སྔོན་རྩིས་འབུལ་སྟངས་ཡར་རྒྱས་གཏོང་དགོས་ཚུལ།

ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་སྲིད་བྱུས་ ༡༩༩༧་་༡༩༩༨ ཀྱི་དངོས་སོང་འགྲོ་གྲོན་ལ་གཞིར་བཞག་སྟེ་བརྒྱ་ཆའི་སྤར་ཆ་བྱས་པ་དེ་ཡག་པོ་བྱུང་ཡོད་སྙམ། རྒྱལ་ཁབ་མང་པོ་ཞིག་གི་འགྲོ་སྟངས་ཀྱང་དེ་བཞིན་གནང་གི་ཡོད་རེད། གང་ལྟར་ལས་ཁུངས་སོ་སོའི་ནང་འགྲོ་སོང་གཏང་རྒྱུའི་ནུས་ཚད་ག་ཚོད་ཡོད་པ་འདས་པའི་ལོ་ཉེ་ཤོས་ཀྱི་ཐོག་ནས་ཚོད་དཔག་བྱེད་ཐུབ་ཀྱི་ཡོད་ཙང༌། དེའི་ཐོག་ནས་བརྒྱ་ཆའི་སྤར་ཆ་བྱས་ན་དངོས་ཡོད་ཀྱི་ཆ་ནས་ཏག་ཏག་བསྡད་ཀྱི་ཡོད། ད་ལྟ་བཀའ་བློན་ཁྲི་པས་གསལ་བཤད་གནང་བ་གཞིར་བཟུང་གིས་ཐེ་ཝན་དོན་གཅོད་ལ་མཚོན་པ་ཡིན་ན། ༡༩༩༧་་༩༨ ཀྱི་རིང་ལ་ཟླ་བ་བཞི་མ་གཏོགས་ལས་ཀ་བྱས་མེད་པ་སོང་ཙང༌། དེ་ལ་ཚད་འཛིན་བྱས་པ་ཡིན་ན་ཟླ་བ་བཞིའི་འགྲོ་སོང་གསུམ་ལ་ཁ་བསྒྱུར་ན་མ་གཏོགས་ཟླ་བ་བཞིའི་འགྲོ་སོང་ལོ་གཅིག་གི་འགྲོ་སོང་ལ་ཆ་བཞག་ནས་ཚད་འཛིན་པ་ཡིན་ན་ཏག་ཏག་བསྡད་ཀྱི་མ་རེད། འོན་ཀྱང་གྲོས་ཚོགས་ནས་སྔོན་རྩིས་གཏན་འབེབས་གནང་ཟིན་པ་སོང་ཙང༌། དེ་ལ་བསྐྱར་སློང་བྱ་འདོད་མེད། གང་ལགས་ཤེ་ན། གྲོས་ཚོགས་ག་འདྲ་ཞིག་ཡིན་ནའང༌། སྤྱི་མོས་མང་མོས་ཀྱི་ཐོག་ནས་ཐག་བཅད་ཟིན་པ་ལ། ཚོགས་དུས་ད་གའི་ནང་ལ་བསྐྱར་དུ་བགྲོ་གླེང་གནང་ན་ལམ་སྲོལ་བཟང་པོ་ཞིག་ཆགས་ཀྱི་ཡོད་མ་རེད། སོང་ཙང་གོང་དུ་བཀའ་ཁྲོལ་ཕྱིན་ཟིན་པ་རྣམས་རང་འཇགས་མ་གཏོགས་དེའི་ཐོག་ལ་བསྐྱར་དུ་དགོངས་བཞེས་གནང་རྒྱུའི་གོ་སྐབས་ཕུལ་མེད། དེས་ན་ཐེ་ཝན་དོན་གཅོད་ཀྱི་འགྲོ་གྲོན་ཐོག་ལ་མ་ལྡེང་བ་ག་ཚོད་ཡོད་པ་དེ་སྔོན་རྩིས་བསྐྱར་བཅོས་ཀྱི་སྐབས་སུ་བཀའ་ཁྲོལ་ཞུ་གནང་ན་མ་འགྲིག་པ་མེད་པ་རེད་བསམ་གྱི་འདུག་ཅེས་ཚོགས་གཙོས་ལམ་སྟོན་ཞུ་རྒྱུ་གཅིག་དང༌།
དེ་བཞིན་དཔལ་འབྱོར་བཀའ་བློན་གྱིས་རེ་འདུན་གནང་བའི་དཔྱ་ཁྲལ་འབུལ་དེབ་སྔོ་ལྗང་སྨུག་གསུམ་གྱི་པར་སྐྲུན་གནང་རྒྱུའི་སྐོར་ལའང་གྲོས་ཚོགས་ཀྱི་ནང་འོས་ཤོག་བསྡུས་ནས་མ་ཐོན་པ་སོང་ཙང་བསྐྱར་སློང་བྱ་དགོས་དོན་མི་འདུག ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ངོས་ནས་དེབ་གསུམ་པོ་དེ་དངོས་ཡོད་ཀྱི་ཐོག་ནས་དགོས་མཁོ་མཐོང་ཡང་ལས་ཁུངས་ཀྱི་འགྲོ་ལུགས་ཤིག་གི་ཆ་ནས་གཅོག་དགོས་པ་བྱུང་ཡོད། སོང་ཙང་ལས་ཁུངས་སོ་སོའི་ལས་བྱེད་པ་ཚོས་སྔོན་རྩིས་གོ་སྒྲིག་བྱེད་པའི་སྐབས་ལ་དགོས་མཁོའི་ཡིག་ཆ་གང་ཡོད་ཚང་མ་ཕུལ་ཐུབ་པ་ཡོང་ཐབས་ལ་ངེས་པར་དུ་དོ་སྣང་བྱེད་དགོས་རྒྱུ་གལ་ཆེན་པོ་ཡིན་པ་དེ་རིང་གི་གནས་ཚུལ་འདིའི་ཐོག་ནས་གོ་བརྡ་གསལ་པོ་འཕྲོད་པའི་རེ་བ་བྱེད་ཀྱི་ཡོད། དགོས་ངེས་འཐད་ངེས་ཀྱི་རིགས་ལ་གྲོས་ཚོགས་ཀྱི་དོན་དམ་གྱི་རྒྱབ་སྐྱོར་ཡོད་ཀྱང༌། ཤོག་བུ་གཅིག་མ་ཚང་བའི་ཉེར་ལེན་ལ་བརྟེན་བཀའ་ཁྲོལ་མ་ཐོན་པ་ཆགས་ན་ནོར་འཁྲུལ་རེད་ལ། བློ་ཕམ་ཡང་རེད། ཡིན་ནའང་དངོས་ཡོད་གནས་ཚུལ་གྱི་ཐོག་ནས་ལས་དོན་དེ་རིགས་མ་གནང་བར་བཞུགས་ཐབས་མེད་པ་སོང་ཙང་སྤྱིར་སྔོན་རྩིས་བསྐྱར་བཅོས་ཀྱི་སྐབས་སུ་ཤོག་བུ་ཆ་ཚང་བཟོས་ནས་ཞུ་ན། དེ་སྐབས་ངེས་པར་དུ་བཀའ་ཁྲོལ་གནང་ཆོག་པ་ཞིག་རེད། ཡིན་ནའང་སྔོན་རྩིས་བསྐྱར་བཅོས་སླེབས་པ་ལ་ཟླ་བ་མང་པོ་ཡོད་པས་དེའི་བར་དུ་ལས་དོན་མ་གནང་ནས་བཞུགས་ཐུབ་ཐབས་མེད་པ་སོང་ཙང༌། སྔ་འཕྲོས་བཀའ་ཤག་ངེས་མེད་ཀྱི་ཐོག་ནས་བཀའ་ཁྲོལ་ཞུས་ཏེ་པར་སྐྲུན་གནང་བ་ཡིན་ན། རྗེས་མ་བསྐྱར་བཅོས་སྔོན་རྩིས་ཀྱི་ནང་ལ་དངུལ་འབབ་ཐོབ་པའི་སྐབས་བཀའ་ཤག་ངེས་མེད་ལ་ཕྱིར་སློག་གནང་ན་རྩིས་ཞིབ་ཀྱི་ཐོག་ནས་དགག་པ་མེད་པ་ཆགས་འགྲོ་བ་རེད། ཡང་དེ་མ་ཡིན་པའི་དམིགས་བཀར་གྱི་རོགས་དངུལ་ཞིག་བྱུང་བ་ཡིན་ན་སྤྱི་འཐུས་རྒྱུན་ལས་ནས་བཀའ་ཁྲོལ་ཞུ་ན། ནམ་རྒྱུན་ནས་ཞུ་ཆོག་པའི་ལམ་ཞིག་ཡོད་པ་རེད། དེ་དང་ཕྱོགས་མཚུངས་པའི་ཕྱི་དྲིལ་ལྷན་ཁང་གི་དགོས་ངེས་འཐད་ངེས་ཀྱི་སྔོན་རྩིས་འགའ་ཤས་ཤོག་བུ་མ་ཚང་བའི་རྐྱེན་གྱིས་བཀའ་ཁྲོལ་མ་ཐོབ་པ་རྣམས་སྔོན་རྩིས་བསྐྱར་བཅོས་སྐབས་སུ་ཤོག་བུ་ཚང་བ་བཟོས་ཏེ་ཞུ་ན། དེ་དུས་ངེས་པར་དུ་བཀའ་ཁྲོལ་འོང་གི་རེད་བསམ་གྱི་འདུག
དེ་ལས་གཞན་པའི་དོན་ཚན་ཞིག་ལ། དམིགས་བཀར་གྱི་སྔོན་རྩིས་འབུལ་སྟངས་ཀྱི་ཐོག་ལ་གཞི་རིམ་གྱི་བསྐྱར་བཅོས་བྱ་དགོས་པའི་དགོངས་ཚུལ་བྱུང་ནས་སྤྱི་འཐུས་ལྷན་ཚོགས་ཀྱིས་སྤྱི་མོས་ཀྱི་ཐོག་ནས་བཞག་པའི་གྲོས་ཆོད་གཞིར་བཟུང་དམིགས་བསལ་ཆེད་བསྐོས་ཚོགས་ཆུང་ཞིག་བཙུགས་ནས་ཕྱག་ལས་གནང་བཞིན་པ་རེད། ཚོགས་ཆུང་གི་སྙན་ཞུ་ཚོགས་དུས་རྗེས་མའི་གྲོས་ཚོགས་ཀྱི་ཐོག་ལ་འབུལ་རྒྱུ་རེད། ཚོགས་ཆུང་དེ་ལ་ངས་གནས་ཚུལ་གཞན་དག་གི་ཐོག་ལའང་བཀའ་བསྡུར་དང་དགོངས་འཆར་གནང་རོགས་ཞུ་རྒྱུ་ཡིན། སྤྱིར་བཏང་སྔོན་རྩིས་འབུལ་སྟངས་ལ་ཡར་རྒྱས་གཏང་དགོས་པའི་རིམ་པ་མང་པོ་ཞིག་ཡོད། ལྷག་པར་དུ་ད་ལྟ་ཡིག་ཆ་པར་སྐྲུན་བྱ་རྒྱུའི་རིགས་ལ་མཚོན་ན་གོང་ཚད་འགྲན་བསྡུར་གྱི་ཤོག་བུ་གསུམ་དགོས་པ་ལ་མཐའ་གཅིག་ཏུ་ནན་ཏུར་གནང་བ་ཡིན་ན། རྩ་བའི་རྩིས་ཀྱི་འགྲོ་སྟངས་ཀྱི་ཐོག་ནས་ཀྱང་ཏག་ཏག་ཅིག་བསྡད་ཀྱི་ཨེ་ཡོད་བསམ་གྱི་འདུག ཡིན་ནའང་ད་ཕན་དེ་བཞིན་ཕེབས་པ་སོང་ཙང་གློ་བུར་དུ་དམིགས་བསལ་གཏང་རྒྱུའི་ལམ་ཞིག་རྙེད་མེད་པ་རེད། ཡིན་ནའང་མ་འོངས་པར་བསྒྱུར་བཅོས་གནང་དགོས་རྒྱུ་ཐུགས་གལ་ཆེན་པོ་རེད་བསམ་གྱི་འདུག དཔེར་ན་བཟོ་སྐྲུན་ཟིན་པའི་ཅོག་ཙེ་དང༌། རྐུབ་སྟེགས། ཀམ་སྤུ་ཀྲར་ལྟ་བུ་དངོས་ཡོད་རྡོག་རྡོག་རིགས། སྣ་ཁ་མི་འདྲ་བ་མང་པོ་དང་གོང་ཚད་མི་འདྲ་བ་ཇི་སྙེད་ཡོད་པས་ངེས་པར་དུ་གོང་ཚད་འགྲན་བསྡུར་གྱི་ཤོག་བུ་དགོས་པ་ཞིག་རེད་ལ། ལེན་ཐུབ་པ་ཞིག་ཀྱང་རེད། སོང་ཙང་དེ་འདྲའི་རིགས་ལ་གོང་ཚད་འགྲན་བསྡུར་ངེས་པར་དགོས་པ་རེད། དཔེ་དེབ་པར་སྐྲུན་ལྟ་བུ་གློ་བུར་དུ་གོང་ཚད་འགྲན་བསྡུར་ལེན་སྟབས་བདེ་པོ་མེད་པའང་མང་པོ་ཡོད་རེད། དཔེ་དེབ་པར་སྐྲུན་གྱི་གོང་ཚད་འགྲན་བསྡུར་བྱེད་སྟངས་འདྲ་མིན་སྣ་ཚོགས་ཡོད་པ། དཔེར་ན་སྒྲིག་འཛུགས་ཁ་ཤས་ཀྱི་ནང་དུ་ཤོག་བུའི་གོང་ཚད་འགྲན་བསྡུར་ལོགས་ཀ་དང༌། པར་རྩ་བསྒྲིག་རྒྱུའི་གླ་རིན་གོང་ཚད་འགྲན་བསྡུར་ལོགས་ཀ། དེབ་ཀྱི་རྒྱབ་འཚེམས་དང་རྒྱབ་ཤ་རྒྱག་རྒྱུའི་གོང་ཚད་འགྲན་བསྡུར་ལོགས་ཀ། པར་འདེབས་ཀྱི་གོང་ཚད་འགྲན་བསྡུར་ལོགས་ཀ་ལེན་པ་སོགས་གོང་ཚད་འགྲན་བསྡུར་བཞི་ལྔ་ཞིག་ལེན་པའི་ཐོག་ནས་ཁྱོན་བསྡོམས་དེབ་རིན་འདི་ཙམ་སླེབས་ཀྱི་འདུག་ཅེས་སྔོན་རྩིས་འབུལ་སྟངས་ཤིག་དང༌། ཡང་དེ་མ་ཡིན་པར་ཤོག་གྲངས་ཁྱོན་བསྡོམས་འདི་ཙམ་ཞིག་ཡོད་པ་ལ། སྤྱི་ཡོངས་ཀྱི་འགྲོ་གྲོན་འདི་འདུག་ཅེས་གོང་ཚད་འགྲན་བསྡུར་རང་མ་ཡིན་པར། ཚོད་དཔག་སྔོན་རྩིས་འགྲན་བསྡུར་པར་ཁང་གསུམ་གྱི་ནང་ནས་ལེན་པའི་ལུགས་སྲོལ་ཞིག་ཀྱང་ཡོད་རེད། དེ་མིན་དེབ་ཆེ་ཆུང་ག་འདྲ་ཞིག་ཡོང་གི་ཡོད་པ་དང༌། ཤོག་བུ་ཡག་ཉེས་ཇི་འདྲ་ཞིག་གཏང་རྒྱུ་ཡིན་པ། རྒྱབ་ཤོག་བཟང་ལོད་ག་འདྲ་ཞིག་བརྒྱབ་རྒྱུ་ཡིན་པ་བཅས་ཀྱི་ཐག་གཅོད་རྩ་བ་ནས་མེད་པའི་ཐོག་ནས་སྤོམ་ཚོད་ཅིག་བཀའ་ཁྲོལ་ཞུ་རྒྱུའི་འབད་བརྩོན་བྱས་པ་ཡིན་ན་རྩིས་ཀྱི་འགྲོ་སྟངས་ཐོག་ནས་ཏག་ཏག་བསྡད་ཡོད་པ་མ་རེད། ཡང་གནས་ཚུལ་འགའ་ཞིག་ལ་སྤོམ་ཚོད་ཀྱི་དངུལ་འབབ་བཀའ་ཁྲོལ་ཞུ་རྒྱུ་དང༌། སླར་ཡང་འགྲོ་སོང་དངོས་གནས་ཀྱི་དངུལ་འབབ་བཀའ་ཁྲོལ་ཞུ་རྒྱུའི་རིམ་པ་གཉིས་ཀྱི་ཐོག་ནས་འགྲོ་རྒྱུ་ཡོད་པའི་ལམ་སྲོལ་ཡོད་པ་དེ་འདྲའི་ནང་དུ་སྤོམ་ཚོད་ཀྱི་སྔོན་རྩིས་ཐོག་ནས་བཀའ་ཁྲོལ་ཞུ་རྒྱུའི་ལམ་སྲོལ་མེད་པ་མིན། དཔེར་ན། ཨར་ལས་ལྟ་བུར་མཚོན་ན། གཞུང་གི་ངོས་ལེན་ཡོད་པའི་གནས་ཚད་ལྡན་པའི་ཁྱད་ལས་པ་ཞིག་གིས་ས་གནས་ཀྱི་ C.P.W.D. འམ་ P.W.D. གྱི་གོང་ཚད་ཐོག་ཡིན་རུང༌། ཡང་ན་སོ་སོའི་གཞུང་གིས་གཏན་འབེབས་ཡོད་པའི་གོང་ཚད་ཅིག་གི་ཐོག་ནས་ཚོད་དཔག་འཆར་རྩིས་ཀྱི་ཐོག་བཀའ་ཁྲོལ་ཞུས་པ་མ་གཏོགས་ཁང་པ་ཡོངས་རྫོགས་རྒྱག་རྒྱུའི་ལས་རིམ་གཅིག་ལ་གོང་ཚད་འགྲན་བསྡུར་གྱི་ཤོག་བུ་གསུམ་བཟོས་པ་ཡིན་ནའང་ཟོག་རྫུན་ཞིག་རེད་མ་གཏོགས་དྲང་བདེན་མ་རེད། དེ་དང་ཕྱོགས་མཚུངས་བཙན་བྱོལ་བོད་གཞུང་རང་གི་འཛིན་སྐྱོང་འོག་ཡོད་པའི་ཚོང་ཁང་དང་པར་ཁང་སོགས་ཡོད་ན་དེ་ཚོ་ནས་གོང་ཚད་འགྲན་བསྡུར་མ་དགོས་པར། ཅ་དངོས་ཉོ་ཆོག་པའི་ཆེད་དུ་གཞུང་གིས་ངོས་ལེན་ཡོད་པའི་ཚོང་ཁང་ཁག་གི་ཐོ་བཀོད་དེ་དབང་ཚད་ལྡན་པའི་འགན་འཛིན་ས་ནས་བཀའ་ཁྲོལ་ཞུས་ནས་ཉོ་སྒྲུབ་ཐུབ་པའི་ཐབས་ལམ་ཡོད། དཔེར་ན་རྒྱ་གར་ལྟ་བུར་མཚོན་ན། གཞུང་གི་ཐད་ཀའི་འཛིན་སྐྱོང་འོག་གི་ཚོང་ཁང་མང་པོ་ཞིག་གི་གོང་ཚད་གཞན་ལས་ཕྲན་བུའི་ཆེ་བ་ཡོད་ཀྱང་གཞུང་གི་ཟོང་དངོས་ཉོས་པའི་སྐབས་སུ་གོང་ཚད་འགྲན་བསྡུར་མི་དགོས་པར་ཉོ་ཆོག་པ་བཟོས་ཡོད། དེ་ནི་རིན་གོང་ཕྲན་བུའི་ཆེ་བ་ཡོད་ཀྱང་གཞུང་དངུལ་གཞུང་ལ་ཐོབ་རྒྱུའི་དགོངས་པ་བཞེས་ནས་སྲིད་བྱུས་དེ་འདྲ་བཟོས་པ་རེད། དེ་རྣམས་ཚང་མ་ད་རེས་དམིགས་བཀར་སྔོན་རྩིས་འབུལ་ཚུལ་གྱི་ལས་རིམ་འགྲོ་སྟངས་གསར་པ་བཟོ་རྒྱུའི་ཆེད་དུ་རྒྱབ་གཉེར་ཞུ་མཁན་གྱི་ཚོགས་ཆུང་དེ་བརྒྱུད་ནས་གྲོས་ཚོགས་རྗེས་མར་ཡོང་བ་ཡིན་ན། དེའི་ཐོག་གྲོས་ཚོགས་ནས་བགྲོ་གླེང་ཡག་པོ་ཞིག་གནང༌། བཀའ་ཤག་གི་དགོངས་ཚུལ་རྣམས་ཀྱང་དེའི་ཐོག་སྤུངས་ཏེ་ལོ་རྗེས་མ་ནས་ང་ཚོའི་སྔོན་རྩིས་འཆར་གཞི་ཕུལ་བའི་སྐབས་སུ་གཙང་མ་དང་གསལ་པོ་ཡོང་བ་ཞིག་བཟོ་དགོས་རྒྱུ་དང༌། དེ་བཞིན་ཤོག་བུ་རེ་ཟུང་མ་ཚང་བའི་རྐྱེན་གྱིས་དགོས་ངེས་ཅན་གྱི་དངུལ་འབབ་བཀའ་ཁྲོལ་མ་ཐོན་པ་མི་ཡོང་བའི་ཐབས་ཤེས་ངེས་པར་དུ་གནང་དགོས་ཀྱི་རེད་ལ། དེ་གནང་ཐུབ་ཀྱི་ཡོད་པའི་ངས་རེ་བའང་བྱེད་ཀྱི་ཡོད། ཅེས་གསུངས།
བོད་མི་མང་སྤྱི་འཐུས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཚོགས་དུས་བདུན་པ། ༡༩༩༩/༠༣/༡༦ ་་་ ༡༩༩༩/༠༣/༢༦