སྲིད་དོན་ཚོགས་པ་གཞུང་འབྲེལ་ངོས་ལེན་གྱི་ཁྲིམས་སྒྲིག་དགོས་གནད།
འདས་པའི་ལོ་སུམ་ཅུ་སོ་གྲངས་ཤིག་གི་རིང་ལ་ྋསྐྱབས་མགོན་རིན་པོ་ཆེའི་དབུ་ཁྲིད་འོག་བཙན་བྱོལ་བོད་མིའི་སྤྱི་ཚོགས་དེ་མང་གཙོའི་ལམ་སྲོལ་ཐོག་བསྐྱོད་རྒྱུའི་འབད་བརྩོན་བྱས་པ་རེད། འབད་བརྩོན་བྱས་པ་བཞིན་གྲུབ་འབྲས་ཀྱང་ཐོན་ཡོད། སྐབས་བཅིུག་པའི་སྤྱི་འཐུས་ཀྱི་གྲུབ་ཆ་རྒྱ་བསྐྱེད་གནང་ནས་དམ་འབུལ་ཟིན་པ་དང་ཆབས་ཅིག ྋསྐྱབས་མགོན་རིན་པོ་ཆེས་མ་འོངས་བོད་ཀྱི་རྩ་ཁྲིམས་དང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཉིས་ལོགས་སུ་ཕྱེ་ནས་ང་ཚོ་བཙན་བྱོལ་དུ་བསྡད་རིང་ཁྲིམས་ལུགས་ཡོད་པའི་མང་གཙོ་ཚད་ལྡན་ཞིག་ཡོང་རྒྱུའི་ཆེད་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ཟིན་བྲིས་སྐབས་བཅིུག་པའི་སྤྱི་འཐུས་ལྷན་ཚོགས་ལ་གཏན་འབེབས་ཞུ་རྒྱུར་གནང་བ་བཞིན་གཏན་འབེབས་ཞུས་ཏེ་འདས་པའི་ལོ་བཞིའི་ནང་ང་ཚོའི་རྒྱལ་ཁབ་དང་ཆབ་སྲིད། འཛིན་སྐྱོང་གི་ལས་དོན་ཡོངས་སུ་རྫོགས་པ་བཅའ་ཁྲིམས་ཀྱི་ཆ་རྐྱེན་འོག་བྱེད་བཞིན་པ་རེད།
བཅའ་ཁྲིམས་གཏན་འབེབས་གནང་སྐབས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་སྲིད་དོན་ཚོགས་པ་གཅིག་ཀྱང་མེད། རྩ་བའི་བོད་མིའི་སྤྱི་ཚོགས་ནང་སྲིད་དོན་ཚོགས་པ་བྱུང་མ་མྱོང་བ་མིན། དེ་སྔོན་སྲིད་དོན་ཚོགས་པ་ཞིག་བྱུང་འདུག་སྟེ། ང་ཚོས་བཅའ་ཁྲིམས་གཏན་འབེབས་ཞུས་སྐབས་སྲིད་དོན་ཚོགས་པ་དེ་ཕྱིར་བསྡུ་ཟིན་འདུག དེ་འདྲ་སོང་ཙང་ང་ཚོའི་བཅའ་ཁྲིམས་ཀྱི་ནང་དུ་ཚོགས་པ་དུ་མ་ཅན་གྱི་ལམ་སྲོལ་ཞིག་ངོ་སྤྲོད་གསལ་པོ་བྱས་ཐུབ་མེད། ཡིན་ནའང་ྋསྐྱབས་མགོན་རིན་པོ་ཆེའི་བཀའ་སློབ་སྔ་རྗེས་ནང་བོད་མིའི་ཆབ་སྲིད་དེ་ཚོགས་པ་དུ་མ་ཅན་གྱི་ལམ་སྲོལ་ལ་འགྲོ་དགོས་ཀྱི་ཡོད་པ་བཀའ་ཕེབས་ཡོད། དེ་ཙམ་དུ་མ་ཟད་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ངོ་སྤྲོད་བྱེད་པའི་སྐབས་དང༌། དེའི་རྗེས་ལའང་རྒྱལ་སྤྱིའི་ནང་དགོངས་འཆར་གནང་མཁན་མང་པོ་ཞིག་གིས་ཚོགས་པ་དུ་མའི་རང་བཞིན་མེད་པ་ཡིན་ན། མང་གཙོ་ཚད་ལྡན་ཞིག་མི་ཡོང་བའི་སྐྱོན་བརྗོད་བྱེད་མཁན་བྱུང་ཡོད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དེ་སྔོན་མ་བལ་ཡུལ་གྱི་པན་ཅཱ་ཡཏ་ལམ་སྲོལ་དང་ཁྱད་པར་མེད་པའི་སྐྱོན་བརྗོད་བྱེད་མཁན་བྱུང་ཡོད། ང་ཚོས་ད་ཕན་ལན་འདེབས་གང་བྱེད་ཀྱི་ཡོད་ཞུས་ན། ཚོགས་པ་དུ་མའི་རང་བཞིན་ཅན་མིན་ནའང༌། མང་གཙོའི་ལམ་སྲོལ་ཡོངས་སུ་རྫོགས་པ་ཕྱག་ལེན་བསྟར་ཐུབ་ཀྱི་ཡོད་པ་དང༌། དེའི་རྒྱུ་མཚན་ལ་ང་ཚོའི་ད་ཡོད་ཀྱི་བཅའ་ཁྲིམས་འདིའི་འོག་སྤྱི་འཐུས་ལྷན་ཚོགས་ཀྱིས་གཞུང་འཛིན་ཚོགས་པ་དང༌། ཕྱོགས་འགལ་ཚོགས་པ་གཉིས་ཀའི་འགན་ཁུར་ཡོངས་སུ་རྫོགས་པ་བླངས་ནས་ཚོགས་པ་དུ་མའི་རང་བཞིན་ཅན་ལས་མ་ལེགས་ནའང་མ་སྡུག་པ་ཞིག་གི་ལས་འགན་སྒྲུབ་ཐུབ་ཀྱི་ཡོད་པའི་གསལ་བཤད་བྱས་པ་རེད།
གཅིག་བྱས་ན་གསལ་བཤད་དེས་ལྡེང་གི་ཡོད་འགྲོ། གཅིག་བྱས་ན་གསལ་བཤད་དེ་དུས་ཚོད་རིང་པོ་ཞིག་གི་བར་ལྡེང་གི་མེད་པའི་གནས་སྟངས་ཤིག་ཡོང་སྲིད། གང་ལྟར་མ་འོངས་པའི་ང་ཚོའི་དམིགས་ཡུལ་དེ་ཚོགས་པ་དུ་མའི་ལམ་སྲོལ་ཅན་གྱི་ནང་འགྲོ་དགོས་པ་ཞིག་ཡིན་པ་བཤད་མི་དགོས་པ་གསལ་པོ་རེད། འདས་པའི་བྱུང་རིམ་གྱི་ནང་ཟླ་བ་ཁ་ཤས་ཀྱི་སྔོན་ལ་མཚན་ཉིད་ལྡན་པའི་སྲིད་དོན་ཚོགས་པ་གསར་པ་ཞིག་བྱུང་ཡོད། མ་འོངས་པར་ཡང་དེ་འདྲའི་ཚོགས་པ་གཞན་ཡོང་སྲིད། དེ་འདྲ་སོང་ཙང་ང་ཚོས་སྲིད་དོན་ཚོགས་པ་བྱུང་རིམ་བཞིན་གཞུང་འབྲེལ་ངོས་ལེན་བྱེད་རྒྱུའི་ཁྲིམས་ཀྱི་ལམ་སྲོལ་ཞིག་མ་བྱུང་བ་ཡིན་ན། སྲིད་དོན་ཚོགས་པ་ཡོད་པ་གང་ཞིག་ལ་ཁྲིམས་མཐུན་གྱི་ཐོག་ནས་ཆབ་སྲིད་ཀྱི་ནང་ཆ་ཤས་བླང་རྒྱུའི་གོ་སྐབས་མ་ཐོབ་པ་དང༌། ཆ་ཤས་བླངས་ཀྱང་ཁྲིམས་འགལ་དུ་འགྲོ་རྒྱུའི་ཉེན་ཁ་ཞིག་ཡོད་ཙང༌། སྲིད་དོན་ཚོགས་པ་ཁག་ལ་གཞུང་འབྲེལ་ངོས་ལེན་བྱེད་སྟངས་ཀྱི་སྒྲིག་གཞིའམ་ཁྲིམས་ཡིག་གང་ཡང་རུང་བ་ཞིག་ངེས་པར་དུ་དགོས་ཀྱི་ཡོད་པ་དེ་སྤྱི་འཐུས་རྒྱུན་ལས་ཀྱིས་གཟིགས་པ་རེད། གཟིགས་པ་བཞིན་ཁྲིམས་ཟིན་བཀོད་ནས་རྒྱུན་ལས་ནང་བཀའ་བསྡུར་གནང་སྐབས་རྒྱུན་ལས་ཕལ་ཆེ་བ་འཛོམས་པོ་ཡོད། ཅེས་གསུངས།
བོད་མི་མང་སྤྱི་འཐུས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཚོགས་དུས་དགུ་པ། ༡༩༩༥/༠༨/༡༢ ་་་ ༡༩༩༥/༠༨/༢༥