སྤྱི་འཐུས་ཀྱི་རྩ་འབོར་དང་ངོ་ཡོད་རྩི་སྟངས།

ཁྲིམས་ཡིག་དང་སྒྲིག་གཞི་འདྲ་མིན་སྣ་ཚོགས་ནང་བསྐྱར་བཅོས་བྱེད་པའི་སྐབས་སུ་སྤྱི་འཐུས་ཀྱི་བརྒྱ་ཆ་ག་ཚོད་ལོང་དགོས་མིན་ཐད་ཁྲིམས་ཡིག་དང་སྒྲིག་གཞི་སོ་སོའི་བསྐྱར་བཅོས་ཀྱི་ཆ་རྐྱེན་ནང་གསལ་ཡོད། གནས་ཚུལ་མང་པོ་ཞིག་བཅའ་ཁྲིམས་རང་གི་ནང་མང་མོས་ཁྱད་པར་བ་དགོས་རིགས་རྩ་འབོར་དང་ངོ་ཡོད་གསུམ་ཆ་གཉིས་ཚང་དགོས་པའི་རྣམ་བཞག་དམིགས་བསལ་བ་མང་པོ་ཡོད། དེ་འདྲ་སོང་ཙང་ཐོག་མར་རྩ་འབོར་དང་ངོ་ཡོད་ག་པར་གོ་དགོས་ཀྱི་དྲི་བ་ཡོང་སྲིད་སྙམ། ང་ཚོའི་སྒྲིག་གཞི་ཁག་གི་ནང་གསལ་བཞིན། ད་ལྟའི་གནས་སྐབས་ཀྱི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་རྩ་འབོར་དེ་ཞེ་གསུམ་ནས་ཞེ་དྲུག་བར་ཡིན། ཞེ་གསུམ་དེ་ཉུང་མཐར་གཟུང་དགོས་དོན་ནི་འོས་འདེམས་བྱས་པའི་སྤྱི་འཐུས་ཞེ་གསུམ་ཡོད་པའི་རྒྱུ་མཚན་གྱིས་ཡིན། གྲངས་འབོར་དེ་མ་ཚང་ན་སྤྱི་འཐུས་ཀྱི་གྲུབ་ཆ་ཚང་གི་མེད་ཙང་རྩ་འབོར་རྩི་སྟངས་དེ་རེད། ཞེ་དྲུག་མང་མཐར་འཛིན་དགོས་དོན་ནི། ྋསྐྱབས་མགོན་རིན་པོ་ཆེ་ལ་སྤྱི་འཐུས་གཅིག་ནས་གསུམ་བར་གྱི་ཐད་བསྐོས་གནང་རྒྱུའི་སྐུ་དབང་གི་ཆ་རྐྱེན་དེ་བཅའ་ཁྲིམས་ནང་ཕུལ་ཡོད། ཡིན་ནའང་ྋསྐྱབས་མགོན་རིན་པོ་ཆེ་ནས་ཐད་བསྐོས་མ་གནང་ན་མི་ཆོག་པ་དེ་འདྲ་གསལ་མེད། དེ་འདྲ་སོང་ཙང་ཐད་བསྐོས་སྤྱི་འཐུས་གཅིག་གནང་ནའང་འགྲིགས་པ་དང༌། གསུམ་གནང་ནའང་འགྲིགས་པ་རེད། གལ་སྲིད་ཐད་བསྐོས་གསུམ་གནང་ཡོད་ན་རྩ་འབོར་ཞེ་དྲུག་དང༌། དེ་བཞིན་གཅིག་གནང་ཡོད་ན་ཞེ་བཞི། གཉིས་གནང་ཡོད་ན་ཞེ་ལྔ་ཆགས་ཀྱི་རེད། དེ་ཐད་བསྐོས་མང་ཉུང་ལ་ལྟོས་དགོས། འོས་བསྡུ་བྱས་པའི་སྤྱི་འཐུས་རྣམས་ནས་ས་མིག་སྟོང་པ་ཡོད་མེད་ལ་མ་ལྟོས་པར་རྩ་འབོར་ཞེ་གསུམ་དུ་བརྩི་དགོས་པ་དེ་ཁྲིམས་ལུགས་རེད། ངོ་ཡོད་ཀྱི་གྲངས་འབོར་ཟེར་བ་དེ་ཚོགས་འདུ་འཚོགས་པའི་རིང་གི་ངོ་ཡོད་བརྩི་སྲོལ་གཅིག་དང༌། སྤྱིར་བཏང་ས་མིག་ཐོག་འོས་ཐོན་མི་འགྲོ་ཡོད་པའི་ངོ་ཡོད་ཀྱི་གྲངས་བརྩི་སྲོལ་བཅས་གཉིས་ཡོད། དེས་ན་བར་མའི་འོས་བསྡུ་བྱེད་མ་ཐུབ་པའི་ས་མིག་སྟོང་པ་དེ་ཚོ་མ་གཏོགས། ཚོགས་དུས་དེའི་ཐོག་དགོངས་ཞུ་གནང་མཁན་རྣམས་ངོ་ཡོད་ནང་བརྩི་དགོས་པའི་གོ་སྐབས་ཤིག་དང༌། ཡང་ཚོགས་འདུའི་ནང་ངོ་ཡོད་མ་གཏོགས། ཚོགས་འདུ་དགོངས་ཞུ་གནང་མཁན་རྣམས་ངོ་ཡོད་ལ་བརྩི་མི་དགོས་པའི་གོ་སྐབས་ཤིག་ཀྱང་ཡོད། དེ་ལ་ཕན་གནོད་འདྲེས་པའི་གྲངས་ཚད་ཟེར། ད་ལྟ་ང་ཚོ་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་གནང་རྒྱུའི་ལས་རིམ་ཐོག་ཕྱག་ལས་གནང་བཞིན་པ་ཡིན་ཙང༌། འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་གཏོང་ཐུབ་རྒྱུར་ཕན་གནོད་འདྲེས་པའི་མི་གྲངས་ངོ་ཡོད་ཀྱི་གསུམ་ཆ་གཉིས་དགོས། འདིར་ངོ་ཡོད་ཟེར་བ་གྲོས་ཚོགས་ནང་བགྲོ་གླེང་བྱེད་བཞིན་པའི་སྐབས་གསང་བའི་འོས་ཤོག་འཕེན་པའམ། ཕྱག་བརྐྱང་བ་སོགས་ག་རེ་གནང་ཡང༌།དེའི་ཐོག་ཕན་གནོད་འདྲེས་ཐུབ་པའི་ངོ་ཡོད་དེ་བརྩི་དགོས། ས་མིག་སྟོང་པ་མིན་པར་སྤྱི་འཐུས་ངོ་མ་ཡོད་ཀྱང༌། ཚོགས་འདུ་འདིར་མ་ཕེབས་པའི་རིགས་དེ་སྐབས་འདིར་ངོ་ཡོད་དུ་མི་བརྩི། ཕན་གནོད་འདྲེས་པའི་གྲངས་འབོར་ཁ་སང་ཕྱི་ཚེས་ ༡༤ ཉིན་ཡིན་ན། ཚོགས་གཙོ་གཉིས་ལ་བརྩི་བའི་ངོ་ཡོད་རྩ་འབོར་སོ་དྲུག་དང༌། དེ་རིང་ཚེས་ ༡༦ ཉིན་རྩ་འབོར་སོ་བདུན་ཡོད། དེ་འདྲ་སོང་ཙང་དོན་གནད་རེ་རེ་ནས་གསུམ་ཆ་གཉིས་ཀྱི་མོས་ཤོག་ཉིན་སྔོན་མ་ ༢༤ དང༌། དེ་རིང་ ༢༥ ཐོབ་དགོས་རྒྱུ་དེ་མ་བྱུང་ན་མང་མོས་ཕལ་པ་ཙམ་གྱིས་སྒྲིག་གཞི་འདི་འགྱུར་བ་གཏོང་མི་ཐུབ།
འོས་ཤོག་བསྡུ་བའི་སྐབས་ལ་ཕྱོགས་དང༌། ཕྱོགས་འགལ། བར་བཞུགས་གནང་རྒྱུའི་ཐོབ་ཐང་སྤྱིར་བཏང་ནས་ཡོད་པ་བཞིན་ང་ཚོའི་གྲོས་ཚོགས་ལའང་ཡོད། དེ་འདྲ་ཡིན་དུས་གྲོས་ཚོགས་མང་པོ་ཞིག་གི་ནང་ཚོགས་གཙོས་གྲུབ་འབྲས་གསལ་བཤད་བྱེད་པའི་སྐབས་འོས་ཤོག་གནང་མཁན་ཕྱོགས་ལ་འདི་ཙམ་དང༌། ཕྱོགས་འགལ་ལ་འདི་ཙམ། བར་བཞུགས་གནང་མཁན་ནམ་འོས་མི་འཕེན་མཁན་གྱི་གྲངས་འབོར་བཅས་གསུམ་ག་གསལ་བཤད་བྱེད་མཁན་དེ་འདྲ་མང་པོ་ཡོད་ཀྱང༌། ང་ཚོས་འདིར་ཕྱག་ལེན་བསྟར་བཞིན་པ་ནི། ཕྱོགས་དང་ཕྱོགས་འགལ་གཉིས་ཀྱི་གྲངས་འབོར་བརྩི་བ་མ་གཏོགས། བར་བཞུགས་ཀྱི་གྲངས་བརྩིས་ཏེ་གསལ་བཤད་ཞུས་ཀྱི་མེད། དེ་དུས་ཚོད་ཆུད་གཟོན་གཏོང་རྒྱུ་ཙམ་མ་གཏོགས་དགོས་གལ་གཞན་མ་མཐོང༌། གང་ཡིན་ཞུས་ན་ལས་དོན་ཐག་གཅོད་གནང་རྒྱུ་དེ་ཕྱོགས་དང་ཕྱོགས་འགལ་གཉིས་ཀྱི་ཐོག་ནས་ཐག་གཅོད་གནང་དགོས་པ་ཞིག་རེད། བར་བཞུགས་གསལ་བསྒྲགས་མ་བྱས་པ་དེས་བར་བཞུགས་སྡོད་རྒྱུའི་ཐོབ་ཐང་འཕྲོག་པ་དེ་འདྲ་མིན་པས་ཧ་ལས་དགོས་པའི་གནས་སྟངས་ཤིག་མ་མཐོང༌།
འོས་བསྡུ་དང་འབྲེལ་ཡོད་ཀྱི་ཐུགས་གལ་ཆེན་པོའི་དགོངས་འཆར་གནང་མཁན་མང་པོ་ཞིག་བྱུང་སོང་ཡང༌། དེ་རྣམས་འོས་བསྡུ་ལས་ཁང་ནས་ཕྱག་ལེན་བསྟར་དགོས་རིགས་དང༌། སྒྲིག་གཞི་ནང་མི་གསལ་བ་ཞིག་ཡིན་ན། གཞུང་འཛིན་དང་སྤྱི་འཐུས་ཐོག་ནས་ཐག་གཅོད་གནང་རྒྱུ་མེད་གཤིས། གལ་ཆེ་ཇི་ལྟར་ཡང་སྒྲིག་གཞི་བསྐྱར་བཅོས་ཀྱི་ངོ་བོར་གྲོས་འཆར་འདོན་མ་ཐུབ་ཚེ། དགོངས་འཆར་གསུངས་པ་ཙམ་ལས་ལག་ལེན་དུ་འཁེལ་རྒྱུ་དཀའ། དེ་འདྲ་སོང་ཙང་ལག་ལེན་བསྟར་རྒྱུའི་དགོངས་འཆར་གལ་ཆེ་རིགས་ཚང་མ་སྒྲིག་གཞིའི་ལེའུ་དང་ནང་གསེས་དོན་ཚན་གང་དུ་འཚམས་པ་དེའི་ཐད་དུ་བཅུག་ནས་བཟོ་བཅོས་གྲོས་འཆར་བསྣམས་ནས་ཕེབས་ཚེ། ང་ཚོས་ངོས་ལེན་ཞུ་རྒྱུ་ཡིན། ད་ལྟ་ང་ཚོའི་སྒྲིག་གཞི་བསྐྱར་བཅོས་ཀྱི་ལས་རིམ་དེ། དེ་རིང་ཚར་རྒྱུའི་རེ་བ་བྱེད་བཞིན་ཡོད། གང་ཡིན་ཞུས་ན་ལས་རིམ་འདི་མགྱོགས་པོ་མ་ཚར་བ་ཡིན་ན། ྋསྐྱབས་མགོན་རིན་པོ་ཆེར་བཀའ་ཁྲོལ་ཞུ་རྒྱུ་དང༌། དེ་རྗེས་གཙང་བཤུས་བརྒྱབས་ནས་དབུས་འོས་བསྡུ་ལས་ཁང་ལ་འབུལ་དགོས། བསྐྱར་བཅོས་གྲོས་འཆར་མ་གནང་ཚེ་ལས་རིམ་ནང་བསྡད་པ་ཙམ་མ་གཏོགས་དེ་ལས་སྤྲོས་པའི་ཕན་གནོད་འདྲེས་རྒྱུ་མེད། ཅེས་གསུངས།

བོད་མི་མང་སྤྱི་འཐུས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཚོགས་དུས་དགུ་པ། ༡༩༩༥/༠༨/༡༢ ་་་ ༡༩༩༥/༠༨/༢༥