡོད་ཅེས་དང༌། དེ་ནས་བཀའ་འདྲི་ཞུ་རྒྱུ་གཅིག་ལ། འདས་པའི་བཙན་བྱོལ་གྱི་གཞིས་ཆགས་ཁག་ནང་ལ་ལོ་ངོ་ ༣༠ སོ་གྲངས་ལྷག་གི་རིང་ལ་རྫས་སྦྱོར་བེད་སྤྱོད་བཏང་སྟེ་ཞིང་ཁ་འདེབས་ལས་བྱས་པ་རེད། དེ་འདྲ་ཡིན་པ་སོང་ཙང༌། ས་ཆ་འདི་ཚོས་རྫས་ལུད་མང་པོ་ཟས་ཚར་བ་རེད། ད་ཆ་ས་ཆ་འདིའི་སྒང་ལ་སྲོལ་རྒྱུན་གྱི་ཞིང་ལས་བྱེད་ཡོང་དུས། སྔོན་གྱི་ས་ཆའི་གནས་སྟངས་འདིའི་སྟེང་ལ་སྲོལ་རྒྱུན་གྱི་ལས་གཞི་ལ་གནོད་སྐྱོན་འགྲོ་ཡི་ཡོད་དམ་མེད། དེ་བཞིན་ང་ཚོའི་གཞིས་ཆགས་ཀྱི་ཁོར་ཡུག་ཚང་མ་རྒྱ་གར་གྱི་ཞིང་ལས་པ་ཤ་སྟག་ཡིན་པ་སོང་ཙང༌། ངས་གོ་ཐོས་ལྟར་བྱས་ན། ཁོང་ཚོས་རྫས་སྦྱོར་བེད་སྤྱོད་བཏང་སྟེ་ཞིང་ཁ་འདེབས་ལས་བྱེད་ཀྱི་ཡོད་པ་འདྲ། དེ་འདྲ་ཡིན་ན་ས་ཆ་ལེབ་གཅིག་ཏུ་འདྲེས་ཡོད་པ་ཡིན་དུས། ཁོང་ཚོས་རྫས་སྦྱོར་བེད་སྤྱོད་བཏང་བའི་ནུས་པ་འདིས་ང་ཚོ་ཚུར་ཕྱོགས་ན་ Organic སྲོལ་རྒྱུན་གྱི་ཞིང་ལས་ཀྱི་ལས་གཞིར་འགལ་རྐྱེན་འཕྲད་ཀྱི་ཡོད་དམ་མེད་བཅས་ཞུ་རྒྱུ་ཡིན།

བཀའ་ལན།
སྐྱེ་ལྡན་སོ་ནམ་ཞིང་ལས་ཀྱི་འདེབས་ལས་དང་རང་བཞིན་སོ་ནམ་གྱི་འདེབས་ལས་དེ་དེང་རབས་གོང་མའི་Post-modernསོ་ནམ་འདེབས་ལས་ཤིག་རེད། དེ་ཡིན་དུས་ཚོད་བལྟ་བྱས་ཟིན་པ་རེད། ད་ལྟ་སླར་ཡང་ཚོད་བལྟ་བྱེད་དགོས་པ་ཆགས་ཀྱི་མེད། ང་ཚོའི་གཞིས་ཆགས་ཁག་ལ་འཛམ་བུ་གླིང་གི་མཁས་པ་མང་པོས་ཚོད་བལྟ་བྱས་ནས་གྲུབ་དོན་རྟོགས་ཟིན་པའི་སོ་ནམ་གྱི་ལས་གཞིའི་ཐོག་འགྲོ་རྒྱུ་ཡིན་སྟབས། ལོ་དང་པོ་ནས་སྟོན་ཐོག་གི་གྲལ་རིམ་གཏན་འབེབས་བྱེད་པ་ནང་བཞིན་ཕྱིན་པ་མ་གཏོགས་ད་ལྟ་ཚོད་བལྟའི་གནས་སྐབས་ལ་བསྡད་ཡོད་མ་རེད། ཐོན་སྐྱེད་རང་གི་གནས་བབ་ལ་བསླེབས་ཟིན་པ་རེད། ལས་ཀ་བྱེད་མཁན་གྱི་མི་ལ་སྐབས་རེ་ཚོད་བལྟ་བྱ་དགོས་པའི་གནས་སྟངས་ཡོང་སྲིད་པ་ཞིག་རེད། དེ་མ་གཏོགས་སོ་ནམ་གྱི་ལས་གཞི་ཁོ་རང་གི་ཐོག་ལ་ཚོད་བལྟའི་དུས་ཚོད་ལས་ཡོལ་ཚར་བ་རེད།
ཐོན་སྐྱེད་ཀྱི་གནས་སྐབས་ལ་སླེབས་ཡོད་ན་རྫས་སྦྱོར་གྱི་ཐོན་སྐྱེད་དང་སྐྱེ་ལྡན་གྱི་ཐོན་སྐྱེད་གཉིས་པོ་མང་ཉུང་གང་འདྲ་ཡོང་གི་ཡོད་རེད་ཅེས་གསུངས་སོང༌། འཕྲོས་དོན་དྲི་བ་གནང་མཁན་གྱིས་བཀའ་གནང་བ་ནང་བཞིན་ལོ་བཞི་བཅུ་ཡན་མས་ཤིག་རིང་ལ་རྫས་སྦྱོར་སོ་ནམ་བྱས་ནས་ས་ཆ་ཡོངས་རྫོགས་འཕྲོ་བརླག་ཕྱིན་ཚར་བ་ཡིན་དུས་ལོ་དང་པོ་གཉིས་པ་གསུམ་པ་ཙམ་གྱི་བར་རྫས་སྦྱོར་གྱི་ཐོན་སྐྱེད་ལས་སྐྱེ་ལྡན་གྱི་ཐོན་སྐྱེད་ཉུང་བ་ཡོང་གི་ཡོད་རེད། དེ་ནི་སྤྱིར་བཏང་གནས་ཚུལ་ཙམ་ལས་མཐའ་ཁྱབ་པ་མིན། ལོ་དང་པོ་ནས་སྐྱེ་ལྡན་གྱི་ཐོན་སྐྱེད་མང་བ་བྱུང་བའང་ཡོད་པ་རེད། དེ་ཚོར་མི་ཚོས་ཁོང་ཚོས་ལྐོག་ཏུ་རྫས་ལུད་བརྒྱབ་པ་ཡིན་གྱི་རེད་ཅེས་སྐྱོན་བརྗོད་བྱེད་ཀྱི་འདུག རྫས་ལུད་བརྒྱབས་མེད་ཀྱང༌། གཞན་ལ་ཐོན་སྐྱེད་དེ་ཙམ་མ་བྱུང་བའི་དབང་གིས་བཤད་ཀྱི་ཡོད་རེད། སོ་ནམ་བྱེད་སྟངས་གནད་སྨིན་པོ་ཞིག་བྱུང་ན་ལོ་དང་པོ་ནས་ཐོན་སྐྱེད་ཁྱད་པར་མེད་པ་ཡོང་གི་རེད། གང་ལྟར་མུ་མཐུད་ནས་ཞིང་པ་ཚོས་འབད་བརྩོན་ཡག་པོ་བྱས་པ་ཡིན་ན་ལོ་ལྔའི་རྗེས་ལ་རྫས་སྦྱོར་གྱི་ཐོན་འབབ་ལས་མང་བ་མ་གཏོགས་ཉུང་བ་ཡོང་གི་མ་རེད། གཅིག་བྱས་ན་ལས་ཀ་དཀའ་ལས་བརྒྱབ་ན་ཐཽན་འབབ་མང་དུ་བཏང་དང་མ་གཏང་ཞིང་པ་སོ་སོར་རག་ལུས་པ་རེད།
ཡང་སྐྱེ་ལྡན་གྱི་ཐོན་སྐྱེད་དེ་ཚོར་ཁྲོམ་རྭ་རག་གི་ཡོད་དམ་ཞེས་བཀའ་གནང་སོང༌། ཁྲོམ་རྭ་རག་དང་མ་རག་གཉིས་ཀ་ཡོད་རེད། སྤྱིར་བཏང་སྐྱེ་ལྡན་སོ་ནམ་གྱི་ཁྲོམ་རྭ་ལ་འགགས་པ་དང་ཐོགས་པ་ཡོད་མ་རེད། འཛམ་གླིང་རྒྱལ་ཁབ་ཚང་མའི་ནང་འཕྲོད་བསྟེན་གྱི་བསམ་ཚུལ་ཐོག་ནས་སྐྱེ་ལྡན་སོ་ནམ་གྱི་ཐོན་སྐྱེད་རག་རྒྱུ་ལ་མི་ཚང་ཆེན་པོ་འདི་ཚོས་འབད་བརྩོན་བྱེད་ཀྱི་ཡོད་རེད། ཡིན་ནའང་ད་ལྟ་ང་ཚོར་ཁྲོམ་རྭ་མ་རག་པའི་དཀའ་ངལ་ཞིག་ཡོད་རེད། དེ་ག་རེ་རེད་ཟེར་ན་ང་ཚོའི་ཐོན་སྐྱེད་འདི་ཉོ་མཁན་གྱི་ཚོང་པ་ལ་དགོས་མཁོ་བསྐང་ཐུབ་ཀྱི་ཡོད་མ་རེད། ཁོང་ཚོས་ཊོན་Tonབརྒྱ་ཡོད་དམ། ཉིས་བརྒྱ་ཡོད། ཡང་ན་ཊོན་བཞི་བརྒྱ་ཡོད་དམ། ཡོད་ན་སྡེབ་ལ་ཉོ་ཡི་ཡིན་ལབ་པ་མ་གཏོགས། ང་ཚོར་ཀུ་ཡིན་ཊལ་Quintalབཞི་ཡོད། ཀུ་ཡིན་ཊལ་བཅུ་ཡོད་ལབ་དུས་ཚུར་འཁྱེར་ཡོང་ན་མ་གཏོགས་དཀའ་ལས་ཁག་པོ་ཆགས་ཀྱི་རེད་ཅེས་དེ་འདྲའི་དབང་གིས་ང་ཚོར་ཁྲོམ་རྭའི་དཀའ་ངལ་འཕྲད་སྟངས་དེ་རེད། མ་འོངས་པར་གཞིས་ཆགས་ཡོངས་རྫོགས་ཀྱི་འབོར་ཆེན་པོ་ཉོ་མཁན་ Reliance ལྟ་བུའི་འབོར་དེ་ང་ཚོས་བཟོས་ཐུབ་པ་ཡིན་ན་ཉིན་གཅིག་ལ་སྡེབ་བཙོང་བརྒྱབ་རྒྱུ་རེད་མ་གཏོགས་ཁྲོམ་རྭའི་དཀའ་ངལ་ཆགས་ཀྱི་མ་རེད་སྙམ། ད་ལྟ་ཁྲོམ་རྭ་ཆུང་ཆུང་ཡིན་ཙང་ང་ཚོའི་ངོས་ནས་ག་རེ་བྱེད་ཀྱི་ཡོད་རེད་ཟེར་ན། སྤྱི་མཐུན་མཉམ་སྦྲེལ་གྱི་བརྒྱུད་ལས་གཞི་ཞིག་བཟོས་ནས་ང་ཚོའི་ཐོན་སྐྱེད་ཉུང་ཉུང་དེ་ཚོ་ཐད་ཀར་ཚོང་རྒྱུའི་ཁྲོམ་རྭ་ཞིག་དཀའ་ལས་འཕྲད་ཀྱི་ཡོད་དུས། སླར་ཡང་ཁ་ལག་ཞིག་བཟོས་ནས་བཙོང་རྒྱུའི་འཆར་གཞི་བྱས་ནས་མོན་ཆག་གིས་འཐག་ལས་བྱ་རྒྱུ་དང་སྲན་མ་ལྤགས་པ་གཤུ་བ་སོགས་ཀྱི་འཕྲུལ་འཁོར་གྱི་ཡོ་བྱད་དེ་དག་སྤྱི་མཐུན་མཉམ་སྦྲེལ་ལ་བསྐྲུན་ནས་སྤྱི་མཐུན་མཉམ་སྦྲེལ་གྱིས་ཐོན་སྐྱེད་དེ་ཚོ་ཉོ་རྒྱུ་དང༌། ཐོན་སྐྱེད་སོགས་ཉོས་པའི་རྗེས་ལ་ཕོན་ཆེན་པོ་མ་ཆགས་བར་དུ་སྤྱི་མཐུན་མཉམ་སྦྲེལ་གྱིས་སླར་ཡང་བསྐྱར་བཟོ་ཞིག་བྱས་ནས་ཁྲོམ་རྭ་ཆུང་ཆུང་གི་ནང་ལ་སྟོན་རྒྱུའི་ཐབས་ཤེས་བྱེད་ཀྱི་ཡོད། གོང་ཆེ་ཆུང་གང་འདྲ་རེད་ཅེས་གསུངས་ཐད། གོང་ཆེ་ཆུང་ག་དུས་ཡིན་ནའང་སྐྱེ་ལྡན་སོ་ནམ་གོང་ཆེ་བ་མ་གཏོགས་རྫས་ལུད་སོ་ནམ་གོང་ཆེ་བ་ཡོང་གི་ཡོད་མ་རེད། ཞིང་པ་སོ་སོའི་ཁྱོན་ཡོངས་ཀྱི་རྒྱ་གར་གྱི་སྐྱེ་ལྡན་གནས་བབ་ལ་ལྟོས་པའི་ཁྱད་པར་ཞིག་འགྲོ་ཡི་ཡོད་རེད། བརྒྱ་ཆ་ལྔ་ནས་བརྒྱ་ཆ་བཞི་བཅུའི་བར་དུ་ཉུང་མཐའ་བརྒྱ་ཆ་ལྔ་མང་བ་དང༌། བརྒྱ་ཆ་བཞི་ཅུ་མང་བ་ཡོད་པའི་གནས་སྟངས་ཆགས་ཀྱི་འདུག་ཞུ་རྒྱུ་ཡིན།
རྫས་སྦྱོར་སོ་ནམ་བྱེད་མཁན་འདི་ཚོས་ང་ཚོའི་སྐྱེ་ལྡན་སོ་ནམ་ལ་གནོད་ཀྱི་མ་རེད་དམ་ཞེས་བཀའ་གནང་ཐད། ཕྲན་བུ་ཞིག་གནོད་ཀྱི་ཡོད་རེད། ཡིན་ནའང་ཤུགས་ཆེན་པོ་གནོད་ཀྱི་ཡོད་མ་རེད། དཔེར་ན་གཞིས་ཆགས་གཅིག་གི་ནང་ལ་མི་ཚང་གཅིག་གིས་ཕྱོགས་བཞི་མཐའ་བསྐོར་ནས་རྫས་སྦྱོར་གྱི་སོ་ནམ་བྱས་པ་ལས་དེའི་དཀྱིལ་ལ་སྐྱེ་ལྡན་གྱི་སོ་ནམ་བྱེད་མཁན་གང་ཙམ་ཡོད་རེད། བྱས་ཙང་ཁོང་ཚོས་སྟོན་ཏོག་མེ་ཏོག་ཤར་བའི་རིགས་ཡིན་པ་ཡིན་ན་དེའི་སྐབས་ལ་རླུང་གི་གཡོ་བའི་ཐོག་ནས་ཕྲན་བུའི་ཁྱད་པར་ཞིག་འགྲོ་གི་འདུག་མ་གཏོགས་དེ་ཙམ་གྱིས་ཁྱད་པར་ཆེན་པོ་འགྲོ་བའི་གནས་སྟངས་ཡོང་གི་མིན་འདུག ཁྱད་པར་ཆེན་པོ་ཡོང་སྲིད་པ་འདི་ག་རེ་རེད་ཟེར་ན། ཆུ་ཡི་རྒྱུག་ཕྱོགས་འདི་རེད། རྫས་སྦྱོར་སོ་ནམ་བྱེད་པའི་ཞིང་ཁ་འདི་མཐོ་བ་དང་སྐྱེ་ལྡན་སོ་ནམ་བྱེད་སའི་ཞིང་ཁ་འདི་དམའ་བ་ཡོད་ན། རྫས་ལུད་བརྒྱབས་པའི་ཞིང་ཁ་འདིའི་ཆུ་འོག་ལ་འགྲོ་ཡི་ཡོད་ན་ཐོན་སྐྱེད་ལ་གནོད་ཀྱི་མེད་ཀྱང་སྐྱེ་ལྡན་གཙང་མ་ཡིན་པའི་ལག་འཁྱེར་རག་རྒྱུ་ལ་ཏན་ཏན་གནོད་སྐྱེལ་གྱི་ཡོད་རེད། དེ་མ་གཏོགས་ཆུ་རྒྱུག་ཕྱོགས་མེད་པའི་རིགས་ལ་དེ་ཙམ་གྱིས་གནོད་སྐྱེལ་གྱི་ཡོད་མ་རེད་ཞུ་རྒྱུ་ཡིན།

སྤྱི་འཐུས་རྒྱ་རི་བུ་ཕྲུག་ལགས་ནས།
ངས་དཔལ་ལྡན་ཚོགས་གཙོ་བརྒྱུད་ནས་ནང་སྲིད་བཀའ་བློན་མཆོག་ལ་དྲི་བ་ཨང་ལྔ་པའི་ཐོག་ལ་འཕྲོས་དོན་དྲི་བ་གཉིས་ཙམ་ཆགས་ཀྱི་འདུག དྲི་བ་དང་པོ་ནི་རང་ཉིད་ལྟ་བུར་མཚོན་ན། སྲོལ་རྒྱུན་སོ་ནམ་འདེབས་ལས་ཀྱི་ལས་གཞི་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་དུས་སྐབས་འདི་ལ་ལྟ་གྲུབ་དེ་གལ་ཆེན་པོ་ཞིག་ཆགས་ཀྱི་འདུག ལྟ་གྲུབ་དེའི་ཐོག་ལ་རང་ཉིད་ཀྱིས་རྒྱབ་སྐྱོར་བྱེད་པའི་སྐབས་ལ་སྲིད་བྱུས་དེ་ཆབ་སྲིད་ཅིག་ལ་ངོས་འཛིན་བྱེད་མཁན་ཞིག་ཡིན། འདིའི་ཐོག་གཙོ་བོ་ནུབ་ཕྱོགས་རྒྱལ་ཁབ་དང་འབྲེལ་བ་ཆགས་དུས་སྐབས་ལ་རང་ཉིད་ལ་ཚོར་བ་གང་འདྲ་ཡོང་གི་འདུག་ཟེར་ན་ནུབ་ཕྱོགས་རྒྱལ་ཁབ་ནང་ལ་ང་ཚོའི་ལས་ཁུངས་ཁག་ཡོད་རེད། བོད་མི་ཡོད་རེད། ཁོང་རང་ཚོ་བརྒྱུད་ནས་སྲོལ་རྒྱུན་གྱི་སོ་ནམ་འདེབས་ལས་འདི་གལ་ཆེན་པོ་ཞིག་ཡིན་པ་ཁོང་ཚོས་ངོས་འཛིན་བྱཻད་ཀྱི་ཡོད་པ་ཁོང་རྣམ་པས་མཁྱེན་ཐུབ་པ་དགོས་ཀྱི་འདུག དེར་བརྟེན་ནང་སྲིད་ནས་འདི་གལ་ཆེན་པོ་ཞིག་ཏུ་འཛིན་གྱི་ཡོད་དམ་མེད། གལ་ཏེ་གལ་ཆེན་པོ་ཞིག་ལ་འཛིན་གནང་གི་ཡོད་ན། འདི་གྲུབ་ཡས་ལ་ལས་གཞི་ག་རེ་བརྩམས་གནང་གི་ཡོད། གཉིས་པ་འདི་ལ་སྲོལ་རྒྱུན་སོ་ནམ་འདེབས་ལས་གནང་ཡུལ་དེ་རྒྱ་གར་ལུང་པ་ཆགས་ཀྱི་ཡོད་རེད། དབུས་གཞུང་རེད། མངའ་སྡེའི་གཞུང་ཚང་མའི་ཐོག་ནས་སྲོལ་རྒྱུན་གྱི་ལམ་ལུགས་ལ་རྒྱབ་སྐྱོར་གནང་གི་ཡོད་པ་གསལ་པོ་རེད། དཔལ་འབྱོར་གྱི་ཐོག་ནས་རྒྱབ་སྐྱོར་གནང་གི་ཡོད་རེད་ལ་ལས་འཆར་གྱི་ཐོག་ནས་ཀྱང་རྒྱབ་སྐྱོར་གནང་གི་ཡོད་རེད། ད་ལྟ་བར་དུ་ནང་སྲིད་བཀའ་བློན་བརྒྱུད་ནས་རྒྱ་གར་གཞུང་དང་མངའ་སྡེའི་གཞུང་མཉམ་དུ་འབྲེལ་བ་བྱས་ནས་དེའི་ཐོག་ལ་ཕྱག་ལས་ག་རེ་གནང་ཡོད་རེད། ད་ལྟ་བར་དུ་ནང་སྲིད་བཀའ་བློན་བརྒྱུད་ནས་རྒྱ་གར་གཞུང་དང་མངའ་སྡེའི་གཞུང་མཉམ་དུ་འབྲེལ་བ་བྱས་ནས་དེའི་ཐོག་ལ་ཕྱག་ལས་ག་རེ་གནང་ཡོད་རེད་ཞུ་རྒྱུ་ཡིན། དྲི་བ་གསུམ་པ་འདི་ག་རེ་ཡིན་ཟེར་ན་ Marketing Outlet ཐོག་ལ་ང་རང་ཚོའི་ངོས་འཛིན་གནང་བསྡད་པ་འདི་ Reliance གནང་གི་ཡོད་རེད་དམ། ཡང་ན་དེ་མིན་པའི་དེང་སང་གི་དུས་ཚོད་ལ་རྒྱ་གར་གྱི་ནང་ལའང་ Outlet ལ་དབྱེ་བ་མང་པོ་ཞིག་འདུག དུས་རྒྱུན་དུ་ལྟ་གྲུབ་ཀྱི་ཐོག་ནས་ Marketing ལ་བསམ་བློ་གཏོང་མཁན་གྱི་ཚོང་པ་རིགས་གཅིག་གཉིས་ཤིག་འདུག ང་ཚོ་ངེས་པར་དུ་ཁོང་ཚོ་བརྒྱུད་ནས་གནང་དགོས་རེད་དམ་དེའི་ཐོག་ལ་བཀའ་ལན་ཞིག་གནང་རོགས་གནང༌།

བཀའ་ལན།
ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁག་ལ་སྐྱེ་ལྡན་སོ་ནམ་གྱི་ལས་གཞི་དེའི་རིགས་གོ་རྟོགས་སྤེལ་དགོས་རྒྱུ་དང་དྲིལ་བསྒྲགས་བྱ་དགོས་པ་འདི་ཚོ་བཙན་བྱོལ་བོད་གཞུང་གི་སྐུ་ཚབ་དོན་གཅོད་ལས་ཁུངས་ཁག་བརྒྱུད་ནས་གནང་དགོས་པ་འདི་གལ་ཆེན་པོ་ཞིག་ལ་ནང་སྲིད་ལས་ཁུངས་ནས་བརྩི་ཡི་ཡོད། ཡིན་ནའང་ད་ལྟ་ང་ཚོ་དྲིལ་བསྒྲགས་ཀྱི་བརྗོད་བྱ་བཟོས་ནས་དོན་གཅོད་ཁག་ལ་བཀྲམ་པ་འདི་འདྲ་བྱུང་ཡོད་མ་རེད། དེ་མེད་པའི་རྒྱུ་མཚན་ག་རེ་རེད་ཟེར་ན། སྐྱེ་ལྡན་སོ་ནམ་གྱི་ལས་གཞི་འདི་གཞིས་ཆགས་ཁག་གི་ནང་ལ་སྔོན་མ་ང་ཚོས་ཚོད་དཔག་བྱས་པ་ནང་བཞིན་གྱིས་མགྱོགས་པོ་འགྲོ་ཐུབ་ཡོད་མ་རེད། མགྱོགས་པོ་འགྲོ་མ་ཐུབ་པ་ཡིན་ཙང་ད་ལྟ་རྩ་བའི་སྲིད་བྱུས་ལ་འགྱུར་བ་གང་ཡང་མེད་ཀྱང༌། ལག་བསྟར་གྱི་སྲིད་བྱུས་འདི་ལ་ཕྲན་བུ་འགྱུར་བ་བཏང་ནས་ཕན་ཚུན་དྲི་བ་མེད་པར་འདོད་པ་དྭང་བླང་གི་ཐོག་ནས་འགྲོ་མཁན་ག་ཚོད་ཡོད་པ། མཐའ་མ་ལམ་ཀ་དེ་ལས་མེད་པ་ཡིན་ཙང་རྫས་སྦྱོར་གྱི་སོ་ནམ་བྱེད་མཁན་དེ་ཚོ་ཡང་ཉིན་གཅིག་འུུ་ཐུག་ནས་མ་ཡོང་ཀ་མེད་རེད། དེའི་བར་ལ་ང་ཚོས་འབུད་རྒྱག་བརྒྱབ་དགོས་པ་གང་ཡང་མཐོང་མ་སོང༌། དེའི་དབང་གིས་ད་ལྟ་ང་རང་ཚོའི་གཞིས་ཆགས་ཚང་མ་ཁྲ་ཁྲ་བར་ཁྲ་ཞིག་ཡོད་པ་ཡིན་ཙང་དེ་དྲིལ་བསྒྲགས་ཀྱི་བརྗོད་བྱ་བཟོས་ནས་བཀྲམ་རྒྱུ་འདི་ཁག་པོ་ཆགས་ཀྱི་འདུག གལ་ཆེན་པོ་མ་བརྩི་བ་མིན་ཞུ་རྒྱུ་ཡིན།
རྒྱ་གར་དབུས་སའི་གཞུང་ལ་འབྲེལ་བ་བྱས་ཡོད་རེད་དམ་ཞེས་བཀའ་གནང་ཐད། རྒྱ་གར་དབུས་སའི་གཞུང་ལ་འབྲེལ་བ་མང་པོ་གནང་ཡོད་རེད། ད་ལྟ་ཕན་ཆད་ལ་ལམ་སྟོན་དང་དབུས་གཞུང་གི་རོགས་རམ་གྱི་ཐོག་ནས་ཡོང་བ་དང༌། དེ་ཚོ་བརྒྱུད་ནས་ང་ཚོར་མཐུན་འགྱུར་རག་པ་ཞིག་རེད། ཡིན་ནའང་ཞིང་པ་ཚོས་ཐད་ཀར་དབུས་གཞུང་གི་ཁེ་ཕན་འདི་ཚོ་རག་རྒྱུའི་བརྒྱུད་ལམ་བཟང་ཤོས་མཉམ་སྦྲེལ་འདི་རེད། མཉམ་སྦྲེལ་ལམ་ཡང་ན་ཁྲིམས་མཐུན་གྱི་སྒྲིག་འཛུགས་ཤིག་བརྒྱུད་ན་མ་གཏོགས་གཞན་རྣམས་ལ་ཐད་ཀར་རག་སའི་བརྒྱུད་ལམ་གང་ཡང་ཡོད་མ་རེད། ས་གནས་འགོ་འཛིན་བརྒྱུད་ནས་རག་རྒྱུ་ཡོད་མ་རེད། དེ་འདྲ་ཡིན་དུས་ད་ལྟ་མཉམ་སྦྲེལ་ཡོངས་སུ་རྫོགས་པ་ལ་དབུས་དང་ས་གནས་ཀྱི་ལས་ཁུངས་ཁག ལྷག་པར་དུ་སོ་ནམ་བློན་ཆེན་གྱི་ལས་ཁུངས་ཁག་གི་ནང་ནས་སོ་ནམ་པའི་མཉམ་སྦྲེལ་ཁག་ལ་ཁེ་ཕན་གང་ཡོད་པ་འདི་ལེན་དགོས་ཀྱི་རེད་ཅེས་ནང་སྲིད་ལས་ཁུངས་ནས་ཐེངས་མང་པོ་ལམ་སྟོན་དང་ཟབ་སྦྱོང་མང་པོ་ཕུལ་ཟིན་པ་རེད། དེ་དང་ཕྱོགས་མཚུངས་མཉམ་སྦྲེལ་དྲུང་ཆེ་དེ་ཚོ་རིམ་པས་མཉམ་སྦྲེལ་གྱི་སློབ་སྦྱོང་ཐོན་པ་ཤ་སྟག་བསྐོ་རྒྱུའི་ཐབས་ཤེས་བྱེད་ཀྱི་ཡོད་རེད། གཞུང་གི་ཁྲིམས་མཐུན་གྱི་ཐོབ་ཐང་གང་ཡོད་པ་འདི་ཚོ་མཁྱེན་པ་ཡིན་ན་ཚང་མ་བཞེས་ཐུབ་ཀྱི་རེད་བསམ་གྱི་འདུག ད་ལྟ་ཕན་ཆད་ལ་དབུས་གཞུང་གི་རྒྱབ་སྐྱོར་ཡོད་པ་བརྒྱ་ཆ་བཅུ་བཅོ་ལྔ་ལེན་མ་ཐུབ་པ་བསྡད་པ་མང་པོ་ཞེ་དྲགས་བྱུང་འདུག ལྷག་པར་དུ་ད་རེས་ ༢༠༠༨།༠༩ རྒྱ་གར་གཞུང་གིས་སྔོན་རྩིས་ཀྱི་ནང་ལ་སོ་ནམ་ཞིང་ལས་ལ་དམིགས་སུ་བཀར་ནས་སྐྱེ་ལྡན་ཞིང་ལས་ཀྱི་ཐོག་ལ་དངུལ་འབོར་ཆེན་པོ་ཞིག་ཟུར་བཅད་བྱས་ཡོད་པ་རེད། དེའི་ཐོག་ནས་ལས་གཞི་མང་པོ་ཞིག་ཐོན་ཡོང་གི་རེད་བསམ་གྱི་འདུག ང་རང་ཚོས་སྤྱང་གྲུང་འཛོམས་པོའི་ཐོག་ནས་གོ་སྐབས་ལེན་ཐུབ་དགོས་ཀྱང༌། གོ་སྐབས་ཡོད་པ་འདི་ནང་སྲིད་ལས་ཁུངས་ལ་ཚོར་སྣང་ཡོད་ཅེས་ཞུ་རྒྱུ་ཡིན།
ད་ལྟ་ཁྲོམ་རྭའི་ལྟ་གྲུབ་གང་འདྲ་ཡིན་པ་ཅེས་གསུངས་ཐད། ངས་ད་ལྟ་ Reliance ཞེས་མིང་འབོད་དགོས་དོན་ག་རེ་རེད་ཟེར་ན། ཁོ་རང་ཚོའི་ངོས་ནས་ཚུར་ལ་འབྲེལ་བ་ཞིག་བྱས་པ་ཡིན་ཙང་ངས་མིང་འདི་འབོད་པ་རེད། དེ་མ་གཏོགས་ང་རང་ཚོའི་ཁྲོམ་རྭ་བཙལ་ཕྱོགས་འདི་གྲོང་གསེབ་རང་སྐྱང་གི་ལྟ་གྲུབ་གཞིར་བཞག་བྱས་ནས་ཁྲོམ་རྭ་ཆུང་ཆུང་བཙལ་བ་མ་གཏོགས་ Multinational co-operation བརྒྱུད་ནས་ཁྲོམ་རྭ་འཚོལ་རྒྱུའི་བསམ་ཚུལ་ཡོད་མ་རེད། ཡིན་ནའང་ཐོན་སྐྱེད་བྱུང་ནས་བཙོང་མ་ཐུབ་པ་ཡིན་ན་ཁྲོམ་རྭ་ལ་གདམ་ག་བྱེད་ས་མེད་པ་ཆགས་སྲིད་པ་རེད་བསམ་གྱི་འདུག དེ་འདྲ་ཡིན་དུས་སོ་ནམ་འདེབས་ལས་ལྟ་གྲུབ་ཇི་ཙམ་གྱི་གལ་ཆེན་པོ་ཡིན་པ་དེ་ཙམ་གྱིས་ཁྲོམ་རྭའི་ཐོག་ལ་ལྟ་གྲུབ་དམ་པོ་འཛིན་དགོས་རྒྱུ་འདི་ནང་སྲིད་ལས་ཁུངས་ཀྱིས་མཐོང་གི་མེད། སྤྱིར་བཏང་ང་ཚོས་དམིགས་སུ་བཀར་ནས་བྱ་རྒྱུ་དེ་རྒྱ་གར་གྱི་ནབ་དྷན྄ཡ་དང༌། Green Foundation སཧཇ་སམྲུདྷི་ལ་སོགས་གྲོང་གསེབ་རང་གི་ལས་དོན་ལ་དམིགས་པའི་སྒྲིག་འཛུགས་འདི་ཚོ་གཙོ་ཆེ་བ་བརྩི་གི་ཡོད་ཞུ་རྒྱུ་ཡིན།

སྤྱི་འཐུས་བསོད་ནམས་བསྟན་འཕེལ་ལགས་ནས།
ད་ལྟ་དེའི་ནང་ལ་སྐྱེས་ལྡན་སོ་ནམ་གྱི་ལས་གཞིའི་སྐོར་མང་ཚོགས་ནས་ལེགས་ཉེས་གཉིས་ཀའི་སྙན་སེང་བྱུང་ཞེས་ཟེར་བ་མ་ཟད་འགྲིགས་ཀྱི་མིན་འདུག་ཅེས་མང་པོ་ཞིག་གིས་སྙན་སེང་བྱུང་ཡོད་པ་གསུངས་སོང༌། དེ་འདྲ་ཡིན་དུས་སྙན་སེང་ཞུ་མཁན་གྱི་རིགས་ས་གནས་ག་པ་ནས་མང་བ་ཡོང་གི་ཡོད་རེད། མི་འགྲིགས་པ་དེ་ལ་ནང་སྲིད་ནས་ཞིབ་འཇུག་བྱས་ཡོད་དམ་མེད། ཞིབ་འཇུག་དེ་དང་མཐུན་པའི་ལས་འཆར་ཡོད་དམ། དེའི་གོང་ལ་ན་གཞོན་ས་གནས་ཁག་མང་པོ་ལ་སྐྱེས་ལྡན་སོ་ནམ་ཞིང་ལས་ལ་དོ་སྣང་ཡོད་པ་ཆིག་སྟོང་ལྷག་བརྒལ་བ་གསུངས་སོང༌། དེ་འདྲའི་ན་གཞོན་ཞེས་ཟེར་དུས་བློ་ངོར་འཆར་ཡས་ལ་གཞོན་ནུ་ཡིན་པ་ཞིག་འཆར་གྱི་འདུག་ཀྱང་ན་གཞོན་དེ་ཚོ་ལོ་ཚད་ག་ཚོད་ནས་ག་ཚོད་བར་མང་བ་ཡོང་གི་འདུག གཞན་ཞིག་ལ་ད་ལྟ་ Israel ནང་ལ་སོ་ནམ་སྦྱོང་བརྡར་གྱི་ཆེད་དུ་ས་གནས་ཁག་མང་པོ་ནས་གཏོང་གི་ཡོད་རེད། དེ་གཏོང་རྒྱུའི་ཆེད་དུ་སྔོན་འགྲོ་ལྟ་བུ་ཞིག་ཡིག་ཚད་གཏང་གི་ཡོད་ས་རེད། ཡིག་ཚད་གཏང་བའི་སྐབས་སུ་སོ་ནམ་འདེབས་ལས་ལ་དབྱིངས་ཡོད་མེད་བལྟ་ཡི་ཡོད་རེད། ཡང་ན་ལམ་གཞན་ཞིག་གི་ཐོག་ནས་མི་འགྲོར་གདམ་ཀ་འབུལ་གྱི་ཡོད་རེད། དེ་མིན་ཤེས་ཡོན་གཞན་གྱི་ཐོག་ནས་ཡིག་ཚད་གཏང་གི་ཡོད་རེད། དེའི་འགྲོ་སྟངས་གང་འདྲ་ཡིན་ནམ།

བཀའ་ལན།
གཞིས་ཆགས་ཁག་ནས་ཞན་ཕྱོགས་ཀྱི་སྙན་ཞུ་ཡོང་བ་རྣམས་ལ་ནང་སྲིད་ལས་ཁུངས་ཀྱིས་ཞིབ་འཇུག་བྱས་ནས་ལན་བརྒྱབ་ཀྱི་ཡོད་རེད་དམ་ཞེས་བཀའ་འདྲི་གནང་བ་ལྟ་བུ་གོ་བྱུང༌། ལན་བརྒྱབ་རྒྱུ་ཡོད་པ་རྣམས་ཆ་ཚང་ཞིབ་འཇུག་བྱས་ནས་ལན་བརྒྱབ་ཀྱི་ཡོད་ཞུ་རྒྱུ་ཡིན། ཡོངས་ཁྱབ་ཀྱི་གནས་ཚུལ་ཁ་ཤས་ཤིག་ཡོད་རེད། དེའི་ནང་ལ་གནས་ཚུལ་གཅིག་ག་རེ་ཡོད་རེད་ཞུས་ན། གུན་གསབ་མུ་མཐུད་སྤྲད་དགོས་ཀྱི་འདུག་ཟེར་ནས་ལོ་དང་པོ་གཉིས་པར་ཐོན་སྐྱེད་ཆག་གི་ཡོད་པ་ཡིན་ཙང༌། གུན་གསབ་སྤྲད་དགོས་པའི་སྒྲིག་གཞི་བཟོས་ཡོད་རེད། དེ་ཡིན་དུས་གཞན་པ་ཁ་ཤས་ཀྱིས་ལོ་གསུམ་པ་བཞི་པ་ལའང་ཐོན་སྐྱེད་ཕྲན་བུ་ཉུང་ཉུང་བྱས་པ་ཡིན་ན་གུན་གསབ་དེ་ཞུས་ཚེ་ཡག་པོ་འདུག་སྙམ་པའི་བསམ་ཚུལ་དེའི་ཐོག་ནས་གུན་གསབ་མུ་མཐུད་ཀྱི་འདུག་ཅེས་དེ་ཚོ་ལ་ང་ཚོས་ཏོག་ཙམ་སྡང་པོ་བྱས་ནས་ཐོན་སྐྱེད་གང་ཡོད་པ་དེ་སྟོན་དགོས་རེད་མ་གཏོགས་གུན་གསབ་ལེན་ཆེད་དུ་ཐོན་སྐྱེད་ཉུང་དུ་བཏང་ན་འགྲིགས་ཀྱི་མ་རེད་ཅེས་བརྗོད་ཀྱི་ཡོད། གུན་གསབ་ཀྱི་སྒྲིག་གཞི་དེའི་ཐོག་ལའང་དོ་དམ་པོ་བྱ་དགོས་པའི་རྒྱུ་མཚན་ཡང་བོད་པ་རྣམས་འཛམ་བུ་གླིང་གི་ནང་ལ་སློང་མཁན་གྱི་ཁྱད་ལས་པའི་མིང་ཞིག་ཡོད་རེད། དེ་ཡིན་དུས་གུན་གསབ་ལེན་མཁན་གྱི་ཁྱད་ལས་པ་ཞིག་ཆགས་ཡོད་རེད། དེ་དང་མཉམ་དུ་འབྲེལ་བ་བྱ་རྒྱུ་ཁག་པོ་ཡིན་དུས་འགྲེལ་བཤད་བརྒྱབ་ཀྱང་མ་དག་པ་ཡོང་གི་འདུག་ཞུ་རྒྱུ་ཡིན།
དོན་དག་གཉིས་པ་ཞིག་ལ་ལས་ཀ་མང་པོ་བྱས་དགོས་ཀྱི་འདུག སྟོན་ཐོག་བཏབ་པ་ནས་ནང་ལ་མ་སླེབས་བར་དུ་ཉིན་མ་རྟག་པར་ལས་ཀ་བྱ་དགོས་ཀྱི་འདུག དེ་དཀའ་ལས་ཁག་པོ་ཡོང་གི་འདུག་ཅེས་ཤོད་མཁན་ཡོད་རེད། སོ་ནམ་འདེབས་ལས་ཟེར་བ་དེ་ལས་ཀ་མ་བྱས་ནས་ཡོང་རྒྱུ་ཞིག་མ་རེད། དཔེར་ན་སུད་ཚོང་ལྟ་བུར་མཚོན་ན་དཀའ་ལས་ཞེ་དྲགས་ཡོད་རེད། ཞིང་ལས་དང་སུད་ཚོང་གཉིས་ཀྱི་དཀའ་ལས་བསྡུར་བ་ཡིན་ན་གཅིག་པ་ལྟ་བུ་ཡོད་རེད། དེ་སུད་ཚོང་སྐབས་ལ་དཀའ་ལས་རྒྱག་དུས་ལག་ཏུ་བསླེབས་པ་འདི་དངུལ་རྐྱང་དང༌། ཞིང་ཁ་ལ་དཀའ་ལས་བརྒྱབ་དུས་ལག་ཏུ་འབྱོར་བ་འདི་གྲོ་ཡིན་དུས་ཁྱད་པར་ཞིག་འགྲོ་ཡི་ཡོད་ས་རེད། བྱས་ཙང་དཀའ་ངལ་དེའི་རིགས་ང་ཚོས་ཞིབ་འཇུག་བྱས་ནས་འགྲེལ་བཤད་བརྒྱབ་པ་ཡིན་ནའང་འགྲོ་མ་ཐུབ་པའི་གནས་ཚུལ་ཞིག་ཡོང་གི་འདུག
ད་ལྟ་ན་གཞོན་དེ་ལ་ལོ་ཚད་ཡོད་རེད་དམ་ཞེས་བཀའ་གནང་ཐད། ད་ལྟ་ལོ་ཚད་ཞེ་དྲགས་དམ་པོ་བྱས་ནས་བཞག་ཡོད་མ་རེད། རགས་པ་ཙམ་གྱིས་ཞུས་ན་ལོ་བཞི་བཅུ་མན་ཆད་ལབ་ཆོག་གི་རེད་བསམ་གྱི་འདུག ང་ཚོ་རྒྱ་གར་ལ་བསླེབས་རྗེས་གཞི་ནས་རྒྱ་གར་ནང་སྐྱེས་ཤིང་འཚར་ལོངས་བྱས་པ་རྣམས་ད་ལྟ་ལོ་རྒན་ཤོས་དེ་ཚོ་ལོ་བཞི་བཅུ་ཞེ་གྲངས་ཡིན་གྱི་རེད། གཞོན་པ་དེ་ཚོ་ཉི་ཤུ་རྩ་གྲངས། བཅོ་བརྒྱད། བཅུ་དགུ་བྱས་པ་ཡང་ཡོད་རེད། དེ་འདྲ་ཡིན་པ་སོང་ཙང་ལོ་བཅོ་བརྒྱད་བཅུ་དགུ་ནས་སུམ་ཅུ་སོ་གྲངས་ཀྱི་བར་ལ་ན་གཞོན་གྱི་གྲངས་ཡོད་པར་སྙམ། དེ་ནི་རགས་པའི་ཚོད་དཔག་གི་ཐོག་ནས་ཞུས་པ་ཡིན། རེ་གཉིས་ཤིག་ལོ་ལྔ་བཅུ་དྲུག་ཅུ་ཆགས་ཏེ་གཞོན་ནུ་བྱས་ནས་བསྡད་མཁན་ཡང་ཡོད་རེད། དེ་འདྲ་ཡོང་སྲིད་པ་རེད་བསམ་གྱི་འདུག
ཨི་སི་རལ་ནང་ལ་འགྲོ་རྒྱུ་དེ་སོ་ནམ་སློབ་སྦྱོང་བྱེད་དུ་འགྲོ་ཡི་ཡོད་མ་རེད། གླ་མི་བྱས་ནས་འགྲོ་ཡི་ཡོད་རེད། དེ་འདྲ་ཡིན་ཙང་དེའི་རྒྱུགས་སྤྲོད་གཏང་རྒྱུ་དེ་སོ་ནམ་གྱི་ཐོག་ལ་དོན་གཉེར་ཡོད་མེད་ཀྱི་རྒྱུགས་སྤྲོད་གཏོང་གི་ཡོད་མ་རེད། ཡིན་ནའང་གདམ་རྒྱུ་དེ་སོ་ནམ་གཞིས་ཆགས་ཁག་ནས་གདམ་གྱི་ཡོད་རེད། དེའི་ནང་ལ་རྒྱུགས་སྤྲོད་ལེན་རྒྱུ་དེ་གཞི་རྩའི་སྐད་ཡིག་དང་གནས་ཚུལ་གོ་རྟོགས་ཀྱི་ཐོག་ལ་བལྟ་ཡི་ཡོད་རེད། སྤྱིར་བཏང་གི་ཤེས་བྱའི་ཐོག་ལ་ག་ཚོད་ཤེས་ཀྱི་འདུག སྐད་ཡིག་ག་རེ་ཤེས་ཀྱི་འདུག དེའི་ཐོག་ནས་རྒྱུགས་སྤྲོད་ལེན་གྱི་ཡོད་རེད་ཞུ་རྒྱུ་ཡིན།

སྤྱི་འཐུས་བསོད་ནམས་དགྲ་འདུལ་ལགས་ནས།
དཔལ་ལྡན་ཚོགས་གཙོ་མཆོག་བརྒྱུད་ནས་ནང་སྲིད་བཀའ་བློན་མཆོག་ལ་འཕྲོས་དོན་དྲི་བ་ཞུ་རྒྱུ་གང་ཡང་མེད། གང་ཡིན་ཟེར་ན། རང་ཉིད་སོ་ནམ་འདེབས་ལས་བྱས་མ་མྱོང་བ་དང༌། ཆུང་དུས་འབྲོག་པ་བྱས་ནས་ཞིང་ཁ་བཏབ་མྱོང་ཡོད་མ་རེད། དེ་ནས་ཡུལ་དབུས་སུ་ཡོང༌། གྲྭ་སར་བསྡད་ཚར་དུས་སོ་ནམ་གྱི་རིགས་བཏབ་མྱོང་ཡོད་མ་རེད། དེ་ནས་རྒྱ་གར་དུ་སླེབས་ཚར་དུས་སློབ་སྦྱོང་ཕྲན་བུ་བྱས། སྤྱི་ཚོགས་སྨན་ལས་ཞབས་འདེགས་ཞུས་ནས་བསྡད་དུས་སོ་ནམ་བཏབ་མྱོང་མེད། དེ་དང་ཕྱོགས་མཚུངས་ང་ཚོའི་གཞིས་ཆགས་ལ་ཞིང་ཁ་ཡོད་མ་རེད། དེ་བྱེད་དུས་སོ་ནམ་གྱི་ཉམས་མྱོང་མེད་དུས་སོ་ནམ་གྱི་འདེབས་ལས་སྲོལ་རྒྱུན་ཡག་པ་རེད་ཟེར་ཡས་དང༌། དེང་དུས་ཡག་པ་རེད་ཅེས་ཞུ་རྒྱུའི་སྤོབས་པ་གང་ཡང་མེད། ཡིན་ནའང་ཚལ་ཞིང་ཆུང་ཆུང་བཏབ་ཡས་ལ་ཉམས་མྱོང་ཕྲན་བུ་ཡོད། སོ་སོའི་གཞིས་ཆགས་ནང་ལ་ཚལ་ཞིང་ཆུང་ཆུང་མ་གཏོགས་མེད་ན་ཡང་གཞན་ལ་ཚལ་རྩ་བ་ནས་མེད་པའི་སྐབས་སུ་བསོད་དགྲམ་ཚང་གི་ཚལ་ཞིང་ཡག་པོ་འདུག་ཟེར་བ་དང༌། དེ་འདྲའི་ཐོག་ལ་ཕྲན་བུ་ཤེས་ཀྱི་ཡོད། འཕྲོས་དོན་དྲི་བ་ཞུ་རྒྱུ་ལ་ད་ལན་སྲོལ་རྒྱུན་སོ་ནམ་འདེབས་ལས་ཀྱི་ལས་གཞི་དེ་མང་ཚོགས་ནང་བསྔགས་བརྗོད་ཞུ་མཁན་དང་སྐྱོན་བརྗོད་ཞུ་མཁན་གང་མང་ཞིག་ཡོད་སྟབས་དེ་ནས་བཀའ་འདྲི་ཞུ་རྒྱུ་ཞིག་ལ། དྲི་བ་ཞུ་མཁན་གྱི་ག་རེ་ཞུས་འདུག་ཟེར་ན་བསྔགས་བརྗོད་ཞུ་མཁན་དང་སྐྱོན་བརྗོད་ཞུ་མཁན་གཉིས་ཀ་ཡོད་རེད་ཅེས་ཐག་བཅད་འདུག ཡིན་ནའང་མང་ཚོགས་ནས་ལེགས་པའི་ཆ་དང་ཉེས་པའི་ཆ་སྙན་སེང་ཞུ་མཁན་ཇི་ལྟར་བྱུང་ཡོད་དམ་ཟེར་དུས། བཀའ་ལན་ལ་ལེགས་ཉེས་གཉིས་ཀ་བྱུང་གསུངས་འདུག་མ་གཏོགས། ཇི་ལྟར་བྱུང་གསུངས་མེད་དུས་ཏག་ཏག་ཅིག་བསྡད་མེད་པ་ལྟ་བུ་ཞིག་སྣང༌། སྐྱོན་བརྗོད་བྱེད་མཁན་དེ་ས་ཆ་ག་པར་ཡིན་ནའང་འཚམས་གཟིགས་ལ་འགྲོ་དུས་གོ་བྱུང༌། ལེགས་པའི་ཆ་ལ་བཤད་མཁན་ནམ་སྙན་སེང་ཞུ་མཁན་བྱུང་ཡོད་དམ། དེ་ལ་བཀའ་ལན་གནང་རོགས་གནང༌།

བཀའ་ལན།
ལེགས་པའི་ཆ་དེ་རིང་སང་ཉིན་འཛམ་བུ་གླིང་ཡོངས་རྫོགས་ཀྱི་མི་ཚང་མས་གཟུགས་གཞི་འཕྲོད་བསྟེན་ཡག་པོ་དགོས་ཚེ་ས་ཆའི་ཁོར་ཡུག་ཡག་པོ་ཉར་དགོས་ཀྱི་ཡོད། སའི་གོ་ལ་འདིའི་ཡོང་རྒྱུ་བསྡད་པའི་མི་རབས་ཀྱིས་བེད་སྤྱོད་ཐུབ་རྒྱུ་ལ་བདག་པོ་བརྒྱབ་དགོས་ཀྱི་ཡོད་ན། སྐྱེ་ལྡན་སོ་ནམ་གྱི་ཐོག་ལ་འགྲོ་དགོས་ཀྱི་ཡོད་པ་ཡོངས་གྲགས་ཀྱིས་བཤད་ཀྱི་ཡོད་པ་ཡིན་ཙང༌། ལེགས་པའི་ཆ་སྤྱི་ཡོངས་འདི་འཛམ་གླིང་ཡོངས་གྲགས་ཀྱི་ལེགས་པའི་ཆ་ད་ག་རང་རེད་ཞུ་རྒྱུ་ཡིན། ང་རང་ཚོའི་སྐྱེ་ལྡན་སོ་ནམ་ལ་ཕེབས་མཁན་དེ་ཚོའི་ཐོག་ལ་ག་རེ་གསུང་གི་ཡོད་ཅེ་ན། ང་ཚོའི་དམིགས་ཡུལ་དང་མཐུན་པ་བྱས་ནས་ས་ཆའི་བདག་པོ་ཡིན་པ་ནང་བཞིན་ཞིང་པ་དེ་རང་དབང་ཅན་གྱི་ཞིང་པ་ཞིག་ཆགས་ཐུབ་ཀྱི་འདུག དེའི་དབང་གིས་ནང་མིའི་འཕྲོད་བསྟེན་ལའང་ཕན་ཐོགས་ཡོང་གི་འདུག དེ་ཞུ་ཡི་ཡོད་རེད། རང་དབང་ཅན་གྱི་ཞིང་པ་ག་འདྲ་ཞིག་ཆགས་ཀྱི་ཡོད་རེད་ཟེར་ན་སོན་ཉོ་བར་མི་ལ་རེ་བ་རྒྱག་དགོས་ཀྱི་ཡོད་མ་རེད། ལུད་ཉོ་བར་ཁྲོམ་རྭའི་ནང་ལ་འགྲོ་དགོས་ཀྱི་ཡོད་མ་རེད། ཟ་ཆས་ཉོ་བར་ཁྲོམ་རྭ་ལ་འགྲོ་དགོས་ཀྱི་ཡོད་མ་རེད། ཟ་ཆས་ཀྱི་ལྷག་མ་ཕར་བཙོངས་ནས་དེའི་དངུལ་འབབ་ཀྱིས་གནས་ཚུལ་གཞན་གྱི་ཐོག་ལ་བེད་སྤྱོད་གཏང་རྒྱུ་ཡོང་གི་ཡོད་རེད། རང་གི་ས་ཆ་འདི་ཇི་སྲིད་ནམ་གནས་ཀྱི་བར་དུ་སོ་ནམ་གྱི་ཐོན་སྐྱེད་བྱེད་ཐུབ་པ་ཞིག་འགྲོ་ཡི་ཡོད་པ་མངོན་སུམ་གྱིས་མཐོང་གི་ཡོད་རེད། གཞན་པ་ཕར་བཞག་ནས་ནམ་རྒྱུན་རྟག་པར་ཐག་རིང་ལ་གཡུགས་དགོས་པའི་གད་སྙིགས་དེ་ཚོ་ཡང་ད་ཆ་གཡུག་མི་དགོས་པར་ཁྱིམ་ཚང་སོ་སོའི་ནང་ལ་ལུད་སྦྱོར་བྱེད་ཐུབ་ཀྱི་ཡོད་པ་ཁོང་རང་ཚོས་མཐོང་གི་ཡོད་རེད། དེ་དང་དེ་བཞིན་གྱི་ཕུགས་རྒྱང་རིང་པོའི་གནས་ཚུལ་མང་པོ་ཞིག་གི་དགེ་མཚན་མཐོང་གི་ཡོད་དུས་ཁོང་ཚོས་ཏན་ཏན་ནོར་མི་འདུག ཡག་པོ་ཞེ་དྲགས་བྱུང་འདུག་ཅེས་ཡོན་ཏན་གྱི་གནས་ཚུལ་ཞུ་སྟངས་དེ་འདྲ་བྱས་ནས་ཞུ་ཡི་འདུག་ཞུ་རྒྱུ་ཡིན།

སྤྱི་འཐུས་རྒྱལ་ནོར་ཚེ་དབང་ལགས་ནས།
སྐྱེ་ལྡན་སོ་ནམ་འདེབས་ལས་བྱས་ནས་གཞོན་སྐྱེས་མང་པོ་དོ་སྣང་ཆེ་རུ་འགྲོ་གི་འདུག་ཟེར་བ་ཧ་ཅང་ཡག་པོ་རེད། དེ་ལ་ངས་བསྔགས་བརྗོད་ཞུ་ཡི་ཡིན། རྒྱུ་མཚན་ནི་རྒྱ་གར་དུ་ལྷོ་ཕྱོགས་གཞིས་ཆགས་ཁག་ལ་ས་ཆ་ཧ་ཅང་གིས་རྒྱ་ཆེན་པོ་རེད། ྋགོང་ས་མཆོག་དང་བོད་གཞུང་གི་དགོངས་གཞི་རེད། འཛམ་གླིང་འདི་མང་ཆེ་བ་སོ་ནམ་ཞིང་ལས་ལ་བརྟེན་དགོས་དུས་ཞིང་ཁ་མ་བཏབ་པར་སྟོང་པ་བཞག་ན་དེ་བེད་སྤྱོད་མེད་པ་དང་བཟོ་གྲྭ་སོགས་བརྒྱབ་མ་ཐུབ་པ་ཡིན་ན་ས་ཆ་ཆེན་པོ་འདི་ཧ་ཅང་གི་ཕངས་པོ་རེད། ཡིན་ཡང་གཙོ་བོ་དེ་ཚན་པ་གཞན་དག་ཡིན་ན་འཛམ་བུ་གླིང་ཕྱི་ལ་བརྟེན་དགོས་ཀྱི་ཡོད་རེད། སོ་ནམ་ཞིང་ལས་འདི་སོ་སོ་རང་ལ་བརྟེན་དགོས་དུས་འཛིན་སྐྱོང་ངོས་ནས་དགོངས་པ་རྒྱ་ཆེན་པོ་བཞེས་འདུག འདི་ནི་ཧ་ཅང་བསྔགས་བརྗོད་གནང་འོས་པ་ཞིག་རེད། སྔོན་མ་ཡིན་ན་ཞིང་ལས་བྱེད་མཁན་རྒན་རབས་པ་ཡིན་པ་རྫས་ལུད་རྒྱག་དགོས་པ་སོགས་ཀྱི་དཀའ་ལས་མང་པོ་ཡོད་དུས། ཁྲོམ་རྭ་ནས་ཉོས་པ་ལས་རང་གི་འདེབས་ལས་བྱེད་པ་དེ་ཁེ་ཕན་ཉུང་བ་འདུག་ཅེས་ཤོད་མཁན་འདུག ད་རེས་གོང་གི་དྲི་བ་རྣམས་ལ་བཀའ་ལན་ཕེབས་སྟངས་ལ་བལྟས་ན་ལྷག་པར་དུ་གཞོན་སྐྱེས་དོ་སྣང་ཇེ་མང་དུ་འགྲོ་གི་འདུག་ཅེས་གསུངས་སོང༌། ངས་དྲི་བ་དེ་ནི་སོ་སོའི་འཕྲོད་བསྟེན་ལ་ཁེ་ཕན་ཡོད་པའི་ཆ་ནས་དོ་སྣང་ཆེ་རུ་འགྲོ་གི་ཡོད་རེད་དམ། ཡང་ན་ཞིང་ལས་བཏབ་ནས་སོ་སོས་ལོངས་སུ་སྤྱོད་པ་དང་གཞན་ལ་བཙོང་ནས་དེའི་ཁེ་ཕན་དང་ཡོང་འབབ་དེ་ལ་བརྟེན་ནས་དོ་སྣང་ཆེ་རུ་འགྲོ་གི་ཡོད་རེད་དམ།
གཉིས་པ་དེ་མ་འོངས་པར་བསྡེབས་ཚོང་རྒྱག་སའི་ཁྲོམ་རྭ་ཆེན་པོ་དེ་འདྲ་ལ་མཁོ་སྤྲོད་བྱེད་ཐུབ་ཀྱི་མི་འདུག དེ་ལས་ཁྲོམ་རྭ་ཆུང་ཆུང་དེ་འདྲ་བཙལ་གྱི་ཡིན་ཞེས་གསུངས་སོང༌། བཙོང་ཡས་དེ་ཡང་མཉམ་འབྲེལ་བརྒྱུད་ནས་བཙོང་གི་ཡོད་དུས་མཉམ་འབྲེལ་གྱི་ཁེ་ཕན་སྤྲད་ཐུབ་ཀྱི་ཡོད་རེད་མ་རེད། གལ་སྲིད་སྐྱེས་ལྡན་སོ་ནམ་འདི་ཡག་པོ་ཆགས་ནས་བཙོང་ས་མ་རག་པ་ཡིན་ན་དེ་ཚོ་མ་རུལ་བའི་ Godown དང་གྲང་གློག་སོགས་མཐུན་རྐྱེན་སྦྱོར་ཡས་ལ་བོད་གཞུང་གིས་དགོངས་གཞི་ག་རེ་ཡོད་དམ། ལྷག་པར་དུ་ང་ཚོ་གཞིས་ཆགས་འདི་འདྲ་རྒྱ་ཆེན་ཡོད་པས་གདན་ས་ཁག་ལ་སྔོ་ཚལ་ཚོང་དུ་འགྲོ་དུས་གྲྭ་པ་ཚོས་བོད་པའི་ལག་ནས་མ་ཉོས་པར་རྒྱ་གར་ལག་ནས་ཉོ་གི་འདུག བོད་པ་ཚོས་ཚལ་ཉུང་ཉུང་ཞིག་ཁུག་མ་ནང་དུ་བཅུག་ནས་སྒོ་འགྲམ་ལ་སྒུག་གི་ཡོད་རེད། དེ་ཡིན་པས་མུ་མཐུད་དུ་དེ་འདྲ་བྱས་ནས་སྒུག་པ་ཡག་པོ་འདུག་གམ། ཡང་ན་གཞིས་ཆགས་ཁག་ལ་སྔོ་ཚལ་ཁྲོམ་རྭ་འཛུགས་རྒྱུའི་དགོངས་གཞི་དེ་འདྲ་ཡོད་པ་རེད་དམ་ཞེས་ཞུ་བ་ཡིན།

བཀའ་ལན།
ན་གཞོན་གྱི་ནང་ལ་དོ་སྣང་ཆེ་རུ་འགྲོ་རྒྱུའི་རྒྱུ་མཚན་ག་རེ་རེད་ཅེས་བཀའ་གནང་ཐད། རྒྱུ་མཚན་དེ་དྲི་བ་གནང་མཁན་རང་གིས་འགྲེལ་བརྗོད་གནང་སོང༌། གཞན་དབང་སྟབས་བསྟུན་འཚོ་ཐབས་ཀྱི་དཀའ་ངལ་ཇེ་མང་འཕྲད་ཡོང་དུས། སོ་སོའི་ས་ཆའི་སྒང་ལ་རང་དབང་གིས་འཚོ་ཐབས་བྱེད་རྒྱུ་དེ་རང་ཤུགས་ཀྱིས་མང་དུ་འགྲོ་གི་ཡོད་རེད་སྙམ། ཕྱོགས་གཅིག་ནས་ཐོན་འབབ་དང༌། ཕྱོགས་གཞན་པ་ཞིག་ནས་དེ་ལས་གཞན་པའི་འཚོ་ཐབས་ཀྱི་མཐུན་རྐྱེན་བསྒྱུར་བཅོས་བཏང་དགོས་པ་དང༌། ཡང་ན་མ་རྩ་ཆེན་པོ་དགོས་རྒྱུ་དེ་འདྲའི་རིགས་ལ་བཞུགས་མ་ཐུབ་མཁན་དེ་ཚོ་ྋགོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་གཞིས་ཆགས་ཀྱི་ས་ཆ་ཡོད་པ་ཡིན་ཙང༌། དེ་ཐོག་ལ་ལམ་སེང་ལས་ཀ་བྱས་ན་ཡག་པོ་འདུག་བསམས་ནས་དོ་སྣང་ཆེ་རུ་འགྲོ་གི་ཡོད་རེད་བསམས་ནས་ཞུས་པ་ཡིན། མཉམ་སྦྲེལ་ཁག་གིས་ཞིང་པ་ཚོར་ཁེ་ཕན་ངེས་པར་ཕུལ་གྱི་ཡོད་རེད། ཚོང་ལས་དེའི་ཐོག་ལ་ཞིང་པ་དེ་མཉམ་སྦྲེལ་གྱི་མ་ཤས་བདག་པོ་ཡིན་པ་ཡིན་ན། ཁེ་བཟང་གཉིས་རག་གི་ཡོད་རེད། ཐོག་མ་རང་གི་ཐོན་འབབ་བཙོང་བའི་སྐབས་ལ་ཡང་ཡུལ་ཐང་གི་གོང་དེ་སྤྲད་ཀྱི་ཡོད་ཙང༌། ཡུལ་ཐང་གི་གོང་ཚད་ལ་ཁེ་བཟང་ཡོད་པ་ཡིན་ན་དེ་རག་གི་ཡོད་རེད། དེ་རྗེས་ལ་མཉམ་སྦྲེལ་གྱིས་ཡང་བསྐྱར་ཚོང་བསྒྱུར་བྱས་པའི་ཐོག་ནས་ཁེ་བཟང་ག་རེ་བྱུང་བ་དེ་ཡང་མང་ཚོགས་ལ་སོ་སོའི་ཆ་ཤས་གང་ཡོད་པ་ཕན་གྱི་ཡོད་ཙང་ཁེ་ཕན་ཡོང་གི་ཡོད་རེད་ཞུས་པ་ཡིན།
ཐད་ཀར་བཙོང་མ་ཐུབ་པ་ཡིན་ན་རྒྱུན་རིང་པོ་གཞག་རྒྱུའི་གཉེར་ཚང་ལ་སོགས་པའི་རིགས་གྲ་སྒྲིག་གནང་གི་ཡོད་རེད་དམ་ཞེས་བཀའ་གནང་ཐད། དེ་ཚོའི་ཐོག་ལ་མཉམ་སྦྲེལ་སོ་སོའི་འཆར་གཞི་བསྒྲིགས་དང་སྒྲིག་མུས་རེད། ད་ལྟ་བར་དུ་སྐྱེ་ལྡན་སོ་ནམ་གྱི་ཐོན་སྐྱེད་རྒྱུན་རིང་པོ་ཞིག་ལ་གཞག་དགོས་པ་དེ་འདྲ་བྱུང་ཡོད་པ་མ་རེད། མ་འོངས་པར་གནས་ཚུལ་དེ་འདྲ་བྱུང་བ་ཡིན་ན་དེ་དཀའ་ངལ་སེལ་རྒྱུའི་ཐབས་ཤེས་མཉམ་སྦྲེལ་སོ་སོ་ནས་ངེས་པར་དུ་གནང་གི་རེད་ལ་གནང་ཐུབ་རྒྱུ་ཞིག་ཀྱང་རེད་ཞུ་རྒྱུ་ཡིན།
མཐའ་མ་བོད་པ་ནང་ཁུལ་དང༌། ལྷག་པར་དུ་དགེ་འདུན་སྟོང་ཕྲག་མང་པོ་ཡོད་པའི་དགོན་སྡེ་གྲྭ་ཚང་ཁག་ལ་གཞིས་ཆགས་དེ་རང་གི་ཞིང་པ་ཚོའི་ཐོན་སྐྱེད་སྐྱོང་ཐུབ་རྒྱུའི་ཐབས་ལམ་ཞིག་ཡོང་ཐུབ་ཀྱི་རེད་དམ་ཞེས་བཀའ་གནང་ཐད། དེ་དཀའ་ལས་ཁག་པོ་མིན་ནམ་སྙམ། ད་ལྟ་བར་དུ་བྱུང་ཡོད་མ་རེད། མིག་དཔེ་ཡོད་པའི་མཉམ་སྦྲེལ་ཞིག་ཆེད་དུ་མོན་གྷོ་མཉམ་སྦྲེལ་ང་ཚོས་འདེམས་པ་རེད། བོད་པའི་དགོས་མཁོ་དེ་བོད་པས་སྐྲུན་ཐུབ་རྒྱུའི་ཐབས་ཤེས་མང་པོ་ཁོ་རང་ཚོས་བྱས་པ་རེད། ཡིན་ནའང་དགོན་པ་གྲྭ་ཚང་གི་ཁྲོམ་རྭ་ཆ་ཚང་ཞིག་ཟིན་ཐུབ་ཀྱི་མེད་ཀྱང༌། མ་འོངས་པར་རེ་བ་དང་འབད་རྩོལ་བྱ་དགོས་ཀྱི་རེད་བསམ་གྱི་ཡོད། ཡིན་ནའང་གྲུབ་འབྲས་གང་འདྲ་ཞིག་ཐོན་མིན་ད་ལྟ་ཞུ་ཐུབ་ཀྱི་མི་འདུག་ཞུས་པ་ཡིན།

སྤྱི་འཐུས་བསོད་ནམས་སྟོབས་རྒྱས་ལགས་ནས།
ང་ལ་འཕྲོས་དོན་དྲི་བ་ཐུང་ཐུང་གཉིས་ཞུ་རྒྱུ་ཡོད། སྲོལ་རྒྱུན་སོ་ནམ་ལས་གཞི་འདི་བཙུགས་ནས་ལོ་ཁ་ཤས་ཕྱིན་པ་རེད། སྲོལ་རྒྱུན་སོ་ནམ་ལས་གཞི་འདི་ལ་འཛིན་སྐྱོང་ངོས་ནས་འགྲོ་གྲོན་ག་ཚོད་བཏང་ཡོད་དམ། འགྲོ་གྲོན་དེ་འདྲ་ཞིག་བཏང་ནས་ད་ལྟ་བར་དུ་སྲོལ་རྒྱུན་སོ་ནམ་ལས་གཞི་འདི་ལ་གྲུབ་འབྲས་ག་ཚོད་ཅིག་ཐོན་ཡོད་དམ།

བཀའ་ལན།
ད་ལྟ་བར་དུ་འགྲོ་སོང་ག་ཚོད་བཏང་ཡོད་པ་དེ་ཚང་མ་སྔོན་རྩིས་ནང་དུ་གསལ་ཡོད་རེད། ངས་འདིར་དེའི་གྲངས་ཀ་དེ་འཁྱེར་མེད། དེ་སྔོན་རྩིས་ནང་ལ་གཟིགས་རོགས་གནང་ཞུས་པ་ཡིན།
གྲུབ་འབྲས་ག་རེ་ཐོན་ཡོད་པ་རེད་ཅེས་གསུངས་སོང༌། འགྲོ་སོང་བཏང་བ་ཡོངས་སུ་རྫོགས་པ་ཞིང་པ་ཚོའི་ཐོག་ལ་བབས་ཡོད་རེད་མ་གཏོགས་གཞུང་གི་ཁར་ཕྱིན་ཡོད་མ་རེད། ས་ཆུ་བདག་གཅེས་ཡིན་ནའང་འདྲ། གང་ཡིན་ནའང་དེ་ཚོ་ཞིང་པ་ཚོར་བབས་ཡོད་པས་དེ་གྲུབ་འབྲས་ཡིན་ཞུ་རྒྱུ་ཡིན།

སྤྱི་འཐུས་སྐལ་བཟང་རྒྱལ་མཚན་ལགས་ནས།
དཔལ་ལྡན་ནང་སྲིད་བཀའ་བློན་མཆོག་གི་བཀའ་ལན་ནང་དུ་སྔོན་མའི་ཚོད་དཔག་བཞིན་སྐྱེས་ལྡན་སོ་ནམ་རྒྱ་བསྐྱེད་འགྲོ་ཐུབ་མེད་གསུངས་སོང༌། དེ་རྒྱུ་མཚན་གཙོ་བོ་གང་ལ་ཐུག་གི་ཡོད་པ་དང་གཞུང་གི་ལྟ་གྲུབ་དང་མི་མང་གི་མངོན་འདོད་གཉིས་མ་མཐུན་པའི་རྐྱེན་ཡིན་ནམ། དྲི་བ་གཉིས་པ་ནི་ད་ལྟ་བཙན་བྱོལ་གཞུང་གི་གཞིས་ཆགས་ཁག་ལ་སོ་ནམ་ཞིང་ལས་དང་རྫས་ལུད་ཞིང་ལས་གཉིས་རྒྱ་ཆེ་ཆུང་གང་འདྲ་ཆགས་ཀྱི་ཡོད་དམ། སོ་ནམ་ཞིང་ལས་འདེབས་མཁན་འགའ་ཤས་བསྐྱར་ལོག་བྱས་ཏེ། རྫས་ལུད་བེད་སྤྱོད་བྱེད་ཀྱི་ཡོད་པའི་གནས་ཚུལ་གོ་རྒྱུ་འདུག དེ་གང་འདྲ་ཡིན་ནམ། ང་ཚོ་ས་ཁུལ་ཁ་ཤས་ལ་འགྲོ་དུས་མི་མང་འགའ་ཤས་ནས་འདི་ནི་གཞུང་གི་སྲིད་བྱུས་རེད་མ་གཏོགས། ང་ཚོ་རྩ་བ་ནས་འདོད་པ་མེད་ཅེས་གསུང་གི་འདུག དེ་ཡིན་དུས་སོ་ནམ་ཞིང་ལས་སྲོལ་རྒྱུན་ཐོག་ཕེབས་རྒྱུ་ནི་གཞུང་གི་སྲིད་བྱུས་དང་ལྟ་གྲུབ་ཡིན་སྟབས། མི་མང་གི་མངོན་འདོད་མེད་ཀྱང་གཞུང་གི་ཨུ་ཚུགས་བརྒྱབ་ནས་འདེབས་ལས་དགོས་པའི་གནས་ཚུལ་འབྱུང་གི་ཡོད་དམ་མེད། དྲི་བ་མཐའ་མ་ལ་དྭགས་ཁུལ་ལ་ཆུའི་དཀའ་ངལ་ཧ་ཅང་ཆེན་པོ་ཡིན་ཙང་སྟོན་འབྲས་བཏབ་ཐུབ་ཀྱི་མི་འདུག དེ་ལས་ཡོང་སྒོའི་ཆེད་དུ་འོལ་རྩ་ཟེར་བ་ཞིག་བཏབ་འདུག དེ་ཕར་བཙོང་ནས་སྟོན་འབྲས་དང་བརྗེས་པོ་རྒྱག་གི་ཡོད་པ་རེད། འོན་ཀྱང་བོད་གཞུང་གིས་སྟོན་འབྲས་ལ་ངོས་ལེན་མ་ཞུས་པས་སྟོན་ཉེས་ཀྱི་གུན་གསབ་རག་གི་མི་འདུག དེ་ལ་བོད་གཞུང་གིས་གཟིགས་ཚུལ་གང་འདྲ་ཡོད་དམ།

བཀའ་ལན།
སྐྱེ་ལྡན་སོ་ནམ་རྒྱ་བསྐྱེད་འགྲོ་མ་ཐུབ་པའི་རྒྱུ་མཚན་ག་རེ་རེད་ཅེས་གསུངས་ཐད། དེའི་རྒྱུ་མཚན་དང་པོ་དེ། ད་ལྟ་བར་དུ་གཞན་བརྟེན་གྱི་སོ་ནམ་དང་རྫས་ལུད་ཀྱི་སོ་ནམ་ལ་གོམས་པ་ཤུགས་ཆེར་ཡོད་པའི་དབང་གིས། གལ་སྲིད་ངའི་སོ་ནམ་གྱི་ལམ་སྲོལ་དེ་འགྱུར་བ་ཞིག་བཏང་བ་ཡིན་ན། ངའི་ལོ་རེའི་ཐོན་འབབ་ཆགས་འགྲོ་གི་རེད་བསམ་པའི་ཞེད་སྣང་དང་བསམ་བློ་འགྱུར་བ་མ་ཕྱིན་པའི་དབང་གིས་རྒྱུ་མཚན་དེ་ལ་ཐུག་གི་ཡོད་རེད། གྲོས་ཚོགས་ནང་ལ་སྔོན་མ་ཡང་ཞུས་མྱོང་ལ། ཇི་སྲིད་མང་ཚོགས་ཀྱི་བསམ་བློ་འགྱུར་བ་མ་ཕྱིན་བར་དུ་ལས་གཞི་འདི་ལམ་ལྷོང་ཡོང་རྒྱུ་ཁག་པོ་རེད་ཅེས་དངོས་ཡོད་གནས་ཚུལ་དེ་རང་རེད། དེའི་ཐོག་ལ་ད་ལྟ་འཛམ་བུ་གླིང་འདིའི་ནང་ལ་རྫས་སྦྱོར་སོ་ནམ་གྱི་ཚོང་ལས་བྱེད་མཁན་སྡེ་ཚན་ཧ་ཅང་གི་ཤུགས་ཆེན་པོ་ཡོད་རེད། དེའི་ནང་ནས་རྒྱ་གར་ལ་ཡོད་རེད། དེ་དག་ཚང་མ་མིའི་ཀླད་པ་བཀྲུ་རྒྱུའི་ལས་དོན་དེ་མུ་མཐུད་ནས་བྱེད་ཀྱི་ཡོད་པ་མ་གཏོགས་ཉིན་གཅིག་ཀྱང་མཚམས་བཞག་གི་ཡོད་མ་རེད། ང་ཚོའི་འཐབ་འཛིངས་དེ་འཛམ་གླིང་གོ་ལ་ཕྱེད་ཀ་ཞིག་ལ་དབང་བསྒྱུར་བྱེད་མཁན་གྱི་ཚོང་པ་ཆེན་པོ་དེ་ཚོ་མཉམ་དུ་བྱེད་དགོས་ཀྱི་ཡོད་རེད། སོན་དང་རྫས་ལུད། རྫས་ལུད་དང་འབྲེལ་བའི་འབུ་དུག་དང༌། དེ་རིགས་ཀྱི་ཚོང་ལས་བྱེད་མཁན་གྱིས་ཨ་སྒོར་ཐེར་འབུམ་མང་པོ་ཁེ་གྱོང་གི་གནས་བབ་ལ་ཐུག་བཞིན་པ་དེ་ཚོ་རྫས་ལུད་ལ་བརྟེན་པའི་སོ་ནམ་རྒྱུན་གནས་ཐུབ་རྒྱུའི་ལས་གཞིའི་ཐོག་ལ་སྒོར་མོ་དུང་ཕྱུར་མང་པོ་ལོ་ལྟར་འགྲོ་སོང་གཏོང་གི་ཡོད་རེད། འགྲོ་སོང་བཏང་བ་དེ་གྲུབ་འབྲས་ཤིག་ག་པ་ཡིན་ན་ཐོན་དགོས་ཀྱི་ཡོད་རེད། ང་ཚོའི་གཞིས་ཆགས་ཁག་ལ་ཡང་ཐོན་གྱི་ཡོད་རེད་བསམ་གྱི་ཡོད།
སྐྱེ་ལྡན་སོ་ནམ་ནས་རྫས་ལུད་སོ་ནམ་ལ་བསྐྱར་ལོག་བྱས་པ་བྱུང་ཡོད་པ་རེད་ཟེར་ནས་གསན་སོང་གསུངས་ཐད། དེ་འདྲ་བསྐྱར་ལོག་བྱས་པ་གཞུང་འབྲེལ་གྱི་གྲོང་སྡེ་སོ་སོའི་ནང་ལ་བྱུང་ཡོད་མ་རེད་ཞུས་པ་ཡིན། གྲོང་སྡེའི་ནང་ལ་མི་ཚང་རེ་གཉིས་བྱས་ནས་བཏབ་པ་དེ་ཚོའི་ནང་ལ་ལོ་གཅིག་གཉིས་སྐྱེ་ལྡན་བཏབ། ཡང་རྫས་ལུད་ལ་ཕར་ལོག་པ་དེ་འདྲ་བྱུང་ཡོད་རེད་ཞུ་རྒྱུ་ཡིན།
མི་མང་གི་འདོད་པ་རྩ་བ་ནས་མེད། གཞུང་གི་སྲིད་བྱུས་རེད་ཟེར་ནས་གསུངས་པ་དང༌། འདོད་པ་མེད་བཞིན་དུ་ཨུ་ཚུགས་རྒྱག་དགོས་དོན་གང་ཡིན་ནམ་ཞེས་བཀའ་གནང་ཐད། འདོད་པ་མེད་མཁན་གྱི་མི་མང་ཚོ་ལ་ཨུ་ཚུགས་རྩ་བ་ཉིད་ནས་བརྒྱབས་མེད་ཞུས་པ་ཡིན། འདོད་པ་མེད་མཁན་གྱི་མི་མང་ལ་ཨུ་ཚུགས་བརྒྱབས་ཡོད་ན་ད་ཆ་གཞིས་ཆགས་ཡོངས་རྫོགས་སྐྱེ་ལྡན་སོ་ནམ་ལ་འགྱུར་ཚར་དགོས་ཀྱི་ཡོད་རེད། སུ་གང་ལ་ཨུ་ཚུགས་བརྒྱབས་ཡོད་མ་རེད། ཁོ་རང་ཚོ་ལ་རང་མོས་བྱ་རྒྱུར་སྒུག་བསྡད་པ་རེད། ཀོ་ལི་གྷལ་ལྟ་བུ་ལ་མཚོན་ན་ཚོགས་འདུ་སྔ་རྗེས་ཚོགས་པའི་རྗེས་ལ་མི་མང་བརྒྱ་ཆ་བརྒྱད་ཅུ་གྱ་གྲངས་ཀྱིས་འདོད་མོས་བཞིན་དུ་སྐྱེ་ལྡན་སོ་ནམ་ཞིང་ལས་ཐོག་ལ་འགྲོ་གི་ཡིན། གཞིས་ཆགས་འདི་མིག་དཔེ་ཡོད་པའི་གཞིས་ཆགས་ལ་བསྒྱུར་གྱི་ཡིན་ཞེས་མི་མང་གིས་འདོད་མོས་ཐོག་ནས་ཐོག་མ་སྐྱེ་ལྡན་སོ་ནམ་ལ་འགྲོ་རྒྱུའི་ལས་གཞི་བྱེད་སྟངས་དེ་འདྲ་རེད། དེ་མི་མང་རང་ལ་སྐད་ཆ་དྲིས་ནས་བྱས་པ་རེད་མ་གཏོགས་གཞུང་གིས་བཀའ་བཏང་བ་ཞིག་རྩ་བ་ཉིད་ནས་ཡོད་མ་རེད། བཀུར་འོས་སྤྱི་འཐུས་ཀྱིས་སྐབས་དེ་དུས་བཀའ་འདྲི་གནང་དགོས་པ་ཞིག་རེད་བསམ་གྱི་འདུག འདོད་པ་རྩ་བ་ནས་མེད་ན་ཁྱེད་ག་རེ་བྱས་ནས་སྐྱེ་ལྡན་སོ་ནམ་ཐོག་ལ་ཕྱིན་ནམ། དེ་སུ་ཡིས་བཙན་བཀའ་བཏང་སོང་ཟེར་ནས་བཀའ་གནང་བ་ཡིན་ན་སྐབས་དེ་དུས་བཙན་བཀའ་གཏོང་མཁན་དེ་ཡིས་ར་སྤྲོད་ཡོང་སྲིད་པ་ཞིག་རེད། ད་ལྟའི་སྐབས་ལ་ཡིན་ནའང་སྐྱེ་ལྡན་སོ་ནམ་ལ་འགྲོ་མཁན་དེ་ཚོ་ཕྱིར་ལོག་གནང་རྒྱུའི་འདོད་པ་ཡོད་ན་གཞུང་གི་ངོས་ནས་བཀག་ཐུབ་ཀྱི་མ་རེད་ལ་བཀག་དགོས་དོན་ཡོད་མ་རེད། བཀག་རྒྱུའི་འདོད་པ་གང་ཡང་མེད། དེ་སོ་སོའི་འདོད་མོས་ཡིན་པ་དེ་གྲོས་ཚོགས་འདིའི་ནང་ལ་གསལ་པོ་བྱས་ནས་ཞུ་རྒྱུའི་འདོད་པ་བྱུང་སོང༌། མ་འོངས་པར་སྤྱི་འཐུས་རྣམ་པ་ཚོ་ལ་ང་ཚོ་འདོད་པ་མེད་ཀྱང་མ་བཏབ་རང་བཏབ་བྱུང་སོང་ཟེར་ནས་ཞུ་མཁན་བྱུང་ན་བཀའ་ཤག་གི་ངོས་ནས་བཙན་པོ་དབང་ཡོད་བྱས་པ་གཏན་ནས་མེད། ཁྱེད་རང་ཚོ་ཕྱིར་ལོག་བརྒྱབ་ན་འགྲིགས་ཀྱི་རེད། གྲོས་ཚོགས་ནང་ལ་བཤད་སོང་ཞེས་བཀའ་གནང་ན་འགྲིགས་ཀྱི་ཡོད་ཞུ་རྒྱུ་ཡིན།
ལ་དྭགས་ལ་ཆུ་དཀའ་ངལ་ཡོད་པ་དངོས་ཡོད་གནས་ཚུལ་རང་རེད། ཆུའི་དཀའ་ངལ་སེལ་ཆེད་ལས་གཞི་རབས་དང་རིམ་པ་བྱས་ནས་སྤེལ་རྒྱུའི་ཐབས་ཤེས་བྱས་ཀྱང་ལམ་ལྷོང་བྱུང་ཡོད་མ་རེད། ལམ་ལྷོང་མ་བྱུང་བའི་ནང་ལ་རྒྱུ་མཚན་མང་པོ་ཡོད་པའི་ནང་ནས་ས་གནས་གཞིས་མིའི་ངོས་ནས་ཀྱང་བརྒྱ་ཆ་བརྒྱ་ཐམ་པའི་མཐུན་འགྱུར་རག་མ་སོང་བའི་བསམ་ཚུལ་ཡོད། ལ་དྭགས་ཀྱིས་བཏབ་པའི་རྩ་དེ་བལ་པ་ཛ་ཟེར་བ་དེ་རེད། རྟག་ཏུ་སྐྱེ་ཡོང་བ་ཞིག་རེད། སྐྱེ་བོ་བལ་པ་ཛ་བཞིན་དུ། །རྣམ་པ་ཀུན་ཏུ་འཛིངས་པར་བྱེད། །ཅེས་པའི་རྗེ་རིན་པོ་ཆེས་གསུངས་པའི་བལ་པ་ཛ་ཟེར་བའི་རྩ་སྙིགས་དེ་ཞིང་ལ་བཏབ་པའི་རྗེས་སུ་ཁོ་རང་བཞིན་གྱིས་སྐྱེ་བཞིན་པ་ཞིག་རེད་མ་གཏོགས། དེ་ལ་བཅོས་ཐབས་གང་ཡང་མེད། དེ་ནས་སོ་ནམ་གཞན་དག་གི་ཞིང་ལས་ལ་བསྒྱུར་དགོས་བྱུང་ན། དང་པོ་བལ་པ་ཛའི་རྩ་ཕི་ཀྲི་གསུམ་བཞི་ཡོད་པ་དེ་དག་བཀོག་རྒྱུ་ལ་སྒོར་མོ་འབུམ་ཕྲག་མང་པོ་འགྲོ་སོང་བཏང་ན་མ་གཏོགས་ས་ཆ་དེ་ཞིང་ས་ལ་བསྒྱུར་མི་ཐུབ་པའི་གནས་སྟངས་ཤིག་རེད། དེ་འདྲ་ཡིན་དུས་སྟོན་འབྲས་མ་བཏབ་པ་ཡིན་ཙང་སྟོན་འབྲས་གོད་ཆགས་བྱུང་བའི་གུན་གསབ་ཟེར་བ་དེ་སྤྲོད་ཐབས་མེད་པ་ཞིག་རེད། སྤྱིར་བཏང་གི་ཤེས་བྱའི་ཐོག་ནས་གཟིགས་པ་ཡིན་ན་ཡང་རྩ་བསྐམས་ནས་སྟོན་ཉེས་བྱུང་བ་དེ་ལ་སྟོན་ཉེས་གུན་གསབ་སྤྲོད་དགོས་ཀྱི་ཡོད་དམ། དེ་ཏག་ཏག་ཅིག་ལ་ནང་སྲིད་ལས་ཁུངས་ཀྱིས་རྩ་བ་ནས་གཟིགས་མ་སོང་ཞུས་པ་ཡིན།

ཚོགས་དུས་ལྔ་པ། ༢༠༠༨།༣།༤ ནས་ ༢༠༠༨།༤།༡༥