སྲིད་དོན་ཚོགས་པ་ལ་གཞུང་གིས་འབྲེལ་བ་བྱེད་ཕྱོགས།

སྲིད་དོན་ཚོགས་པ་ལ་གཞུང་གིས་འབྲེལ་བ་བྱེད་ཕྱོགས་དང༌། སྲིད་དོན་ཚོགས་པའི་ངོས་འཛིན་སོགས་ལས་འཕྲོས་པའི་གསལ་བཤད། ཐོག་མ་ཁ་སང་གི་བགྲོ་གླེང་ལས་འཕྲོས་ནས་གསལ་བཤད་བྱེད་དགོས་པ་ཁ་ཤས་ཡོད།དེ་ཡང་སྲིད་དོན་ཚོགས་པ་ཁག་གི་སྐོར་ལ་སྤྱི་འཐུས་ཁ་ཤས་ཀྱིས་བཀའ་མོལ་གྱི་ཞོར་ལ་ང་ཚོའི་སྤྱི་ཚོགས་ནང་བོད་པའི་ཚོགས་པ་ཁ་ཤས་སྲིད་དོན་ཚོགས་པར་ངོས་འཛིན་དགོས་པ་དང༌། སྲིད་དོན་ཚོགས་པ་ཁག་ལ་གཞུང་ནས་དཔལ་འབྱོར་རོགས་རམ་གནང་ཆོག་གི་ཡོད་པ་གསུངས་སོང་བས། འདི་དག་སྤྱི་འཐུས་སྒེར་གྱི་དགོངས་ཚུལ་ཙམ་ལས་གྲོས་ཚོགས་ཀྱི་དགོངས་ཚུལ་མིན་པ་གྲོས་ཚོགས་ཀྱི་ཡིག་ཆའི་ནང་གསལ་པོ་དགོས་ཀྱི་འདུག མང་གཙོའི་རྒྱལ་ཁབ་ཚང་མའི་ནང་སྲིད་དོན་ཚོགས་པ་ལ་གཞུང་གིས་རོགས་པ་བྱེད་མི་ཆོག་པ་དང་དངུལ་སྤྲད་མི་ཆོག་པ་དེ་ཡོངས་གྲགས་རེད། སྲིད་གཞུང་དང་སྲིད་དོན་ཚོགས་པ་སྐྱིད་སྡུག་གཅིག་པ་ཡིན་པ་ནི་དམར་པོའི་རིང་ལུགས་ཁོ་ན་ལས་མེད།མང་གཙོའི་རིང་ལུགས་ནང་འོས་འདེམས་ཁག་ནང་ཞུགས་མཁན་ལ་གཞུང་གིས་དངོས་སུ་དངུལ་སྤྲད་རྒྱུ་ཕར་བཞག སྲིད་གཞུང་གི་དངོས་དངུལ་ཕྲན་བུའང་བེད་སྤྱོད་བྱས་པ་ར་འཕྲོད་བྱུང་བ་ཡིན་ན། ཁྲིམས་ཐོག་ནས་འོས་ཤོག་ཐོབ་ནའང་རྩིས་མེད་ལ་ངོས་འཛིན་བྱེད་ཀྱི་ཡོད། རྒྱ་གར་ལྟ་བུར་མཚོན་ན། འོས་འདེམས་སྐབས་བློན་ཆེན་རྣམས་ཕྱོགས་བསྐྱོད་ཀྱི་འགྲོ་སོང་ཡང་སྒེར་ནས་བཏང་དགོས་པ་མ་ཟད། གཞུང་གི་སྣུམ་འཁོར་སོགས་བེད་སྤྱོད་བྱེད་ཆོག་གི་མེད། སྲིད་བློན་གཅིག་པུ་ལ་སྲུང་སྐྱོབ་ཆེད་གཞུང་གི་གནམ་གྲུ་སོགས་བེད་སྤྱོད་གནང་ཆོག་ཀྱང༌། དེ་ལའང་གླ་དངུལ་རྣམས་ཚོགས་པ་རང་གི་ངོས་ནས་སྒྲུབ་དགོས་ཀྱི་ཡོད་པའི་ཁྲིམས་ཡིག་གསལ་པོ་གཏན་འབེབས་བྱས་ཡོད།
སྲིད་དོན་ཚོགས་པ་ཡིན་མིན་གྱི་ངོས་འཛིན་ནི་དབུས་འོས་བསྡུ་ལས་ཁང་གིས་གནང་གི་ཡོད། སྤྱིར་ཚོགས་པ་རྣམས་དེབ་སྐྱེལ་བྱེད་དགོས་ཀྱི་ཡོད་ཀྱང༌། སྲིད་དོན་ཚོགས་པ་དེབ་སྐྱེལ་བྱེད་རྒྱུ་མེད།དབུས་འོས་བསྡུ་ལས་ཁང་གིས་ཚོགས་པའི་དམིགས་ཡུལ་དང་རྩ་ཁྲིམས་སོགས་གཟིགས་ཞིབ་གནང་ནས་ངོས་ལེན་སྤྲད་དགོས་དང་མི་དགོས་པའི་ཐག་གཅོད་གནང་གི་ཡོད། སྲིད་དོན་ཚོགས་པའི་མིང་བཏགས་སྟངས་ལ།ཆོས་ལུགས་ཀྱི་མིང་བཏགས་པ་མུ་སུ་ལིམ་ལིག་Muslim League ལྟ་བུ་དང༌།རིགས་རུས་ཀྱི་སྒོ་ནས་མིང་བཏགས་པ་གོར་ཁ་ལིག་ལྟ་བུ།ས་གནས་དང་མངའ་སྡེའི་སྒོ་ནས་མིང་བཏགས་པ་ཏེལ་གུ་དེ་ཤམ་ལྟ་བུ་ཡོད་རུང༌། དམིགས་ཡུལ་དང་རྩ་ཁྲིམས་ཀྱི་ནང་གཞི་རིམ་དགོས་མཁོ་ནི་ཆོས་ལུགས་སམ། རིགས་རུས།མངའ་སྡེ་སྡེ་ཚན་གཅིག་ཙམ་ལ་ཁྱབ་པ་མིན་པར་རྒྱལ་ཁབ་ཡོངས་རྫོགས་ཀྱི་ཡུལ་མི་ག་འདྲ་ཞིག་ཡིན་ནའང༌།ཆོས་ལུགས་དང་རིགས་རུས་ལུང་ཚན་གྱི་དབྱེ་བ་མེད་པར་ཚོགས་པ་དེའི་ལྟ་བ་ལ་མོས་མཐུན་བྱུང་ན་འཛུལ་ཞུགས་བྱེད་ཆོག་པ་ཞིག་ངེས་པར་དགོས་ཀྱི་ཡོད་པ་མ་གཏོགས། ཆོས་ལུགས་ལུང་ཚན་སོགས་སྡེ་ཚན་བྱེ་བྲག་པ་གཅིག་གི་དགོས་དམིགས་མ་གཏོགས་མེད་ན་འགྲིགས་ཀྱི་ཡོད་མ་རེད། མ་འོངས་པར་བོད་པའི་སྲིད་དོན་ཚོགས་པ་གཉིས་སམ་མང་པོ་ག་འདྲ་ཞིག་ཡོང་གི་ཡོད་ནའང༌། བོད་རྒྱལ་ཁབ་ཡོངས་ལ་ཁྱབ་པའི་རང་བཞིན་ཅན་ཞིག་དགོས་པ་ལས། དེ་མིན་མངའ་སྡེའམ་རིགས་རུས་བྱེ་བྲག་པ་གཅིག་ལ་ཁྱབ་པའི་སྲིད་དོན་ཚོགས་པ་མང་པོ་ཞིག་ཆགས་ན་མང་གཙོ་ཕུན་སུམ་ཚོགས་པ་ཞིག་ཡོང་མིན་དྭོགས་གཞི་རེད།
གཞུང་དང་འོས་བསྡུ་ལས་ཁང་ནས་སྲིད་དོན་ཚོགས་པར་ངོས་ལེན་བྱས་པའི་ཚོགས་པ་ཞིག་ནང་གཞུང་ཞབས་པ་རྣམས་ཚོགས་མི་བྱེད་མི་ཆོག་པ་དང༌། ཚོགས་པ་དེའི་ལྟ་བ་གཞུང་གི་འཛིན་སྐྱོང་ཐོག་མངོན་པར་གསལ་ཐབས་བྱེད་ན་མི་འགྲིགས་པ་སོགས་ཀྱི་རྣམ་བཞག་འདི་རིགས་ཕྲ་ཞིང་ཕྲ་བ་གྲོས་ཚོགས་འཐུས་མི་ཚོས་མཁྱེན་དགོས། འདིའི་སྐོར་རྒྱུན་ལས་དང་ཚོད་དཔག་འཆར་རྩིས་ཚོགས་ཆུང་བཅས་ནང་སྐབས་མང་པོར་གཞུང་གིས་ཚོགས་པ་ཞིག་ལ་རོགས་རམ་གནང་ན་ཐབས་ལམ་ཚུལ་དང་མཐུན་པ་གང་ཡིན་པ་དང༌། ཚུལ་དང་མི་མཐུན་པ་གང་ཡིན་པ། རིག་གཞུང་དང་ཤེས་རིག་ཚོགས་པ་ཞིག་ལ་གཞུང་གིས་དཔལ་འབྱོར་རོགས་རམ་ཐབས་ལམ་ཇི་འདྲ་ཞིག་གི་སྒོ་ནས་གནང་དགོས་པ་སོགས་བཀའ་བསྡུར་བྱུང་ཡོད་ཀྱང༌། ང་ཚོའི་སྤྱི་འཐུས་རྣམ་པའི་རྒྱུན་ལས་སྐབས་ཀྱི་བཀའ་མོལ་གནང་སྟངས་དེ་གྲོས་ཚོགས་ནང་སླེབས་དུས་འགྱུར་འགྲོ་བ་འདི་གྲོས་ཚོགས་འདིའི་ལེགས་བྱང་Cultureལྟ་བུ་ཆགས་ཡོད་པས་ལམ་སེང་འགྱུར་བ་འགྲོ་ཐུབ་རྒྱུ་ཁག་པོ་ཡིན་པ་ངས་ཤེས་ཀྱི་ཡོད། འོན་ཀྱང་ལོ་རྒྱུས་དང་དུས་རབས་ཀྱི་འཕེལ་རིམ་ནང་འགྱུར་བ་ངེས་པར་དུ་འགྲོ་བའི་ཡིད་ཆེས་ཡོད། སྤྱི་འཐུས་རྣམ་པ་དང་བཀའ་བློན་རྣམ་པས་སྤྱིར་སྟངས་ཤེས་བྱ་དང༌། ཆབ་སྲིད་གནས་སྟངས་ཀྱི་འགྲོ་ལུགས་ཞིབ་ཚགས་མཁྱེན་དགོས་རྒྱུ་གལ་ཆེན་པོར་བརྩི་དགོས། དེ་ཡང་གྲོས་ཚོགས་ཀྱི་མི་ཚེའི་རྣམ་བཞག་ཇི་བཞིན་མཁྱེན་དགོས་རྒྱུ་ནི་གྲོས་ཚོགས་ཀྱི་ལས་དོན་ཆ་ཚང་བ་སྒྲུབ་ཐུབ་པ་དང་མང་ཚོགས་ཀྱི་སྐུ་ཚབ་ཚད་ལྡན་ཞིག་བྱེད་རྒྱུའི་ཡན་ལག་མེད་དུ་མི་རུང་བ་ཞིག་ཆགས་ཡོད། དེས་ན་ཚང་མས་བསམ་བློ་གུ་ཡངས་པོའི་ཐོག་ནས་དགོངས་པ་བཞེས་དགོས།
སྤྱིར་སྟངས་མི་ཡ་རབས་ཀྱི་གཤིས་སྤྱོད་ཀྱི་འགྲོ་སྟངས་ནི་རྒྱལ་ཁབ་ཀྱི་ཁེ་ཕན་ཆེད་དུ་མངའ་སྡེ་བློས་བཏང་དགོས་པ་དང༌། མངའ་སྡེའི་ཆེད་དུ་གྲོང་ཁྱེར་བློས་བཏང་དགོས་པ། གྲོང་ཁྱེར་གྱི་ཆེད་དུ་གྲོང་གསེབ་བློས་བཏང་དགོས་པ། གྲོང་གསེབ་ཀྱི་ཆེད་དུ་མི་ཚང་དང༌། མི་ཚང་གི་ཆེད་དུ་རང་ཉིད་བློས་བཏང་བྱེད་དགོས་པའི་རྣམ་བཞག་ཡོངས་གྲགས་ཤིག་ཡོད་ནའང༌། ང་ཚོས་དེང་སང་བོད་རྒྱལ་ཁབ་སྤྱི་དང་རང་གི་མངའ་སྡེ་བསྡུར་ན་རང་གི་མངའ་སྡེའམ་ལུང་ཚན་གཙོ་བོར་བཟུང་སྟེ་རྒྱལ་ཁབ་བློས་གཏང་རྒྱུ་དང༌། མངའ་སྡེ་དང་རང་གི་ཤོག་ཁག་གཉིས་བསྡུར་སྐབས་རང་གི་ཤོག་ཁག་གཙོ་བོར་བཟུང་ནས་མངའ་སྡེ་བློས་བཏང་བྱས་པ་སོགས་གོ་ལྡོག་པའི་བསམ་བློའི་འཁྱེར་སྟངས་ཤིག་འདུག་པ་འདི་ཆོས་ལྡན་ཞིང་གི་མི་ཞིག་གི་བསམ་ཚུལ་དང་མི་འཚམས་པ་ཞིག་རེད་བསམ་གྱི་ཡོད། ཅེས་གསུངས།

བོད་མི་མང་སྤྱི་འཐུས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཚོགས་དུས་དྲུག་པ། ༡༩༩༤/༠༡/༡༢ ་་་ ༡༩༩༤/༠༡/༢༥