སྔོན་རྩིས་ཚགས་ཚུད་མེད་པ།
སྔོན་རྩིས་ཚགས་ཚུད་མེད་པ་དང༌། ཟུར་དངུལ་དང་རང་ཁོངས་ལས་བྱེད་ཉར་བ་དེ་དག་མི་འགྲིགས་ཚུལ།
བཙན་བྱོལ་བོད་གཞུང་གི་འཛིན་སྐྱོང་གི་ལས་དོན་དེ་དག་ལོ་རེ་ནས་ལོ་རེར་ཚགས་ཚུད་དང་ཡག་ཏུ་འགྲོ་དགོས་རྒྱུ་དེ་ངེས་པར་དུ་དགོས་པ་ཞིག་རེད་མ་གཏོགས། དེ་ལ་འགོར་རྐྱེན་གང་ཡང་ཡོད་མ་རེད་བསམ་གྱི་འདུག ཆབ་སྲིད་ཀྱི་ལས་དོན་ཡིན་ན་ནི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་དང༌། རྒྱ་མིའི་སྟོབས་ཤུགས་སོགས་མང་པོ་ཞིག་ལ་བསྟུན་དགོས་དུས་ལོ་རེ་ནས་ལོ་རེར་ཡར་རྒྱས་འགྲོ་དགོས་ཀྱི་རེད་ཅེས་ལབ་རྒྱུ་ཁག་པོ་རེད། འཛིན་སྐྱོང་གི་ལས་དོན་དེ་དེབ་ཀློག མི་ལས་སྐད་ཆ་ཉན། ལས་ཀ་སྔ་མ་ག་འདྲ་བྱས་འདུག་པ་དེ་ལ་བལྟས། གྲོས་ཚོགས་སྔ་མའི་ལམ་སྟོན་དེ་དག་ལ་བལྟས་ནས་ཕྱིན་པ་ཡིན་ན། ཡར་རྒྱས་འགྲོ་བ་ལ་སུས་ཀྱང་བཀག་མཁན་ཡོད་མ་རེད། འདས་པའི་སྔོན་རྩིས་གསུམ་གྱི་རིང་ལ་ཚོད་དཔག་འཆར་རྩིས་ཚོགས་ཆུང་གིས་སྙན་ཤོག་བཏོན་ཡོད་རེད། དྲི་བ་དྲིས་ལན་བྱུང་ཡོད་རེད། གྲོས་ཚོགས་ཀྱི་ལམ་སྟོན་ཡོད་རེད། དེ་དག་ཆ་ཚང་སྔོན་རྩིས་བཟོ་མཁན་དབུ་བཀའ་བློན་མན་ཆད་ནས་འོག་རྩིས་པ་ཡན་ཆད་ཚང་མའི་ཐུགས་ལ་ཆུ་མ་ཎི་བཞིན་ཡོད་དགོས་པ་ཞིག་རེད་བསམ་གྱི་ཡོད། བྱས་ཙང་ད་ལོ་ནོར་འཁྲུལ་ཕྱིན་པ་དེ་དག་སང་ཕོད་མི་ཡོང་བར་ཆ་བཞག་ནས། མ་འོངས་པར་ནོར་འཁྲུལ་ཞིག་ཡོང་གི་ཡོད་ནའང་གསར་པ་ཞིག་ཡོང་གི་ཡོད་ན་མ་གཏོགས། ད་ལོ་ནོར་བ་རེད་ཅེས་ཞུས་ཚར་བ་དེ་ལོ་རྗེས་མར་བསྐྱར་ལྡབ་མི་ཡོང་བ་ཞིག་གི་རེ་བ་བྱེད་ཀྱི་ཡོད་རེད། ག་ཚོད་ཞུས་ནའང་ནོར་འཁྲུལ་གཅིག་པ་ཞིག་ལོ་རྟག་པར་བསྐྱར་ལྡབ་བྱས་ནས་ཡོང་དུས་ང་ཚོར་དྭོགས་པ་ག་རེ་ཡོང་གི་ཡོད་རེད་ཅེ་ན། ཡར་རྒྱས་འགྲོ་འདོད་མེད་པ་དང་ལམ་དང་ལུགས་སྲོལ་དང་མཐུན་པའི་ཕྱག་ལས་གནང་འདོད་མེད་པ་མིན་ནམ་སྙམ་པའི་དྭོགས་པ་ཟ་གི་འདུག་ཅེས་ལབ་དགོས་པ་ཞིག་ཆགས་ཀྱི་ཡོད་པ་རེད། བློ་གྲོས་ཅན་གྱི་མི་ཞིག་ཡིན་ན་ཚར་གཅིག་ཚར་གཉིས་བལྟས་ཚར་དུས་སེམས་ལ་འཇགས་འགྲོ་རྒྱུ་དང༌། ཉམས་མྱོང་བསགས་འགྲོ་རྒྱུ་ཞིག་ཡིན་ཙང༌། དེ་ང་རང་ཚོར་ཡང་ཡོང་གི་རེད་བསམས་ང་ཚོས་ཚོད་དཔག་ཞུ་སྟངས་དེ་འདྲ་ཞུ་གི་ཡོད།
བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་བྱས་ཏེ་སྔོན་རྩིས་གཏན་འབེབས་བྱེད་དགོས་པའི་ལམ་སྲོལ་བཟོས་པ་ནས་བཟུང་སྟེ་ང་ཚོའི་གྲུབ་མཐའི་རྩ་བར་ག་རེ་བཟུང་གི་ཡོད་རེད་ཅེ་ན། ལས་ཁུངས་སུ་ལའང་སྔོན་རྩིས་སུ་མ་གསལ་བའི་ཟུར་དངུལ་ཟེར་བ་དེ་ཉར་ན་འགྲིགས་ཀྱི་མ་རེད་ཅེས་པ་དེ་ང་ཚོའི་ལྟ་བ་དང་གྲུབ་མཐའི་གཞི་རིམ་བཀའ་བཏགས་ཀྱི་ཕྱག་རྒྱ་འདྲ་པོ་དེ་ཡིན་པའི་སྐད་ཆ་རེད། པད་ཤག་གཅིག་མ་གཏོགས་མེད་པ་ཡིན་ནའང་གཞུང་དངུལ་ཡིན་ཕྱིན་ཆད་དེ་རྩིས་ཀྱི་ཐོག་ལ་ཕྱོགས་བསྡོམས་མ་དངུལ་ནང་ལ་ཡོང་དགོས་རྒྱུ་དང༌། པད་ཤག་གཅིག་མ་གཏོགས་འགྲོ་སོང་མ་བཏང་བ་ཡིན་ནའང་དེ་སྔོན་རྩིས་ནང་བཀའ་ཁྲོལ་ཞུས་ནས་གཏོང་དགོས་པ་མ་གཏོགས། འདི་ང་ཚོས་ཡོང་འབབ་བཟོས་པ་རེད། དེ་ང་རང་ཚོས་ཐད་ཀར་འགྲོ་སོང་གཏོང་རྒྱུ་རེད་ཅེས་སྔོན་རྩིས་ཀྱི་རྒྱུན་གྲོན་དང༌། དམིགས་བསལ། དམིགས་བཀར་གང་ཡང་རུང་བ་ཞིག་གི་ནང་མ་གསལ་བར་ཟུར་དུ་བཞག་པ་ཡིན་ན་འགྲིགས་ཀྱི་མ་རེད་ཅེས་པ་དེ་ང་ཚོའི་ལྟ་བའི་རྣམ་བཞག་གཅིག་རེད། གཉིས་པ་དེ། ས་མིག་མེད་པར་ལས་བྱེད་བསྐོ་བཞག་མི་ཆོག་པ་དང༌། འཕྲལ་སེལ་གྱི་ལས་བྱེད་བཞག་པ་ཡིན་ན་ཟླ་བ་བཅིུས་ལས་ལྷག་བཞག་མི་ཆོག་པ། གཏན་འཇགས་ལས་བྱེད་ཡོངས་རྫོགས་ཀྱི་འདེམས་བསྐོ་གཞུང་ཞབས་འདེམས་བསྐོ་ལྷན་ཁང་གིས་བྱེད་དགོས་པ་དེ་ང་ཚོའི་འཛིན་སྐྱོང་གི་ལས་བྱེད་འདེམས་བསྐོ་བྱེད་སྟངས་ཀྱི་སྒྲིག་གཞིའི་སྙིང་པོ་འདྲ་པོ་དེ་རེད། དེ་གཉིས་ཀའི་ཐོག་ལ་ཚང་མས་འགྲོ་མ་དགོས་པ་གཙོར་འདོན་གྱི་ཐོག་ལ་ཤུགས་རྒྱག་བསྡད་ཀྱི་ཡོད་རེད། ང་ཚོས་དགོས་ངེས་ཀྱི་དངུལ་འབབ་ཐོག་ལ་འགྲེལ་བཤད་བརྒྱབ་ཐུབ་ཀྱི་ཡོད་ན་སྤྱི་འཐུས་ཀྱིས་མར་གནང་གི་ཡིན་ཞེས་ག་དུས་ཡིན་ཡང་བཀག་གི་ཡོད་མ་རེད། ལྷག་པར་དུའང་དམིགས་བཀར་གྱི་གནས་སྟངས་དེ་ཚོ་ལ་གང་ཡང་སྣོན་འཕྲི་སྤོར་གཅོག་བྱེད་ཀྱི་ཡོད་མ་རེད། ཡིན་ནའང་དེ་སྔོན་རྩིས་ནང་སླེབས་མ་དགོས་པ་གཙོར་འདོན་དང༌། ཟུར་དངུལ་ཞིག་ཉར་རྒྱུ་བྱུང་ན་བློ་འདོད་ཚིམས་པ་ཞིག་གི་ཁེ་ཕན་ཡོད་པར་གཟིགས་བསྡད་པ། དཔེར་ན། ལྡི་ལི་དོན་གཅོད་ཀྱིས་ད་ལྟའང་ཟུར་དངུལ་ཉར་རྒྱུ་དེ་མཚམས་བཞག་ཡོད་མ་རེད་ཅེས་གསལ་བཤད་གནང་བ་བཞིན་ཟུར་དངུལ་ཉར་རྒྱུ་དེ་ལ་ཧ་ཅང་ཐུགས་འདོད་ཆེན་པོ་གནང་བསྡད་ཀྱི་ཡོད་རེད། ལྡི་ལི་དོན་གཅོད་ཚོང་ལས་བྱེད་མཁན་ཞིག་མ་རེད་དེ། ཚོང་པ་འདྲ་པོ་ཞིག་བྱས་ནས་བརྒྱ་ཆ་ ༡༠ ཡར་ཕུལ་རྒྱུ་དེའི་ལམ་སྲོལ་འོག་ཏུ་འགྲོ་བསྡད་ཀྱི་ཡོད་རེད། དེ་ཚོ་རྩ་བའི་ལམ་སྲོལ་གཞི་རིམ་གྱི་ལྟ་གྲུབ་ཀྱི་ཐོག་ནས་བལྟས་པ་ཡིན་ན། མོས་མཐུན་བྱེད་མི་ཐུབ་པའི་གནས་སྟངས་ཤིག་རེད། བྱས་ཙང་ངས་དེ་ག་འདྲ་ཡིན་ནམ་ཞེས་མི་ཚོ་ལ་དྲིས་བསྡད་དུས། རང་ཁུངས་ལས་བྱེད་དང་ཟུར་དངུལ་ཉར་རྒྱུ་དེ་སོ་སོར་ཐག་གཅོད་བྱེད་རྒྱུའི་དབང་ཆ་ཞིག་ཡོད་རེད། དབང་ཆ་དེ་སུས་ཀྱང་མེད་པ་བཟོ་འདོད་བྱེད་ཀྱི་ཡོད་མ་རེད། བསམ་བློའི་འཁྱེར་ཕྱོགས་ཤིག་གི་དབང་གིས་འདི་ང་རང་གིས་ཐག་གཅད་རྒྱུ་ཡོད་བསམ་པ་ཞིག་ཡོད་རེད། ཚང་མ་ཕྱོགས་བསྡོམས་མ་དངུལ་ནང་ཡར་སྤུངས་ནས་མར་བཀའ་ཁྲོལ་ཞུས་ནས་འགྲོ་སོང་བཏང་བ་ཡིན་ན། བཀའ་ཁྲོལ་གནང་བ་ནས་འགྲོ་སོང་བཏང་བ་ཡིན་ཙང་དེས་འདོད་པ་མ་ཚིམས་པར། འགྲོ་སོང་གཏོང་གི་ཡོད་རེད་དེ། དེ་བཀའ་ཁྲོལ་བྱུང་བ་ཞིག་ཡིན་པས་ང་རང་གིས་ཐག་བཅད་ནས་བཏང་བ་ཡིན་བསམ་པའི་བློ་འདོད་ཚིམས་པ་དེ་ཡོང་གི་མེད་པ་རེད། དེ་ནང་བཞིན་རང་ཁོངས་ལས་བྱེད་ཅིག་ཉར་རྒྱུ་བྱུང་བ་ཡིན་ན་ངས་བསྐོས་པ་ཡིན་བསམས་ནས་དེ་ལ་ངོ་སོ་འདྲ་པོ་གཏོང་རྒྱུ་ཡོད་པ་ཞིག་དང༌། དེ་ལས་མར་སྡུག་ཙམ་ཕྱིན་པ་ཡིན་ན། ངའི་ངོ་ཤེས་པ། ངའི་གྲོགས་པོ། ངའི་སྤུན་མཆེད། ངའི་སྤུན་དང་ངོ་ཤེས་པས་མགོ་འདྲེན་བྱས་པ་དེ་དག་བསྐོ་རྒྱུའི་གོ་སྐབས་ཡོང་གི་རེད་བསམ་གྱི་ཡོད་རེད་ཅེས་བསམ་བློའི་ཚན་རིག་པ་ཚོས་བརྟག་དཔྱད་བྱས་པ་ཡིན་ན་གནས་ཚུལ་དེ་འདྲ་ཞིག་ལ་ཐུག་གི་ཡོད་རེད་མ་གཏོགས། གཞན་ད་ལྟའང་མགོ་མ་འཚོས་པའི་གནས་ཚུལ་དེ་འདྲ་ཞིག་ཡོང་དགོས་དོན་མེད་ཅེས་ཤོད་ཀྱི་འདུག དེ་བཞིན་ཕྱི་རྒྱལ་དོན་གཅོད་ཁང་ཁག་ལའང་དམིགས་བཀར་གྱི་གནས་སྟངས་དེ་དག་སྔོན་རྩིས་ནང་ཕྱིན་པ་ཡིན་ན་ནང་གི་རང་དབང་ཆ་ཚང་ཤོར་འགྲོ་གི་ཡོད་པ་འདྲ་པོའི་དགོངས་ཚུལ་དེ་ད་ལྟའི་བར་མ་ཉམས་པར་ཡོད་པ་འདྲ། ལས་བྱེད་པས་འདེང་གི་མི་འདུག་གསུང་རྒྱུ་དེ་འགྲེལ་བཤད་གནང་རྒྱུ་གཙོ་བོ་ཞིག་རེད། ཡིན་ནའང་སྔོན་རྩིས་ནང་ལ་དམིགས་བཀར་བཅུག་པ་ཡིན་ན་ཇི་ཙམ་མང་ཡང་ཤོག་བུ་བཅུའམ། བཅོ་ལྔ་ཆགས་འགྲོ ལོ་གཅིག་ལ་ཤོག་བུ་བཅོ་ལྔའི་སྔོན་རྩིས་བཟོ་རྒྱུར་ལས་བྱེད་པས་མ་འདེང་བ་ཡོད་མ་རེད་བསམ་གྱི་འདུག ཇི་ཙམ་འགོར་ཡང་ཉིན་མ་གཉིས་ཀྱི་དུས་ཚོད་འགྲོ་སོང་གཏོང་དགོས་ཡོང་འགྲོ། དཔེར་ན། ང་རང་ལ་ཆ་བཞག་ན་ཤོག་བུ་བཅོ་ལྔ་ཙམ་གྱི་སྔོན་རྩིས་བཟོ་རྒྱུར་ག་ཚོད་འགོར་རུང་ཚོུད་བཞི་ལྔ་ལས་ལྷག་འགོར་ཐབས་མཐོང་གི་མི་འདུག ཡིན་ནའང་ལས་བྱེད་ཉུང་བའི་དབང་གིས་ཤོག་བུ་ལྔ༌། དྲུག བདུན། བརྒྱད། བཅུ། བཅོ་ལྔ་མན་ཆད་ཡོད་པ་ཞིག་གི་སྔོན་རྩིས་བཟོ་རྒྱུ་དེ་འགྲིགས་ཀྱི་མི་འདུག་གསུངས་པ་དེ་རྒྱུ་མཚན་གྱིས་འདེང་གི་ཡོད་རེད་བསམ་གྱི་མི་འདུག
གཞན་ཡང་ང་རང་ཚོ་ཕན་ཚུན་བཀའ་མོལ་དེ་གོ་བརྡ་འཕྲོད་ཁག་པོ་ཞིག་བྱེད་བསྡད་ཀྱི་འདུག ཚོད་དཔག་འཆར་རྩིས་ཚོགས་ཆུང་གིས་ཕྱི་དྲིལ་གྱི་དེབ་དེ་དག་དཔར་བརྒྱབ་ན་འགྲིགས་ཀྱི་མི་འདུག་ཅེས་དེབ་གཅོག་ཆ་གནང་ཡོད་མ་རེད། དེབ་ཚང་མ་དཔར་བརྒྱབ་དགོས་ངེས་ཤ་སྟག་རེད་མ་གཏོགས། ཚོད་དཔག་འཆར་རྩིས་ཚོགས་ཆུང་གིས་དཔར་བརྒྱབ་དགོས་ཀྱི་རྒྱུ་མཚན་མི་འདུག་ཅེས་གཅོག་བྱའི་གྲོས་འཆར་དང་འགྲེལ་བརྗོད་བཅས་གང་དུའང་མི་འདུག ངས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ངོས་ནས་འགྲེལ་བཤད་བརྒྱབ་དགོས་པ་མི་འདུག་སྟེ། ང་རང་གིས་གོ་ཚོད་ལ་ཚོད་དཔག་འཆར་རྩིས་ཚོགས་ཆུང་གིས་དེབ་དེ་དག་རྒྱུན་གྲོན་གྱི་ཡིག་ཆ་པར་སྐྲུན་ཟེར་བ་དེའི་ནང་སྒོར་འབུམ་བདུན་བཀའ་ཁྲོལ་ཡོད་པ་ཡིན་ཙང༌། དེའི་ཐོག་ནས་བརྒྱབ་ཐུབ་ཀྱི་རེད་ཅེས་འགྲེལ་བཤད་དེ་མ་གཏོགས། དེབ་དེ་དག་དཔར་བརྒྱབ་དགོས་ཀྱི་ཡོད་མ་རེད་ཅེས་ཞུ་གི་ཡོད་མ་རེད། དེབ་པར་བརྒྱབ་རྒྱུ་གལ་ཆེ་ཡིན་པའི་འགྲེལ་བཤད་གནང་ནས་གཅོག་ཆ་དེ་དག་མེད་པ་བཟོ་ཐུབ་ཐབས་ཡོད་མ་རེད། རྒྱུན་གྲོན་ནང་ཡོད་པའི་པར་སྐྲུན་འགྲོ་གྲོན་འབུམ་བདུན་གྱིས་འགྲོ་སོང་གཏོང་ཁུངས་འདི་དང་འདི་འདྲ་རེད་ཅེས་རྩིས་འགོ་རེ་རེ་ནས་འགྲོ་སོང་མིག་བསྟན་ནས་འབུམ་བདུན་ཏག་ཏག་རྫོགས་པ་བསྟན་རྗེས་དེབ་བཞི་པོ་དེ་བརྒྱབ་རྒྱུའི་དངུལ་ཟུར་དུ་ཞུ་དགོས་པའི་རྒྱུ་མཚན་གསལ་བཤད་གནང་དགོས་པ་རེད། ལར་ནས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གིས་དྲི་བ་བརྒྱ་ལྷག་ཅིག་བཏང་ཡོད་རེད། འབྲེལ་ཡོད་ལས་བྱེད་ཆ་ཚང་ཚོད་དཔག་འཆར་རྩིས་ཚོགས་ཆུང་ནང་ལ་ཕེབས་ནས་འགྲེལ་བཤད་བརྒྱབ་རྒྱུའི་གོ་སྐབས་བྱུང་ཡོད་རེད་དེ། དེ་དག་གྲོས་ཚོགས་ནང་མ་སླེབས་གོང་ལ་འགྲེལ་བཤད་མ་ཐུབ་པ་དེ་ལས་བྱེད་པས་ལས་དོན་བྱེད་ཕྱོགས་ཀྱི་ཐོག་ནས་མ་འདེང་བ་རེད་བསམས་ངའི་མཐོང་ཚུལ་དེ་འདྲ་ཡོང་གི་འདུག ཚོགས་གཙོ་གཉིས་ལ་མཐོང་ཚུལ་ག་རེ་བྱུང་ཡོད་ཅེ་ན། ཚོད་དཔག་འཆར་རྩིས་ཚོགས་ཆུང་གིས་ལས་ཁུངས་སོ་སོའི་ལས་བྱེད་པ་དང་དེ་ཙམ་གྱི་ཐག་ཉེ་པོའི་ཐོག་ནས་འབྲེལ་བ་བྱེད་དགོས་པ་མི་འདུག་སྙམ། འགྲེལ་བཤད་བརྒྱབ་རྒྱུ་ཡོད་ན་འབྲེལ་ཡོད་བཀའ་བློན་སོ་སོས་གྲོས་ཚོགས་ནང་བརྒྱབ་ཡོང་གི་རེད། ལས་བྱེད་པ་དེ་དག་ཆ་ཚང་གཏུགས་ཚར་དུས་དྭོགས་པ་མེད་པ་ཆགས་དགོས་པ་ཞིག་རེད་དེ། ཡིན་ནའང་ཉི་མ་དེ་ཙམ་གྱི་རིང་ལ་ཚོད་དཔག་འཆར་རྩིས་ཚོགས་ཆུང་དང་མཉམ་དུ་འབྲེལ་ཡོད་ལས་བྱེད་ཚང་མས་འབྲེལ་བ་བྱས་ཀྱང༌། ད་དུང་འགྲེལ་བཤད་མ་ཐུབ་པར་ལུས་པ་ཞིག་བཀའ་བློན་ཚོས་འགྲེལ་བཤད་གནང་དགོས་པ་དེ་དགོངས་པ་བཞེས་དགོས་པའི་གནས་ཚུལ་ཞིག་རེད་བསམ་གྱི་འདུག ཅེས་གསུངས།
བོད་མི་མང་སྤྱི་འཐུས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཚོགས་དུས་བརྒྱད་པ། ༡༩༩༥/༠༢/༠༡ ་་་ ༡༩༩༥/༠༢/༡༤