སྤོག་ར་བཀྲིས་དཔལ་འཁྱིལ་ཉེ་འགྲམ་གྱི་ཁྱིམ་ཚང་ ༢༡ ཡོད་པའི་ཐོག་དྲི་བ་དྲིས་ལན།

སྤྱི་འཐུས་ཨེམ་རྗེ་ཐོགས་མེད་ལགས་ནས། ༄༅། །ཐུགས་མངའ་ལྟར་བལ་ཡུལ་སྤོག་ར་བཀྲིས་དཔལ་འཁྱིལ་གཞིས་ཆགས་ཀྱི་ཉེ་འཁོར་དུ་གནས་པའི་རང་རིགས་མི་མང་ཁྱིམ་ཚང་༢༡གི་ནང་མི་གྲངས་ ༡༡༢ ཡོད་པ་རྣམས་ ༡༩༥༩ ལོ་ནས་བཟུང་རང་ཡུལ་དང་ཁ་བྲལ་ཏེ་ས་གནས་ངེས་གཏན་མ་འཁེལ་བར་ ༡༩༧༠ ལོ་ནས་བཟུང་རིམ་བཞིན་ས་གནས་དེར་གཏན་སྡོད་ཀྱིས་དང་བླང་དཔྱ་ཁྲལ་གྱིས་མཚོན་གཞིས་མི་སྤྱི་མཚུངས་ལྟར་ཞུ་བཞིན་ཡང་གཞིས་ཁོངས་སུ་མ་ཚུད་པར་ཐོབ་ཐང་སོགས་གང་ཡང་རག་མེད། དོན་གནད་འདིའི་ཐད་མང་ཚོགས་ནས་རང་གཞུང་སྐུ་ཚབ་བཟོ་གཞིས་དབུ་འཛིན་ལས་ཟུར་རྣམས་དང༌། འཚམས་གཟིགས་བོད་མི་མང་སྤྱི་འཐུས། འཛིན་སྐྱོང་སྐུ་ཚབ་གནད་ཡོད་ཚང་མར་ལན་མང་དཀའ་ངལ་ཞུས་འདུག་ཀྱང་དོན་སོན་བྱུང་རབས་མི་འདུག་ན་བཀའ་འདྲི་ཞུ་རྒྱུ།
ཀ ཁོ་པ་ཚོས་བཀྲིས་དཔལ་འཁྱིལ་གྱི་ས་ཁང་ཐོབ་ཐང་ལ་མི་རྩོད་པར་མིང་གཞུང་ཨ་མའི་ནང་འགོད་རྒྱུ་བཟོ་གཞིས་དབུ་འཛིན་ལ་ཞུས་འདུག་ཀྱང་བཀའ་ལན་བྱུང་མི་འདུག་པ་རྒྱུ་མཚན་ཇི་ཡིན་ལན་གསལ་བཀྲིན་ཆེ་བ།
ཁ ཁོང་རྣམས་ས་གནས་དེར་ལོ་གྲངས་དེའི་རིང་བསྡད་དེ་བཅའ་ཁྲིམས་ནང་གསལ་ཡུལ་མིའི་ལས་འགན་སྒྲུབ་བཞིན་གཞིས་མི་སྤྱི་མཚུངས་ངོས་བཞེས་གནང་མ་ཐུབ་པའི་རྒྱུ་མཚན་ཇི་ཡིན་གསལ་བཤད་ཡོད་པ།
ག སླད་ཕྱིན་ཁོ་པ་ཚོས་ཞུ་འབྲས་དོན་སོན་ཡོང་མིན་ལན་གསལ་བཀའ་དྲིན་ཆེ་བ་ཞུ།

བཀའ་ལན།
ཀཁ ཁྱིམ་ཚང་ ༢༡ རྣམས་བཀྲིས་དཔལ་འཁྱིལ་གྱི་སྒྲིག་ཁོངས་མིང་གཞུང་ཨ་མའི་ནང་ཐོ་འགོད་བྱ་རྒྱུར་ས་གནས་འཐུས་ཚོགས་ནས་གཞིས་མི་གསར་འཇུག་བྱ་རྒྱུ་མེད་པའི་སྒྲིག་གཞི་གཏན་འབེབས་ཡོད་པའི་ཆ་ནས་དཀའ་ངལ་ཡོད་པ་ལས། དེ་མིན་བཙན་བྱོལ་བོད་མི་སྤྱི་མཚུངས་ཀྱི་གཟིགས་སྐྱོང་མཐུན་འགྱུར་ཇི་ཡོད་ཆ་ཚང་གནང་རྒྱུ་ཡིན་སྐོར་འབྲེལ་ཡོད་ས་གནས་འགོ་འཛིན་ནས་གསལ་བཤད་ལན་འདེབས་གནང་ཡོད།
ག ཁོང་རྣམས་བལ་ཡུལ་དུ་ཡོད་པའི་བཙན་བྱོལ་བོད་མི་སྤྱི་མཚུངས་ལྟར་ཐོབ་ཐང་དང་གཟིགས་སྐྱོང་མཐུན་འགྱུར་ཇི་ཡོད་ཐོབ་དང་འཐོབ་བཞིན་ཡོད།

སྤྱི་འཐུས་ཨེམ་རྗེ་ཐོགས་མེད་ལགས་ནས་འཕྲོས་དོན་དྲི་བར།
ཁྱིམ་ཚང་ ༢༡ བཀྲིས་དཔལ་འཁྱིལ་ས་གནས་གྲོས་ཚོགས་ཀྱི་ཁྲིམས་ཡིག་གི་ནང་དུ་ཁོང་ཚོ་གཞིས་ཁུངས་ཚུད་ཐབས་མེད་པར་ཁང་གླའི་ཐོག་བསྡད་དགོས་པ་ཡིན་ན། དཀའ་ངལ་ཞེ་དྲགས་ཕྲད་པ་ཡིན་ཙང༌། རང་གཞུང་མཆོག་ནས་ཁོང་ཚོའི་སྡོད་ཁང་གི་དཀའ་ངལ་སེལ་ཐབས་གནང་འཆར་ཡོད་དམ།

བཀའ་ལན།
བཀུར་འོས་སྤྱི་འཐུས་མཆོག་གིས་བཀའ་འདྲི་གནང་བ་དེ་མི་ཚང་ ༢༡ གི་མི་ ༡༡༡ ཙམ་ཞིག་གི་སྐོར་རེད། ཁོང་ཚོར་དཀའ་ངལ་ཡོད་པ་དངོས་གནས་རེད། ཡིན་ནའང་འདས་ལོ་བཞི་ལྔའི་ནང་བལ་ཡུལ་གྱི་ཆབ་སྲིད་ཀྱི་གནས་སྟངས་ལ་བརྟེན་ནས་ད་ལྟ་ཁོང་ཚོའི་སྡོད་ཁང་གི་ཆེད་དུ་ལས་གཞི་ཞིག་བརྩམ་ཐུབ་རྒྱུའི་རེ་བ་མི་འདུག་ཅེས་ཞུ་རྒྱུ་ཡིན། མ་འོངས་པར་བལ་ཡུལ་གྱི་གནས་སྟངས་དྲག་ཏུ་ཕྱིན་པ་དང་བལ་པོའི་གཞུང་དང་བཙན་བྱོལ་གཞུང་གི་འབྲེལ་བ་ང་ཚོས་རེ་བ་བརྒྱབས་པ་ནང་བཞིན་ཡར་རྒྱས་ཕྱིན་པ་ཡིན་ན། གཞིས་ཆགས་གསར་འཛུགས་ཀྱི་ལས་གཞི་བརྩམས་མ་ཐུབ་ནའང་སྡོད་ཁང་མེད་པའི་མི་ཚོ་ལ་སྡོད་ཁང་གི་དཀའ་ངལ་སེལ་ཆེད་ལས་གཞི་རྩོམ་ཐབས་ཞུ་རྒྱུ་ཡིན། ད་ལྟའི་གནས་སྐབས་སུ་གང་ཡང་བྱེད་ཐུབ་པའི་རེ་བ་མི་འདུག

སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་ནས།
འཕྲོ་དོན་དྲི་བ་དང་པོ་ལ། གོང་དུ་བཀའ་ལན་གྱི་ནང་དུ་ཁྱིམ་ཚང་ ༢༡ དེ་བཀྲིས་དཔལ་འཁྱིལ་གྱི་གཞིས་ཁོངས་སུ་བཅུག་མ་ཐུབ་པའི་རྒྱུ་མཚན་དེ་ས་གནས་འཐུས་ཚོགས་ཀྱིས་གཞིས་མི་གསར་འཛུགས་བྱ་རྒྱུ་མེད་པའི་སྒྲིག་གཞི་གཏན་འབེབས་ཡོད་སྟབས། དེའི་ཆ་ནས་དཀའ་ངལ་ཆགས་པ་རེད་ཅེས་གསུངས་འདུག ས་གནས་ལ་རང་ཉིད་ཐེངས་ཁ་ཤས་སླེབས་ཡོད་པ་སོང་ཙང༌། གནས་ཚུལ་ཤེས་པའི་ཐོག་ནས་ཞུ་གི་ཡོད། ཁྱིམ་ཚང་ ༢༡ བཀྲིས་དཔལ་འཁྱིལ་གྱི་ས་འབྲེལ་ལ་ཡོད་རེད། ཡིན་ནའང་སྒྲིག་གཞིའི་ཐོག་ནས་གཞིས་ཆགས་ཀྱི་སྒྲིག་ཁོངས་སུ་ཡོད་མ་རེད། དེ་ལའང་ལོ་རྒྱུས་གཅིག་ཡོད་རེད། དེ་ལོ་རྒྱུས་དེ་གནས་ཚུལ་ཁག་ཁག་རེད། ཡིན་ནའང་ས་འཐུས་དེ་བཅའ་ཁྲིམས་རིན་པོ་ཆེ་ ༡༩༩༡ ལོ་ལ་གཏན་འབེབས་བྱས་ནས་ས་འཐུས་ཚུགས་རྒྱུ་དེ་འགོ་འཛུགས་བྱས་པ་ཞིག་རེད་མ་གཏོགས། དེ་སྔོན་ལ་ས་འཐུས་ཡོད་མ་རེད། དེ་འདྲ་ཡིན་ཙང་ཁྱིམ་ཚང་ ༢༡ དེ་དག་དེའི་སྔོན་ནས་ད་ལྟ་བཀའ་འདྲིའི་ནང་དུ་ ༡༩༧༠ ནས་ཞེས་ཞུས་ཡོད་རེད། དེའི་སྔོན་ནས་ལོ་ཉི་ཤུ་ཙམ་ཞིག་ཕྱིན་ཚར་བ་རེད། དེའི་སྔོན་ནས་བཀྲིས་དཔལ་འཁྱིལ་གྱི་སྒྲིག་ཁོངས་སུ་བཅུག་མ་ཐུབ་པའི་རྒྱུ་མཚན་གང་ཆགས་པ་རེད། ༡༩༩༡ ཚུན་ཆད་ནས་ས་འཐུས་ཀྱི་སྒྲིག་གཞི་བཞག་ཡོད་པ་ཡིན་ནའང་དེའི་སྔོན་ནས་བཀྲིས་དཔལ་འཁྱིལ་གྱི་སྒྲིག་ཁོངས་སུ་བཅུག་མ་ཐུབ་པའི་དཀའ་ངལ་དེ་ག་རེ་ཆགས་པ་རེད་ཅེས་ཞུ་རྒྱུ་དང༌། གཞིས་ཆགས་གང་ཞིག་གི་ནང་ལ་གསར་འཇུག་བྱེད་དང་མི་བྱེད་ཀྱི་བཏང་འཛིན་གྱི་དབང་ཆ་དེ་ས་གནས་རང་ལ་ཡོད་དམ། དབུས་ལ་ཡོད་རེད། གང་ཡིན་ཞེ་ན། ས་འཐུས་ཀྱི་སྒྲིག་གཞི་བཞག་པ་ཡིན་སྟབས་གསར་འཇུག་དེ་ས་འཐུས་ལ་འགན་འཁྲི་ཡོད་པ་ཡིན་ཙང༌། དེ་དངོས་གནས་བྱས་ན་གཞིས་མི་གསར་པ་བཅུག་དང་མ་བཅུག་ས་སྟོང་ཡོད་ན་དེ་བཀང་དང་མ་བཀང་དེ་དབུས་ནང་སྲིད་ལས་ཁུངས་ལ་ཡོད་དགོས་རྒྱུ་ཞིག་རེད། དེ་ས་གནས་ཀྱི་སྒྲིག་གཞིའི་ནང་དུ་ཡོད་པ་དེ་འགྲིག་པ་ཞིག་ལ་ངོས་འཛིན་གནང་གི་ཡོད་དམ། རིང་མིན་མ་འོངས་པར་སྤྱི་འཐུས་ནས་བཀྲིས་དཔལ་འཁྱིལ་གྱི་ས་འཐུས་ལ་ཁྱེད་རང་ཚོའི་སྒྲིག་གཞིའི་ནང་དེ་འདྲ་ཡོད་ན་དེ་འགྲིག་གི་མ་རེད། ཁྱིམ་ཚང་ ༢༡ དེ་བཀྲིས་དཔལ་འཁྱིལ་གྱི་གཞིས་ཁོངས་སུ་བཅུག་ན་ཡག་པོ་ཡོད་རེད་ཅེས་སྤྱི་འཐུས་ཀྱིས་བཀའ་གནང་བ་ཡིན་ན་འཛིན་སྐྱོང་ནས་དགག་བྱ་ཡོད་དམ་མེད།

བཀའ་ལན།
དུད་ཚང་ ༢༡ དེ་ཕྱི་ལོ་ ༡༩༧༠ དོན་གྲངས་ནས་དེ་གར་ཡོད་པ་ད་བར་བཀྲིས་དཔལ་འཁྱིལ་གྱི་སྒྲིག་ཁོངས་སུ་མ་ཚུད་པའི་བྱུང་རབས་ལོ་རྒྱུས་གང་ཡིན་ང་ལ་ཞུ་རྒྱུ་མེད། དེའི་སྐོར་ཉམས་ཞིབ་བྱེད་རྒྱུ་བྱུང་མ་སོང༌། དེ་སྔོན་ནང་སྲིད་ཀྱིས་གཏན་ལ་ཕབ་པའི་སྒྲིག་གཞི་དང་ད་ལྟ་གྲོས་ཚོགས་ཀྱིས་གཏན་འབེབས་གནང་བཞིན་པའི་ས་ཁང་སྒྲིག་གཞི་གཉིས་ཀ་བཀྲིས་དཔལ་འཁྱིལ་ལ་ཁྱབ་ཀྱི་ཡོད་པའི་དབང་དུ་བཏང་ནའང༌། ཁྱིམ་ཚང་ ༢༡ སྒྲིག་གཞི་འདིའི་འོག་ནས་ལམ་སེང་གཞིས་ཁོངས་སུ་བཅུག་ཆོག་ཆོག་ཡོད་པ་མཐོང་གི་མེད། སྒྲིག་མཐུན་སྒུག་ཐོའི་ནང་ཡོད་པ་སོགས་གནས་ཚུལ་མང་པོ་ཞིག་ལ་ཞིབ་འཇུག་བྱེད་དགོས་ཀྱི་རེད། གལ་སྲིད་གྲོས་ཚོགས་ཀྱིས་མི་ཚང་ ༢༡ གཞིས་ཁོངས་སུ་བཅུག་དགོས་ཞེས་བཀའ་ཁྱབ་གནང་བ་ཡིན་ན། འཛིན་སྐྱོང་གི་ངོས་ནས་དགག་བྱ་ཞུ་དགོས་པའི་རྒྱུ་མཚན་གང་ཡང་མེད། ཡིན་ནའང་བཅུག་པ་ལ་ས་ཁུངས་ཤིག་ཡོད་དགོས་ཀྱི་རེད། ས་ཁུངས་མེད་ན་མིང་ཐོའི་ནང་ཚུད་པ་ཙམ་གྱིས་ཕན་ཐོགས་ཡོང་གི་མ་རེད། ད་ལྟ་དྲི་བའི་ངོ་གདོང་ལ་ཐད་ཀར་ལན་ཞུས་པ་ཡིན་ན། འཛིན་སྐྱོང་ངོས་ནས་དེ་ལ་དགག་བྱ་གང་ཡང་མེད་ཅེས་ཞུ་རྒྱུ་ཡིན།
སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ནས།
གོང་གི་སྤྱི་འཐུས་རྣམས་ནས་ཕལ་ཆེ་བ་དྲིས་སོང༌། ཡིན་ནའང་ད་དུང་དྭོགས་མ་སེལ་བ་ཞིག་གང་ཆགས་སོང་ཞེ་ན། དུད་ཚང་ ༢༡ དེ་ཕ་གིར་བཞུགས་ནས་ལོ་ ༣༥ ཙམ་ཞིག་ཕྱིན་འདུག རང་ཉིད་ཀྱང་ཐེངས་གཅིག་ས་གནས་དེར་འགྲོ་མྱོང་ཡང༌། དེའི་སྐབས་སུ་དེ་འདྲའི་གནས་ཚུལ་ཐོག་ལ་དྲིས་ཞིབ་བྱུང་མེད་ཙང༌། ག་འདྲ་ཡིན་མིན་དྲན་གྱི་མི་འདུག་ལ་ཤེས་ཀྱི་མེད། ད་ལྟ་དྭོགས་པ་བཟའ་རྒྱུ་དེ་ལ་ལོ་ ༣༥ ཕ་གིར་བསྡད་ཐུབ་པ་དང༌། སྡོད་སའི་གནས་བབ་གཅིག་ཆགས་བསྡད་པ་དང༌། ལྷག་དོན་དུ་ཚོད་དཔག་འདྲ་ཞིག་བྱེད་ན་གུར་ནང་བསྡད་ནས་ཉིན་ནས་ཉིན་སྤོས་བསྡད་པ་དེ་འདྲ་ཏན་ཏན་ཡིན་གྱི་མ་རེད། ལོ་ ༣༥ ཙམ་ཞིག་བསྡད་ཐུབ་པའི་གནས་སྟངས་ཤིག་ཆགས་ཡོད་བཞིན་དུ་ད་ལྟའི་གཞིས་ཁོངས་སུ་ཚུད་མི་དགོས་པའི་རྒྱུ་མཚན་ག་འདྲ་ཞིག་ཆགས་ཡོད་དམ། ལྷག་པར་དུ་ས་གནས་འཐུས་ཚོགས་ཀྱིས་སོ་སོའི་བོད་པའི་མི་ཞིག་བོད་གཞུང་གིས་བདག་པོ་བརྒྱབ་དགོས་པ་དང་སྒྲིག་འཛུགས་གཅིག་གིས་བདག་པོ་བརྒྱབ་དགོས་པའི་སྐབས་ལ་བསྡད་ས་ཡོད་བསྡད་པ་ལོ་མང་གནས་བཞིན་པ་དེ་དེའི་ཁོངས་སུ་ཚུད་ཀྱི་མ་རེད་ཟེར་དུས། དེ་ཏག་ཏག་ཅིག་བསྡད་ཀྱི་ཨེ་ཡོད། དེའི་ཐོག་ལ་འཛིན་སྐྱོང་བཀའ་ཤག་ནས་ག་འདྲ་ཞིག་དགོངས་ཀྱི་ཡོད་དང༌། དེའི་ཐོག་ལ་ཐུགས་ཞིབ་གནང་རྒྱུ་བྱུང་ཡོད་དམ་མེད།

བཀའ་ལན།
ད་ལྟ་དྲིས་ལན་ཞུ་མཁན་ནང་སྲིད་བཀའ་བློན་ས་གནས་ལ་འགྲོ་མ་མྱོང་བ་ཡིན་ཙང་དངོས་ཡོད་ཀྱི་གནས་ཚུལ་འདི་རེད་ཅེས་ཞུ་ཐུབ་ཀྱི་མི་འདུག བཀུར་འོས་སྤྱི་འཐུས་ཀྱིས་བཀའ་འདྲི་གནང་བ་བཞིན་ནང་སྲིད་ལས་ཁུངས་ནང་བསྡད་ནས་བསམ་བློ་གཏོང་དུས་དེ་སྔ་ལོ་སུམ་ཅུ་སོ་གྲངས་ཁུངས་ཁྱོལ་བ་ད་ལྟ་ཁུངས་མ་འཁྱོལ་བ་ཞིག་ཡོང་དགོས་དོན་མཐོང་མ་སོང༌། དེའི་ཆེད་ས་གནས་སུ་མི་བཏང་ནས་ཞིབ་འཇུག་བྱ་རྒྱུ་མ་བྱུང༌། ༢༠༠༥ ཟླ་ ༤ ཚེས་ ༡༤ ཉིན་མི་ཚང་ ༢༡ གི་སྙན་ཞུའི་ནང་ས་ཁང་གནང་ཐབས་མེད་ཀྱང་གཞིས་ཆགས་མིང་གཞུང་ཨ་མའི་ནང་འཇུག་ཐབས་འབྲེལ་ཡོད་ཁག་ལ་ལམ་སྟོན་གནང་སྐྱོང་ཡོང་བ་ཞེས་གསལ་འདུག དེའི་ཐོག་ནང་སྲིད་ལས་ཁུངས་ནས་ས་གནས་འགོ་འཛིན་ལ་ཞིབ་འཇུག་དང་ཁོ་ཚོའི་འདོད་དོན་སྐོང་ཐབས་བྱེད་དགོས་པའི་ལམ་སྟོན་གནང་འདུག ས་གནས་འགོ་འཛིན་གྱིས་ལམ་སྟོན་གཞིར་བཟུང་ས་གནས་འཐུས་ཚོགས་དང༌། ཉམ་ཐག་ཚོགས་ཆུང༌། རང་བདེན་ཚོགས་ཆུང༌། འཕྲོད་བསྟེན་ཚོགས་ཆུང་སོགས་དང་འབྲེལ་བ་ཞུས་ཏེ་བོད་མི་སྤྱི་མཚུངས་ཀྱི་ཕྲུ་གུ་སློབ་འཇུག་རྒས་གཅོང་ལ་རྒས་གསོ་དང༌། འཕྲོད་བསྟེན་གཟིགས་རྟོག ཉམ་ཐག་འཚོ་སྣོན་སོགས་ཐོབ་ཟིན་པ་རྣམས་ཕུད། མ་ཐོབ་པ་རྣམས་ཆ་ཚང་འབུལ་རྒྱུའི་ཐག་གཅོད་གཙང་མ་ཟིན་པ་དང༌། ཁ་ཐོར་བ་རྣམས་ཀྱི་ཆེད་བརྒྱ་དཔོན་ཞིག་ཀྱང་བསྐོ་གཞག་བྱས་ནས་དཀའ་ངལ་བསལ་ཟིན་པ་དང༌། ས་འཐུས་ལ་འབྲེལ་ཡོད་སྒྲིག་གཞི་དོན་ཚན་ ༡༡ པའི་ནང་གསེས་གཉིས་པ་བསྐྱར་བཅོས་མ་ཐུབ་པའི་སྒྲིག་གཞི་འདྲ་བཤུས་ཆབས་འབུལ་ཡོད་ཅེས་ཞུས་སོང༌།
ཁ་ཐོར་བསྡད་པ་རྣམས་སྔོན་མ་ནས་ས་ཁང་མེད་པའི་གནས་ཚུལ་དེ་རང་འཇགས་བསྡད་ཡོད་ཀྱང་དེ་མིན་ཕྲུ་གུ་སློབ་འཇུག་དང༌། འཕྲོད་བསྟེན་རོགས་སྐྱོར་གྱིས་མཚོན་པའི་མཐུན་རྐྱེན་གང་ཡོད་གཅིག་གྱུར་དགོས་ཀྱི་ཡོད་ཅེས་ཞུས་ཀྱི་འདུག དེའི་སྐོར་དམིགས་བསལ་ཞིབ་འཇུག་བྱ་རྒྱུ་བྱུང་མ་སོང༌།

སྤྱི་འཐུས་ཚེ་རིང་ཕུན་ཚོགས་ལགས་ནས།
དཔལ་ལྡན་བཀའ་བློན་ཁྲི་པས་གསལ་བཤད་ཞེ་དྲགས་གསལ་པོ་གནང་སོང༌། ཡིན་ནའང་འདིའི་ནང་དྭོགས་འདྲི་ཞུ་དགོས་གཅིག་གཉིས་ཙམ་ཞིག་ཆགས་ཀྱི་འདུག ཁོ་རང་ཚོས་སྙན་ཞུ་ས་གནས་འགོ་འཛིན་ལ་ཕུལ་བ་དེ་དཔལ་ལྡན་བཀའ་བློན་ཁྲི་པས་ལྗགས་ཀློག་གནང་བ་དེ་རེད། དེའི་རྗེས་སུ་ཡང་བསྐྱར་ཁོང་ཚོས་མིང་གཞུང་ནང་དུ་ཚུད་པའི་སྙན་ཞུ་ཞིག་ཕུལ་ཡོད་རེད་ཅེས་དེ་འདྲ་ཞིག་གོ་ཐོས་བྱུང་སོང༌། བྱས་ཙང་དེ་འདྲ་ཞིག་འབྱོར་ཡོད་དམ་མེད་ཞུ་རྒྱུ་གཅིག་དེ་ཡིན། གཉིས་པ་ལ་མང་པོ་ཞིག་ནས་དྲི་བ་གནང་བའི་སྙིང་དོན་འདྲ་པོ་དེ་དོན་དག་གཉིས་མཐོང་སོང༌། དང་པོ་དེ་ས་གནས་འཐུས་ཚོགས་ཀྱི་སྒྲིག་གཞིའི་ཐོག་ལ་འགྱུར་བ་བཏང་མ་ཐུབ་པའི་དཀའ་ངལ་ཕྲད་འདུག་གསུང་རྒྱུ་ཞིག་དང༌། ས་གནས་འཐུས་ཚོགས་ཀྱིས་སྒྲིག་གཞིར་འགྱུར་བ་བཏང་བ་ཡིན་ན་རང་གཞུང་མཆོག་ལ་ཕལ་ཆེར་མཛད་དཀའ་མེད་བསྡད་པའི་བཟོ་འདྲ་ཞིག་གསུངས་སོང༌། དོན་དག་གཞན་ཞིག་ལ་ད་ལྟའི་གཞིས་མི་དེ་ཚོ་ལོ་གྲངས་སུམ་ཅུ་སོ་གྲངས་ཀྱི་རིང་ལ་གང་བྱས་མིན་གྱི་གནས་ཚུལ་ཆ་ཚང་ཞིག་ད་ལྟ་ཐུགས་ཞིབ་བྱུང་མ་སོང་གསུངས་སོང༌། ངའི་བསམ་ཚུལ་བྱེད་ན། གཞིས་མི་དེ་ཚོ་གྲོང་གསེབ་ཁག་ནས་མར་འབྱོར་ཡོང་དུས་གང་དུ་འགྲོ་དགོས་མིན་དང་གང་དུ་སྡོད་དགོས་མིན་གྱི་ཐད་ལ་མ་ཤེས་པའི་རྐྱེན་གྱིས་དེ་འདྲའི་ཐོག་དུས་འགོར་སོང་བ་འདྲ་པོ་ཞིག་གནས་ཚུལ་འདིའི་ནང་དུ་གསལ་གྱི་འདུག་བསམ་གྱི་འདུག བྱས་ཙང་དོན་སྙིང་པོ་ལ་བཀའ་འདྲི་ཞུ་རྒྱུ་དེ་གཞིས་མི་དེ་ཚོས་ས་ཁང་ལ་རྩོད་པ་བརྒྱབ་ཀྱི་ཡོད་མ་རེད། ས་ཁང་སྒྲིག་གཞི་ལའང་གཟིགས་དགོས་པ་ཞིག་ངས་མཐོང་མ་སོང༌། དེ་བཞིན་ཁོང་ཚོས་ཞུ་རྒྱུ་གཙོ་བོ་འདྲ་པོ་དེ་ད་ལྟ་དྲི་བ་འདི་ལ་བལྟས་པ་ཡིན་ན་མིང་གཞུང་ཨ་མའི་ནང་དུ་མིང་ཐོ་གཅིག་བཀོད་རོགས་ཞུ་རྒྱུ་དེ་རེད་འདུག དེའི་ཐོག་ལ་ཕལ་ཆེར་དཔལ་ལྡན་བཀའ་བློན་ཁྲི་པས་ད་ལྟ་གང་ལ་གང་འཚམས་ཤིག་གསལ་པོ་གསུངས་སོང་སྟེ་དེ་གསལ་པོ་བཟོ་རྒྱུ་གལ་ཆེན་པོ་རེད་བསམ་གྱི་འདུག མི་མང་དེ་ཚོས་ས་ཁང་གི་ཐོབ་ཐང་མ་རྩོད་ན་མིང་གཞུང་ཨ་མའི་ནང་དུ་འགོད་རྒྱུ་གཅིག་པུ་ཡིན་ན་དེ་རང་གཞུང་མཆོག་གིས་དགོངས་བཞེས་གནང་ཐུབ་ཀྱི་ཡོད་རེད་དམ་མ་རེད། གལ་སྲིད་ས་གནས་འཐུས་ཚོགས་ཀྱིས་དེ་འདྲ་གསུངས་འདུག་ཅེ་ན། འོ་ན་ས་གནས་འཐུས་ཚོགས་ཀྱིས་ཁོང་ཚོ་མིང་གཞུང་ནང་འགོད་ཐུབ་པའི་སྒྲིག་གཞི་བསྐྱར་བཅོས་ཤིག་བྱུང་ན་རང་གཞུང་མཆོག་གི་མཛད་ཕྱོགས་ལ་དཀའ་ངལ་མི་འཕྲད་པ་ཞིག་ཆགས་ཀྱི་ཡོད་རེད་དམ་མ་རེད།

བཀའ་ལན།
ད་ལྟ་ངའི་ལག་ཏུ་ཡོད་པའི་ཡིག་ཆའི་ནང་ ༢༠༠༥ ཟླ་ཚེས་མ་འཁོད་པའི་སྙན་ཞུ་མིང་གཞུང་ཨ་མའི་ནང་མགྱོགས་པོ་བཅུག་རོགས་གནང་ཞུས་པ་དེ་མ་གཏོགས་དེའི་རྗེས་སུ་སྙན་ཞུ་ཕུལ་བ་ཞིག་མི་འདུག ལག་གནང་མ་བྱུང་ཟེར་བ་ས་གནས་འགོ་འཛིན་གྱིས་ལན་གནང་མ་བྱུང་གསུངས་ཀྱི་ཡོད་པ་འདྲ། ང་ཚོས་རྩད་གཅོད་བྱེད་སྐབས་ས་གནས་འགོ་འཛིན་གྱིས་ཁོང་ཚོ་ཚོགས་འདུ་བསྐོངས་ནས་གསལ་བཤད་བྱས་ཟིན་པ་ཡིན། བརྒྱ་དཔོན་ཡང་བསྐོ་གཞག་བྱས་ཡོད་ཅེས་འགྲེལ་བརྗོད་གནང་འདུག ཁོང་ཚོས་ལན་མ་བྱུང་ཞུ་རྒྱུའི་ཡི་གེ་སྔ་རྗེས་གཉིས་ཡོད་པ་ལྟ་བུ་ཞིག་གསུངས་སོང་སྟེ་ཡི་གེ་གཅིག་མ་གཏོགས་གཉིས་མི་འདུག དེ་ལ་ནང་སྲིད་ནས་ལན་བཏང་ཡོད། ས་གནས་འགོ་འཛིན་གྱིས་ཡིག་ཐོག་ལན་སྤྲོད་མིན་མ་གསལ་ཡང་ལན་བརྒྱབས་ཡོད་ཅེས་ཞུས་འདུག
ས་གནས་འཐུས་ཚོགས་ཀྱི་སྒྲིག་གཞི་ལ་འགྱུར་བ་བཏང་ན་བཙན་བྱོལ་གཞུང་ལ་མཛད་དཀའ་ཡོད་དམ་ཞེས་གསུངས་པའི་ཐད། ས་གནས་འཐུས་ཚོགས་ཀྱི་སྒྲིག་གཞི་འགྱུར་བ་བཏང་ན་བཙན་བྱོལ་གཞུང་ལ་མཛད་དཀའ་གང་ཡང་མེད། འོན་ཀྱང་མཛད་དཀའ་མེད་པ་ཙམ་གྱིས་མི་ཚང་ ༢༡ ལ་ཕན་ཐོགས་ཡོད་མེད་ཤེས་ཀྱི་མི་འདུག ས་ཁང་མི་དགོས་པའི་ཐོག་ད་ལྟ་ཁོ་རང་ཚོ་སྔ་རྒྱུན་ནང་བཞིན་འཚོ་བ་བསྐྱལ་ནས་བསྡད་པ་ཡིན་ན་གཞིས་ཆགས་ཀྱི་མིང་གཞུང་ཨ་མའི་ནང་ཚུད་པ་ཙམ་གྱིས་ཕན་ཐོགས་གང་ཡོད་ཤེས་མ་སོང༌། མིང་གཞུང་ཨ་མའི་ནང་ཚུད་པ་དེ་ཁོང་ཚོ་ལ་ཕན་ཐོགས་ཡོད་པ་ཞིག་ཡིན་ན་ས་གནས་འཐུས་ཚོགས་ཀྱི་སྒྲིག་གཞི་བསྐྱར་བཅོས་གནང་ན་འཛིན་སྐྱོང་གིས་དགའ་བསུ་ཞུ་རྒྱུ་རེད་མ་གཏོགས་མཛད་དཀའ་གང་ཡང་མི་འདུག

གྲོས་ཚོགས་ཚོགས་དུས་བཅུ་པ། ༢༠༠༥།༩།༡༤ ནས་ ༢༠༠༥།༩།༢༣