སྤྱི་མཐུན་མཉམ་འབྲེལ་ཐོག་དྲི་བ་དྲིས་ལན།

སྤྱི་འཐུས་རྒྱལ་རོང་ཟླ་བ་ཚེ་རིང་ལགས་ནས། ནང་སྲིད་ལས་ཁུངས་མཉམ་འབྲེལ་རོགས་སྐྱོར་སྡེ་ཚན་གྱི་གོ་སྒྲིག་འོག་བཙན་བྱོལ་བོད་མིའི་སྤྱི་མཐུན་མཉམ་སྦྲེལ་གྱི་ཚོགས་ཆེན་ཐེངས་དང་པོ་རྡ་སར་ ༢༠༠༥ ཟླ་ ༦ ཚེས་ ༣ ནས་ཉིན་ལྔའི་རིང་བསྐོང་ཚོགས་གནང་བར་རྒྱ་གར་ནང་དེབ་སྐྱེལ་ཡོད་པའི་བོད་མིའི་མཉམ་འབྲེལ་བཅོ་ལྔ་ཡོད་པ་ནས་ཚོགས་ཞུགས་གནང་འདུག་ན་བཀའ་འདྲི་ཞུ་རྒྱུར། ཚོགས་འདུའི་ཐོག་གྲོས་ཆོད་སོགས་གང་དང་སྣོལ་འཇོག་ཞུས་ཡོད་དམ། སྤྱི་མཐུན་མཉམ་འབྲེལ་གྱིས་རང་གཞུང་ཕྱོགས་ནས་མཐུན་འགྱུར་དགོས་སྐོར་ཞུ་བསྐུལ་གང་དང་གང་གནང་ཡོད། རང་གཞུང་ནས་སྤྱི་མཐུན་མཉམ་སྦྲེལ་གྱི་གྲོས་ཆོད་དང་ཞུ་བསྐུལ་ཁག་ལ་མཐུན་འགྱུར་གནང་བཞེད་ཇི་ཡོད་བཅས་ཐོག་གསལ་བཤད་ཡོང་བ་ཞུ།

བཀའ་ལན།
༡ བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་ཆེན་དང་པོ་ནང་སྲིད་ནས་ཚོགས་འདུ་བསྐོང་འཚོགས་ཀྱི་འབྲེལ་མཐུད་མཐུན་འགྱུར་ཞུས་པ་ཙམ་ཞིག་ཡིན་སྟབས། ཚོགས་འདུའི་ཐོག་གྲོས་ཆོད་ཇི་འཇོག་གི་ངོ་བཤུས་ཕུལ་རིགས་མ་བྱུང༌།
༢ སྤྱི་མཐུན་མཉམ་འབྲེལ་ནས་བཀའ་ཤག་ལ་ཞུ་བསྐུལ་བྱུང་ཁག་གཤམ་གསལ།
ཀ སྒང་ཏོག་དང་རྡ་ས་བོད་ཀྱི་གསོལ་བགྲོན་ཁང་གཉིས་བོགས་གཏོང་དང་སྤུས་ཚོང་གང་ཡོང་གནང་ཐབས་ཞུ་བསྐུལ་གནང་བར་སྒང་ཏོག་བོད་ཀྱི་གསོལ་མགྲོན་ཁང་ས་ཁང་བོགས་གཏོང་དང་ཚོང་ལས་སྤུས་ཚོང༌། རྡ་ས་བོད་ཀྱི་གསོལ་མགྲོན་ཁང་སྤུས་ཚོང་གནང་རྒྱུ། གཉིས་ཀའི་མཐུན་རྐྱེན་མ་འཛོམས་བར་གླ་ཆུང་བོགས་གཏོང་གནང་རྒྱུ་དང༌།
ཁ བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱིས་དང་ཐོག་ཟླ་དྲུག་རྒྱུན་གྲོན་མཐུན་འགྱུར་ཡོང་བའི་ཞུ་བསྐུལ་གནང་བར་ཧིན་སྒོར་འབུམ་ ༢།༠༠ བཀའ་ཤག་ནས་གསོལ་བསྕལ་གནང༌།
ག བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་སྤྱི་ཁྱབ་འགན་འཛིན་པ་ཞིག་ཞབས་གཡར་ཡོང་བའི་ཞུ་བསྐུལ་གནང་བར་ཟུང་དྲུང་ངག་དབང་དོན་གྲུབ་ཞབས་གཡར་གནང་ཟིན།

སྤྱི་འཐུས་རྒྱལ་རོང་ཟླ་བ་ཚེ་རིང་ལགས་ནས་འཕྲོས་དོན་དྲི་བར།
དང་པོ་སྒང་ཏོག་གསོལ་མགྲོན་ཁང་དེ་ས་ཁང་བོགས་གླ་དང༌། ཚོང་ལས་དེ་སྤུས་ཚོང་གནང་རྒྱུ་ཡིན་གསུངས་འདུག གལ་སྲིད་བོགས་གླ་གཏང་རྒྱུ་ཡིན་ན། བོགས་གླ་བཏང་ཐུབ་ཡོད་དམ་མེད། བོགས་གླ་ཇི་ཙམ་གཏན་འབེབས་བྱུང་ཡོད་མེད། དེ་བཞིན་ཚོང་ལས་དེ་ཚོ་ཡང་ཚོང་བསྒྱུར་གྱི་རིན་འབབ་ག་ཚོད་ཆགས་ཀྱི་ཡོད། དེ་བཞིན་རྡ་ས་གསོལ་མགྲོན་ཁང་འདི་ཡང་ཚོང་བསྒྱུར་གནང་རྒྱུ་ཡིན་དུས་དེའི་མ་གནས་ག་ཚོད་ཙམ་ཆགས་ཀྱི་ཡོད་མེད། དེ་ནས་གཉིས་ཀའི་མཐུན་རྐྱེན་མ་འཛོམས་བར་གླ་ཆུང་བོགས་གཏོང་གནང་རྒྱུ་ཟེར་བ་འདིའི་ནང་གཉིས་ཀའི་མཐུན་རྐྱེན་མ་འཛོམས་པ་དེ་རྩ་བའི་སྤྱི་མཐུན་མཉམ་འབྲེལ་ལ་དངུལ་གྱིས་འདེང་གི་མེད་པ་ཡིན་ནམ། དེ་བཞིན་སྒང་ཏོག་དང་དྷ་ས་གསོལ་མགྲོན་ཁང་དེ་གཉིས་སྤྱི་མཐུན་མཉམ་འབྲེལ་ལ་གླ་ཆུང་བོགས་གཏོང་གཏང་རྒྱུའི་ཐད་ད་ལྟའི་ཆར་ལས་རིམ་གང་དུ་སླེབས་ཡོད་དམ། ཐ་མ་སྤྱི་མཐུན་མཉམ་འབྲེལ་དེ་ཡང་མ་འོངས་པར་རྒྱ་ཆེན་པོ་ཆགས་བསྡད་ཀྱི་འདུག དེར་བརྟེན་མ་འོངས་པར་སྤྱི་མཐུན་མཉམ་འབྲེལ་སྒང་ལ་རང་གཞུང་གིས་བཏང་འཛིན་གནང་ཕྱོགས་སོགས་སྤྱི་མཐུན་མཉམ་འབྲེལ་དེ་ཉིད་ཕུགས་བརྟན་པོ་ཡོང་བའི་ཆེད་དུ་བོད་གཞུང་སྲིད་བྱུས་འཛིན་སྟངས་ག་འདྲ་ཡིན་མིན་བཀའ་ལན་ཞིག་གནང་རོགས་གནང་ཞུ་རྒྱུ་ཡིན།

བཀའ་ལན།
འཕྲོས་དོན་དྲི་བ་དང་པོ། སྒང་ཏོག་དང་རྡ་སའི་གསོལ་མགྲོན་ཁང་དེ་གཉིས་སྤུས་ཚོང་གནང་རྒྱུའི་གོང་ཚད་ག་ཚོད་རེད་ཅེས་བཀའ་གནང་བའི་ཐད། ད་ལྟ་སྤུས་ཚོང་བྱ་རྒྱུའི་ལས་གཞི་འགྲོ་བཞིན་པ་ཡིན་སྟབས། སྤྱི་ཡོངས་འགྲོ་སྟངས་ཀྱི་ཆ་ནས་གོང་ཚད་གསལ་པོ་བཟོ་རྒྱུ་སྟབས་བདེ་པོ་མི་འདུག རགས་པ་ཙམ་ཞུས་ན། ཡུན་ཐང་དང་འགྲོ་ལུགས་གང་འདྲ་ཞིག་ཡོད་པའི་ཐོག་ནས་འགྲོ་རྒྱུ་རེད། ད་ལྟ་ལམ་སེང་ག་རེ་བྱས་ཡོད་རེད་ཅེས་གསུངས་ཐད། སྒང་ཏོག་མགྲོན་ཁང་གི་ཚོང་ལས་སྤུས་ཉོས་ཐུབ་ངེས་ཀྱི་དངུལ་འབབ་འདུ་འགོད་མ་བྱུང་བར་གནས་སྐབས་མགྲོན་ཁང་གི་ཁང་གླ་མཚོན་བྱེད་ཟླ་རེར་སྒོར་༡༠༠༠༠༠།༠༠ རེ་དང་ལས་བྱེད་ལས་ཤག་གི་ཁང་གླ་མཚོན་བྱེད་ཟླ་རེར་སྒོར་ ༡༠༠༠།༠༠ རེ་འབུལ་རྒྱུའི་ཐོག་ཟླ་དྲུག་རེའི་མཚམས་གཙང་ཁེ་ཇི་བྱུང་གི་བརྒྱ་ཆ་ ༣༠ བོགས་མ་མཚོན་བྱེད་དུ་དཔལ་ལས་སུ་འབུལ་རྒྱུའི་ཆོད་གན་བཞག་སྟེ་མགྲོན་ཁང་གི་འཛིན་སྐྱོང་འཕྲལ་དུ་སྤྱི་འཐུན་མཉམ་འབྲེལ་ལ་རྩིས་སྤྲོད་ཞུ་རྒྱུ་དང༌། རྡ་ས་མགྲོན་ཁང་ཁང་གླ་ཟླ་རེར་སྒོར་ ༧༠༠༠༠ བོགས་མ་མཚོན་བྱེད་ལ་ཟླ་བ་དྲུག་རེའི་མཚམས་ལ་གཙང་ཁེ་ཇི་བྱུང་བརྒྱ་ཆ་སུམ་ཅུ་དཔལ་འབྱོར་ལས་ཁུངས་ལ་འབུལ་རྒྱུའི་ཆོད་གན་བཞག་སྟེ་འཕྲལ་དུ་སྤྱི་མཐུན་མཉམ་འབྲེལ་ལ་རྩིས་སྤྲོད་ཞུ་རྒྱུ་བྱས་པ་ཡིན། མཐུན་རྐྱེན་མ་འཛོམས་བར་ཟེར་བ་མགྲོན་ཁང་གཉིས་ཀ་ཉོ་བར་རིན་པ་ཆ་ཚང་སྤྲད་རྒྱུར་སྤྱི་མཐུན་མཉམ་འབྲེལ་གྱིས་རོགས་དངུལ་ལམ། ཡང་ན་ཚོང་ཁང་གཉིས་ཀྱི་གཙང་ཁེའི་ཐོག་ནས་བསགས་པ་སོགས་གང་ལྟར་དངུལ་འབབ་མཁོ་སྒྲུབ་གནང་དགོས་ཀྱི་ཡོད་རེད། དེའི་ཆེད་དུ་རོགས་དངུལ་བཙལ་རྒྱུའི་འཆར་གཞི་བཟོས་ནས་གནང་བ་ཡིན་ན། བཀའ་ཤག་གིས་རྒྱབ་སྐྱོར་དང་རོགས་ཚོགས་ངོ་སྤྲོད་བྱ་རྒྱུ་རྣམས་ཞུ་ཆོག་ཅེས་ཞུས་ཡོད། དེ་རིང་རོགས་རམ་ཐོབ་པ་ཡིན་ན་སང་ཉིན་སྤུས་གཟིགས་གནང་ཆོག་གི་རེད། སྤུས་གཟིགས་གནང་ཐུབ་པའི་ཆ་རྐྱེན་མ་འཛོམས་བར་བོགས་མའི་ཐོག་གཞག་རྒྱུ་ཡིན་ཞེས་ཞུ་རྒྱུ་ཡིན། སྤྱི་མཐུན་མཉམ་འབྲེལ་སྤུས་ཚོང་ཕུལ་བའི་སྐབས་ལ་སྤྱི་འགྲེའི་གོང་ཚད་ཀྱི་རིན་འབབ་གནང་དགོས་ཀྱི་རེད། གང་ཡིན་ཟེར་ན། གཞུང་གི་མ་རྩ་ཕྱིར་ལོག་གིས་མི་མང་གི་བུ་ལོན་ཕར་ཕུལ་དགོས་ཀྱི་ཡོད་པ་ཡིན་ཙང༌། གོང་ཆུང་ཆུང་བྱས་ནས་བཙོང་ན་འགྲིགས་ཀྱི་མ་རེད།
མ་འོངས་པར་སྤྱི་མཐུན་མཉམ་འབྲེལ་གྱི་འཛིན་སྐྱོང་གི་ཐོག་ལ་གཞུང་གིས་ག་འདྲ་བྱས་ཏེ་ལྟ་གི་རེད་དམ་ཞེས་བཀའ་གནང་སོང༌། དེའི་ཐད་བཙན་བྱོལ་གཞུང་གིས་གཏན་ལ་ཕབ་པའི་སྲིད་བྱུས་ནི། རང་སྐྱོང་གི་སྡེ་ཚན་དེ་ཚོ་ངེས་པར་དུ་རང་གི་རྐང་པའི་ཐོག་ལངས་ཐུབ་པ་ཞིག་བཟོ་རྒྱུ་དེ་རེད། ཁོང་ཚོ་ག་དུས་ཡིན་ཡང་བཙན་བྱོལ་གཞུང་ལ་བསྙེས་ནས་བཞག་པ་ཡིན་ན། རང་སྐྱོང་སྡེ་ཚན་བཙུགས་ཏེ་གོ་མ་ཆོད་པ་རེད་བསམ་གྱི་ཡོད་པ་རེད། དེ་འདྲ་སོང་ཙང་ག་ཚོད་ཐུབ་ཐུབ་ཁོ་ཚོ་རང་མགོ་ཐོན་པ་བཟོ་རྒྱུའི་ཆེད་དུ་འབད་བརྩོན་བྱེད་ཀྱི་ཡོད། སྤྱི་མཐུན་མཉམ་འབྲེལ་ནང་ལའང་ཤེས་འཇོན་ལྡན་པའི་ལས་བྱེད་ཁོ་ཚོ་རང་གི་སྒྲིག་གྲལ་ནས་བཟོ་དགོས་རྒྱུ་དང༌། མཉམ་འབྲེལ་ཁག་ཚང་མའི་མཉམ་དྲུང་དེ་ཚོ་ལའང་གཞུང་གིས་འགྲོ་སོང་བཏང་ནས་ཚད་དང་ལྡན་པའི་མཉམ་འབྲེལ་གྱི་ཟབ་སྦྱོང་སྤྲད་ནས་ད་ལྟ་མཉམ་དྲུང་ཡོངས་རྫོགས་ཟབ་སྦྱོང་ཐོན་པ་ཤ་སྟག་ཡོད་རེད། ཡིན་ནའང་སྤྱི་མཐུན་མཉམ་འབྲེལ་གྱི་ཐོག་ལ་ལས་དོན་འགོ་འཛུགས་བྱེད་སྐབས་ལས་བྱེད་ཉམས་མྱོང་ཡོད་པ་ཞིག་མེད་ན་མི་འགྲིགས་པ་སོང་ཙང༌། གཞུང་ཞབས་ཤིག་ཞབས་གཡར་གནང་རོགས་གསུངས་པ་རེད། དེར་བརྟེན་ང་ཚོས་གཞུང་ཞབས་དྲག་གྲས་ཟུང་དྲུང་གི་གནས་རིམ་ཅན་ཞིག་སྤྱི་མཐུན་མཉམ་འབྲེལ་གལ་ཆེར་རྩིས་ནས་ཞབས་གཡར་ཕུལ་ཟིན་པ་ཡིན། གལ་སྲིད་སྤྱི་མཐུན་མཉམ་འབྲེལ་ཁུངས་མ་འཁྱོལ་བ་ཞིག་བྱུང་བ་ཡིན་ན། བཙན་བྱོལ་གཞུང་གིས་ཐེ་གཏོགས་བྱེད་དགོས་པ་ཞིག་རང་བཞིན་གྱིས་ཆགས་ཀྱི་རེད། ཡིན་ཡང་གང་ཐུབ་ཀྱིས་རང་སྐྱོང་དེ་རང་སྐྱོང་མིང་དོན་མཚུངས་པ་ཞིག་ཡོང་རྒྱུའི་ཐབས་ཤེས་བྱེད་ཀྱི་ཡོད་ཞུ་རྒྱུ་ཡིན།

སྤྱི་འཐུས་ཚེ་རིང་མཚོ་མོ་ལགས་ནས།
སྤྱི་མཐུན་མཉམ་འབྲེལ་གྱིས་དེབ་སྐྱེལ་གནང་བའི་ཡིག་ཆ་ By Laws of Tibetan Co-operatives in India Ltd ཞེས་པའི་ནང་རྒྱ་གར་གྱི་མངའ་སྡེ་དགུའི་ནང་ལ་ཁྱབ་ཀྱི་ཡོད་གསུངས་འདུག མངའ་སྡེ་དགུ་དེ་ Karnataka, Chhatisgarh, Maharashtra, Jammu & Kashmir, Arunachal Pradesh, Orissa, H.P., Sikkim, West Bengal བཅས་རེད་འདུག ཨུ་ཏྲན་ཅལ་ནང་བོད་མི་མང་པོ་ཞིག་ཡོད་རེད། མངའ་སྡེ་དགུའི་ནང་ Uttranchal མངའ་སྡེ་ཚུད་མི་འདུག་པས་རྒྱུ་མཚན་གང་ཞིག་གིས་རྐྱེན་པས་མ་ཁྱབ་པ་ཡིན་ནམ་ཞེས་བཀའ་འདྲི་ཞུ་རྒྱུ་ཡིན། གཉིས་པ། སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་ཆུང་ནང་ལ་ཚོགས་མི་བཅོ་ལྔ་ཡོད་འདུག དེའི་ནང་མ་འོངས་པར་ཚོགས་མི་གསར་པ་འཛུལ་ཞུགས་གནང་དགོས་ཡོད་ན་ནང་སྲིད་ལས་ཁུངས་ནས་ཕྱག་རོགས་ག་རེ་གནང་རྒྱུ་ཡོད་དམ།
བཀའ་ལན།
སྤྱི་མཐུན་མཉམ་འབྲེལ་ཟེར་བ་དེར་དབྱིན་སྐད་དུ་ Inter State Co-operative Federation ཟེར་གྱི་ཡོད་རེད། སྤྱི་མཐུན་མཉམ་འབྲེལ་ཚུགས་པའི་ཆ་རྐྱེན་དང་པོ་དེ་མངའ་སྡེ་གཅིག་ལས་མང་བའི་ནང་མཉམ་འབྲེལ་ཁག་ཡོད་དགོས་པ་ཞིག་རེད། མངའ་སྡེ་གཅིག་ནང་མཉམ་འབྲེལ་མང་པོ་ཡོད་ནའང་སྤྱི་མཐུན་མཉམ་འབྲེལ་ཚུགས་ཐུབ་ཀྱི་ཡོད་པ་མ་རེད། ད་ལྟ་ང་ཚོའི་བོད་མི་མཉམ་འབྲེལ་ཡོད་སའི་མངའ་སྡེ་བཀུར་འོས་སྤྱི་འཐུས་ནས་ལྗགས་ཀློག་གནང་བ་དེ་རྣམས་རེད། དེ་ལས་གཞན་པའི་ཨུ་ཏྲན་ཅལ་ལ་སོགས་པ་དེ་ཚོའི་ནང་ད་ལྟའི་བོད་མིའི་མཉམ་འབྲེལ་ཡོད་མ་རེད། མངའ་སྡེ་སོ་སོའི་ནང་མཉམ་འབྲེལ་གསར་པ་བཙུགས་པ་ཡིན་ན་དེ་སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་མི་བྱ་རྒྱུར་དཀའ་ངལ་ཡོད་པ་མ་རེད། གསར་པ་ཞུགས་པའི་སྐབས་དེབ་སྐྱེལ་ལས་ཁུངས་ཀྱི་ཡིག་ཆའི་ནང་མངའ་སྡེ་དེའི་མིང་ཡང་གསར་འཇུག་བྱེད་ཀྱི་རེད། དཔེར་ན་ཨུ་ཏྲན་ཅལ་མངའ་སྡེའི་ནང་བོད་མིའི་མཉམ་འབྲེལ་གསར་པ་ཞིག་བྱུང་བ་ཡིན་ན། བོད་པའི་མཉམ་འབྲེལ་དེ་དང་མངའ་སྡེ་གཉིས་ཀ་གསར་འཇུག་བྱེད་ཆོག་གི་རེད། ད་ལྟ་མིང་གསལ་བ་དེ་ཚོ་མངའ་སྡེ་གང་གི་ནང་བོད་མིའི་མཉམ་འབྲེལ་ཡོད་བཞིན་པ་དང༌། སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་མིར་ཆགས་ཟིན་པ་དེ་དག་གི་མངའ་སྡེ་དེ་གསལ་བ་རེད་ཅེས་ཞུ་རྒྱུ་ཡིན། ད་ལྟ་མཉམ་འབྲེལ་བཅོ་ལྔ་ཡོད་སྟབས་ཚོགས་མི་བཅོ་ལྔ་ཡོད་པ་རེད། མ་འོངས་པར་ཚོགས་མི་གསར་པ་ཡོང་རྒྱུར་ནང་སྲིད་ནས་རོགས་རམ་བྱེད་དགོས་པ་གང་ཡང་ཡོད་པ་མ་རེད། མཉམ་འབྲེལ་དེབ་སྐྱེལ་བྱས་རྗེས་སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་མིར་ཞུགས་རྒྱུའི་སྙན་ཞུ་ཕུལ་ན། སྤྱི་མཐུན་མཉམ་འབྲེལ་ནས་ཞིབ་འཇུག་གནང་གི་རེད། ཞིབ་འཇུག་གནང་རྗེས་མཉམ་འབྲེལ་དེབ་སྐྱེལ་ཚད་ལྡན་ཡོད་པ་ཡིན་ན་ཚོགས་མིར་ཚུད་ཀྱི་རེད། ཚོགས་མིའི་ཚོགས་དོད་གཏན་འབེབས་ཇི་ཡོད་ལྟར་ཕུལ་ཐུབ་ན། ནང་སྲིད་ནས་ཐེ་བྱུས་བྱེད་དགོས་པའི་རྒྱུ་མཚན་ཡོད་མ་རེད་ཞུ་རྒྱུ་ཡིན།

སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ནས།
གོ་ཐོས་ལ་སྒང་ཏོག་གསོལ་མགྲོན་ཁང་དང༌། རྡ་ས་གསོལ་མགྲོན་ཁང་གཉིས་ཀྱི་བོགས་མའི་གཏན་འབེབས་ཕྱི་ཟླ་ ༡༠ ཚེས་ཤར་ནས་གནང་གི་ཡོད་པ་ཞིག་གོ་སོང༌། དེ་གོ་ཐོས་ལྟར་ཕྱག་ལེན་གནང་ཐུབ་ཀྱི་ཡོད་མེད་ཐོག་ལ་གསལ་བཤད་ཅིག་དང༌། སྒང་ཏོག་གསོལ་མགྲོན་ཁང་ལྟ་བུ་ཆ་བཞག་ན་བོགས་མའི་དོད་དེ་གཙང་ཁེ་ནས་བརྒྱ་ཆ་ ༣༠ གནང་རྒྱུ་ཞིག་བཀའ་གནང་སོང༌། དེའི་ཐོག་ནམ་རྒྱུན་ཚོང་གི་སྡེ་ཚན་ཁག་གི་དཔལ་འབྱོར་ལས་ཁུངས་ལ་བརྒྱ་ཆ་བཅོ་ལྔའི་ཡོང་འབབ་ཅིག་ཕུལ་དགོས་ཀྱི་ཡོད་རེད། དེའི་བརྒྱ་ཆ་སུམ་ཅུའི་ནང་ལ་བརྒྱ་ཆ་བཅོ་ལྔ་དེ་བསྣན་གྱི་ཡོད་དམ། སུམ་ཅུ་དེ་རང་ཕུལ་ན་འགྲིག་གི་ཡོད་མེད་ཐོག་ལ་གསལ་བཤད་ཅིག་གནང་རོགས། ད་ལྟ་བརྒྱ་ཆ་ ༣༠ གསུངས་པ་དེར་སྤྱིར་བསམ་ཚུལ་གང་ཡང་མེད་ཀྱང༌། ལུགས་ཟུང་བསམ་གྲུབ་ཀྱི་ཕྱུགས་གསོ་ཁང་དེ་ཚོ་བོགས་མར་བཙོངས་ཟིན་དུས་འབུམ་ ༣༥ དེས་བདེ་སྐྱིད་སླར་གསོའི་མཉམ་འབྲེལ་ཐོག་ནས་ལོ་གཅིག་ནང་སྒོར་འབུམ་ ༣༡ ༣༢ བཟོས་ནས་ལོ་ལྟར་སྤྱི་ཚོགས་ནང་འབབ་ཀྱི་ཡོད་ཀྱང༌། དེ་འདྲའི་གོང་ཚད་གཏན་འབེབས་བྱེད་ཆོག་ཐོག་ནས་གཞུང་ལའང་ཡོང་འབབ་ཆེ་ཙམ་ཡོང་རྒྱུའི་ཐོག་དམིགས་བསལ་དགོངས་བཞེད་འདྲ་པོ་གང་ཡོད་དམ།

བཀའ་ལན།
གསོལ་མགྲོན་ཁང་གཉིས་པོ་དེ་ཕྱི་ཟླ་ ༡༠ ཚེས་ ༡ ནས་རྩིས་སྤྲོད་གནང་གི་རེད་དམ་ཞེས་བཀའ་གནང་བའི་ཐད། ཕྱི་ཟླ་ ༡༠ ཚེས་ ༡ ལ་བཞེས་ཀྱི་ཡོད་ཀྱང་འདྲ། སང་ཉིན་བཞེས་ཀྱི་ཡོད་ཀྱང་འདྲ། དེ་སྤྱི་མཐུན་མཉམ་འབྲེལ་གྱི་ཕྱག་ལས་གནང་མཁན་ཚོའི་ཕྱག་ལ་ཡོད་རེད། བཀའ་ཤག་གི་ངོས་ནས་ཕྱི་ཟླ་ ༨ ཚེས་ ༢༠ ནས་ག་དུས་རྩིས་བཞེས་ཀྱང་འགྲིགས་ཀྱི་རེད་ཅེས་ཞུས་ཟིན་པ་རེད། ཁོང་ཚོའི་ལས་ཁུངས་ནས་ཐུགས་གྲྭ་འགྲིགས་ན་ཕྱི་ཟླ་ ༡༠ ཚེས་ ༡ བར་སྒུག་དགོས་མ་རེད། དེ་ཐུགས་གྲྭ་མ་འགྲིགས་ན་ཕྱི་ཟླ་ ༡༠ ཚེས་ ༡ ལ་བཞེས་མ་ཐུབ་པ་ཡང་ཡོང་སྲིད་པ་རེད། ང་ཚོའི་ངོས་ནས་གྲ་སྒྲིག་ཡིན། གཙང་ཁེ་བརྒྱ་ཆ་སུམ་ཅུ་ཟེར་བ་དེའི་ནང་ལ་ངེས་ཅན་བསྡུ་དངུལ་དུ་འབུལ་དགོས་པའི་གཙང་ཁེའི་བརྒྱ་ཆ་བཅོ་ལྔ་དེ་ཚུད་ཡོད་དམ་གསུངས་སོང༌། དེ་ཚུད་ཡོད་མ་རེད། གཙང་ཁེའི་བརྒྱ་ཆ་བཅོ་ལྔ་དེ་ངེས་ཅན་བསྡུ་དངུལ་གྱི་ཚུལ་དུ་ཕུལ་དགོས་པ་རེད་མ་གཏོགས་དེ་བོགས་དངུལ་ལ་ཕན་པ་ཡོང་ཐབས་མེད། འོན་ཀྱང་གཙང་ཁེའི་བརྒྱ་ཆ་ ༣༠ དེ་བོགས་མར་ཕུལ་དགོས་པ་ཡིན་སྟབས་བརྒྱ་ཆ་བཅོ་ལྔ་བརྩི་གཞིའི་གཙང་ཁེ་ནས་མར་འཐེན་གྱི་རེད། མདོར་བསྡུས་ན་གཙང་ཁེའི་བརྒྱ་ཆ་ ༣༠ འགྲོ་གྲོན་ལ་རྩིས་ནས་འཕྲོས་བརྒྱ་ཆ་ ༧༠ དེ་གཙང་ཁེ་ངོ་མ་དང༌། དེའི་བརྒྱ་ཆ་ ༡༥ ངེས་ཅན་བསྡུ་དངུལ་འབུལ་དགོས་ཀྱི་རེད། བོགས་མ་དང་དཔྱ་ཁྲལ་གཉིས་ཐ་དད་རེད། གཞུང་གི་མ་རྩ་ཕྱིར་འཐེན་བྱེད་པའི་སྐབས། གོང་ཚད་རྒྱག་སྟངས་དེ་ཡུལ་ཐང་གནས་གོང་གི་དངུལ་འབབ་ཐོག་ཁེ་བཟང་གང་ཐོབ་གོང་ཚད་འགྲན་བསྡུར་གྱི་ལམ་ནས་འགྲོ་བ་མ་གཏོགས། བཙོངས་ཟིན་པའི་རྗེས་ལ་ཁེ་བཟང་ག་ཚོད་བཟོ་གི་ཡོད་མེད་རྩིས་བརྒྱབ་རྒྱུའི་གཞི་རྩར་འཁྱེར་སྲོལ་ཡོད་པ་མ་རེད། ལྷག་པར་དུ་གསོལ་མགྲོན་ཁང་གཉིས་གོང་ཆེན་པོ་སྤྲོད་མཁན་གཞན་ལ་མ་བཙོངས་པར་སྤྱི་མཐུན་མཉམ་འབྲེལ་ལ་བཙོངས་དགོས་པའི་རྒྱུ་མཚན་ནི་སྤྱི་མཐུན་མཉམ་འབྲེལ་སྲ་བརྟན་ཡོང་བའི་ཆེད་དུ་ཁོ་ཚོ་ལ་ཁེ་བཟང་ཆེན་པོ་ཞིག་རག་རྒྱུའི་རེ་བ་བྱས་ནས་བཙོངས་པ་རེད། མགྲོན་ཁང་ཁག་གི་གོང་ཚད་རྒྱག་དུས་དངོས་ཡོད་ཀྱི་རྒྱུ་དངོས་འཛིན་ཆས་སོགས་ཀྱི་མ་གནས། ཚོང་གི་མཚན་མཐོང་དོད་Good Will བཅས་རྩིས་ཏེ་གོང་ཚད་གཏན་འབེབས་བྱེད་ཀྱི་ཡོད་པ་རེད། དེར་བརྟེན་སྒེར་བདག་ཅན་དུ་བསྒྱུར་ཚར་བའི་རྗེས་ལ་ལོ་གཉིས་དང་གཅིག་དེ་བཞིན་ལོ་ཕྱེད་ཀའི་ནང་ལ་རིན་པ་ཆ་ཚང་སློག་པ་ཡོང་སྲིད་ཀྱི་རེད། ལོ་བཅོ་ལྔ་བཅུ་དྲུག་བར་མ་སློག་པའང་ཡོང་སྲིད་ཀྱི་རེད། གྱོང་རག་ནས་བོང་བུ་ཐོན་པའང་ཡོང་སྲིད་ཀྱི་རེད། དེ་ཚོ་ཚང་མ་ཚོང་གི་གནས་སྟངས་ཤིག་ཡིན་དུས་ངེས་གཏན་ཡོད་མ་རེད་ཞུ་རྒྱུ་ཡིན།

སྤྱི་འཐུས་སྤེན་པ་ཚེ་རིང་ལགས་ནས།
སྒང་ཏོག་དང་དྷ་ས་བོད་ཀྱི་གསོལ་མགྲོན་ཁང་དེ་གཉིས་བཙོང་རྒྱུའི་མཐུན་རྐྱེན་མ་འཛོམས་བར་དུ་གླ་ཆུང་བོགས་མར་གཏང་རྒྱུ་ཐུགས་གཏན་འཁེལ་ཡོད་གསུངས་པ་དེའི་ཐོག་ནས་སྤྱི་མཐུན་མཉམ་འབྲེལ་ཁྲིམས་མཐུན་དེབ་སྐྱེལ་བྱས་ནས་ཡུན་རིང་པོ་འགྲོ་གི་ཡོད་མ་རེད། སྤྱི་མཐུན་མཉམ་འབྲེལ་གྱི་འཛིན་སྐྱོང་གི་སྒྲིག་འཛུགས་དེའི་ལས་འགན་འཁྱེར་མཁན་དེ་དྲི་བ་གཉིས་པའི་ལན་ག་པའི་ནང་ཟུང་དྲུང་ངག་དབང་དོན་གྲུབ་ཞབས་གཡར་གནང་ཡོད་ཅེས་གསུངས་ཡོད་རེད། དེ་ཡང་དུས་ཚོད་ཡུན་རིང་པོ་འགྲོ་གི་ཡོད་པ་མ་རེད། འཛིན་སྐྱོང་གི་ཆ་ནས་ཚགས་ཚུད་ཅིག་ཆགས་ཐུབ་མིན་གྱི་གནས་ཚུལ་ཞིག་དང༌། སྤྱི་མཐུན་མཉམ་འབྲེལ་ཁོ་རང་ཚོ་མཉམ་དུ་ལས་ཀ་བྱེད་རྒྱུའི་དུས་ཚོད་ཡུན་རིང་མ་འགོར་བར་སོང་ཕྱི་ཟླ་ ༨ ཚེས་ ༢༠ ནས་བཀའ་ཤག་ནས་སྤྱི་མཐུན་མཉམ་འབྲེལ་ལ་ཟ་ཁང་ཁེ་བཟང་ཡོད་མཁན་གཉིས་དེ་བོགས་མར་འགྱོགས་པོ་གཏོང་དགོས་རྒྱུ་དེ་ཁོ་ཚོར་འཛིན་སྐྱོང་ངོས་ནས་ག་ཚོད་ཙམ་ཚགས་ཚུད་ཡོང་གི་རེད། གདེང་ཚོད་ག་འདྲ་ཞིག་གི་ཐོག་ནས་གནང་བ་ཡིན་ནམ།

བཀའ་ལན།
ཚགས་ཚུད་ཡོང་བར་ཁེ་བཟང་ཡོད་པའི་ལས་གཞི་ཞིག་སྤྲད་ནས་སྒུག་ན་མ་གཏོགས་ལས་གཞི་གང་ཡང་མེད་པར་ཚགས་ཚུད་པོ་ཡོང་རྒྱུར་སྒུག་བསྡད་ཀྱང༌། ཁོ་ཚོའི་ལག་པའི་ནང་སྐོར་བ་བརྒྱབ་རྒྱུ་ཅང་མེད་དུས་བསྒུག་རྒྱུའི་གཞི་རྟེན་མེད་པ་རེད། དེབ་སྐྱེལ་བྱས་ནས་ཟླ་བ་གསུམ་གཞི་ཙམ་ཕྱིན་པ་རེད། ལས་བྱེད་ཞབས་གཡར་ཕུལ་བ་དེ་ཉེ་ཆར་རེད། གཅིག་བྱས་ན་ཁོང་ད་ལྟ་སྤྱི་མཐུན་མཉམ་འབྲེལ་ནང་ལས་བཅར་ཞུས་ཟིན་ཡོད་རྒྱུ་མ་རེད། དེ་ནི་སྤྱི་མཐུན་མཉམ་འབྲེལ་གྱིས་བཀའ་གནང་བའི་རྗེས་གཞུང་ཞབས་འདེམས་ལྷན་ནས་བཀའ་འཁྲོལ་ཞུ་རྒྱུའི་དུས་ཚོད་ཅིག་མ་གཏོགས་འགོར་གཞི་ཆེན་པོ་བྱུང་ཡོད་པ་མ་རེད།
མཐུན་རྐྱེན་མ་འཛོམས་པ་ཟེར་བ་དེ་ཉོ་རྒྱུའི་མཐུན་རྐྱེན་མ་འཛོམས་པ་རེད་མ་གཏོགས། བཙོང་རྒྱུའི་མཐུན་རྐྱེན་ད་ལྟ་ནས་འཛོམས་ཡོད་རེད། ཉོ་རྒྱུའི་མཐུན་རྐྱེན་འཛོམས་པ་ལ་ཡང་ཁོ་ཚོར་སྐོར་བ་རྒྱག་པའི་གཞི་རྩ་ཞིག་དགོས་ཀྱི་རེད། དེར་བརྟེན་གཞུང་གི་ངོས་ནས་བསམ་བློ་རྒྱ་ཆེན་པོ་བཏང་ནས་ལོ་གསུམ་བཞི་འགོར་གྱི་ཡོད་ཀྱང་ང་ཚོས་ཆེད་འཛུགས་བྱས་པའི་སྤྱི་མཐུན་མཉམ་འབྲེལ་ཞིག་ཡར་རྒྱས་གཏོང་རྒྱུར་སོང་ཙང༌། ཁྱད་པར་མི་འདུག་བསམས་ནས་ད་ལྟ་སྟབས་བདེ་པོའི་ཐོག་ནས་མགྱོགས་པོར་བོགས་མར་གཏོང་བའི་རྒྱུ་མཚན་དེ་རེད། དེ་ཚོའི་ཐོག་ལ་ཕྱག་ལས་གནང་ནས་མགྱོགས་པོ་སྲ་བརྟན་ཆགས་རྒྱུའི་གཞི་རྩ་ཞིག་བསྐྲུན་དགོས་ཀྱི་རེད་བསམས་པ་ཡིན།

སྤྱི་འཐུས་བསྟན་འཛིན་ཆོས་ལྡན་ལགས་ནས།
བཀའ་ཤག་ནས་དགོངས་པ་རྒྱ་ཆེན་པོ་བཞེས་ཏེ་སྤྱི་མཐུན་མཉམ་འབྲེལ་དེ་དེབ་སྐྱེལ་གནང་བ་དང༌། དཔལ་འབྱོར་ལས་ཁུངས་འོག་ལ་ཡོད་པའི་གསོལ་མགྲོན་ཁང་ཁག་གཉིས་བོགས་མར་བཏང་ནས་སྤྱི་མཐུན་མཉམ་འབྲེལ་གྱིས་བཞེས་ཐུབ་པའི་གོ་སྐབས་བཟོས་གནང་ཡོད་རེད། བཀྲིན་ཆེན་པོ་རེད་བསམ་གྱི་འདུག
ད་ལྟ་གཙང་ཁེ་བརྒྱ་ཆ་སུམ་ཅུ་གསུང་རྒྱུ་དང༌། གང་ལྟར་བརྒྱ་ཆ་བདུན་ཅུ་ཙམ་སྤྱི་མཐུན་མཉམ་འབྲེལ་ལ་བབས་ཀྱི་ཡོད་རེད། ཚང་མས་མཁྱེན་གསལ་རེད། བོད་ཀྱི་གསོལ་མགྲོན་ཁང་ལ་ལོ་རེར་གཙང་ཁེ་ཡོང་འབབ་འབུམ་བཞི་བཅུ་ལྔ་བཅུ་ཙམ་བྱས་ནས་གསོལ་མགྲོན་ཁང་གཉིས་ལ་འབུམ་བརྒྱ་ལྷག་ཙམ་གཙང་ཁེ་ཡོང་འབབ་ཚོད་དཔག་བྱེད་ཐུབ་ཀྱི་རེད་བསམ་གྱི་འདུག དེའི་ནང་ནས་གཞུང་ལ་བརྒྱ་ཆ་སུམ་ཅུ་ཙམ་བྱས། ད་ལྟ་ང་རང་གི་དྲི་བ་གནད་འགག་ཆེན་པོ་ཞིག་གང་ཆགས་ཀྱི་འདུག་ཟེར་ན། ས་གནས་བཅོ་ལྔའི་མཉམ་འབྲེལ་ཡོད་རེད། དེའི་ཐོག་ལ་མ་རྩ་ག་ཚོད་བཙུགས་ཡོད་མེད། ད་གིན་ང་རང་གིས་ཡག་པོ་གོ་མ་སོང༌། ཡིན་ཡང་ཁང་གླ་དང་དེ་འདྲའི་ཐོག་ལ་འབུམ་གཅིག་ལྷག་ཙམ་གསུངས་སོང༌། ཁྱོན་བསྡོམས་སྤྱི་མཐུན་མཉམ་འབྲེལ་གྱིས་མ་རྩ་དངུལ་འབོར་ག་ཚོད་ཙམ་གནང་ཡོད་དམ། གཉིས་པ་སྤྱི་མཐུན་མཉམ་འབྲེལ་གྱི་མ་རྩ་དང་གཞན་ལ་དཀའ་ངལ་མ་ཡོང་བའི་ཆེད་དགོངས་པ་བཞེས་ཡོད་རེད། སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་མི་རེ་རེའི་ནང་ལ་མི་མང་ནས་མ་རྩ་འཛུགས་རྒྱུའི་ཐབས་ཤེས་གནང་ཡོད་དམ་མེད། གསུམ་པ། མཉམ་འབྲེལ་བཅོ་ལྔ་རེ་རེའི་ནང་ལ་མི་མང་ནས་མ་རྩ་བཙུགས་པ་ག་ཚོད་ཙམ་ཡོད་དམ། མ་རྩ་མ་འཛུགས་མཁན་དེ་ཚོར་རྗེས་ལ་ཁེ་ཕན་རག་གི་ཡོད་དམ་མེད། གཞན་ཡང་སྤྱི་མཐུན་མཉམ་འབྲེལ་དང་མཉམ་འབྲེལ་རེ་རེ་ནས་རྗེས་ལ་ཡོང་འབབ་བགོ་བཤའ་རྒྱག་སྟངས་དེ་ཐེབས་རྩ་ཞིག་ལ་བཞག་ནས་མང་དུ་གཏང་རྒྱུ་རེད། དེའི་འབབ་ལ་དགོངས་པ་ག་འདྲ་ཞིག་བཞེས་ཡོད་དམ། དེ་ལ་ཕལ་ཆེར་སྒྲིག་གཞི་ཡོད་རྒྱུ་རེད། ང་ཚོར་གསལ་བཤད་ཅིག་གནང་རོགས་ཞུ་རྒྱུ་ཡིན། ད་ལྟ་བར་ས་གནས་མཉམ་འབྲེལ་མ་བྱུང་བ་དེ་ཚོར་ཡང་མཉམ་འབྲེལ་འཛུགས་རྒྱུ་གལ་ཆེན་པོ་ཆགས་ཀྱི་ཡོད་རེད། དེས་རྒྱ་བལ་འབྲུག་གསུམ་ཚང་མར་ཐུགས་ཕན་གསོས་པ་ཞིག་ཆགས་ཀྱི་འདུག

བཀའ་ལན།
ད་ལྟ་གསོལ་མགྲོན་ཁང་གཉིས་དང་དེ་མིན་པའི་སྡེ་ཚན་དེ་ཚོ་སྤྱི་མཐུན་མཉམ་འབྲེལ་གྱིས་རྩིས་ལེན་བྱེད་རྒྱུའི་ཆེད་དུ་སྤྱི་མཐུན་མཉམ་འབྲེལ་རང་ལ་དངུལ་པད་ཤག་དམར་པོ་གཅིག་ཀྱང་ཡོད་མ་རེད། ཐོག་མ་སྤྱི་མཐུན་མཉམ་འབྲེལ་ཚོགས་པའི་སྐབས་ལ་མཉམ་འབྲེལ་སོ་སོ་ནས་བློས་བཅད་ཀྱི་བསྡུ་ཆ་ཞིག་བསྡུས་གནང་འདུག དེ་ཁོང་ཚོའི་ཚོགས་འདུ་སྔ་རྗེས་དང་སྤྱི་མཐུན་མཉམ་འབྲེལ་དེབ་སྐྱེལ་བྱེད་རྒྱུ་བཅས་ལ་འགྲོ་སོང་བཏང་ནས་རྫོགས་ཚར་འདུག ད་ལྟ་ཡོང་རྒྱུའི་ཟླ་བ་དྲུག་གི་རྒྱུན་གྲོན་བཙན་བྱོལ་གཞུང་གིས་གཏང་དགོས་ཀྱི་འདུག་ཅེས་བཀའ་གནང་སོང༌། དེ་ལ་འགྲོ་གྲོན་བཙན་བྱོལ་གཞུང་གིས་གཏང་རྒྱུ་ཡོང་གི་མ་རེད། འོན་ཀྱང་ལས་དོན་མ་འགག་པའི་ཆེད་དུ་ཧིན་སྒོར་འབུམ་གཉིས་འབུལ་རྒྱུ་བྱས་པ་རེད། ད་ལྟ་སྤྱི་མཐུན་མཉམ་འབྲེལ་གྱི་ལས་ཁུངས་ལ་བཀའ་ཤག་གིས་མཐུན་འགྱུར་ཞུས་པའི་འབུམ་གཉིས་མ་གཏོགས་དངུལ་གང་ཡང་ཡོད་མ་རེད། མགྲོན་ཁང་ཉོ་མ་ཐུབ་བར་བོགས་མ་ལེན་དགོས་པའི་རྒྱུ་མཚན་ཡང་དེ་རེད། ད་ཆ་བོགས་མ་སྤྲོད་རྒྱུ་དང་ཁང་གླ་སྤྲོད་རྒྱུ་ཚང་མ་ལས་ཀ་བྱས་ཏེ་ཁེ་བཟང་བཟོ་དགོས་ཀྱི་རེད། ད་ལྟ་མཉམ་འབྲེལ་ཁག་ནས་མ་དངུལ་བསྡུས་ཡོད་པ་མ་རེད་ཅེས་ཞུ་རྒྱུ་ཡིན།
གཉིས་པ་སྤྱི་མཐུན་མཉམ་འབྲེལ་ལ་མི་མང་གི་མ་རྩ་ཡོད་རེད་དམ་གསུངས་པའི་ཐད། མི་མང་གི་མ་རྩ་ས་གནས་མཉམ་འབྲེལ་ནང་ཡོད་རེད་མ་གཏོགས། སྤྱི་མཐུན་མཉམ་འབྲེལ་ལ་ཐད་ཀར་མི་མང་གིས་མ་ཤས་བསྡུས་ཡོད་པ་མ་རེད། ས་གནས་སོ་སོའི་མ་ཤས་ཀྱི་ཚད་གཞི་དེ་ཡང་མཉམ་འབྲེལ་སོ་སོར་མི་འདྲ་བ་འདུག དེ་འདྲ་སོང་ཙང་མཉམ་འབྲེལ་རོགས་སྐྱོར་སྡེ་ཚན་ནས་སྔ་ལོ་ཉམས་ཞིབ་མཐར་ཕྱིན་བྱས་པའི་རྗེས་ལ་མཉམ་འབྲེལ་ཡར་རྒྱས་གཏོང་བའི་ཆེད་དུ་དོན་ཚན་ ༢༤ ཡོད་པའི་བསྐུལ་འདེབས་ཤིག་ཕུལ་ཡོད། བསྐུལ་འདེབས་དེ་ཚོའི་ནང་མི་མང་གི་མ་ཤས་སྤར་དགོས་རྒྱུ། མ་ཤས་བདག་པོ་གསར་པ་འཇུག་དགོས་རྒྱུ་སོགས་ཚང་མ་ཚུད་ཡོད། མ་འོངས་པར་སྤྱི་མཐུན་མཉམ་འབྲེལ་གྱིས་ཚོང་ལས་ཆེན་པོ་གནང་རྒྱུའི་མ་ཤས་དེ་མཉམ་འབྲེལ་སོ་སོའི་ངོས་ནས་ཉོས་གནང་ཐུབ་དགོས་ཀྱི་རེད། མཉམ་འབྲེལ་ཁ་ཤས་ཀྱིས་མ་ཤས་མང་བ་ཉོས་ཐུབ་པ་དང༌། ཁ་ཤས་ཀྱིས་ཉུང་བ་ཉོས་ཐུབ་ཀྱི་ཡོད་རྒྱུ་རེད། དེ་མཉམ་འབྲེལ་སོ་སོའི་ལག་དངུལ་གྱི་ནུས་པ་ལ་དཔག་པའི་མ་ཤས་ཉོ་རྒྱུ་རེད་མ་གཏོགས་སྤྱི་མཐུན་མཉམ་འབྲེལ་གྱིས་མི་མང་ལ་ཐད་ཀར་མ་ཤས་བཙོང་རྒྱུ་དེ་ཕལ་ཆེར་སྒྲིག་གཞིའི་ནང་ཡོད་མེད་མི་ཤེས། སྤྱི་མཐུན་མཉམ་འབྲེལ་ཟེར་བའི་སྐབས་ཐད་ཀར་མི་མང་གི་མཉམ་འབྲེལ་མ་ཡིན་པར་མཉམ་འབྲེལ་གྱི་མཉམ་འབྲེལ་ཞིག་ཡིན་ཙང༌། དེའི་མ་ཤས་ཀྱང་མཉམ་འབྲེལ་ཁག་ནས་ཡོང་དགོས་ཀྱི་རེད་བསམ་གྱི་འདུག ཁེ་བཟང་བགོ་བཤའ་རྒྱག་སྟངས་མཉམ་འབྲེལ་གྱི་ཁྲིམས་ཡིག་ནང་ལའང་གསལ་པོ་ཡོད་རེད་ལ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་ལའང་གསལ་པོ་ཡོད་རེད། ལོ་རེའི་གཙང་ཁེ་གང་བྱུང་བ་དེ་ནས་མ་རྩའི་ཐོག་ལ་གཞག་རྒྱུ་དང་དངོས་ཟོག་གི་ཉམས་ཆག་ཐོག་ལ་གཞག་རྒྱུའི་དངུལ་འབབ་ཟུར་བཅད་བྱས་པའི་འཕྲོས་ལྷག་རྣམས་མ་ཤས་བདག་པོ་མི་མང་ལ་ཐད་ཀར་འགྲོ་དགོས་ཀྱི་ཡོད་རེད། མ་ཤས་བདག་པོ་རྣམས་ལ་གཙང་ཁེའི་བརྒྱ་ཆ་གང་འཚམས་ཤིག་དངུལ་རྐྱང་བགོ་བཤའ་བརྒྱབས་ཀྱང་འགྲིགས་ཀྱི་ཡོད་རེད། དེ་ནས་བརྒྱ་ཆ་ཁ་ཤས་ཤིག་སྤྱི་ཚོགས་བདེ་དོན་ལམ་བཟོ་དང་སྨན་ཁང་ཤེས་ཡོན་སོགས་ལ་གཏོང་ཆོག་གི་རེད། སྤྱི་མཐུན་མཉམ་འབྲེལ་ནས་གཙང་ཁེ་གང་བྱུང་བ་དེ་ཁྲིམས་ལུགས་ལྟར་མ་རྩའི་ཐོག་བཞག་དགོས་པའི་བརྒྱ་ཆ་ཟུར་བཅད་བྱས་རྗེས་ལྷག་མ་གང་ཡོད་ཚོགས་མི་མཉམ་འབྲེལ་ཚོ་ལ་མ་ཤས་ཆེ་ཆུང་ལ་ལྟོས་པའི་བགོ་བཤའ་རྒྱག་རྒྱུ་རེད། ཚོགས་མི་མཉམ་འབྲེལ་སོ་སོས་གཙང་ཁེ་གང་ཡོད་མ་ཤས་བདག་པོ་ཚོགས་མི་ཚོར་བགོ་བཤའ་རྒྱག་དགོས་ཀྱི་རེད། སྤྱི་མཐུན་མཉམ་འབྲེལ་ནས་གཙང་ཁེ་མང་པོ་བྱུང་ཡང་ཚོགས་མི་མཉམ་འབྲེལ་གྱོང་གུན་ལ་ཕྱིན་བསྡད་ཡོད་ན་སོ་སའི་གུན་གསབ་ཏུ་སོང་ནས་མི་མང་ལ་འཐོབ་རྒྱུ་མེད་པ་དེ་འདྲ་ཡང་ཡོང་མ་སྲིད་པ་མ་རེད། ཡིན་ནའང་སྤྱི་མཐུན་མཉམ་འབྲེལ་གྱི་རོགས་སྐྱོར་དང༌། ནང་སྲིད་ལས་ཁུངས་ཀྱིས་བསྐུལ་འདེབས་ཞུས་པ་དེ་ཚོ་ལ་བརྟེན་ནས་མ་འོངས་པར་མཉམ་འབྲེལ་ཁག་གྱོང་གུན་ཕོག་པ་ཧ་ལམ་ཡོང་གི་མ་རེད་བསམ་པའི་ཡིད་ཆེས་བྱེད་ཀྱི་ཡོད།

སྤྱི་འཐུས་ཚེ་རིང་ཕུན་ཚོགས་ལགས་ནས།
དྲི་བ་དང་པོ་དེ་འཕྲོས་དོན་དྲི་བ་དང་པོའི་དོན་ཚན་གཅིག་གི་ཐོག་ལ་དྲི་བ་ཞུ་རྒྱུ་ཡིན། དྲི་བ་དེ་དྲི་མཁན་གྱིས་དྷརྨ་ཤཱ་ལར་ཚོགས་འདུའི་ཐོག་གྲོས་ཆོད་གང་བཞག་ཡོད་དམ་ཞེས་གསུངས་འདུག དེའི་ལན་གྱི་ནང་དུ་ཚོགས་འདུའི་ཐོག་གྲོས་ཆོད་དེ་འདྲ་ཡང་བསྐྱར་མི་བཞག་ཅེས་གསུངས་འདུག ཕལ་ཆེར་གྲོས་ཆོད་བཞག་ཡོད་ས་མ་རེད། འོག་གི་གཤམ་གསལ་གྱི་དོན་ཚན་ཁག་དེ་ཚོ་ཡིན་ས་རེད། དེ་ཡིན་དུས་འདིའི་ཐོག་ལ་བཀའ་འདྲི་ཞུ་རྒྱུ་ལ་ཁ་སྔོན་ལ་དྭགས་ལ་མཉམ་འབྲེལ་ཚང་མ་ཚོགས་པ་དེའི་སྐབས་སུ་གྲོས་ཆོད་མང་པོ་ཞིག་བཞག་རེད་ཅེས་གསར་འགྱུར་བརྒྱུད་ལམ་ཁག་ནས་དེ་འདྲ་ཞིག་ཤེས་སོང༌། དེ་ཡིན་དུས་ལ་དྭགས་ལ་མཉམ་འབྲེལ་ཁག་ཚོགས་འདུ་ཚོགས་སྐབས་གྲོས་ཆོད་གནད་འགག་ཆེ་ཤོས་གང་བཞག་ཡོད་མེད་སྐོར་ལ་བཀའ་སློབ་གནང་རོགས་གནང༌།
གཉིས་པར། སྒང་ཏོག་དང་དྷ་ས་བོད་ཀྱི་གསོལ་མགྲོན་ཁང་གཉིས་ཡོད་པའི་ཁེ་གཙང་དེ་བརྒྱ་ཆ་བརྒྱ་གཞུང་གིས་ལེན་གྱི་ཡོད་དུས། དེའི་ཁེ་གཙང་དེ་བརྒྱ་ཆ་བརྒྱ་སོ་སོས་མ་ལེན་པར། མིའི་སར་ནས་ཁེ་གཙང་བརྒྱ་ཆ་སུམ་ཅུ་ལེན་དགོས་པའི་རྒྱུ་མཚན་གང་ཡིན་ནམ། གཅིག་བྱེད་ན་ཕལ་ཆེར་གཞུང་ལས་མི་མང་རྩ་ཆེ་བར་གཟིགས་ནས་མི་མང་ཡར་ལངས་ཆེད་དགོངས་པ་བཞེས་པ་མིན་ནམ་ཞེས་ངས་འདི་འདྲ་ཞིག་དྲན་པ་རེད། དེ་ཡིན་དུས་དེ་འདྲ་ཞིག་རེད་དམ། ཡང་ན་གང་རེད་ཅེས་དྲི་བ་གཉིས་པ་འདི་ཡིན།
དྲི་བ་གསུམ་པ་འདི་སྤྱི་མཐུན་མཉམ་འབྲེལ་ལ་དངུལ་མེད་པས་བོགས་གཏོང་གནང་ཡོད་ཅེས་གླ་ཆ་ཆུང་ཆུང་གི་ཐོག་ནས་བོགས་གཏོང་གནང་ཡོད་ཅེས་གསུངས་འདུག དེ་ཡིན་དུས་སྤྱི་མཐུན་མཉམ་འབྲེལ་གྱིས་རང་གཞུང་གི་དགོངས་པ་གཞིར་བཟུང་དངོས་གནས་ཡག་པོ་ཞིག་གནང་གི་རེད་བསམ་གྱི་འདུག ད་ལྟ་བཙན་བྱོལ་བོད་གཞུང་གིས་འཛིན་སྐྱོང་བྱེད་པའི་སྐབས་སུ་ཡང་ཡག་པོ་ཞིག་གནང་གི་རེད་ཅེས་ཚང་མས་ཡིད་ཆེས་བྱེད་ཀྱི་ཡོད་རེད། དེ་སྔོན་གྱོང་འཁུར་ཟེར་བ་དེ་ཡང་ཡག་པོ་ཞིག་ཡོང་བའི་རེ་བ་རང་བྱེད་ནས་གྱོང་འཁུར་བ་དེ་འདྲ་ཡང་བྱུང་ཡོད་རེད། རང་གཞུང་གིས་ཟ་ཁང་འདི་གཉིས་འཛིན་སྐྱོང་བྱེད་པའི་སྐབས་སུ་གཉིས་ཀར་ཕལ་ཆེར་ཁེ་གཙང་རང་ཡོད་པ་ཞིག་རེད། དེའི་ནང་ནས་སྒང་ཏོག་ཟ་ཁང་ལ་ཁེ་གཙང་བརྒྱ་ཆ་བརྒྱ་ཕལ་ཆེར་ག་དུས་ཡིན་ཡང་ཡོད་པ་ངས་གསལ་བཤད་བྱེད་དགོས་པ་མི་འདུག མཁྱེན་བཞིན་པ་རེད། ཡིན་ནའང་རང་གཞུང་གིས་དགོངས་པ་བཞེས་པ་ལྟར་སྤྱི་མཐུན་མཉམ་འབྲེལ་ལ་སྤྲད་ཚར་དུས་གལ་སྲིད་ཁེ་གཙང་མ་བྱུང་ནས་བརྒྱ་ཆ་སྤྲད་མ་ཐུབ་པ་དེ་འདྲ་བྱུང་ན། གཞུང་དང་སྤྱི་མཐུན་མཉམ་འབྲེལ་ཚོགས་པའི་བར་གན་རྒྱ་དེ་འདྲ་གང་བཞག་ཡོད་དམ། དྲི་བ་གཅིག་ནི་ཕལ་ཆེར་ང་རང་སྒེར་མཐོང་རྒྱ་ཐོས་རྒྱ་ཆུང་ཙང་ཡིན་གྱི་རེད། སྤྱི་མཐུན་མཉམ་འབྲེལ་ཚོགས་ཆུང་གིས་དངུལ་གཡར་ཡོད། ལས་ཁུངས་བཙུགས་ཡོད། དེ་བཞིན་འགན་འཛིན་གཡར་ཡོད་ཅེས་ལས་ཁུངས་དེ་གང་དུ་ཡོད་མེད་ངས་ཤེས་ཀྱི་མེད། དེ་དྷརྨ་ཤཱ་ལར་ཡོད་དམ། ས་གནས་གང་དུ་ཡོད་དམ། དེའི་ནང་ལས་བྱེད་ག་ཚོད་ཡོད་དམ། དེ་ཚོ་ཤེས་ན་ང་འདྲ་པོ་ཁ་ཤས་ཀྱིས་མཁྱེན་འདོད་ཡོད་རེད་བསམ་གྱི་འདུག
ཡང་དོན་ཚན་གཞན་ཞིག་ལ། མཉམ་འབྲེལ་དེ་ཞེ་དྲགས་ཀྱི་གནད་འགག་ཆེན་པོར་རྩིས་ཀྱི་ཡོད་རེད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་ལ་ཡང་ཡོད་རེད། ལོ་མང་པོ་ཞིག་མི་མང་སོ་སོའི་རྐང་པའི་ཐོག་ལངས་མ་ཐུབ་པར་མཉམ་འབྲེལ་ལ་དཀའ་ངལ་ཡོང་བ་དེ་དངོས་གནས་རེད། བཀའ་ཤག་སྐབས་བཅུ་གཉིས་པའི་ཐོག་ནས་ཕྱག་ལས་གནང་བའི་ནང་གནད་འགག་ཆེ་བ་ཞིག་མཉམ་འབྲེལ་ཁག་ཡར་རྒྱས་གཏོང་བ་དང༌། མི་མང་གི་ནང་ལ་མཉམ་འབྲེལ་ཡོད་གསུངས་པ་དེ་དངོས་གནས་མཚན་དོན་མཚུངས་པ་བྱེད་ནས་མི་མང་གི་ཐོག་ལ་ཁེ་ཕན་ཡོང་བ་དེ་རེད། སོ་སོ་རང་ལ་ཡིན་ན་རྗེས་སུ་ཡི་རངས་ཡོད། ཡིན་ནའང་ང་ཚོའི་གནས་ཡུལ་ལུང་པའི་མིའི་བསམ་བློ་གཏོང་སྟངས་དང་ང་ཚོ་བོད་པའི་སྤྱི་ཚོགས་ཀྱི་སྔོན་དང་དེང་སང་གི་མི་རབས་གཉིས་ཀྱི་ཁྱད་པར་གྱི་ཐོག་ནས་བསམ་བློ་དང་ལས་ཀ་བྱེད་སྟངས་ལ་གང་ཙམ་གྱི་འགྱུར་བ་ཕྱིན་དུས། ད་ལྟ་རང་གཞུང་གིས་དགོངས་པ་བཞེས་པ་ལྟར་མཉམ་འབྲེལ་ལ་དངུལ་གཡར་བ་དང༌། མཉམ་འབྲེལ་ལ་ཁེ་གཙང་ཡོང་ཆེད་འཛུགས་སྐྲུན་གྱི་ལྟེ་གནས་ཆེ་བ་དེ་ཚོ་མར་སྤྲད། དེ་འདྲ་བྱེད་དུས་དེ་འདྲ་གང་འཚམས་ཤིག་དྷརྨ་ཤཱ་ལ་དང་ལ་དྭགས་བཅས་ལ་ཚོགས་ནས་ཉམས་མྱོང་མང་པོ་ཞིག་བསགས་ཡོད་རེད། ད་ལྟ་རང་གཞུང་གི་དགོངས་གཞི་ལྟར་ཐབས་ལམ་འདིའི་བརྒྱུད་ནས་མཉམ་འབྲེལ་དེ་དགོངས་པ་བཞེས་པ་ལྟར་ཁོང་ཚོ་ཡར་ལངས་ཐུབ་ན། མི་མང་དང་མཉམ་འབྲེལ། དེ་བཞིན་ད་ལྟ་གསུངས་པའི་འཆར་གཞི་འདི་ཚོའི་ཐོག་ཁེ་ཕན་ག་ཚོད་ཅིག་ལེན་ཐུབ་པའི་རེ་བ་གནང་གི་ཡོད། དེ་ཡང་དུས་ཚོད་ག་འདྲ་ཞིག་ལ་ཁོང་ཚོ་རང་གི་རྐང་པའི་ཐོག་ལ་ལངས་ཐུབ་པའི་དགོངས་པ་གང་ཡོད་པ་བཀའ་སློབ་གནང་རོགས། དོན་གཞན་ཞིག་ལ་སྤྱི་མཐུན་མཉམ་འབྲེལ་ཚོགས་པ་ནས་མ་ཤས་བསྡུ་དགོས་ཀྱི་མ་རེད། ས་གནས་ནང་མཉམ་འབྲེལ་སོ་སོས་མ་ཤས་བསྡུ་དགོས་ཀྱི་རེད་ཅེས་གསུངས་གནང་སོང༌། དེ་བརྒྱ་ཆ་བརྒྱ་མ་ཤས་དེ་རང་རེད། ཡིན་ནའང་ས་གནས་སོ་སོ་ནས་མི་མང་གིས་མ་ཤས་བསྡུས་པ་དེ་སྔོན་མ་དང་མི་འདྲ་བར་མཉམ་འབྲེལ་དེ་རྒྱ་ཆེན་པོ་ཞིག་གནང་དགོས་པར་བརྟེན། མ་ཤས་དེ་ཡང་ཏོག་ཙམ་ཡར་རྒྱས་གཏང་དགོས་ཀྱི་འདུག་ཅེས་བཀུར་འོས་སྤྱི་འཐུས་གཅིག་གིས་གནད་དུ་ཕིག་པའི་དྭོགས་གཅོད་གནང་སོང༌། ཡིན་དུས་དེ་བཞིན་ས་གནས་མི་མང་གི་མཉམ་འབྲེལ་གྱི་མ་ཤས་དེ་སྔོན་མ་ལས་མཐོ་རུ་འགྲོ་བ་དང་མ་ཤས་སྡུད་མཁན་དེ་ཚོས་གསར་དུ་བསྡུས་པ་དང༌། དེ་འདྲའི་ཐོག་ལ་དགོངས་པ་ད་ལྟའི་ཆར་གསར་དུ་བཞེས་གནང་ཡོད་དམ་མེད།

བཀའ་ལན།
བཀུར་འོས་སྤྱི་འཐུས་མཆོག་གིས་ཁེ་བཟང་ཆེན་པོ་ཡོད་པའི་སྡེ་ཚན་ནས་གཞུང་གིས་ཁེ་བཟང་མ་ལེན་པར་མཉམ་འབྲེལ་ལ་གང་བྱས་ནས་སྤྲད་པ་རེད་ཅེས་བཀའ་གནང་སོང༌། དེ་ལ་རྒྱུ་མཚན་གཉིས་ཡོད། རྒྱུ་མཚན་དང་པོ་གཞུང་གིས་གཏན་ལ་ཕབ་པའི་སྲིད་བྱུས་ཀྱི་ནང་གཞུང་ནས་ཐད་ཀར་ཚོང་ལས་ཀྱི་སྡེ་ཚན་གང་ཡང་འཛིན་སྐྱོང་མི་བྱེད་པར། ཚང་མ་སྒེར་བདག་ཅན་དུ་བསྒྱུར་བའི་ཐག་གཅོད་སྔོན་ནས་བྱུང་ཟིན་པ་རེད། ཐག་གཅོད་དེའི་འོག་སྤྱི་མཐུན་མཉམ་འབྲེལ་མེད་པ་ཡིན་ནའང་གསོལ་མགྲོན་ཁང་གཉིས་པོ་སྒེར་བདག་ཅན་དུ་བསྒྱུར་རྒྱུ་དང༌། དེ་ནས་མ་རྩ་ཕྱིར་འཐེན་བྱེད་རྒྱུ་གཞུང་གི་སྲིད་བྱུས་ཀྱི་ཆ་ཤས་ཤིག་རེད། ཁེ་བཟང་ཡོད་པ་དེ་ཉར། ཁེ་བཟང་མེད་པ་དེ་སྒེར་བདག་ཅན་དུ་བསྒྱུར་རྒྱུའི་སྐད་ཆ་ཡོད་མ་རེད། གཞུང་གིས་ཐད་ཀར་ཚོང་ལས་གནང་དང་མི་གནང་གི་སྐད་ཆ་དེ་རེད། རྒྱུ་མཚན་དེ་ལ་བརྟེན་ནས་གསོལ་མགྲོན་ཁང་གཉིས་པོ་དེ་སྒེར་བདག་ཅན་དུ་བསྒྱུར་དགོས་ཀྱི་ཡོད་རེད། རྒྱུ་མཚན་གཉིས་པ་སྤྱི་མཐུན་མཉམ་འབྲེལ་དེ་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་སྤྱི་ཚོགས་ཀྱི་ནང་ཐད་ཀར་ཕྱག་ལས་གནང་མཁན་གྱི་སྒྲིག་འཛུགས་ཤིག་ཡིན་པ་དང༌། གསོལ་མགྲོན་ཁང་གཉིས་པོ་དེ་དེ་སྔ་ཕན་ཆད་ལོ་གཅིག་ཀྱང་གྱོང་གུན་འགྲོ་མ་མྱོང་བའི་ཚོང་ལས་ཀྱི་སྡེ་ཚན་བརྟན་པོ་ཞིག་ཡིན་ཙང་དེ་ཕྱི་མི་སྒེར་པ་ལ་བཙོང་བ་ལས་བཙན་བྱོལ་བོད་མི་ཡོངས་རྫོགས་ལ་བེད་སྤྱོད་ཡོད་པའི་སྡེ་ཚན་ཞིག་ལ་བཙོང་ན་ཡག་གི་རེད་བསམས་ནས་སྤྱི་མཐུན་མཉམ་འབྲེལ་ལ་བཙོང་རྒྱུ་བྱས་པ་རེད། ད་ལྟ་སྤྱི་མཐུན་མཉམ་འབྲེལ་ལ་ལག་དངུལ་མེད་ནས་བོགས་མ་ལེན་པ་རེད། བོགས་མ་ལེན་རྗེས་གྱོང་གུན་ཕོག་སྟེ་རྗེས་སུ་བོགས་མ་སྤྲད་མ་ཐུབ་ན་གང་བྱེད་ཀྱི་རེད་ཅེས་བཀའ་འདྲི་གནང་སོང༌། བོགས་མ་སྤྲོད་སྐབས་ང་ཚོས་ཆོད་གན་གཞག་རྒྱུ་རེད། ཆོད་གན་གྱི་ནང་བོགས་མ་སྤྲད་མ་ཐུབ་ན་གང་བྱེད་རྒྱུ་ཡིན་པ་གསལ་པོ་འཁོད་ཀྱི་རེད། གྱོང་གུན་ཕྱིན་ནས་བོགས་མ་སྤྲད་མ་ཐུབ་ན་དཔལ་འབྱོར་ལས་ཁུངས་ཀྱིས་སྤྱི་མཐུན་མཉམ་འབྲེལ་ནས་ཚུར་ལེན་ཏེ་སྒེར་བདག་ཅན་དུ་བསྒྱུར་རྒྱུའི་ལས་རིམ་གཉིས་པ་ཞིག་བརྩམ་དགོས་ཡོང་གི་རེད། དེ་ནི་བོགས་མའི་སྐབས་ཀྱི་གནས་སྟངས་རེད། སྒང་ཏོག་གི་ཚོང་ལས་དང་དྷ་སའི་མཁར་དབང་ཚོང་ལས་བཅས་སྤྱི་མཐུན་མཉམ་འབྲེལ་གྱིས་རིན་པ་སྤྲད་ནས་གཟིགས་ཚར་རྗེས་གྱོང་གུན་ཕྱིན་ན་སྤྱི་མཐུན་མཉམ་འབྲེལ་རང་གི་གྱོང་གུན་རེད། དེ་ལ་བྱེད་རྒྱུ་གང་ཡང་ཡོད་མ་རེད།
ཡང་སྤྱི་མཐུན་མཉམ་འབྲེལ་གྱི་ལས་ཁུངས་གང་དུ་ཡོད་རེད་ཅེས་གསུངས་པའི་ཐད། སྤྱི་མཐུན་མཉམ་འབྲེལ་གྱི་ལས་ཁུངས་ད་ལྟ་དྷརྨ་ཤཱ་ལ་མཉམ་ལས་ཁང་གི་ནང་ཡོད་རེད། སྤྱི་མཐུན་མཉམ་འབྲེལ་གྱི་ལས་ཁུངས་དེ་ཚོགས་མི་མཉམ་འབྲེལ་ཡོད་སའི་མངའ་སྡེ་ཞིག་ཏུ་ཡོད་དགོས་པ་མཉམ་འབྲེལ་གྱི་ཁྲིམས་ཡིག་གི་དགོངས་དོན་རེད་འདུག དེ་འདྲ་ཡིན་དུས་ཐག་ཉེ་བ་དང་ལས་ཀ་བྱེད་བདེ་བ་ཡོང་ཆེད་སྤྱི་མཐུན་མཉམ་འབྲེལ་གྱི་ལས་ཁུངས་དེ་དྷ་ས་མཉམ་ལས་ཁང་གི་ནང་བཙུགས་ཡོད་ཅེས་ཞུ་རྒྱུ་ཡིན། ལས་བྱེད་ད་ལྟ་འགན་འཛིན་གཅིག་ཡོད་པ་རེད། འགན་འཛིན་གྱིས་ཐུགས་འགན་བཞེས་པའི་རྗེས་སུ་ལས་བྱེད་ག་ཚོད་དགོས་པ་དང༌། དེ་ཚོའི་བསྐོ་གཞག་བྱེད་སྟངས་གང་ཡིན་སྤྱི་མཐུན་མཉམ་འབྲེལ་འགན་འཛིན་ལྷན་ཚོགས་ནས་ཐག་གཅོད་གནང་རྒྱུ་རེད། རྗེས་སུ་སྤྱི་མཐུན་མཉམ་འབྲེལ་གྱི་ལས་ཁུངས་དེ་དིལླཱི་ལ་ཚུགས་རྒྱུའི་དམིགས་ཡུལ་འཛིན་གྱི་ཡོད་རེད། ཡིན་ནའང་དིལླཱིར་ད་ལྟ་མཉམ་འབྲེལ་མེད་པ་ཡིན་སྟབས་ལས་ཁུངས་ཚུགས་ཐུབ་ཀྱི་ཡོད་པ་མ་རེད། དིལླཱིར་བོད་སྒར་ཞིག་ཡོད་ཙང་དེར་བོད་མིའི་མཉམ་འབྲེལ་ཞིག་བྱུང་ན་དེ་སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་མིར་བཅུག་སྟེ་སྤྱི་མཐུན་མཉམ་འབྲེལ་གྱི་ལས་ཁུངས་ལྟེ་བ་དིལླཱིར་ཚུགས་ཐུབ་ན་ཕྱི་ཚོང་ནང་འདྲེན་ལ་སོགས་པའི་ལས་ཀའི་ཐོག་ལས་སླ་བ་ཡོང་གི་རེད་བསམ་གྱི་འདུག
སྤྱི་མཐུན་མཉམ་འབྲེལ་དང་ས་གནས་མཉམ་འབྲེལ་ཁག་ཡར་རྒྱས་ཕྱིན་ནས་མ་འོངས་པར་མི་མང་ལ་ཁེ་ཕན་ག་ཚོད་ཡོང་གི་ཡོད་རེད་ཅེས་བཀའ་འདྲི་གནང་སོང༌། མི་མང་ལ་ཁེ་ཕན་ཆེན་པོ་ཡོང་རྒྱུའི་རེ་བ་བྱེད་ཀྱི་ཡོད། མ་འོངས་པར་བོད་མིའི་གཞིས་ཆགས་ཁག་གི་འཛིན་སྐྱོང་ཡོངས་རྫོགས་གཞིས་ཆགས་དེའི་མཉམ་འབྲེལ་གྱིས་བྱེད་ཐུབ་པ་བྱུང་ན་བསམ་པ་ང་ཚོའི་རྨི་ལམ་རེད། རྨི་ལམ་དེ་མངོན་སུམ་དུ་འགྱུར་ཐུབ་ཀྱི་ཡོད་མེད་ད་ལྟ་ཤེས་ཀྱི་མི་འདུག ས་གནས་སོ་སོའི་མཉམ་འབྲེལ་དེ་ཚད་ལྡན་ཞིག་བྱུང་བ་ཡིན་ན་གཞིས་ཆགས་དེའི་དཔལ་འབྱོར་གྱི་འདུ་འགོད་དང༌། ཞིང་ལས། དེ་བཞིན་ཚོང་ལས་བཟོ་ལས་བཅས་ཡོངས་སུ་རྫོགས་པ་མཉམ་འབྲེལ་དེས་གཟིགས་རྒྱུ་མ་ཟད་གཞིས་ཆགས་ཀྱི་སློབ་གྲྭའི་འཛིན་སྐྱོང་དང༌། སྨན་ཁང་གི་འཛིན་སྐྱོང༌། དགོན་པ་ཁག་གི་སྲི་ཞུ་ཞབས་འདེགས་ཞུ་རྒྱུ་སོགས་ཚང་མ་ས་གནས་དེའི་མཉམ་འབྲེལ་གྱིས་འགན་ལེན་ཐུབ་པ་ཞིག་བྱུང་བ་ཡིན་ན། བདག་ཉིད་ཆེན་པོ་གན་དྷིས་གསུངས་པའི་གྲོང་གསེབ་རང་སྐྱོང་ཟེར་བ་དེ་དངོས་གནས་ཡོང་ཐུབ་རྒྱུ་རེད་བསམ་གྱི་ཡོད། ང་ཚོའི་ཕུགས་རྒྱང་རིང་པོའི་དམིགས་ཡུལ་དེ་རེད། དེ་ཙམ་དུ་མ་ཟད་ང་ཚོ་གཞིས་ཆགས་ཁག་གི་སོ་ནམ་ཞིང་ལས་དང་བཟོ་ལས་གཞིས་ཆགས་ཁག་གི་བཟོ་ལས་ཆུང་ཙག་དེ་དག་ལ་བཙན་བྱོལ་གཞུང་གི་དམིགས་བསལ་གྱིས་དོ་སྣང་སྤྲད་ནས་ཡར་རྒྱས་གཏང་རྒྱུའི་འབད་བརྩོན་བྱེད་དགོས་པའི་རྒྱུ་མཚན་གཞན་ཞིག་གང་རེད་གསུངས་ན། ད་ལྟའི་གོ་ལ་གཅིག་སྒྱུར་གྱི་བག་མེད་ལོངས་སྤྱོད་རིང་ལུགས་དེའི་འཕེལ་རིམ་ལ་བལྟས་ན་འབྱུང་འགྱུར་ལོ་བཅོ་ལྔ་ཉི་ཤུ་ཞིག་གི་ནང་བཙན་བྱོལ་བོད་མིའི་གནས་ཡུལ་རྒྱལ་ཁབ་ཚང་མའི་ནང་ཕྱུག་པོ་ཕྱུག་ཐག་ཆོད། སྤྲང་པོ་སྤྲང་ཐག་ཆོད་དེ་དབུལ་ཕྱུག་བར་ཁྱད་ཧ་ལས་པའི་ཆེན་པོ་ཞིག་ཡོང་རྒྱུ་ཡིན་པ་དངོས་གསལ་རེད། དེའི་སྐབས་སུ་བཙན་བྱོལ་བོད་མི་རྒྱ་གར་དུ་ཡོད་པ་ལྟ་བུར་ཆ་མཚོན་ན་ཁོང་ཚོ་ཧ་ལས་པའི་ཕྱུག་པོའི་ནང་ཚུད་རྒྱུའི་རེ་བ་ཡོད་པ་མ་རེད། སོ་སོའི་ས་གནས་ཀྱི་ཐོན་སྐྱེད་ཀྱི་ཐོག་ནས་འཚོ་བ་བསྐྱལ་ཐུབ་པ་ཞིག་མ་བྱུང་བར་ཁྲོམ་ནས་ཉོས་ཏེ་འཚོ་བ་བསྐྱལ་དགོས་པ་ཞིག་ཆགས་ན། མང་ཆེ་བ་ལྟོགས་ཤི་ཐེབས་ཀྱི་རེད། ཉིན་རེ་བཞིན་རྡོ་སྣུམ་དང༌། རྒྱུན་མཁོའི་ཅ་ལག འགྲིམ་འགྲུལ་མཐུན་རྐྱེན་སོགས་ཀྱི་རིན་གོང་འཕར་སྟངས། ཙག་ཙག་གི་ཚོང་རིགས་དེ་ཚོ་མེད་པ་ཆགས་འགྲོ་སྟངས་དེ་ཚོ་ལ་ཞིབ་ཏུ་གཟིགས་ན་མ་འོངས་པ་ལོ་བཅོ་ལྔ་ཉི་ཤུའི་ནང་མི་མང་དཀྱུས་མའི་འཚོ་བའི་གནས་སྟངས་ག་འདྲ་ཞིག་ཡོང་མིན་ད་ལྟ་ནས་ཚོད་དཔག་ཐུབ་པ་ཞིག་རེད། ང་ཚོ་བོད་མི་སྐྱབས་བཅོལ་བ་མང་ཆེ་བ་ཞིག་སུད་ཚོང་ལ་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད་རེད། ད་ལྟ་ནས་རྩིས་པའི་ལོ་ཉི་ཤུ་རྩ་གྲངས་ཀྱི་རྗེས་ལ་ལམ་གྱི་འགྲམ་དུ་བསྡད་ནས་ཚོང་བརྒྱབ་རྒྱུའི་གོ་སྐབས་དེ་མཐོང་རྒྱུ་མེད་པ་ཆགས་ཀྱི་རེད། དཔེར་ན་དིལླཱི་ལྟ་བུར་ད་ལྟ་ནས་འགོ་བཙུགས་ཟིན་པ་གཟིགས་ཐུབ་ཀྱི་རེད། དེ་འདྲ་ཡིན་དུས་དེ་དུས་ང་ཚོས་བོད་མི་སྐྱབས་བཅོལ་བ་ཚང་མ་ TATA དང་ BIRLA བཟོ་ཐུབ་ཐབས་ཡོད་པ་མ་རེད། དེ་བཟོ་མ་ཐུབ་པ་ཡིན་ནའང་ལྟོགས་ཤི་མ་ཐེབས་པའི་དོན་དུ་སོ་སོའི་སྡོད་ས་དེའི་ནང་ནས་སུ་གང་ལ་རེ་བ་བརྒྱབ་མི་དགོས་པར་རང་གི་འཚོ་གོས་རང་གིས་ཐོན་སྐྱེད་བྱེད་ཐུབ་པ་ཞིག་བཟོ་དགོས་རྒྱུ་ཧ་ཅང་གི་གལ་ཆེན་པོ་རེད། དེའི་དབང་གིས་ད་ལྟ་ང་ཚོ་སོ་ནམ་ཞིང་ལས་ལ་དམིགས་ཀྱིས་བཀར་ནས་འབད་བརྩོན་བྱས་པ་དང༌། གཞིས་ཆགས་ཁག་བརྟན་གནས་ཡོང་ཐབས་འབད་བརྩོན་བྱེད་དགོས་པའི་རྒྱུ་མཚན་གཙོ་བོ་དེ་རེད། དེར་བརྟེན་མ་འོངས་པར་ས་གནས་ཀྱི་འཛིན་སྐྱོང་ཡོངས་སུ་རྫོགས་པ་ས་གནས་མཉམ་འབྲེལ་ཁག་གིས་བྱེད་ཐུབ་པའི་རེ་བ་རྒྱག་གི་ཡོད། ས་གནས་མི་མང་ནས་མ་ཤས་བསྡུ་རྒྱུ་མང་དུ་དང་མ་ཤས་དངུལ་འབོར་ཆེ་རུ་གཏོང་གི་རེད་དམ་ཞེས་གསུངས་པའི་ཐད། དེ་གཏང་དང་མ་གཏང་གི་ཐག་གཅོད་མཉམ་འབྲེལ་འགན་འཛིན་ལྷན་ཚོགས་ཀྱིས་གནང་རྒྱུ་ཞིག་རེད། ང་ཚོས་བསྐུལ་འདེབས་དོན་ཚན་ ༢༤ ནང་དེ་ཚོ་ཚུད་ཡོད། མ་འོངས་པར་མ་ཤས་དངུལ་འབབ་གཅིག་གྱུར་དང༌། མ་ཤས་བདག་པོ་མང་དུ་གཏང་དགོས་ཀྱི་རེད། ཡུལ་ཐང་དང་འཚམས་པའི་མ་ཤས་བསྡུ་དགོས་ཀྱི་རེད་ཅེས་ཞུས་ཡོད། དེ་ཚོ་ཕྱག་ལེན་བསྟར་བའི་རེ་བ་ཡོད།

སྤྱི་འཐུས་རྒྱ་རི་བུ་ཕྲུག་ལགས་ནས།
ནང་སྲིད་ཁོངས་གཏོགས་མཉམ་འབྲེལ་ཡོད་པ་དེ་ཚོ་སྤྱི་མཐུན་མཉམ་འབྲེལ་རང་སྐྱོང་གི་སྡེ་ཚན་བཟོ་བའི་སྲིད་བྱུས་དེ་འཛིན་སྐྱོང་བཀའ་ཤག་གིས་བསྣམས་ཕེབས་པ་རེད། དེ་བཞིན་དཔལ་འབྱོར་ཁོངས་སུ་ཡོད་པའི་ཚོང་གི་སྡེ་ཚན་ཡོད་པ་དེ་ཚོ་སྒེར་བདག་ཅན་དུ་བསྒྱུར་བ་དེ་ཡང་འཛིན་སྐྱོང་བཀའ་ཤག་གིས་བསྣམས་ཕེབས་པ་རེད། དེ་ལ་གྲོས་ཚོགས་ཀྱིས་རྒྱབ་སྐྱོར་ཞུས་པ་རེད། སོ་སོ་ཡང་དེ་ལ་རྒྱབ་སྐྱོར་ཞུ་མཁན་ཞིག་ཡིན་དུས་དེ་ལ་འཕྲོས་དོན་དྲི་བ་ཞུ་རྒྱུ་ཞིག་ཆགས་ཀྱི་འདུག དེ་གཉིས་ཀ་འཛིན་སྐྱོང་བཀའ་ཤག་གི་སྲིད་བྱུས་ཡིན་དུས་ད་བར་ལོ་བཞི་ཙམ་ཕྱིན་ཡོད་རེད། སེམས་འཚབ་ག་རེ་ཡོང་གི་འདུག་ཞུས་ན། སྲིད་བྱུས་ཡོང་སྟངས་འགོ་མཇུག་ནོར་མེད་དམ། ད་ལྟ་གོམ་པ་དེའི་ཐོག་ལ་སྤོས་རྒྱུ་ཡིན་ན་ང་ཚོས་དང་པོར་མཉམ་འབྲེལ་དང་སྤྱི་མཐུན་ཟེར་བའི་ཕྱག་ལས་སྔོན་ལ་གནང་ནས་སྒེར་བདག་ཅན་བཟོ་བའི་སྲིད་བྱུས་དེ་རྗེས་ལ་བསྣམས་པ་ཡིན་ན། ནང་སྲིད་བཀའ་བློན་མཆོག་ནས་དེ་ག་རེ་ངོས་འཛིན་གནང་གི་ཡོད་དམ།
གཉིས་པ། ད་ལྟའི་སྐབས་སྒེར་བདག་ཅན་གྱི་སྲིད་བྱུས་དེ་དེ་འདྲའི་ཐོག་ལ་འབབ་དགོས་པ་དེ་སྒེར་བདག་ཅན་གྱི་སྲིད་བྱུས་དེ་ལག་ལེན་བསྟར་མ་ཐུབ་པ་ཞིག་ལ་ངོས་འཛིན་གནང་དགོས་ཀྱི་རེད་དམ། ངའི་འཕྲོས་དོན་དྲི་བ་གཉིས་པོ་དེ་གསལ་པོ་བྱུང་མེད་ན་ནང་སྲིད་བཀའ་བློན་མཆོག་ནས་ལན་དེ་གསལ་པོ་གནང་བ་ཡིན་ན་འགྲིགས་ཀྱི་འདུག

བཀའ་ལན།
སྒེར་བདག་ཅན་དུ་བསྒྱུར་བ་དང་མཉམ་འབྲེལ་ཡར་རྒྱས་གཏོང་རྒྱུ་ལོག་པ་ནང་བཞིན། དྲི་བ་གསལ་པོ་མ་ཆགས་པ་ལ་ལན་གསལ་པོ་དགོས་ཞེས་པ་དེ་ཡང་འགོ་མཇུག་ལོག་པ་མིན་ནམ་བསམ་གྱི་འདུག ངས་ཡང་བསྐྱར་གསལ་པོ་བཟོ་རྒྱུར། སྤྱི་མཐུན་མཉམ་འབྲེལ་གསར་པ་བཙུགས་པ་རེད་མ་གཏོགས། མཉམ་འབྲེལ་དེ་ཚོ་རང་སྐྱོང་གི་སྡེ་ཚན་གནའ་སྔ་མོ་ནས་རེད། མཉམ་འབྲེལ་དེབ་སྐྱེལ་བྱས་པའི་ཉིན་མོ་དེ་ནས་རང་སྐྱོང་གི་སྡེ་ཚན་ལ་བསྡད་ཡོད་པ་རེད་མ་གཏོགས། བཀུར་འོས་སྤྱི་འཐུས་ནས་ནང་སྲིད་ཁོངས་གཏོགས་ཀྱི་མཉམ་འབྲེལ་དེ་ཚོ་ཟུར་དུ་བཏང་བ་རེད་ལྟ་བུ་གསུངས་སོང༌། དེ་འདྲ་གང་ཡང་མ་རེད། མཉམ་འབྲེལ་སྔོན་མ་ཡང་ནང་སྲིད་ཁོངས་གཏོགས་མ་རེད་ལ། ད་ལྟའང་མ་རེད། དེ་རྒྱ་གར་གཞུང་གི་ཁྲིམས་ཀྱི་འོག་ལ་དེབ་སྐྱེལ་བྱས་པའི་རང་སྐྱོང་གི་སྡེ་ཚན་ཞིག་རེད། དེའི་ནང་མི་འདྲ་བ་གང་བྱུང་ཡོད་རེད་ཟེར་ན། སྔོན་མ་ས་གནས་འགོ་འཛིན་གཞུང་ཞབས་དེ་ཚོ་མཚན་གནས་རྗེས་འབྲེལ་གྱི་ཐོག་ནས་མཉམ་འབྲེལ་ཚོགས་གཙོ་གནང་གི་ཡོད་རེད། ད་ལྟ་མཉམ་འབྲེལ་ཚོགས་གཙོ་མཉམ་འབྲེལ་སོ་སོའི་འགན་འཛིན་ལྷན་ཚོགས་ཀྱིས་འོས་བསྡུའི་ལམ་ནས་ཕེབས་ཀྱི་ཡོད་རེད། དེ་ཙམ་མ་གཏོགས་ཁྱད་པར་གང་ཡང་ཕྱིན་མེད། སྤྱི་མཐུན་མཉམ་འབྲེལ་ཚུགས་རྒྱུར་ལོ་གསུམ་འགོར་བ་རེད། དེའི་བསམ་ཚུལ་དང་པོ་ནས་ཡོད་ཀྱང༌། ཐོག་མ་མཉམ་འབྲེལ་སོ་སོར་གསལ་བཤད་བྱེད་རྒྱུ། དེ་ནས་མཉམ་འབྲེལ་ཚོགས་ཆེན་ཐོག་མོས་མཐུན་ཐག་གཅོད་གནང་རྒྱུ། ཡིག་ཆ་གོ་སྒྲིག་གིས་རྒྱ་གར་གཞུང་ལ་དེབ་སྐྱེལ་བྱེད་རྒྱུ། དེའི་སྐབས་དོན་མེད་ཀྱི་དུས་ཚོད་ནར་འགྱངས་ཕྱིན་པ། དེ་ཚོ་ཚང་མར་བརྟེན་ནས་ལོ་གསུམ་འགོར་བ་རེད། དེའི་རིང་ལ་ང་ཚོའི་སྒེར་བདག་ཅན་དུ་བསྒྱུར་རྒྱུའི་ལས་གཞི་དེ་སྒུག་ཐུབ་ཐབས་རྩ་བ་ནས་མེད་པ་རེད། དེ་ལས་གནད་འགག་ཆེ་བ་ཞིག་ལ། ང་ཚོའི་སྒེར་བདག་ཅན་དུ་བསྒྱུར་རྒྱུའི་སྡེ་ཚན་མང་ཆེ་བ་ལོ་ནས་ལོ་བསྟུད་དེ་གྱོང་གུན་དུ་འགྲོ་བསྡད་པ་དང༌། རེ་གཉིས་ཤིག་ལོ་གཉིས་གསུམ་ཁེ་འབབ་དང་ལོ་བཞི་ལྔ་གྱོང་གུན་ལ་འགྲོ་བསྡད་མཁན་ཤ་སྟག་རེད། བོད་མི་མཉམ་འབྲེལ་ཁག་ཀྱང་གྱོང་གུན་འོག་འགྲོ་བསྡད་པ་མང་པོ་ཡོད་རེད། དེའི་སྒང་ལ་ད་དུང་གྱོང་གུན་སྣོན་པ་རྒྱག་རྒྱུའི་རྒྱུ་མཚན་རྩ་བ་ནས་ཡོད་མ་རེད། ད་ལྟ་སྒེར་བདག་ཅན་དུ་བསྒྱུར་ཟིན་པའི་ཚོང་གི་སྡེ་ཚན་གཞན་པ་དེ་ཚོ་སྤྱི་མཐུན་མཉམ་འབྲེལ་ལ་སྤྲོད་རྒྱུར་སྒུག་བསྡད་པ་ཡིན་ན། གཞུང་ལ་གྱོང་གུན་ཚད་མེད་ཐོག སྤྱི་མཐུན་མཉམ་འབྲེལ་རྩ་གཏོར་གཏོང་བའི་རྒྱུ་རྩ་ཞིག་མ་གཏོགས། ཕན་པའི་རྒྱུ་རྩ་ཞིག་ཆགས་ཀྱི་ཡོད་མ་རེད། སྤྱི་མཐུན་མཉམ་འབྲེལ་ནས་འཛིན་སྐྱོང་བྱེད་ཐུབ་ན། གྱོང་གུན་ཡོང་བའི་ཉེན་ཁ་མེད་པ་གསོལ་མགྲོན་ཁང་གཉིས་པོ་དེ་རེད། དེ་གཉིས་སྤྱི་མཐུན་མཉམ་འབྲེལ་ཚུགས་རྒྱུར་སྒུག་བསྡད་པ་རེད། དེ་འདྲ་ཡིན་སྟབས་བཟོ་ཚོང་སྡེ་ཚན་ཁག་སྒེར་བདག་ཅན་དུ་བསྒྱུར་བ་དང་མཉམ་འབྲེལ་ཡར་རྒྱས་གཏོང་རྒྱུ་གཉིས་ཀྱི་གོ་རིམ་འཁྲུག་མེད་ཅེས་ཞུ་རྒྱུ་ཡིན།

སྤྱི་འཐུས་བསོད་ནམས་སྟོབས་རྒྱས་ལགས་ནས།
གོང་དུ་ངའི་དྲི་བ་གཉིས་ཀྱི་བཀའ་ལན་བཀའ་བློན་མཆོག་ནས་གནང་ཟིན་སོང༌། ཡང་གལ་པོ་ཆེ་ལ་ནན་ཏན་ཟེར་བ་ལྟར། དཔལ་འབྱོར་སྒེར་བདག་ཅན་དུ་བསྒྱུར་རྒྱུ་དེ་མང་ཆེ་བ་ཞིག་སྒེར་བདག་ཅན་དུ་བསྒྱུར་ཚར་བ་རེད། ཕན་ཐོགས་ནའང་འདྲ། གནོད་སྐྱེལ་ནའང་འདྲ། དེ་ཚར་བ་ཞིག་རེད། སྒང་ཏོག་བོད་ཀྱི་གསོལ་མགྲོན་ཁང་དང་དྷ་ས་བོད་ཀྱི་གསོལ་མགྲོན་ཁང་གཉིས་ལྷག་ཡོད་རེད། དེ་ལ་མ་རྩ་འབུམ་ལྔ་བརྒྱ་དྲུག་བརྒྱ་གནས་ཡོད་རེད། དེ་འདྲའི་རྒྱུ་མཚན་གྱི་ཆ་ནས་གླ་ཆུང་གི་བོགས་གཏོང་བྱ་རྒྱུ་ཡིན་ཟེར་དུས་མ་གནས་འབུམ་ལྔ་བརྒྱ་དང་དྲུག་བརྒྱ་ཡིན་པའི་མ་གནས་དེ་ལས་གླ་ཆུང་གི་བོགས་གཏོང་དེ་ག་འདྲའི་ཐོག་གཏོང་གི་རེད་དམ། གཉིས་པར་སྒང་ཏོག་གི་དེ་ལ་ལོ་ལྟར་འབུམ་ལྔ་བཅུ་ནས་དྲུག་ཅུ་ཁེ་བཟང་ཡོང་གི་ཡོད་རེད། དྷ་སའི་གསོལ་མགྲོན་ཁང་ལ་དེ་ཙམ་གྱིས་ཁེ་ཞིག་ཡོང་གི་ཡོད་མ་རེད། ཡིན་ནའང་དེ་གཉིས་ཀྱི་ལོ་གཅིག་གི་བོགས་ཡོང་དེ་ལ་བརྟེན་ནས་བོགས་མ་གཏོང་གི་རེད་དམ་མ་རེད། གསུམ་པར། གང་ལྟར་ང་ཚོས་བོད་གཞུང་གི་ཡོང་འབབ་དེ་རྩི་དགོས་ཀྱི་ཡོད་རེད། ཡོང་འབབ་བཟོ་དགོས་ཀྱི་ཡོད་རེད། གང་ལྟར་ང་ཚོས་བོགས་ཡོང་བཟོ་རྒྱུའི་ཆེད་དུ་ཡིན་པས་གཞུང་གི་ངོས་ནས་ཁེ་བཟང་ཡོད་པ་དེ་བོགས་མར་གཏོང༌། གང་སར་སློང་མོ་རྒྱག་བསྡད་པ་དེ་ལམ་ལུགས་དང་མཐུན་གྱི་ཡོད་དམ་མེད།

བཀའ་ལན།
བཀུར་འོས་སྤྱི་འཐུས་ནས་དྲི་བ་གཉིས་གནང་སོང༌། དྲི་བ་དེ་གཉིས་རྩ་བའི་དྲི་བ་དེའི་འཕྲོས་དོན་ལ་འགྲོ་བ་ཞིག་གཟིགས་ཀྱི་ཡོད་དམ་མེད། ངས་ཤེས་མ་སོང༌། ཡིན་ནའང་ལན་ཞུས་གསུངས་པ་ཡིན་སྟབས་ལན་ཞུ་རྒྱུ་ཡིན། གསོལ་མགྲོན་ཁང་གཉིས་པོ་དེ་མ་རྩ་ཆེན་པོ་གནས་ཡོད་རེད། མ་རྩ་ཆེན་པོ་གནས་པ་དེ་ག་འདྲ་བྱས་ནས་གོང་ཆུང་ཆུང་ལ་བོགས་མ་བཏང་བ་རེད་ཅེས་བཀའ་འདྲི་གནང་སོང༌། བོགས་མ་བཏང་བ་དང་མ་རྩ་གནས་ས་གཉིས་ལ་འབྲེལ་བ་གང་ཡང་ཡོད་པ་མ་རེད། གལ་སྲིད་བཙོངས་པ་ཡིན་ན་གོང་དུ་ཞུས་པ་ལྟར་མ་རྩ་ག་ཚོད་གནས་པ་དེའི་ཐོག་ལ་ཁེ་བཟང་དང་བཅས་པ་སྦྱར་ནས་རིན་གོང་རག་དགོས་ཀྱི་ཡོད་རེད། དེ་འདྲ་སོང་ཙང་ད་ལྟ་སྤྱི་མཐུན་མཉམ་འབྲེལ་གྱིས་གོང་ཆུང་ཆུང་བྱས་ནས་ཚོང་རོགས་ཞེས་རེ་བ་བཏོན་གནང་ཡོད་རེད་ཀྱང༌། གོང་ཆུང་ཆུང་བྱས་ཏེ་བཙོང་ཐུབ་ཀྱི་མ་རེད་ཅེས་གསལ་པོ་ཞུས་པ་རེད། བཙོངས་པའི་སྐབས་སུ་སྒེར་བདག་ཅན་དུ་བསྒྱུར་བའི་ལམ་དང་ལུགས་སྲོལ་གང་ཡོད་པ་ལྟར་མ་གནས་དང་མཚུངས་པའི་རིན་གོང་ཚད་ལྡན་རག་དགོས་ཀྱི་རེད་མ་གཏོགས། མ་རྩ་ཆེན་པོ་གནས་པ་དེ་གོང་ཆུང་ཆུང་བྱས་ནས་བཙོང་རྒྱུ་ཡོང་གི་མ་རེད། ཡིན་ནའང་སྤྱི་མཐུན་མཉམ་འབྲེལ་རང་གི་རྐང་པའི་ཐོག་ལང་ཐུབ་རྒྱུའི་ཆེད་དུ་ཐོག་མ་ནས་གསོལ་མགྲོན་ཁང་གཉིས་པོ་དེ་དེའི་ཆེད་དུ་སྒུག་བསྡད་པ་ཞིག་རེད། གྲོས་ཚོགས་ཀྱི་ནང་དུ་ཡང་གསོལ་མགྲོན་ཁང་གཉིས་པོ་དེ་ཕྱི་མི་དང་སྒེར་པའི་ལག་པར་མ་ཕྱིན་པ་བྱེད་དགོས་ཚུལ་གསུང་མཁན་མང་པོ་བྱུང་ཡོད་པ་རེད། དེ་འདྲ་ཡིན་ཙང་གནས་སྐབས་སྤྱི་མཐུན་མཉམ་འབྲེལ་ལ་བོགས་མར་བཏང་བ་རེད། སྤྱི་མཐུན་མཉམ་འབྲེལ་ལ་ཡོང་འབབ་བྱུང་བ་དང་བཙན་བྱོལ་གཞུང་ལ་ཡོང་འབབ་བྱུང་བ་གཉིས་ལ་ཁྱད་པར་གང་ཡང་ཡོད་པ་མ་རེད། སྤྱི་མཐུན་མཉམ་འབྲེལ་ལ་ཡོང་བ་དེ་མང་ཚོགས་ཀྱི་ཐད་ཀའི་བདག་དབང་ཡོད་པའི་ཡོང་འབབ་ཅིག་རེད། བཙན་བྱོལ་གཞུང་ལ་ཡོང་བ་དེ་ཡང་མང་ཚོགས་ཀྱི་ཆེད་དུ་བེད་སྤྱོད་གཏོང་རྒྱུ་རེད། སྤྱི་མཐུན་མཉམ་འབྲེལ་ལ་གཞུང་གིས་དངུལ་གྱི་རོགས་རམ་བྱེད་རྒྱུའི་ཚབ་ལ་ཁོ་ཚོ་རང་ངོས་ནས་དཔལ་འབྱོར་འདུ་འགོད་ཅིག་བྱེད་ཐུབ་ན་ཉམས་མྱོང་གསག་རྒྱུས་མཚོན་པའི་ཁྱད་པར་ཞིག་ཡོང་གི་རེད་བསམས་ནས་བོགས་གཏོང་བྱས་པ་རེད་མ་གཏོགས། སྤྱི་མཐུན་མཉམ་འབྲེལ་ལ་དངུལ་རྐྱང་པའི་དམིགས་ཡུལ་ཡིན་ན་གསོལ་མགྲོན་ཁང་གཉིས་ཀྱི་ཐོག་ནས་གཙང་ཁེ་རོགས་རམ་ཕུལ་ནའང་མ་འགྲིག་པ་མེད་པ་ཞིག་རེད། གཅིག་བྱས་ན་སྤྱི་མཐུན་མཉམ་འབྲེལ་གྱིས་དེ་ལ་དགའ་བ་གནང་གི་ཡོད་འགྲོ རྐང་པ་ལག་པ་གང་ཡང་འགུལ་བསྐྱོད་རྒྱག་མ་དགོས་པའི་ཐོག་དངུལ་རྡོག་རྡོག་ཅིག་རག་པ་ཡིན་ན་མ་འོངས་པར་དེ་ག་རང་བཙལ་ནས་བསྡད་པའི་ཉེན་ཁ་ཡོད་རེད། ལས་གཞི་གཅིག་གི་ཐོག་ནས་རང་ངོས་ནས་ག་འདྲ་བྱས་ནས་གྱོང་མ་རག་པ་བྱེད་དགོས་ཀྱི་འདུག ག་འདྲ་བྱས་ནས་ཁེ་བཟང་མང་བ་ཡོང་ཐབས་བྱེད་དགོས་ཀྱི་འདུག་བསམ་པའི་འགན་ལེན་ནས་ལས་ཀ་བྱེད་དགོས་ཀྱི་ཡོད་སྟབས། ཉམས་མྱོང་ཞིག་གསོག་གི་རེད་བསམས་ནས་བོགས་མ་གཏོང་བའི་གནས་སྟངས་དེ་འདྲ་རེད་ཅེས་ཞུ་རྒྱུ་ཡིན།

གྲོས་ཚོགས་ཚོགས་དུས་བཅུ་པ། ༢༠༠༥།༩།༡༤ ནས་ ༢༠༠༥།༩།༢༣