སྤྱི་མཐུན་མཉམ་འབྲེལ་ཚོགས་པ་དང་འབྲེལ་བའི་དྲི་བ་དྲིས་ལན།
སྤྱི་འཐུས་སྒྲོལ་དཀར་ལྷ་མོ་ལགས་ནས། ༄༅། །རང་གཞུང་མཆོག་ནས་རང་རིགས་མང་ཚོགས་ཀྱི་ཁེ་ཕན་ལ་དམིགས་ཏེ། བོད་རིགས་གནས་ཡུལ་གཞིས་ཆགས་ཁག་གི་མཉམ་འབྲེལ་རྣམས་སྤྱི་མཐུན་མཉམ་འབྲེལ་ཚོགས་པ་ཆེད་བཙུགས་གནང་བ་དང༌། སྔ་རྗེས་ཟབ་སྦྱོང་དང་ལམ་སྟོན་རོགས་ཕན་གནང་བ་མ་ཟད། ལོ་མང་རིང་གཞུང་ལ་ཁེ་ཕན་བྱུང་དང་འབྱུང་བཞིན་པའི་སྒང་ཏོག་བོད་ཀྱི་ཟ་ཁང་སོགས་སྤྱི་མཐུན་མཉམ་འབྲེལ་ཚོགས་པ་ལ་གནང་ཟིན་གྱིས་ལས་གཞི་འགོ་འཛུགས་ཟིན་ཡོད་ན་དོགས་འདྲི་ཞུ་རྒྱུ།
༡ སྤྱི་མཐུན་མཉམ་འབྲེལ་ཚོགས་པའི་དགོས་པ་དང་དམིགས་ཡུལ་ཇི་ཡིན། དེ་བཞིན་བཟང་ཕྱོགས་སུ་འགྲོ་ཐུབ་ཀྱི་ཡོད་དམ་མེད།
༢ སྤྱི་མཐུན་མཉམ་འབྲེལ་ཚོགས་པས་དེའི་ནང་ཡོད་ཚོགས་པ་རྣམས་དང༌། ཚོགས་པ་དེས་འབྲེལ་ཡོད་མང་ཚོགས་ལ་ཁེ་ཕན་གནང་འཆར་གང་ཡོད་དམ། དེ་བཞིན་ཚོགས་པའི་ནང་མེད་པའི་རང་རིགས་འཁོས་དམན་རྣམས་ལ་རོགས་ཕན་གནང་ཐུབ་ཀྱི་ཡོད་དམ་མེད།
༣ སྤྱི་མཐུན་མཉམ་འབྲེལ་ཚོགས་པས་སྒང་ཏོག་བོད་ཀྱི་ཟ་ཁང་སོགས་ཆེད་རང་གཞུང་ལ་སྨན་པའི་ཁེ་ཕན་གྱི་ཚད་གཞི་ཇི་ཙམ་འབྱུང་བའི་གཏན་འབེབས་གནང་ཡོད་གསལ་བཤད་བཀྲིན་ཆེ་བ་ཞུ།
བཀའ་ལན།
༡ བོད་མིའི་སྤྱི་མཐུན་མཉམ་འབྲེལ་ཚོགས་པའི་དགོས་པ་དང་དམིགས་ཡུལ་ནི་ཚོགས་མི་མཉམ་འབྲེལ་རྣམས་ཀྱི་ཉམས་མྱོང་ཕན་ཚུན་བརྗེ་ལེན་གྱིས་གཅིག་ཕན་གཅིག་གྲོགས་ཡོང་ཐབས་དང༌། གཞིས་མི་རྣམས་ཀྱི་ཐོན་སྐྱེད་རྣམས་ཕྱིར་ཚོང་གི་ཆ་རྐྱེན་སྐྲུན་ཐབས། ཚོགས་མི་མཉམ་འབྲེལ་ཁག་གི་ཡོང་འབབ་བཟང་དུ་འགྲོ་ཐབས། འཛུགས་སྐྲུན་ལས་གཞི་གསར་སྤེལ་དང་སྐོར་རྒྱག་མ་དངུལ་བུན་གཏོང༌། ལས་འཆར་ཁག་ལ་ཉམས་ཞིབ་དང་བཏང་འཛིན། ཚོགས་མི་མཉམ་འབྲེལ་ཁག་གི་འགན་ལྷན་དང་ལས་བྱེད་ལ་དུས་བསྟུན་ཟབ་སྦྱོང་སྤྲོད་རྒྱུ་བཅས་ཡིན་འདུག བོད་མིའི་སྤྱི་མཐུན་མཉམ་འབྲེལ་དེ་བཞིན་བཟང་ཕྱོགས་སུ་འགྲོ་ཐབས་ཀྱི་གོམ་པ་མདུན་སྤོས་བྱེད་མུས་རེད་འདུག
༢ སྤྱི་མཐུན་མཉམ་འབྲེལ་གྱི་རྩ་ཁྲིམས་དང༌། ཁྱད་པར་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་རྒྱུན་མཁོའི་སྒྲིག་གཞིའི་ནང་གསལ་ཚོགས་མི་མཉམ་འབྲེལ་ཁག་ལ་ཁེ་ཕན་བགོ་སྤྲོད་བྱེད་རྒྱུ་ཡིན་འདུག་ཅིང༌། ཚོགས་མི་མཉམ་འབྲེལ་སོ་སོའི་བརྒྱུད་ས་གནས་མཉམ་འབྲེལ་ཚོགས་མི་རྣམས་ལའང་ཁེ་ཕན་ཐོབ་རྒྱུ། མཉམ་འབྲེལ་ཚོགས་མི་མིན་པའི་འཁོས་དམན་རྣམས་ལ་ཐད་ཀར་ཁེ་ཕན་བགོ་སྤྲོད་མི་ཆོག་ཀྱང༌། སྤྱི་ཚོགས་བདེ་དོན་ལས་གཞི་ཁག་བརྒྱུད་ཕན་ཐོགས་ཡོང་རྒྱུ།
༣ སྒང་ཏོག་མགྲོན་ཁང་གི་ས་ཁང་སྤུས་ཚོང་གནང་རྒྱུ་མིན་པ་དང༌། ཚོང་ལས་ལ་སྒོར་ ༡༩༨༠༤༧༨༩།༠༠ དང༌། འཛིན་ཆས་དང་གཏའ་འཇོག་ཁག་ལ་སྒོར་ ༡༨༠༤༧༨༩།༠༠ ཐོག་བོད་མིའི་སྤྱི་མཐུན་མཉམ་འབྲེལ་ལ་སྤུས་ཚོང་བྱ་རྒྱུ་བྱས་པ་ཡིན། བོད་མིའི་སྤྱི་མཐུན་མཉམ་འབྲེལ་ནས་གོང་གསལ་ཚོང་ལས་སྤུས་ཉོ་ཐུབ་ངེས་ཀྱི་རོགས་དངུལ་ལམ་དངུལ་འབབ་འདུ་འགོད་མ་བྱུང་བར་གནས་སྐབས་ཚོང་ལས་ཀྱི་བོགས་མ་དང་ལས་ཤག་གི་ཁང་དོད་མཚོན་བྱེད་ལོ་རེར་སྒོར་ ༢༩༤༨༠༠༠།༠༠ ཐམ་པ་དཔལ་ལས་སུ་འབུལ་རྒྱུ་གནང༌།
དྷ་ས་བོད་ཀྱི་མགྲོན་ཁང་གི་ཚོང་ལས་དང་ས་ཁང་བཅས་པ་སྒོར་ ༢༦༩༩༤༤༢༥།༠༠ དང༌། འཛིན་ཆས་དང་གཏའ་འཇོག་ཁག་ལ་སྒོར་ ༡༣༣༧༤༡༨།༠༠ ཐོག་བོད་མིའི་སྤྱི་མཐུན་མཉམ་འབྲེལ་ལ་སྤུས་ཚོང་བྱ་རྒྱུ་བྱས་པ་ཡིན། བོད་མིའི་སྤྱི་མཐུན་མཉམ་འབྲེལ་ནས་དེ་དག་སྤུས་ཉོ་གནང་རྒྱུའི་ཆེད་རོགས་དངུལ་ལམ་ཡོང་ཁུངས་གཞན་ནས་དངུལ་འབོར་འདུ་འགོད་མ་བྱུང་བར་དྷ་ས་བོད་ཀྱི་མགྲོན་ཁང་གི་བོགས་མ་མཚོན་བྱེད་ལོ་རེར་སྒོར་ ༡༣༢༣༠༠༠།༠༠ ཐམ་པ་དཔལ་ལས་སུ་འབུལ་རྒྱུ་གནང༌།
ནང་སྲིད་ཁྱབ་ཁོངས་དིལླཱི་ཕྱིར་ཚོང་ཁང་གི་ཚོང་གི་བོགས་དོད་ལོ་བཞིའི་རིང་ལོ་རེར་སྒོར་ ༨༠༩༧༧༥།༠༠ རེ་དང༌། ཁང་གླ་ལོ་རེར་སྒོར་ ༡༠༣༢༠༠།༠༠ བཅས་འབུལ་རྒྱུ་དང༌། སྤུས་ཉོ་བྱ་རྒྱུའི་གནས་སྟངས་ཤར་སྐབས་སྒོར་ ༣༨༣༠༡༡༥།༦༣ ཐོག་སྤུས་ཚོང་ཞུ་རྒྱུ་བྱས་ཡོད། བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱིས་གོང་གསལ་བོད་ཀྱི་མགྲོན་ཁང་གཉིས་དང་ཕྱིར་ཚོང་ཁང་སྤུས་གཟིགས་གནང་གྲུབ་མཚམས་སྒང་ཏོག་བོད་ཀྱི་མགྲོན་ཁང་གི་ཁང་གླར་ལོ་རེར་སྒོར་ ༡༢༠༠༠༠༠།༠༠ དང༌། ལས་ཤག་གི་ཁང་གླར་ལོ་རེར་སྒོར་ ༡༢༠༠༠།༠༠ གྱི་ཁར་སྤྱི་མཚུངས་ཚོང་གི་ཁེ་འབབ་བརྒྱ་ཆ་བཅོ་ལྔ་ད་ལྟ་ནས་གཞུང་ལ་འབུལ་མུས་དེ་རྣམས་མུ་མཐུད་འབུལ་རྒྱུ་ཡིན་པ་བཅས།
སྤྱི་འཐུས་སྒྲོལ་དཀར་ལྷ་མོ་ལགས་ནས་འཕྲོས་དོན་དྲི་བར།
ད་ལྟ་ངས་དྭོགས་འདྲི་ཞུ་རྒྱུ་གཅིག་ག་རེ་ཆགས་ཀྱི་ཡོད་ཅེ་ན། བོད་མིའི་སྤྱི་མཐུན་མཉམ་འབྲེལ་ལྷན་ཚོགས་དེའི་འོག་ནས་བོད་མི་སྤྱི་ཡོངས་ཀྱི་སྒེར་པ་ཁག་གི་འཚོ་བའི་མདུན་ལམ་གྱི་ཐོག་ལ་ཕན་གནོད་ག་ཚོད་ཙམ་ཡོང་གི་ཡོད་རེད་དམ་ཞུ་རྒྱུ་ཡིན།
དེ་ནས་སྒང་ཏོག་མགྲོན་ཁང་གི་ས་ཁང་སྤུས་ཚོང་གནང་རྒྱུ་མིན་པ་ཞེས་པ་དེ་བཀྲིན་ཆེན་པོ་རེད། དེ་མ་ཡིན་པའི་འཛིན་ཆས་དང་ཚོང་ལས་དེ་ཚོ་སྤྱི་མཐུན་མཉམ་འབྲེལ་ལ་སྤུས་ཚོང་བྱས་པ་ཡིན་གསུངས་གནང་འདུག བོད་མིའི་སྤྱི་མཐུན་མཉམ་འབྲེལ་ནས་རོགས་དངུལ་ཡིན་ནའང་རེད། དངུལ་འབབ་འདུ་འགོད་མ་བྱུང་བར་དུ་གནས་སྐབས་ཚོང་ལས་ཀྱི་བོགས་མ་དང་ལས་ཤག་གི་ཁང་དོད་མཚོན་བྱེད་ལོ་རེར་སྒོར་ ༢༩༤༨༠༠༠།༠༠ ཐམ་པ་དཔལ་ལས་སུ་འབུལ་རྒྱུ་གནང་ཡོད་ཅེས་གསུངས་འདུག དེའི་ཐོག་ལ་སྤྱི་མཐུན་མཉམ་འབྲེལ་ལྷན་ཚོགས་དང་ལྷན་དུ་ཆོད་གན་ནམ་གན་རྒྱ་འཇོག་པའི་སྐབས་ལ་ལོ་གྲངས་རྒྱས་བཅད་བཞག་གནང་ཡོད་དམ། ལོ་གྲངས་རྒྱས་བཅད་དེ་དཔེར་ན་དྷ་ས་བོད་ཀྱི་མགྲོན་ཁང་གི་འཛིན་ཆས་དང་གཏའ་འཇོག་ཁག་ལ་སྒོར་ ༡༣༣༧༤༡༨།༠༠ རེད་འདུག དེ་ཡིན་དུས་ ༡༣༣༧༤༡༨།༠༠ ལ་ཆ་མཚོན་པ་ཡིན་ནའང་ལོ་བཅིུས་ཀྱི་ནང་ལ་ ༡༥༨༧༦༠༠༠།༠༠ ཙམ་ཆགས་ཀྱི་འདུག ལོ་ཉི་ཤུའི་ནང་ལ་ ༢༦༤༦༠༠༠༠།༠༠ ཙམ་ཆགས་ཀྱི་འདུག དེ་འདྲ་ཡིན་ཙང་ལོ་རྒྱས་བཅད་ཡོད་ན་ལོ་རྒྱས་བཅད་ཀྱི་ནང་ལ་དངུལ་འབོར་དེ་ཚོ་གནང་མ་ཐུབ་ཚེ་བོད་མི་སྒེར་པ་ཁག་གཞན་པ་ལ་སྤྲད་ཐུབ་རྒྱུ་གན་རྒྱའི་ནང་ལ་དེ་འདྲ་ཚུད་གནང་ཡོད་རེད་དམ་ཞེས་ད་ལྟའི་ཆར་བཀའ་འདྲི་ཞུ་རྒྱུ་ཡིན།
བཀའ་ལན།
འཕྲོས་དོན་དྲི་བ་དང་པོར། བོད་མི་རྣམས་ཀྱི་འཚོ་བའི་མདུན་ལམ་ལ་ཕན་གནོད་གང་འགྲོ་རྒྱུ་རེད་ཅེས་བཀའ་གནང་བའི་ཐད། དེའི་སྐོར་དྲིས་ལན་དངོས་གཞིའི་ནང་ཕུལ་ཡོད། སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་མི་ཡིན་པའི་མཉམ་འབྲེལ་བཅོ་ལྔ་ཡོད་པ་དང༌། དེ་ཚོ་གཞིས་ཆགས་ཁག་གི་མཉམ་འབྲེལ་རེད། སྤྱི་མཐུན་མཉམ་འབྲེལ་གྱི་ཁེ་འབབ་གང་བྱུང་བ་དེ་ཚོགས་མི་མཉམ་འབྲེལ་སོ་སོའི་བསྡུ་ཆའི་མ་འབབ་ལ་གཞིགས་པའི་བགོ་བཤའ་བརྒྱབ་རྒྱུ་རེད། ཚོགས་མི་མཉམ་འབྲེལ་གྱི་གཙང་ཁེ་དེ་ཚོ་མཉམ་འབྲེལ་སོ་སོའི་མ་ཤས་བདག་པོ་ཡོངས་རྫོགས་ལ་བགོ་བཤའ་བརྒྱབ་རྒྱུ་རེད། དེ་འདྲ་ཡིན་ཙང་མཉམ་འབྲེལ་ཁག་གི་ནང་དུ་ཡོད་པའི་གཞིས་མི་རྣམས་ཀྱི་འཚོ་ཐབས་ལ་ཕན་ཐོགས་ཡོང་རྒྱུ་ཞིག་དང༌། དེ་ཙམ་མ་ཟད་གཙང་ཁེའི་ནང་ནས་བརྒྱ་ཆ་གང་འཚམས་ཤིག་སྤྱི་ཚོགས་བདེ་དོན་གྱི་ལས་གཞིའི་ཐོག་གཏོང་དགོས་པ་དང༌། དེའི་བརྒྱུད་ནས་མཉམ་འབྲེལ་མ་ཤས་བདག་པོ་ཙམ་མ་ཡིན་པར་བཙན་བྱོལ་བོད་མི་ཡོངས་ཀྱི་འཚོ་བའི་མདུན་ལམ་ལ་ཕན་ཐོགས་ཡོང་སྲིད་པ་ཞིག་རེད།
འཕྲོས་དོན་དྲི་བ་གཉིས་པར། མགྲོན་ཁང་ཁག་སྤུས་བཙོངས་བྱས་པ་ཡིན་ཞེས་ལབ་འདུག་ཅེས་གསུངས་སོང༌། དེ་འདྲ་ཞུས་མེད། སྤུས་བཙོང་བྱ་རྒྱུ་བྱས་པ་ཡིན་ཞེས་ཞུས་པ་ཡིན། སྤུས་བཙོང་བྱེད་རྒྱུའི་ཆོད་གན་བཞག་ཟིན་ཡང་སྤྱི་མཐུན་མཉམ་འབྲེལ་ལ་ད་ལྟ་མ་དངུལ་ཉུང་བའི་དབང་གིས་སྤུས་ཉོ་བྱས་ཐུབ་ཡོད་མ་རེད། བྱས་ཙང་ད་ལྟ་ལོ་ལྔའི་རིང་བོགས་མ་བཏང་བ་རེད། ལོ་ལྔའི་བོགས་མའི་དུས་ཡུན་མ་རྫོགས་གོང་སྤུས་གཟིགས་གནང་ཐུབ་པ་ཡིན་ན་བོགས་མ་འབུལ་ཡུན་ཉུང་དུ་འགྲོ་རྒྱུ་དང༌། ལོ་ལྔའི་རྗེས་སུའང་སྤུས་གཟིགས་གནང་མ་ཐུབ་པ་ཡིན་ན་བོགས་མའི་ཆོད་གན་དུས་ཚོད་ཇི་འོས་སུ་གཉིས་མོས་ཀྱིས་འཕར་འགྱངས་ཆོད་གན་གཞག་རྒྱུ་རེད། དེ་སྐབས་བོགས་མའི་དངུལ་འབོར་ཡང་བསྐྱར་དུ་གཏན་འབེབས་བྱེད་དགོས་ཀྱི་རེད། དེ་ནི་ཕྱོགས་གཉིས་ནས་གྲོས་བསྡུར་བྱས་ཏེ་ཐག་གཅོད་བྱེད་རྒྱུ་ཞིག་རེད།
སྤྱི་འཐུས་བསྟན་འཛིན་ཆོས་ལྡན་ལགས་ནས།
སྒང་ཏོག་བོད་ཀྱི་གསོལ་མགྲོན་ཁང་དེ་ཁྱོན་བསྡོམས་སྒོར་འབུམ་ ༢༡༦ བྱས་ནས་བོགས་མར་བཏང་ནས་ལོ་རེར་འབུམ་ ༢༩ རེ་གནང་དགོས་ཀྱི་ཡོད་རེད་གསུང་གི་འདུག དེ་བཞིན་དྷ་ས་བོད་ཀྱི་གསོལ་མགྲོན་ཁང་ལ་ཡང་ཁྱོན་བསྡོམས་འབུམ་ ༢༨༣ འགྲོ་གི་འདུག ལོ་རེར་འབུམ་ ༡༣ རེ་གནང་དགོས་ཀྱི་ཡོད་རེད་གསུང་གི་འདུག དེ་འདྲ་སོང་ཙང་བཀའ་འདྲི་ཞུ་རྒྱུ་ཞིག་ལ། ལོ་ལྔའི་ཆོད་གན་བཞག་པ་ཁྱོན་བསྡོམས་ཚོང་བསྒྱུར་བྱས་པ་དེ་འབུམ་ ༤༩༩ རེད་འདུག བོགས་མར་བཏང་བ་ལས་ལོ་རེར་རག་པའི་དངུལ་དེ་ཚོང་བསྒྱུར་རིན་འབབ་ལས་གཅོད་གནང་གི་ཡོད་རེད་དམ། ཡང་ན་བོགས་མར་བྱས་ནས་དམིགས་བསལ་ལོགས་ཀ་འཇོག་གི་ཡོད་རེད་དམ། མ་རྩ་འབུམ་ ༥༠༠ ཙམ་ཡིན་དུས་སྒང་ཏོག་དེར་ལོ་བདུན་དང་ཕྱེད་ཀ་དང༌། དྷ་ས་དེར་ལོ་ཉི་ཤུ་རྩ་གཅིག་དང་ཕྱེད་ཀ་ལྷག་ཙམ་འགོར་ས་རེད། ང་ཚོ་གཞུང་གིས་མ་རྩ་ཆེན་པོ་ཞིག་སྤྱི་མཐུན་མཉམ་འབྲེལ་ལ་བེད་སྤྱོད་གཏང་རྒྱུ་བཞག་ཡོད་དུས། དེའི་ཐོག་ནས་གཞུང་ལ་སྐྱེད་འབབ་ཅིག་ཀྱང་དགོས་ཀྱི་ཡོད་རེད། དེ་གནང་གི་ཡོད་མེད་བཀའ་འདྲི་ཞུ་རྒྱུ་གཅིག་དང༌། སྤྱི་མཐུན་མཉམ་འབྲེལ་ནང་ལ་མེད་པའི་བོད་མི་ཚོར་དེའི་ནང་ལ་མ་རྩ་བཅུག་རྒྱུའི་ཐབས་ལམ་ཡོད་མེད་ཀྱི་སྐོར་དེ་ད་ལྟ་དོ་སྣང་བྱུང་མ་སོང༌། དེའི་སྐོར་གསལ་བཤད་ཅིག་གནང་རོགས་གནང་ཞུ་རྒྱུ་ཡིན། སྤྱི་མཐུན་མཉམ་འབྲེལ་ནང་ལ་མཉམ་འབྲེལ་གསར་པ་ཞིག་བཙུགས་ནས་འཛུལ་ཆོག་གི་ཡོད་མེད་དང༌། སྒེར་གྱི་ཐོག་ནས་འཛུལ་ཆོག་གི་ཡོད་མེད་ཀྱི་སྐོར་སྤྱི་མཐུན་མཉམ་འབྲེལ་གྱི་སྒྲིག་གཞིའི་ནང་དུ་འཁོད་ཡོད་མེད་བཅས་ཀྱི་སྐོར་བཀའ་འདྲི་ཞུ་རྒྱུ་ཡིན།
བཀའ་ལན།
བོགས་མ་བཏང་བ་དང་བཙོངས་པ་གཉིས་རྦད་དེ་ཐ་དད་རེད། ཚོང་གི་འགྲོ་སྟངས་མཁྱེན་མཁན་ཚོས་གནས་ཚུལ་དེ་མཁྱེན་དགོས་ཀྱི་རེད། ད་ལྟ་གཞུང་གི་མགྲོན་ཁང་གཉིས་དང་ཕྱིར་ཚོང་ཁང་གི་ལས་གཞི་ཡོངས་རྫོགས་སྤྱི་མཐུན་མཉམ་འབྲེལ་ལ་རྩིས་སྤྲད་ཟིན་པ་དང༌། སྤྱི་མཐུན་མཉམ་འབྲེལ་གྱིས་ཚོང་ལས་ཀྱང་གནང་བཞིན་པ་རེད། ཁེ་བཟང་ཡང་ཁོ་རང་ཚོས་ལེན་གྱི་རེད། དཔལ་འབྱོར་ལས་ཁུངས་ལ་ལོ་རེ་བཞིན་གཉིས་མོས་ཐག་ཆོད་བྱས་པའི་བོགས་མའི་དངུལ་འབབ་དེ་འབུལ་དགོས་ཀྱི་ཡོད་རེད། ས་ཆ་དང་ཁང་པ་ཡོངས་རྫོགས་དཔལ་འབྱོར་ལས་ཁུངས་ཀྱི་བདག་དབང་དུ་ཡོད་པ་རེད། ས་ཁང་དང་འཛིན་ཆས་ཚོང་ལས་བཅས་ཀྱི་ཆེད་གོང་དུ་ཞུས་པའི་ལོ་རེར་འབུམ་ཉི་ཤུ་རྩ་དགུ་དང་འབུམ་བཅུ་གསུམ་དེ་འབུལ་གྱི་ཡོད་རེད། བོགས་དངུལ་དེ་སྤུས་ཉོས་བྱས་པའི་རིན་འབབ་ལ་ནམ་ཡང་རྩིས་ཐབས་ཡོད་མ་རེད། ད་ལྟ་ང་ཚོས་རིན་གོང་གཏན་འབེབས་བྱས་པ་དེ་ཆོད་གན་གཞིར་བཟུང་ལོ་ལྔའི་ནང་གཟིགས་ཐུབ་པ་ཡིན་ན་གོང་ཚད་དེ་རང་རེད། ལོ་ལྔའི་ནང་སྤུས་གཟིགས་མ་ཐུབ་པར་བོགས་དུས་འཕར་འགྱངས་བྱེད་དགོས་བྱུང་བ་ཡིན་ན་སྤུས་གཟིགས་གནང་རྒྱུའི་གོང་ཚད་དེའང་སྐབས་དེའི་ཁྲོམ་རའི་གནས་བབ་ལ་གཞིགས་ནས་གསར་དུ་གཏན་འབེབས་བྱ་རྒྱུ་མ་གཏོགས། ད་ལྟའི་གོང་ཚད་རང་འཇགས་བསྡད་ཀྱི་མ་རེད། སྤུས་གཟིགས་གནང་སྐབས་གཏན་འབེབས་བྱས་པའི་རིན་འབབ་གང་ཡིན་གནང་དགོས་པ་མ་གཏོགས། བོགས་མའི་ཚུལ་དུ་ཕུལ་ཟིན་པའི་དངུལ་འབོར་རིམ་གསོག་གིས་རིན་འབབ་བརྩི་རྒྱུ་ཡོད་མ་རེད། ལོ་བརྒྱ་ཐམ་པ་བོགས་མ་སྤྲད་པ་ཡིན་ནའང་ས་ཁང་རང་བདག་ལ་འགྲོ་རྒྱུ་ཡོད་མ་རེད། གནས་ཚུལ་དེ་གཉིས་ཐ་དད་རེད།
ཡང་བཀུར་འོས་སྤྱི་འཐུས་ཀྱིས་དེང་སང་མཉམ་འབྲེལ་གསར་པ་ཞིག་བཙུགས་པ་ཡིན་ན་སྤྱི་མཐུན་མཉམ་འབྲེལ་ནང་འཛུལ་ཞུགས་ཆོག་གི་རེད་དམ་ཞེས་གསུངས་སོང༌། རྒྱ་གར་གཞུང་གི་མཉམ་འབྲེལ་གྱི་ཁྲིམས་གཞིའི་འོག་ཚད་ལྡན་དེབ་སྐྱེལ་བྱས་པའི་མཉམ་འབྲེལ་ག་འདྲ་ཞིག་ཡིན་ཡང་སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་མིར་འཛུལ་ཞུགས་ཆོག་གི་རེད། མཉམ་འབྲེལ་མ་གཏོགས་གང་ཟག་བྱེ་བྲག་པ་ཚོགས་མིར་ཞུགས་རྒྱུའི་ཆ་རྐྱེན་ཡོད་མ་རེད།
ད་ལྟའི་རྒྱ་གར་གྱི་མཉམ་འབྲེལ་གྱི་ཁྲིམས་གཞིའི་འོག་མཉམ་འབྲེལ་ཙམ་མ་ཟད། མཉམ་འབྲེལ་གྱི་དངུལ་ཁང་ Co-operative Bank ཡང་ཆགས་ཡོད། བྱས་ཙང་མི་མང་གིས་དངུལ་བཅུག་རྒྱུ་དང༌། བུ་ལོན་ལེན་རྒྱུའི་ཆ་རྐྱེན་ཡང་ཡོད་རེད།
སྤྱི་འཐུས་བསོད་ནམས་དགྲ་འདུལ་ལགས་ནས།
དྷ་ས་བོད་ཀྱི་མགྲོན་ཁང་དེ་དང་སྒང་ཏོག་གི་གསོལ་མགྲོན་ཁང་དེ་གཉིས་སྤྱི་མཐུན་མཉམ་འབྲེལ་ཚོགས་པར་བོགས་མར་བཏང་གནང་བ་རེད། ད་ལྟ་མཉམ་འབྲེལ་གྱིས་འདི་གཉིས་ཉོ་ཐུབ་རྒྱུའི་དངུལ་ཡོད་མ་རེད། དེ་འདྲ་སོང་ཙང་གནས་སྐབས་རིང་བོགས་མར་གཏང་རྒྱུ་ཞིག་དང༌། རིམ་བཞིན་རང་གཞུང་གིས་ཕྱི་རྒྱལ་ནས་རོགས་དངུལ་ཐབས་འཚོལ་གནང་སྟེ་དེའི་རོགས་དངུལ་ཐོབ་དུས་ཁོང་ཚོས་ཉོས་ཐུབ་ཀྱི་རེད་ཅེས་གོ་བྱུང༌། དེ་བདེན་པ་ཡིན་ནམ།
བཀའ་ལན།
དེ་བདེན་པ་ཡིན་པ་ཙམ་མ་ཟད་ད་ལྟའི་ལན་འདིའི་ནང་བྲིས་ཡོད་ཞུ་རྒྱུ་ཡིན།
སྤྱི་འཐུས་ཚེ་རིང་ཕུན་ཚོགས་ལགས་ནས།
དང་པོ་དེར་ད་ལྟའི་བཀའ་ལན་གྱི་ནང་གཞིས་མི་རྣམས་ཀྱི་ཐོན་སྐྱེད་ཕྱིར་ཚོང་གི་ཆ་རྐྱེན་སྐྲུན་ཐབས་ཞེས་བཀའ་ཕེབས་འདུག་པར་རང་ཉིད་གཞིས་ཆགས་ནས་ཡིན་པ་སོང་ཙང༌། དགའ་པོ་ཞེ་དྲགས་བྱུང་སོང་ཞུ་རྒྱུ་ཡིན། ངས་དྭོགས་འདྲི་ཞུ་རྒྱུ་དེ་གཞིས་མི་རྣམས་ཀྱི་ཐོན་སྐྱེད་ཕྱིར་ཚོང་གི་ཆ་རྐྱེན་དེ་ག་འདྲ་བྱས་ཏེ་བསྐྲུན་གྱི་རེད་དམ། གང་ཡིན་ཟེར་ན། ད་ལྟའི་ཆར་གཞིས་ཆགས་ནང་ཐོན་སྐྱེད་དེ་ཨ་ཤོམ་ཙམ་ལས་ཆེར་མེད་པས་སྤྱི་མཐུན་མཉམ་འབྲེལ་ངོས་ནས་དེ་ལྷག་ཙམ་ཞིག་ག་རེ་གནང་རྒྱུའི་འཆར་གཞི་ཡོད་དམ།
དེ་ནས་དྲིས་ལན་གཉིས་པའི་ནང་ཁྱད་པར་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་རྒྱུན་མཁོའི་སྒྲིག་གཞི་ནང་གསལ་ཚོགས་མི་མཉམ་འབྲེལ་ཁག་ལ་ཁེ་ཕན་བགོ་འགྲེམས་བྱ་རྒྱུ་ཡིན་ ཞེས་གསུངས་འདུག་པ་དེར་བཀའ་འདྲི་ཞུ་རྒྱུར། ད་ལྟའི་ཆར་མཉམ་སྦྲེལ་ ༡༥ ཡོད་པ་རེད། དེ་ཚོ་ལ་ཁེ་ཕན་བགོ་འགྲེམས་བྱེད་དུས་ག་འདྲ་བྱས་ཏེ་བགོ་འགྲེམས་བྱ་རྒྱུ་ཡིན་ནམ། ཁེ་ཕན་བགོ་འགྲེམས་བྱེད་དུས་མཉམ་འབྲེལ་དེ་ཚོ་ཆ་ཚང་གཅིག་མཚུངས་ཡིན་གྱི་མ་རེད། ཆེ་ཆུང་ལྟ་བུ་ཕྲན་བུ་ཁྱད་པར་ཡོད་ཀྱི་རེད་བསམ་གྱི་འདུག དེར་བརྟེན་ཁེ་ཕན་བརྒྱ་ཆ་སྐོར་སྟངས་ག་འདྲ་ཡིན་ནམ་ཞེས་ཞུ་རྒྱུ་དང༌།
དེ་ནས་ཁ་སང་མཉམ་འབྲེལ་ཁག་ ༡༥ དང་ ༡༦ ཞེས་གསུངས་སོང་བས་ད་ལྟ་ ༡༦ པ་དེ་ལ་སྤྱི་མཐུན་མཉམ་འབྲེལ་ནང་འཛུལ་ཞུགས་བྱ་མིན་སྐོར་བཀའ་འདྲི་ཞུ་རྒྱུ་བྱུང་ཡོད་དམ།
དེ་ནས་མཉམ་འབྲེལ་ཚོགས་མི་རྣམས་ལའང་ཁེ་ཕན་ཐོབ་ཀྱི་རེད་ཅེས་གསུངས་འདུག་པ་དེར་བཀའ་འདྲི་ཞུ་རྒྱུར། མཉམ་འབྲེལ་ཚོགས་མིར་ཁེ་ཕན་གོ་སྒྲིག་བྱེད་དུས་མ་ཤས་བདག་པོ་དེ་ཚོར་ག་ཚོད་ཐོབ་ཀྱི་ཡོད་མེད་སྐོར་བརྒྱ་ཆ་ད་ལྟའི་ཆར་སྐོར་ཡོད་དམ་མེད།
དེ་ནས་བཀའ་ལན་གསུམ་པའི་སྒང་ཏོག་གསོལ་མགྲོན་ཁང་མཚོན་པའི་ས་ཁང་སོགས་ཀྱི་གནས་བབ་ཞིབ་ཕྲ་འཁོད་པར་དགའ་ཚོར་བྱུང༌། ཡིན་ཡང་ད་ལྟ་རང་གཞུང་ནས་མཉམ་འབྲེལ་དེ་ཚོར་བཀའ་དྲིན་ཆེན་པོ་གནང་ཡོད་ཀྱང་གལ་སྲིད་ད་དུང་ཡང་མཉམ་འབྲེལ་དེ་ཚོ་རང་མགོ་མ་ཐོན་པར་གྱོང་གུན་དུ་ཕྱིན་ན། རང་གཞུང་ནས་བྱེད་སྒོ་རྣམ་གསུམ་དེ་འདྲ་བྱ་རྒྱུ་མཉམ་འབྲེལ་སྤྱི་མཐུན་ཚོགས་པ་དང་གན་རྒྱ་འདྲ་བཞག་ཡོད་དམ་མེད།
བཀའ་ལན།
གཞིས་མི་རྣམས་ཀྱི་ཐོན་སྐྱེད་ཕྱིར་ཚོང་ཞེས་འཁོད་འདུག གཞིས་མིའི་ཐོན་སྐྱེད་ག་འདྲ་ཞིག་ཕྱིར་ཚོང་བྱེད་ཀྱི་རེད་ཅེས་གསུངས་པའི་ཐད། གཞིས་མིས་ཐོན་སྐྱེད་ག་འདྲ་ཞིག་ཕྱིར་ཚོང་བྱ་རྒྱུའི་རེ་འདུན་གནང་ཡང་དེའི་ཆེད་དུ་སྤྱི་མཐུན་མཉམ་འབྲེལ་གྱིས་འབད་རྩོལ་བྱ་རྒྱུ་རེད། དེ་སྔ་བཟོ་ལས་གཞིས་ཆགས་ཁག་གི་ཐོན་སྐྱེད་གང་འཚམས་ཤིག་དིལླི་ནང་སྲིད་ཕྱིར་ཚོང་ཁང་བརྒྱུད་ནས་བཙོང་གི་ཡོད་འདུག ནང་སྲིད་ཕྱིར་ཚོང་ཁང་སྒེར་བདག་ཅན་དུ་བསྒྱུར་ན་གཞིས་ཆགས་མང་པོའི་ཐོན་སྐྱེད་བཙོང་ཡུལ་མེད་པ་ཆགས་ཀྱི་རེད་ཅེས་དགོངས་འཆར་གནང་མཁན་བྱུང་བ་ཡིན་ཙང༌། དིལླི་ཕྱིར་ཚོང་ཁང་དེ་གོང་ཚད་འགྲན་བསྡུར་མ་དགོས་པར་སྤྱི་མཐུན་མཉམ་འབྲེལ་ལ་ཕུལ་བ་རེད། དེའི་སྐབས་བོད་མིའི་གཞིས་ཆགས་ཁག་གི་ཐོན་སྐྱེད་གང་ཡོད་མུ་མཐུད་དིལླི་ཕྱིར་ཚོང་ཁང་ནས་ལེན་དགོས་པ་སྤྱི་མཐུན་མཉམ་འབྲེལ་ལ་ནང་དོན་གོ་བརྡ་སྤྲད་ཡོད། དེ་ཙམ་མ་ཟད་དེང་སང་སོ་ནམ་གཞིས་ཆགས་ཁག་ཏུ་སྐྱེ་ལྡན་སོ་ནམ་གྱི་ལས་གཞི་འགོ་འཛུགས་བྱེད་ཀྱི་ཡོད། ལས་གཞི་དེ་ལམ་ལྷོང་བྱུང་བའི་སྐབས་སྐྱེ་ལྡན་སོ་ནམ་གྱི་ཐོན་སྐྱེད་མང་པོ་ཕྱིར་ཚོང་རྒྱུགས་པོ་ཡོང་གི་རེད། དེའང་སྤྱི་མཐུན་མཉམ་འབྲེལ་གྱི་བརྒྱུད་ནས་གནང་ཆོག་གི་རེད།
ཡང་མཉམ་འབྲེལ་ཁག་བཅོ་ལྔ་ལ་ཁེ་ཕན་བགོ་འགྲེམས་ག་འདྲ་བྱེད་ཀྱི་རེད་ཅེས་བཀའ་འདྲི་གནང་སོང༌། དེ་ནི་ལས་སླ་པོ་རེད། མཉམ་འབྲེལ་སོ་སོས་ཐོག་མ་མ་ཤས་ཇི་ཙམ་བསྡུས་ཡོད་པ་དེའི་དངུལ་འབོར་ལ་དཔགས་ཏེ་ཆ་བགོས་བྱེད་ཀྱི་རེད། དཔེར་ན་སྤྱི་མཐུན་མཉམ་འབྲེལ་གྱིས་མ་རྩ་འབུམ་རེར་གཙང་ཁེ་སྒོར་སྟོང་རེ་ཐོབ་པའི་དབང་དུ་བཏང་ན་མ་ཤས་འབུམ་གཅིག་ཡོད་མཁན་ལ་གཙང་ཁེ་ཆིག་སྟོང༌། འབུམ་བཅུ་ཡོད་མཁན་ལ་གཙང་ཁེ་ཆིག་ཁྲིའི་བརྒྱ་ཆ་རྩིས་སྐོར་ནས་བགོ་འགྲེམས་བྱེད་རྒྱུ་རེད།
སྒང་ཏོག་ཏུ་ཡོད་པའི་མཉམ་འབྲེལ་དེ་སྤྱི་མཐུན་མཉམ་འབྲེལ་ནང་འཛུལ་གྱི་རེད་དམ་ཞེས་བཀའ་འདྲི་གནང་སོང༌། ང་ཚོའི་ངོས་ནས་མཉམ་འབྲེལ་ཁག་གི་ཚོགས་འདུ་དང་སྦྱོང་བདར་ཇི་འདྲ་ཞིག་ཡིན་རུང་མཉམ་འབྲེལ་བཅུ་དྲུག་ལ་གཅིག་གྱུར་བརྡ་ཐོ་གཏོང་གི་ཡོད། བྱས་ཙང་སྤྱི་མཐུན་མཉམ་འབྲེལ་འཛུགས་ཀྱི་ཡོད་པ་དང༌། དེའི་ནང་མཉམ་འབྲེལ་ཚང་མ་ཞུགས་ཆོག་པའི་སྐོར་སྒང་ཏོག་ཏུ་ཡོད་པའི་མཉམ་འབྲེལ་གྱིས་མཁྱེན་གྱི་ཡོད་རེད། ཁོ་རང་ཚོར་འཛུལ་འདོད་ཡོད་ན་སྤྱི་མཐུན་མཉམ་འབྲེལ་ནང་ངེས་པར་དུ་འཛུལ་ཆོག་གི་རེད།
ཁེ་ཕན་བགོ་བཤའ་རྒྱག་སྟངས་ག་འདྲ་རེད་ཅེས་གསུངས་པའི་ཐད། སྤྱི་མཐུན་མཉམ་འབྲེལ་གྱི་སྒྲིག་གཞི་གཞིར་བཟུང་བགོ་བཤའ་བརྒྱབ་རྒྱུ་རེད། ལོ་རེའི་གཙང་ཁེ་ནས་མང་མཐའ་བརྒྱ་ཆ་སུམ་ཅུ་ཚོགས་མི་མཉམ་འབྲེལ་ཚོར་དངུལ་རྐྱང་ཐད་བགོས་བྱེད་ཆོག་གི་འདུག སྤྱི་མཐུན་མཉམ་འབྲེལ་འགན་འཛིན་ལྷན་ཚོགས་ཀྱི་ཐག་ཆོད་གཞིར་བཟུང་དེ་ལས་ཉུང་བ་བགོས་ཀྱང་ཆོག་པ་རེད། བརྒྱ་ཆ་གཞན་དག་སྐོར་རྒྱག་མ་རྩ་དང༌། སྤྱི་ཚོགས་བདེ་དོན། ས་ཁང་སྐུལ་ཟད་སོགས་མང་པོ་ཞིག་གི་ཆེད་དུ་ཆ་བགོས་བྱེད་དགོས་ཀྱི་འདུག་པ་ངས་ཚང་མ་ཞུ་ཐུབ་ཀྱི་མི་འདུག བཀུར་འོས་སྤྱི་འཐུས་ཀྱིས་མཁྱེན་འདོད་ཡོད་ན་ཡིག་ཆ་འབུལ་ཆོག གཙང་ཁེ་བརྒྱ་ཆ་སུམ་ཅུ་ཚོགས་མི་མཉམ་འབྲེལ་ལ་བགོས་པའི་སྐབས་དེ་ཚོགས་མི་མཉམ་འབྲེལ་གྱི་གཙང་ཁེའི་ཆ་ཤས་ཆགས་ཀྱི་རེད། ཚོགས་མི་མཉམ་འབྲེལ་གྱི་གཙང་ཁེ་ཇི་ཡོད་ཀྱི་བརྒྱ་ཆ་སུམ་ཅུ་རེ་མ་ཤས་བདག་པོ་སོ་སོར་བགོ་བཤའ་བརྒྱབ་དགོས་ཀྱི་ཡོད་རེད།
དེ་ནས་ཡང༌། སྤྱི་མཐུན་མཉམ་འབྲེལ་ལམ་ལྷོང་མ་བྱུང་ན་གཞུང་གིས་ལྟ་རྟོག་བྱེད་ཕྱོགས་སྐོར་ཡིག་ཆ་བཞག་ཡོད་དམ་ཞེས་བཀའ་གནང་སོང༌། སྤྱི་མཐུན་མཉམ་འབྲེལ་ལམ་འགྲོ་མ་རྒྱུགས་པའི་དྭོགས་པ་མེད། རྒྱ་གར་ནང་མཉམ་འབྲེལ་ལམ་འགྲོ་མ་རྒྱུགས་པ་གོ་རྒྱུ་དཀོན་པོ་རེད། ལམ་འགྲོ་རྒྱུགས་དྲགས་པའི་སྐྱོན་ཡོད་པ་རེད། དཔེར་ན་ང་ཚོའི་རྒྱུན་སྤྱོད་ཀྱི་ཅ་དངོས་མང་པོ་ཉོ་ཡུལ་ཨ་མུལ་ཟེར་བ་དེའང་དུས་ཚོད་ཉུང་ངུའི་ནང་རྒྱལ་ཡོངས་ལ་ཁྱབ་པའི་ཚོང་པ་སྟོབས་ཆེན་ཞིག་ཏུ་གྱུར་པ་རེད། དེང་སང་ཁོ་ཚོར་ཡང་འཛིན་སྐྱོང་མཛད་གཙོ་ཚོའི་ནང་དཀའ་ངལ་ཞིག་ཡོད་ཚུལ་གོ་རྒྱུ་འདུག དེ་ནི་ལམ་འགྲོ་རྒྱུགས་དྲགས་ནས་འབ་སུ་མ་འདུས་པ་ཆགས་པ་མ་གཏོགས་ལམ་འགྲོ་མ་རྒྱུགས་ནས་གྱོང་གུན་ཕོག་པ་ཞིག་མ་རེད། ཡིན་ནའང་ང་ཚོའི་བོད་མི་སྤྱི་པའི་སྒྲིག་འཛུགས་དེ་ཚོས་གང་ལ་ལག་པ་འཆང་ནའང་གྱོང་གུན་འགྲོ་བའི་གནས་ཚུལ་ཞིག་ཡོད་པ་རེད། གལ་སྲིད་བརྟག་པ་མཐའ་བཟུང་གིས་ཁོང་ཚོ་ལམ་འགྲོ་མ་རྒྱུགས་པ་ཡིན་ན་ཚོང་ལས་སྡེ་ཚན་གསུམ་མ་ཉོས་གོང་ལམ་འགྲོ་མ་རྒྱུགས་པ་ཡིན་ན་ནི་དེ་ཚོ་སྒེར་བདག་ཅན་དུ་བསྒྱུར་རྒྱུའི་ལས་རིམ་བརྩམ་ཆོག་གི་རེད། མཉམ་འབྲེལ་ཁག་གིས་མ་ཤས་ཕྱིར་སློག་མ་ཐུབ་པ་ཡིན་ན་དེ་ནི་མཉམ་འབྲེལ་སོ་སོས་གྱོང་འཁྱེར་རྒྱུ་རེད། མདོར་བསྡུས་ན་བོད་མིའི་མཉམ་འབྲེལ་ཡོངས་རྫོགས་རང་སྐྱོང་གི་སྡེ་ཚན་ཡིན་ཡང་དཀའ་ངལ་བྱུང་སྐབས་གཞུང་ནས་གཟིགས་རྟོག་གནང་མུས་རེད། ལམ་སྲོལ་དེ་མ་འོངས་པར་ཡང་ཡིག་ཆ་བཞག་མིན་ལ་མ་ལྟོས་པར་བསྡད་ཀྱི་རེད། ཐུགས་དྭོགས་གནང་དགོས་དོན་མི་འདུག
སྤྱི་འཐུས་བསྟན་འཛིན་ཆོས་ལྡན་ལགས་ནས།
གོང་དུ་བཀའ་ལན་གནང་དུས་སྤྱི་མཐུན་མཉམ་འབྲེལ་གྱི་ནང་མ་ཤས་བདག་པོ་སོ་སོར་གཙང་ཁེ་དེ་བགོ་འགྲེམས་གནང་གི་རེད་ཅེས་བཀའ་གནང་སོང་བས་དེར་བཀའ་འདྲི་ཞུ་རྒྱུར། མཉམ་འབྲེལ་ཁག་ ༡༥ ནས་མ་ཤས་དེ་མང་དུ་བཏང་ཆོག་གི་ཡོད་དམ་མེད། ཡང་ན་དེར་ཚད་དང་དུས་བཀག་ལྟ་བུ་ཡོད་དམ་མེད།
གཉིས་པ། མཉམ་འབྲེལ་སྤྱི་ཡོངས་ཀྱི་མ་ཤས་ག་ཚོད་ཆགས་ཀྱི་ཡོད་མེད། ད་ལྟ་གསོལ་མགྲོན་ཁང་ལ་སོགས་སྡེ་ཚན་གསུམ་པོའི་བོགས་རིན་ཁ་སྔོན་གོ་སྟངས་ལྟར་ན། འདས་པའི་ལོ་ལ་གཞིགས་ནས་གཙང་ཁེ་བརྒྱ་ཆ་ ༣༠ བཞག་གནང་ཡོད་རེད་གསུང་གི་འདུག་པས་དེ་ལྟར་ཡིན་ནམ།
གསུམ་པ། ད་ལྟ་ཚོང་བསྒྱུར་རིན་འབབ་དེ་ལོ་ལྔ་རེའི་མཚམས་སུ་གཟིགས་རྒྱུ་རེད་གསུང་གི་འདུག མཉམ་འབྲེལ་སྤྱི་མཐུན་ནས་ལོ་ག་ཚོད་ནང་སྤུས་གཟིགས་ཐུབ་རྒྱུའི་ཆ་རྐྱེན་ཡོད་རེད་དམ། དེ་ལ་གསལ་བཤད་ཅིག་གནང་རོགས།
བཀའ་ལན།
ཚོགས་མི་མཉམ་འབྲེལ་ཚོས་མ་ཤས་མང་དུ་ངེས་པར་དུ་གཏང་ཆོག་གི་རེད། མ་ཤས་མང་དུ་གཏོང་རྒྱུའི་ལས་གཞི་འགྲོ་བཞིན་པ་ཡིན་ཚུལ་གོ་ཐོས་བྱུང༌། མ་ཤས་བཅུག་རྒྱུའི་དུས་ཚོད་རྒྱས་བཅད་ཡོད་མ་རེད། ག་དུས་བཅུག་བཅུག་རེད། ཚོགས་མི་མཉམ་འབྲེལ་སོ་སོས་དངུལ་འབེལ་ལོད་དང༌། གཞི་རྒྱ་ཆེ་ཆུང་ལ་དཔགས་པའི་མ་ཤས་འཛུགས་ཀྱི་ཡོད་པ་རེད། སྤྱི་མཐུན་མཉམ་འབྲེལ་ཡར་རྒྱས་ཕྱིན་ན་མ་ཤས་འཛུགས་མཁན་འཚང་ཁ་ཤིག་ཤིག་ཡོང་གི་རེད། ཐོག་མའི་མ་ཤས་དངུལ་འབོར་ཇི་ཡོད་ང་ལ་ཞུ་རྒྱུ་མེད། འབུམ་བཅུ་གཉིས་ལས་མ་ཉུང་བ་ཞིག་ཡོད་དགོས་ཀྱི་རེད།
ལོ་ལྔའི་བོགས་མའི་དངུལ་འབོར་དེ་གཏན་འབེབས་བྱེད་སྟངས་ག་འདྲ་ཡིན་ཞེས་བཀའ་གནང་བའི་ཐད། ཐོག་མ་དཔལ་འབྱོར་ལས་ཁུངས་ནས་ལོ་རེའི་རྩིས་ཞིབ་ཟིན་པའི་གཙང་ཁེ་ཇི་ཡོད་ནས་བརྒྱ་ཆ་སུམ་ཅུ་ཐམ་པ་བོགས་མར་འབུལ་རྒྱུའི་འཆར་གཞི་བཏོན་པ་རེད། འོན་ཀྱང་སྤྱི་མཐུན་མཉམ་འབྲེལ་ནས་གཙང་ཁེ་བགོ་བཤའ་བརྒྱབས་པ་ལྟ་བུ་བྱས་ན་ཁྲིམས་མཐུན་མིན་པས་ལོ་རེའི་བོགས་དངུལ་གཏན་འབེབས་བྱ་དགོས་གསུངས་པ་ལྟར་འདས་པའི་ལོ་གསུམ་གྱི་གཙང་ཁེ་བསྡོམས་འབོར་གྱི་གསུམ་ཆ་གཅིག་གི་བརྒྱ་ཆ་སུམ་ཅུ་བོགས་དངུལ་དུ་གཏན་འཁེལ་བ་རེད།
དེ་ནས་ཡང༌། སྤྱི་མཐུན་མཉམ་འབྲེལ་གྱི་ཚོང་ལས་སྡེ་ཚན་གསུམ་སྤུས་གཟིགས་ཐུབ་པའི་ཆ་རྐྱེན་ག་དུས་ཚང་གི་རེད་ཅེས་གསུངས་པའི་ཐད། ཆ་རྐྱེན་ད་ལྟ་ནས་ཚང་བཞིན་པ་རེད། གཏན་འབེབས་བྱས་པའི་རིན་དངུལ་ག་དུས་གནང་བ་ཡིན་ནའང་དེའི་སྐབས་ས་ཁང་ཡོངས་རྫོགས་མིང་བསྒྱུར་བྱེད་རྒྱུ་རེད།
ཡང་བཀུར་འོས་སྤྱི་འཐུས་ཀྱིས་གཞུང་གིས་རོགས་རམ་འཚོལ་གྱི་རེད་གསུངས་པ་དེ་དངོས་ཡོད་ཀྱི་གནས་ཚུལ་རེད་དམ་ཞེས་གསུངས་སོང༌། དེ་དངོས་ཡོད་ཀྱི་གནས་ཚུལ་མ་རེད། གཞུང་གིས་མཐུན་འགྱུར་ཞུ་རྒྱུ་ཙམ་མ་གཏོགས། རོགས་རམ་སྤྱི་མཐུན་མཉམ་འབྲེལ་རང་གིས་འཚོལ་དགོས་ཀྱི་རེད། འོན་ཀྱང་དངོས་དོན་རོགས་རམ་འཚོལ་དགོས་ཆགས་ཨེ་ཡོང་བསམ་གྱི་ཡོད། ཉེ་ཆར་སྤྱི་མཐུན་མཉམ་འབྲེལ་འགན་འཛིན་གྱིས་ལོ་ལྔའི་ནང་གཙང་མ་བཟོ་ཐུབ་རྒྱུའི་རེ་བ་མཐོང་གི་འདུག་ཅེས་གསུངས་ཀྱི་འདུག
སྤྱི་འཐུས་བསོད་ནམས་དགྲ་འདུལ་ལགས་ནས།
གོང་དུ་ངས་བཀའ་འདྲི་ཞུ་སྐབས། དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་ནས་བཀའ་ལན་གནང་བ་དེ་ཡག་པོ་ཞིག་གོ་དོན་རྟོགས་མ་སོང༌། མ་ཟད་འདིའི་ནང་བཀའ་ལན་གནང་ཡོད་གསུངས་པ་དེ་ཡང་ཏག་ཏག་ཅིག་བསྡད་ཀྱི་མི་འདུག འདིའི་ནང་བཀའ་གནང་བ་དེ་བོད་མི་སྤྱི་མཐུན་མཉམ་འབྲེལ་ལ་སྤུས་ཚོང་བྱ་རྒྱུ་བྱས་པ་ཡིན། བོད་མིའི་སྤྱི་མཐུན་མཉམ་འབྲེལ་ནས་གོང་གསལ་ཚོང་སྤུས་ཉོ་ཐུབ་ངེས་ཀྱི་རོགས་དངུལ་ལམ་དངུལ་འབབ་འདུ་འགོད་མ་བྱུང་བར་གནས་སྐབས་ཚོང་ལས་ཀྱི་བོགས་མ་དང་ལས་ཤག་བཅས་བཏང་ཡོད་གསུངས་པ་དེས་བོད་གཞུང་གི་རོགས་དངུལ་ཐབས་འཚོལ་གནང་རྒྱུའི་གོ་བ་ཆགས་ཐུབ་ཀྱི་མི་འདུག ཡིན་ན་ཡང་གོང་དུ་བཀུར་འོས་སྤྱི་འཐུས་ཤིག་གིས་བཀའ་འདྲི་ཞུས་པ་ལས་འཕྲོས་པའི་བཀའ་ལན་ལས་ཕལ་ཆེར་རོགས་དངུལ་ཐབས་ཤེས་གནང་མི་དགོས་པར་ཁོ་རང་ཚོས་ཐབས་འཚོལ་ཐུབ་ཀྱི་ཡོད་བཟོ་གསུངས་པ་དེས་ཕལ་ཆེར་གསལ་པོ་ཆགས་ཡོང་གི་འདུག གོང་དུ་བཀའ་གནང་བའི་དོན་གནད་དེ་དང་དོན་ཚན་ ༣ དེ་གཉིས་ང་རང་གིས་གསལ་པོ་ཞིག་རྟོགས་ཐུབ་ཀྱི་མི་འདུག
བཀའ་ལན།
སྤྱི་མཐུན་མཉམ་འབྲེལ་ལ་བཀའ་ཤག་གིས་ལས་འཆར་ཡི་གེ་བཟོ་རྒྱུ་དང༌། སྦྱིན་བདག་ཁག་གི་ཁ་བྱང་ངོ་སྤྲོད་བྱ་རྒྱུ། རྒྱབ་གཉེར་ཞུ་རྒྱུ་སོགས་དཔལ་འབྱོར་དང་ནང་སྲིད་གང་རུང་ཞིག་གིས་ཕྱག་རོགས་ཞུ་ཆོག་ཅེས་ཞུས་ཡོད། དངོས་སུ་རོགས་རམ་འཚོལ་རྒྱུ་སྤྱི་མཐུན་མཉམ་འབྲེལ་རང་གིས་གནང་རྒྱུ་མ་གཏོགས་བཙན་བྱོལ་གཞུང་གིས་རང་སྐྱོང་སྡེ་ཚན་ཞིག་གི་ཚབ་བྱས་ནས་རོགས་རམ་ཞུ་ཐབས་གཏན་ནས་མེད་པ་རེད། འདིའི་སྐོར་གསལ་པོ་མ་ཆགས་པ་ཨེ་ཡོད་བསམ་གྱི་ཡོད། གཞུང་གིས་རྒྱབ་གཉེར་དང་མཐུན་འགྱུར་ཞུ་རྒྱུ་ཡིན་ཞུས་པ་མ་གཏོགས། གཞུང་གིས་ཐད་ཀར་ཁོང་ཚོའི་ཆེད་དུ་རོགས་རམ་ཞུ་རྒྱུ་ཡིན་ཚུལ་ནམ་ཡང་ཞུས་མེད། གལ་སྲིད་རོགས་རམ་ཞུ་མ་དགོས་པར་ཁོ་རང་ཚོ་རང་མགོ་ཐོན་པ་ཞིག་བྱུང་བ་ཡིན་ན་ནི་གཡང་མཛེས་སྒང་གི་ཡར་སྒྲོན་རེད།
གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ། ༢༠༠༦།༣།༡༦ ནས་ ༢༠༠༦།༣།༢༩