སྤྱི་འཐུས་ཀྱི་གྲངས་ཚད་མ་ལོངས་པའི་གྲོས་ཚོགས་སྐོར།
སྤྱི་འཐུས་ཀྱི་གྲངས་ཚད་མ་ལོངས་པའི་གྲོས་ཚོགས་སུ་བྱུང་བའི་ལས་རིམ་དེ་ཁྲིམས་འགལ་ཆགས་མེད་ཚུལ།
གསལ་པོ་བཟོ་དགོས་པའི་གནས་ཚུལ་ཞིག་ལ། ྋསྐྱབས་མགོན་རིན་པོ་ཆེ་གྲོས་ཚོགས་སུ་ཆིབས་བསྒྱུར་གནང་བའི་སྐབས་ལ་གྲོས་ཚོགས་ཀྱི་མི་འབོར་གྱི་ཚད་གཞི་ལོངས་དགོས་པ་གསལ་པོ་བྱས་ནས་བཅའ་ཁྲིམས་ཀྱི་དོན་ཚན་གང་གི་ནང་ལའང་གསལ་ཡོད་མ་རེད། ྋསྐྱབས་མགོན་རིན་པོ་ཆེ་མང་ཆེ་བ་གྲོས་ཚོགས་འཚོགས་བཞིན་པའི་སྐབས་མ་གཏོགས་གྲོས་ཚོགས་ཀྱི་དབུ་འཛུགས་ཀྱི་མཛད་སྒོའི་དབུ་འབྱེད་ལ་ད་ལྟ་ཕན་ཆད་ཕེབས་མེད། ད་རིང་ཆིབས་བསྒྱུར་གནང་བ་དེ་མཛད་འཆར་གྱི་བབ་དང་བསྟུན་ནས་ཕེབས་པ་མ་གཏོགས། ཚོགས་འདུའི་དབུ་འབྱེད་མཛད་སྒོའི་རྣམ་པ་བྱས་ནས་ཕེབས་ཡོད་མ་རེད། དེ་འདྲ་ཡིན་ཙང་ཉིན་དང་པོར་ངས་གསལ་བཤད་ཞུས་པ་ནང་བཞིན། ྋསྐྱབས་མགོན་རིན་པོ་ཆེ་གྲོས་ཚོགས་ལ་ཕེབས་པའི་སྐབས་ལ། གྲོས་ཚོགས་ཀྱི་ཚོགས་མིའི་གྲངས་འབོར་མ་ལོངས་པ་དེ་བཟང་སྤྱོད་ཀྱི་ཆ་ནས་ཞེ་དྲགས་ཀྱི་ཐབས་སྡུག་པོ་ཡིན་པ་སྐབས་དེ་དུས་ཞུས་ཡོད་ལ། ད་རིང་ཡང་བསམ་ཚུལ་དེ་རང་ཡིན། ཁྲིམས་ཀྱི་ཆ་ནས་ལས་རིམ་འདི་ཁྲིམས་མཐུན་མིན་པ་ཆགས་ཀྱི་མེད་པ་ལ་ངོས་འཛིན་བྱེད་ཀྱི་ཡོད། རྒྱུ་མཚན་གང་ཡིན་ཟེར་ན། ཁྲིམས་དང་སྒྲིག་གཞི་ག་འདྲ་ཞིག་ཡིན་ནའང༌། དེའི་ནང་དོན་དེ་གལ་ཆེ་བ་ཞིག་འཛིན་ཡོད་རེད། གྲོས་ཚོགས་ནང་ཚོགས་མི་གྲངས་ཚད་བཞག་དགོས་པའི་རྒྱབ་ལ་ལྟ་བའི་རྣམ་བཞག་འདྲ་པོ་དེ་ག་རེ་ཡོད་རེད་ཟེར་ན། མི་ཉུང་ཉུང་ཞིག་གིས་ཐག་གཅོད་བྱས་པ་ཡིན་ན། མི་མང་པོ་ཞིག་ཐག་གཅོད་བྱ་རྒྱུའི་ནང་ཆ་ཤས་ལེན་མ་ཐུབ་པའི་གོ་སྐབས་ཤིག་ལ་འདོད་པ་མི་མཐུན་པའི་མི་ཉུང་ཉུང་ཚོགས་ནས་ཐག་གཅོད་བྱས་ན་མང་གཙོའི་ལམ་སྲོལ་དང་འཐུས་མི་མང་ཆེ་བའི་ཁེ་ཕན་ལ་གནོད་རྒྱུའི་ཉེན་ཁ་ཞིག་ཡོད་པ་ཡིན་ཙང༌། ཚོགས་མིའི་གྲངས་ཚད་དེ་བཞག་གི་ཡོད། ཡིན་ནའང་ཚོགས་མིའི་གྲངས་ཚད་དེ་གྲོས་ཚོགས་ཀྱི་མཛད་སྒོ་དང་མཛད་སྲོལ་བྱེད་སྒོ་ Ceremonial Activity ཚང་མའི་ནང་གྲངས་ཚད་ངེས་པར་དུ་ཚང་དགོས་ཀྱི་མེད། རྒྱུ་མཚན་ནི་འདིའི་ནང་ལས་དོན་ཐག་གཅོད་བྱེད་ཀྱི་མེད། དེ་འདྲ་ཡིན་ཙང་ཚིག་དོན་གྱི་ཆ་ནས་སྒྲིག་འགལ་བྱུང་མེད་དྲན་གྱི་འདུག ཚོགས་གཙོ་གཉིས་ཀྱིས་བསམ་ཞིབ་ནན་ཏན་བྱས་པའི་གྲུབ་དོན་དེ་གྲོས་ཚོགས་ཀྱི་ཚོགས་མི་མ་ཚང་ནའང་ྋསྐྱབས་མགོན་རིན་པོ་ཆེ་གདན་འདྲེན་ཞུས་ནས་ཚོགས་འདུའི་དབུ་འཛུགས་གནང་ན་ལེགས་པ་ཡོད་པའི་ཐག་གཅོད་བྱས་པའི་རྒྱབ་ལ་བསམ་བློ་དེ་འདྲ་ཞིག་འཁྱེར་ཡོད། དེ་འདྲ་ཡིན་ཙང་ྋསྐྱབས་མགོན་རིན་པོ་ཆེའི་བཀའ་སློབ་ལས་གཞན་གྲོས་ཚོགས་ལ་དབང་བའི་ཚོགས་མི་ཚོས་རྣམ་དཔྱོད་ཀྱི་ཐོག་ནས་ཕྱག་བཞེས་བླང་དགོས་རྒྱུའི་ལས་དོན་གང་ཡང་དབུ་འཛུགས་ཀྱི་ཉིན་མོ་དེར། གྲོས་གཞིའང་བཞག་ཡོད་མ་རེད། བགྲོ་གླེང་གནང་ཡོད་མ་རེད། ཐག་གཅོད་གནང་ཡོད་མ་རེད། ཉི་མ་གཉིས་པ་ནས་ཚོགས་མི་ཚང་བ་ཡིན་ཙང༌། ང་ཚོའི་ལས་དོན་དབུ་འཛུགས་བྱས་པ་གྲོས་ཚོགས་ཀྱི་ཚོགས་མི་ཚང་མས་མཁྱེན་གྱི་ཡོད་པ་རེད། དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་ཁག་ཡོད་མ་རེད། དེ་དུས་ཕེབས་ཡོད་མ་རེད། གྲོས་ཚོགས་ཀྱིས་མཁྱེན་དགོས་པའི་གནས་ཚུལ་ཞིག་ལ། གྲོས་ཚོགས་མང་ཆེ་བའི་ནང་ལ་དངོས་སུ་ལས་དོན་ལག་ལེན་བསྟར་བའི་སྐབས་ལའང༌། ཚོགས་མིའི་གྲངས་ཚད་མ་ཚང་བ་ཡིན་ན་ལས་དོན་བྱེད་མི་ཆོག་པའི་རྣམ་བཞག་གི་ཁྲིམས་གཞི་ཡོད་པ་དེ་ལག་ལེན་མ་བསྟར་མཁན་མང་པོ་ཡོད་པ་རེད། ནུབ་ཕྱོགས་དང་ཤར་ཕྱོགས་གཉིས་ཀ་ལའང་ཡོད། དེང་རབས་ཀྱི་གྲོས་ཚོགས་མང་པོ་ཞིག་གི་ནང་ལ་ཉུང་མཐའ་མ་ཚང་ནའང་ལས་དོན་བྱེད་བསྡད་མཁན་མང་པོ་ཡོད་པ་རེད། རྒྱ་གར་ལ་ཆ་བཞག་པ་ཡིན་ན། ཚོགས་མི་ཞེ་དྲགས་མང་པོ་ཡོད་རེད། དེ་གསུམ་ཆ་གཉིས་ཡོད་ན་ལས་དོན་བྱེད་ཆོག་གི་ཡོད་པ་རེད། ཡིན་ནའང་གསུམ་ཆ་གཉིས་ཡོད་པ་ཞེ་དྲགས་ཀྱི་ཁག་པོ་རེད། ལྷག་པར་དུ་དགོང་དྲོ་ཕྱིས་པོ་ཡིན་ན། ལྔ་བརྒྱ་ཉི་ཤུའི་གྲོས་ཚོགས་ནང་མི་བཅུ་གཉིས་བཅུ་གསུམ་ཚོགས་ནས་བསྡད་པའི་སྐབས་མང་པོ་ཡོད་པ་རེད། ཡིན་ནའང་གྲོས་ཚོགས་ཀྱི་ལས་རིམ་བཀག་གི་ཡོད་པ་མ་རེད། ཚོགས་གཙོས་ནམ་ཡང་ཚོགས་མི་ཉུང་དང་མ་ཉུང་བལྟ་གི་མེད། ག་དུས་དོ་སྣང་གནང་གི་ཡོད་རེད་ཞུས་ན། ཚོགས་གཙོ་ལ་འབོད་སྒྲ་སྦྱར་ནས། ང་ཚོའི་ཚོགས་མི་ཉུང་མཐའ་ཚང་གི་ཡོད་རེད་དམ་ཞེས་དྲི་བ་འདྲི་བ་ཡིན་ན། གནས་སྐབས་དེ་རང་ལ་ཚོགས་གཙོས་གྲངས་ཀ་བརྒྱབས་ནས་ཚང་གི་ཡོད་མེད་བལྟས་སྐབས། ཚང་གི་མེད་ན་ཚང་རྒྱུའི་དྲིལ་བརྡ་ཡང་ཡང་གཏོང་རྒྱུའི་གནས་སྟངས་ཤིག་བྱེད་ཀྱི་ཡོད་པ་རེད། གལ་སྲིད་མི་ཉུང་དྲགས་ཡོད་ན། ལས་དོན་མཚམས་བཞག་ནས་ཉུང་མཐའ་ཚང་རྒྱུའི་འབད་བརྩོན་བྱེད་ཀྱི་རེད་མ་གཏོགས། དྲི་བ་དེ་འདྲ་ཞིག་མ་བྱུང་བར་དུ་ཚོགས་གཙོས་གྲངས་ཀ་ཚང་ཡོད་པ་ལ་གཞི་བཞག་ཐོག་འགོ་འཛུགས་བྱས་ནས་འགྲོ་བསྡད་ཀྱི་ཡོད་པ་རེད། དེ་ལ་ཁྲིམས་འགལ་རེད་ཟེར་མཁན་མང་གཙོའི་ལམ་སྲོལ་གང་དུའང་ཡོད་མ་རེད། ལབ་ན་གྲོས་ཚོགས་ཀྱི་འཐུས་མི་གཅིག་གིས་ལབ་དགོས་ཀྱི་ཡོད་པ་རེད། གྲོས་ཚོགས་ཀྱི་འཐུས་མི་ཚོས་དེ་ལབ་རྒྱུའི་འདོད་པ་བྱེད་ཀྱི་ཡོད་མ་རེད། ལྷག་པར་དུ་ནུབ་ཕྱོགས་དང་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཚོར་ཆ་བཞག་ན། གྲོས་ཚོགས་ཀྱི་ཁང་པ་གང་དུ་ཡིན་ན་གཟུགས་མཐོང་རླུང་འཕྲིན་གྱི་མཐུན་རྐྱེན་སྤྲད་ཡོད་པ་རེད། དེ་ཡིན་དུས་དངོས་སུ་གྲོས་ཚོགས་ནང་སྐད་ཆ་ཉན་མཁན་དང་ལས་དོན་ཐོག་ཕྱག་བཞེས་གནང་མཁན་ཧ་ལམ་བརྒྱ་ཆ་ ༩༠ ཐམ་པ་གྲངས་ཚད་ལོང་གི་ཡོད་མ་རེད་ཅེས་ལབ་ཀྱང་འགྲིག་པའི་བཟོ་འདྲ་ཡོད། སོ་སོའི་ཚོགས་ཆུང་གི་ཁང་མིག་ནང་བསྡད་ཡོད་ནའང་རེད། ཇ་ཁང་ནང་བསྡད་ཡོད་ནའང་རེད། གཟུགས་མཐོང་རླུང་འཕྲིན་ནང་ནས་ཁོ་རང་འགྲོ་རན་གྱི་ཡོད་མེད་བལྟས་ནས་འགྲོ་རན་གྱི་ཡོད་ན་ལམ་སེང་འགྲོ་བ་མ་གཏོགས། དུས་རྒྱུན་དུ་གྲོས་ཚོགས་ཀྱི་ཁང་པའི་ནང་བསྡད་ཀྱི་རེད་དེ། གྲོས་ཚོགས་ཀྱི་ཚོགས་ཁང་ནང་བསྡད་རྒྱུ་དཀོན་པོ་རེད། ཡིན་ནའང་ངས་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཚོར་དཔེ་བལྟ་དགོས་ཀྱི་རེད་ཞུ་གི་མེད། བསམ་འཆར་ཡང་བཤད་ཀྱི་མེད། ང་ཚོ་ད་ལྟ་ཡར་ཐོན་ཅན་མ་རེད། ཡར་ཐོན་ཅན་ལ་དཔེ་བལྟ་ཐུབ་རྒྱུ་མེད། ཉིན་དང་པོའི་ཉིན་ཚོགས་མི་གྲངས་ཚད་མ་ལོངས་པ་དེའི་རྒྱུ་མཚན་གྱིས་ཚོགས་འདུའི་མཚན་ཉིད་མ་ཚང་བ་དང༌། བཅའ་ཁྲིམས་དང་སྒྲིག་གཞིའི་དགོངས་དོན་དང་འགལ་བ། དེ་ལ་བརྟེན་ནས་གྲོས་ཚོགས་ཀྱི་ཐོག་ལ་ཁྲིམས་དང་བཟང་སྤྱོད་ཀྱི་ཐོག་ནས་ཆ་ཤས་མ་ཚང་བའི་གནས་ཚུལ་དེ་འདྲ་གང་ཡང་ཆགས་ཡོད་མ་རེད་ཅེས་ཚོགས་གཙོས་ལབ་ཐུབ་རྒྱུ་ཞིག་རེད། ཡིན་ནའང་དེའི་རྒྱུ་མཚན་དབང་གིས་སྤྱི་འཐུས་མང་པོ་དུས་ཚོད་ལ་མ་ཚང་བ་དང༌། དགོངས་ཞུ་གནང་བ་དེ་ཚོ་ཡག་པོ་ཡིན་པའི་སྒྲུབ་བྱེད་དུ་ནམ་ཡང་འགྲོ་གི་མ་རེད་བསམ་གྱི་འདུག ཅེས་གསུངས།
བོད་མི་མང་སྤྱི་འཐུས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཚོགས་དུས་བརྒྱད་པ། ༡༩༩༥/༠༢/༠༡ ་་་ ༡༩༩༥/༠༢/༡༤