སྔོན་རྩིས་བཟོ་འགོད་བྱེད་ཕྱོགས་ཀྱི་དོན་གནད་ལས་འཕྲོས་པའི་ལམ་སྟོན།

ཚོད་དཔག་འཆར་རྩིས་ཚོགས་ཆུང་གིས་ལས་དོན་ཞིབ་ཚགས་དང་སྙན་ཤོག་རྒྱས་ཤིང་རྒྱས་པ་གྲོས་ཚོགས་ལ་སྙན་སྒྲོན་གནང་བར་ཚོགས་གཙོའི་ངོས་ནས་ལེགས་སོ་དང་བསྔགས་བརྗོད་ཡོད། སྔོན་རྩིས་དང་གཞུང་དངུལ་བཏང་འཛིན་གྱི་སྒྲིག་གཞི་གཞིར་བཟུང་བྱས་པ་ཡིན་ན་སྔོན་རྩིས་གྲོས་ཚོགས་ཚོགས་རྒྱུའི་ཟླ་བ་གཅིག་གི་སྔོན་ནས་གཞུང་གི་ཚོད་དཔག་འཆར་རྩིས་གྲོས་ཚོགས་ཀྱི་རྒྱུན་ལས་ལ་འབྱོར་དགོས་རྒྱུ་དང༌། ཚོད་དཔག་འཆར་རྩིས་ཚོགས་ཆུང་ལ་ཟླ་བ་གཅིག་ཕྱག་ལས་གནང་རྒྱུའི་གོ་སྐབས་སྤྲོད་དགོས་རྒྱུ་རེད་དེ། བར་ལམ་ཞིག་ནས་དུས་ཚོད་མི་ལྡེང་བ་དེ་འདྲ་བྱུང་བ་རེད། ཡིན་ནའང་མ་འོངས་པར་ཚོད་དཔག་འཆར་རྩིས་ཚོགས་ཆུང་ལ་ཕྱག་ལས་གནང་རྒྱུའི་དུས་ཚོད་ལྡེང་ངེས་ཤེས་པ་ཡོང་རྒྱུའི་རེ་བ་བྱེད་ཀྱི་ཡོད། དེ་རིང་སྔོན་རྩིས་བགྲོ་གླེང་གནང་རྒྱུའི་སྔོན་ལ་ཚོགས་གཙོས་བསྐྱར་ལྡབ་ཡང་ལྡབ་བྱས་ཏེ་གསལ་བཤད་ཞུ་དགོས་པའི་རྒྱུ་མཚན་གང་རེད་ཅེ་ན། དེ་རིང་ཚོགས་དུས་འདིའི་ཐོག་ནས་སྐབས་བཅིུས་པའི་སྤྱི་འཐུས་ཀྱིས་གཞུང་གི་དཔལ་འབྱོར་གྱི་བཏང་འཛིན་གྱི་ཐོག་ལ་ཕྱག་ལས་གནང་ཕྱོགས་ཀྱི་ལམ་ཕྱོགས་གསལ་པོ་ཞིག་བཟོ་དགོས་ཀྱི་འདུག་བསམས་ཏེ་ཚོགས་གཙོའི་ངོས་ནས་ཡང་ཡང་བསམ་བློ་འཁོར་སོང༌། དེ་འདྲ་ཡིན་ཙང་སྤྱི་འཐུས་ཚང་མས་དེ་རིང་གི་གྲོས་ཚོགས་ཚོགས་དུས་འདིའི་ཐོག་ནས་མ་འོངས་པར་ཕྱག་ལས་གནང་ཕྱོགས་ལམ་སྟོན་གྱི་ལངས་ཕྱོགས་གསལ་པོ་ཞིག་ཡོང་ཐུབ་རྒྱུའི་ཆེད་དུ་ཐུགས་ཁུར་བཞེས་པ་ཡིན་ན་ཡག་པོ་ཡོང་ས་རེད་སྙམ་པའི་ཚོར་སྣང་དེ་འདྲ་བྱུང༌།

རྒྱལ་ཁབ་གཅིག་གི་སྔོན་རྩིས་ཟེར་བ་དེ་རྒྱལ་ཁབ་དེའི་སྤྱི་ཚོགས་དང༌། དཔལ་འབྱོར། སྲིད་དོན་གསུམ་གའི་གཞི་རྟེན་ལྟ་བུར་རྩིས་བསྡད་ཀྱི་ཡོད་རེད། དེ་དངོས་ཡོད་ཀྱི་གནས་སྟངས་ཤིག་རེད། རང་དབང་ལྡན་པའི་རྒྱལ་ཁབ་ཅིག་གི་སྔོན་རྩིས་ཀྱི་ནང་ལ་བྱུང་སོང་ཁ་མ་འདུམས་པའི་དངུལ་དེའི་མཐའ་མ་ཡོང་འབབ་རྩ་བ་ནས་མ་བྱུང་ན། གཞུང་གིས་གསེར་དངུལ་བཀར་འཇོག་བྱས་ཏེ་དངུལ་ལོར་དཔར་བརྒྱབས་ནས་བྱུང་སོང་ཁ་མ་འདུམས་པ་དེ་འདུམས་པ་བཟོ་གི་རེད། འོན་ཀྱང་དངུལ་ལོར་མང་པོ་བརྒྱབས་པ་ལ་བརྟེན་ནས་ཉོ་ཆའི་གོང་ཚད་འཕར་འགྲོ་གི་ཡོད་རེད། དེ་འགྲིགས་ཀྱི་མི་འདུག་ཅེས་བཀག་བསྡད་ཀྱི་ཡོད་རེད། དངུལ་ལོར་བརྒྱབ་རྒྱུ་ཡོད་མཁན་གྱི་རྒྱལ་ཁབ་དེ་ཚོ་ལའང་བྱུང་སོང་ཁ་མ་འདུམས་པ་དེ་ཡག་པོ་མི་འདུག་ཅེས་ག་ཚོད་ཐུབ་ཐུབ་ཀྱིས་བཀག་རྒྱུའི་འབད་བརྩོན་བྱེད་བསྡད་ཀྱི་ཡོད་རེད། ང་རང་ཚོ་བཙན་བྱོལ་རྒྱལ་ཁབ་མེད་མཁན། ས་ཆ་མེད་མཁན། སོ་སོའི་དཔལ་འབྱོར་གྱི་འདུ་འགོད་བྱེད་ས་མེད་མཁན། གཞན་གྱི་དཔལ་འབྱོར་ལ་བརྟེན་དགོས་མཁན་དེ་འདྲ་ཞིག་གི་སྲིད་གཞུང་དེའི་ལོ་འཁོར་སྔོན་རྩིས་ཀྱི་ནང་བྱུང་སོང་ཁ་མ་འདུམས་པ་ཡིན་ན། མ་འོངས་པར་གནས་ཚུལ་ག་འདྲ་ཞིག་ཆགས་ཀྱི་རེད། འཛིན་སྐྱོང་དང་གྲོས་ཚོགས་གཉིས་ཀས་ཞིབ་ཚགས་པོ་བྱས་ནས་དགོངས་པ་བཞེས་དགོས་རྒྱུ་ནི་ངས་ཧ་ཅང་གི་གལ་ཆེར་མཐོང༌། སྔོན་རྩིས་བཟོས་པའི་སྐབས་ལ་གྲོས་ཚོགས་ནས་བཀའ་ཁྲོལ་ཐོན་ཙམ་ཞིག་བྱུང་བ་ཡིན་ན་ཁ་མ་འདུམས་པ་ཡིན་ནའང་གཅིག་འགྲིགས་འགྲོ་གི་རེད་བསམ་པའི་ལས་སླ་པོའི་དགོངས་པ་བཞེས་རྒྱུའི་གཞི་རྩ་དེ་ག་པར་ཐུག་གི་ཡོད་རེད་ཟེར་ན། ངས་སྔོན་མ་ནས་ཡང་ཡང་ཞུས་བསྡད་པའི་ང་ཚོའི་འཕྲལ་སེལ་རིང་ལུགས་ཀྱི་བསམ་བློ་འཁྱེར་སྟངས་འདིའི་ཐོག་ནས་མ་འགྲིགས་པ་རེད་བསམ་པ་དྲན་གྱི་འདུག འཕྲལ་སེལ་རིང་ལུགས་ཀྱི་བསམ་བློ་ཞིག་འཁྱེར་ནས་ཧ་ལས་ན་ལོ་ལྔ་ང་ཚོ་བསྡད་ཀྱི་རེད། ལོ་ལྔ་འདི་ཁུངས་འཁྱོལ་ཙམ་ཞིག་བྱུང་བ་ཡིན་ན། དེ་རྗེས་མི་གཞན་ཞིག་གིས་བལྟ་འགྲོ་གི་རེད་བསམ་པའི་བསམ་ཚུལ་ཞིག་གི་ཐོག་ནས་གྲོས་ཚོགས་དང་འཛིན་སྐྱོང་ཕྱིན་པ་ཡིན་ནའང་འདི་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་བདེ་དོན་གྱི་ཐོག་ལ་ཕུགས་རྒྱང་རིང་པོའི་དགོངས་པ་བཞེས་མ་མཁྱེན་པའམ། མཁྱེན་པ་ཡིན་ནའང་མ་བཞེས་པ་ཞིག་རེད། བྱུང་སོང་ཁ་མ་འདུམས་པའི་གནས་ཚུལ་འདི་ལོ་ལྔ་དྲུག་ཅིག་ལ་བསགས་ནས་དེ་འདྲ་ཞིག་གི་མཚམས་ནས་རི་ལུག་པ་ཐག་པས་མ་འདོམས་པའི་བཟོ་འདྲ་པོ་ཞིག་ཆགས་པ་ཡིན་ན། དེའི་ཉིན་མོ་དེར་གློ་བུར་ཞིག་ལ་ལས་ཁུངས་མང་པོ་ཞིག་སྒོ་བརྒྱབ་རྒྱུ་ཆགས་ཀྱི་རེད་དམ། ག་འདྲ་བྱས་ནས་ཁ་མ་འདུམས་པ་ཞིག་བཟོ་གི་རེད།

དངུལ་ལོར་བརྒྱབ་རྒྱུ་ཡོད་པའི་རྒྱལ་ཁབ་དེ་ཚོས་ཐབས་སྡུག་ན་དེ་འདྲ་བྱེད་རྒྱུ་ཡོད་བསམ་བསམ་འདྲ་ཞིག་ཡོད་རེད་ཀྱང༌། ང་རང་ཚོ་ལ་ག་རེ་བྱེད་རྒྱུ་ཡོད་རེད། དགོངས་པ་དེ་ཡིན་ཅིག་མིན་ཅིག་ང་ཚོས་ད་ལྟ་ནས་བཞེས་དགོས་པ་ཞིག་ཏན་ཏན་ཆགས་ཀྱི་ཡོད་རེད། ལྷག་པར་དུ་འཛིན་སྐྱོང་གི་ངོས་ནས་དེའི་ཐོག་ལ་དགོངས་པ་གཏིང་ཟབ་ཅིག་བཞེས་ནས་ཉུང་མཐའ་ཡང་འདི་འདྲ་བྱུང་ན་འདི་འདྲ་བྱེད་སྙམ་པའི་ལས་རིམ་བང་ཞིག་ངེས་པར་དུ་བསྒྲིག་དགོས་ཀྱི་རེད་བསམ་གྱི་འདུག སྲིད་གཞུང་ག་འདྲ་ཞིག་ཡིན་ནའང་བསྲི་ཚགས་གནང་རྒྱུ་ནི་གལ་ཆེན་པོ་ཞིག་རེད། དཔལ་འབྱོར་སྟོབས་ཆེན་ཡོད་པའི་རྒྱལ་ཁབ་དེ་ཚོས་ཀྱང་བསྲི་ཚགས་ཀྱི་ཐོག་ལ་ཤུགས་རྒྱག་བསྡད་ཀྱི་ཡོད་རེད། ང་རང་ཚོའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་སྤྱི་དང༌། ལྷག་པར་དུ་ཡང་དྷརྨ་ཤཱ་ལཱའི་བཙན་བྱོལ་གཞུང་གི་ཕྱག་ལས་གནང་མཁན་ཚོའི་གོམས་གཤིས་དང་ལེགས་བྱང་གི་ནང་ལ་བསྲི་ཚགས་མེད་པ་དང་རྒྱས་སྤྲོས་ཆེན་པོ་གནང་སྲོལ་ཞིག་ཆགས་འདུག དངོས་གསལ་དོད་པོའི་ཐོག་ནས་མཐོང་ཐུབ་པའི་རྒྱས་སྤྲོས་ཀྱི་ནང་ལ་སྣུམ་འཁོར། འཛིན་ཆས། འགྲིམ་འགྲུལ། མི་གཅིག་ཕེབས་ན་འགྲིགས་ས་དེ་ཚོར་མི་བཞི་ལྔ་བྱས་ནས་ཕེབས་ཀྱི་ཡོད་པ་དེ་ཚོ་ཚང་མ་ང་ཚོས་ལས་སླ་པོར་མཐོང་ཐུབ་པའི་རྒྱས་སྤྲོས་ཀྱི་གྲས་ཤིག་རེད་བསམ་གྱི་འདུག དེ་འདྲའི་རྒྱས་སྤྲོས་ཀྱི་རིགས་འདི་ག་རེ་བྱས་ནས་ཡོང་གི་ཡོད་རེད། ང་ཚོ་ཡུན་རིང་པོ་གང་ཡང་ཕྱིན་ཡོད་མ་རེད། འདས་པའི་ལོ་བཅུ་ཕྲག་ཁ་ཤས་ཀྱི་སྔོན་ཕྱི་ལོ་ ༡༩༦༠་་༧༠ ནང་ལ་རྡརྨ་ཤཱ་ལཱའི་གནས་སྟངས་ག་འདྲ་ཞིག་ཡོད། ལས་ཀ་ག་འདྲས་གནང་གི་ཡོད། ཕེབས་འཁོར་མང་ཉུང་ག་ཚོད་ཙམ་ཡོད་རེད། ད་ལྟའི་གནས་སྐབས་འདི་ལ་ཕྱག་ལས་ག་འདྲས་གནང་གི་ཡོད་རེད། མཐུན་རྐྱེན་འདི་ག་ཙམ་རྒྱས་སྤྲོས་ཕྱིན་པ་ནང་བཞིན་ལས་འབོར་གྱི་ཐོག་ལ་དངོས་ཡོད་ཀྱི་མང་ཉུང་ག་ཚོད་ཕྱིན་འདུག འདིའི་ཐོག་རྩིས་ཞིབ་ཅིག་གནང་གི་ཡིན་ན་ང་ཚོའི་རྒྱས་སྤྲོས་དང༌། ང་ཚོའི་ལས་འབོར་གཉིས་པོ་འདི་ཏན་ཏན་རྩིས་ཞིབ་བྱེད་ཐུབ་པའི་གནས་ཚུལ་བཟང་པོ་ཞིག་གི་ཐོག་ལ་འགྲོ་ཡོད་རེད་བསམ་ངས་དྲན་གྱི་མི་འདུག

རྒྱས་སྤྲོས་ཡོང་བའི་རྒྱུ་རྐྱེན་གཅིག་བར་ལམ་ཞིག་ནས་དམིགས་བཀར་གྱི་རོགས་དངུལ་འདི་ཕོན་ཆེན་པོ་ཞེ་པོ་ཞིག་དང༌། དམིགས་བཀར་གྱི་རོགས་དངུལ་དེ་ཚོའི་སྔོན་རྩིས་སྒྲིག་སྟངས་དེ་ཡང་དམིགས་བཀར་རོགས་དངུལ་སྤྲོད་མཁན་ཁོ་རང་ཚོའི་ནུབ་ཕྱོགས་རྒྱལ་ཁབ་ནང་གི་ལས་དོན་བྱེད་སྟངས་ཀྱི་གནས་ཚད་ཀྱི་ཐོག་ནས་སྤྲད་ཡོང་བ་དེའི་རྒྱུ་མཚན་གྱིས་ང་ཚོ་རྒྱས་སྤྲོས་བྱེད་རྒྱུར་དགའ་བའི་བསམ་ཚུལ་ཐོག་མར་དེ་འདྲ་བྱས་ནས་སླེབས་སོང་བསམ་པ་དྲན་གྱི་འདུག འཁོར་ལོ་ཉོ་རྒྱུ་ཡིན་ནའང་རེད། འཛིན་ཆས་བསྒྲིག་རྒྱུ་ཡིན་ནའང་རེད། འགྲིམ་འགྲུལ་བྱེད་སྟངས་ཡིན་ནའང་རེད། དེ་ཚོ་མང་པོ་ཞིག་ཐོག་ལ་དམིགས་བཀར་རོགས་དངུལ་གྱི་ཐོག་ནས་དེ་ཚོའི་ཆེད་དུ་དགོས་དངུལ་འབེལ་པོ་ཞིག་ཡོང་དུས་སྐབས་ལ། དཔེར་ན། ཐག་རིང་པོར་བལྟས་མི་དགོས་པར་སྤྱི་འཐུས་ལྷན་ཁང་རང་གི་ནང་ལའང་རྒྱས་སྤྲོས་མང་པོ་ཞིག་དམིགས་བཀར་རོགས་དངུལ་གྱི་ཐོག་ཡོང་བསྡད་ཀྱི་ཡོད་རེད། དེ་དུས་ང་ཚོའི་བསམ་བློ་གཏོང་ཕྱོགས་སུ་རོགས་དངུལ་སྤྲད་ཀྱི་ཡོད་དུས་སློག་པ་ལས་སྦྱིན་བདག་གི་འདོད་མོས་དང་བསྟུན་ནས་བེད་སྤྱོད་བྱས་བཞག་ན་ཡག་གི་རེད་བསམ་པའི་ལྟ་ཚུལ་ཞིག་ཡོང་གི་ཡོད་རེད། ཡིན་ནའང་རོགས་རམ་སྤྲོད་མཁན་ཡོད་པའི་སྐབས་ལའང་ང་ཚོས་ཞིབ་འཇུག་བརྟག་དཔྱད་གནང་དགོས་མང་པོ་ཞིག་ཡོད་རེད། དཔེར་ན་སྣུམ་འཁོར་གཅིག་གི་ཞལ་འདེབས་འབུལ་མཁན་བྱུང་བ་ཡིན་ན་དགའ་པོའི་ངང་ནས་བཞེས་རྒྱུ་ལ་དྭོགས་པ་མེད་པ་ཞིག་ཕལ་ཆེར་ལས་ཁུངས་ཚང་མ་ལ་ཡོད་རེད་བསམ་གྱི་འདུག ཡིན་ནའང་དེ་འདྲའི་ཞལ་འདེབས་འབུལ་མཁན་ཞིག་བྱུང་བའི་སྐབས་ལ་དེའི་ནང་ལ་སྣུམ་བླུག་རྒྱུའི་འགྲོ་སོང་དེ་ག་ནས་བཏང་གི་རེད། དེའི་ཆེད་དུ་ཁ་ལོ་བ་གཅིག་གི་ས་མིག་དང༌། དེ་རྒས་ཡོལ་ཕྱིན་གྱི་བར་གྱི་རྒྱུན་གཏན་ཕོགས་ཐོབ་དང༌། རྒས་ཡོལ་ཕྱིན་པའི་རྗེས་ལའང་རྒས་ཕོགས་དང་ཐོབ་ཐང་གཞན་པ་ཚང་མའི་གཞུང་གྲོན་དེ་ཚོ་ཞལ་འདེབས་གནང་མཁན་དེས་མཉམ་དུ་གནང་གི་ཡོད་རེད་དམ། ཡང་ན་སྣུམ་འཁོར་གཅིག་ཞལ་འདེབས་བྱུང་བ་ལ་བརྟེན་ནས་དེ་ཚོའི་རྒྱུན་གྲོན་དེ་ཚོ་ཚང་མ་ག་ནས་གཏང་དགོས་ཀྱི་རེད། དེ་ཚོ་དགོངས་པ་ཡིན་ཅིག་མིན་ཅིག་བཞེས་དགོས་པ་ཞིག་རེད་དེ། དེ་འདྲ་དགོངས་པ་བཞེས་མཁན་དེ་དཀོན་པོ་མིན་འགྲོ་བསམ་གྱི་འདུག

རླུང་འཁོར་གཅིག་ཞལ་འདེབས་འབུལ་མཁན་བྱུང་བ་ཡིན་ནའང་ང་ཚོ་དགའ་པོ་ཡོང་གི་ཡོད་རེད་དེ། དེའི་གློག་རིན་དེ་སུས་སྤྲད་ཀྱི་ཡོད་རེད། དེ་དང་དེ་བཞིན་གྱི་གནས་ཚུལ་མང་པོ་ཞིག་གི་ཐོག་ནས་ང་ཚོའི་དཔལ་འབྱོར་གྱི་བཏང་འཛིན་འདི་ཁ་འདུམས་མ་ཐུབ་པ་ཞིག་ཆགས་ཀྱི་མེད་དམ་སྙམ་པ་དྲན་གྱི་འདུག ཞིབ་ཚགས་པོ་གནང་རྒྱུའི་མངོན་འདོད་དང་སེམས་ཤུགས་ལེགས་བྱང་བཅས་ང་ཚོའི་སྤྱི་ཚོགས་ཀྱི་ནང་དུ་མེད་པ་དེ་ཉེན་ཁ་ཆེན་པོ་ཞིག་མཐོང་གི་འདུག གལ་ཏེ་ང་ནོར་ཡོད་ན་དགའ་པོ་ཡོང་བ་འདུག གལ་སྲིད་ནོར་འཁྲུལ་མིན་པ་ཡིན་ན་ཉེན་ཁ་ཞིག་མཐོང་གི་འདུག ག་རེ་མཐོང་གི་འདུག་ཅེ་ན། ཁ་ཐུག་ཁ་ཐུག་ལ་ཕྱག་ལས་གནང་སྟངས་བདེ་བ་ཞིག་དང༌། ཕུགས་ལ་གཞུང་ལ་ཕན་པ་གཉིས་གདམ་ག་བརྒྱབ་དགོས་དུས་ཐད་ཀར་ཕྱག་ལས་གནང་སྟངས་བདེ་བ་དེ་འདེམས་ཀྱི་ཡོད་པའི་བཟོ་འདྲ་པོ་ཞིག་འདུག ཉི་མ་བསྐྱལ་ཐུབ་ཙམ་ཞིག་དང༌། ཁ་ཐུག་མི་གཅིག་ལ་དགྲ་གསོག་མི་དགོས་ཙམ་ཞིག་བྱུང་ན་ཕུགས་སུ་གཞུང་ལ་གནོད་པ་ཞིག་ཡིན་ནའང་དྭོགས་ཟོན་མེད་པར་འཕྲལ་སེལ་གྱི་ལམ་ལུགས་འདིའི་ཐོག་ནས་ཕེབས་ཤག་ཤག་ཅིག་གནང་གི་མེད་དམ་སྙམ་པ་དྲན་གྱི་འདུག དཔལ་འབྱོར་གྱི་ལམ་ལུགས་དང་སྒྲིག་འཛུགས་བཟོས་པ་དེ་ད་ལྟ་ཕྱག་ལས་གནང་མཁན་དེ་ཚོ་དྲང་བདེན་མ་རེད། རྐུན་མ་རྐུས་ཀྱི་རེད་བསམས་ནས་བཟོས་པ་ཞིག་མ་རེད། དཔལ་འབྱོར་གྱི་སྒྲིག་འཛུགས་དམ་པོ་བཟོས་པ་དེ་ཇི་སྲིད་ནམ་གནས་ཀྱི་བར་དུ་ས་མིག་དེའི་ཐོག་ནམ་ཞིག་དྲང་བདེན་མིན་པའི་མི་ཞིག་སླེབས་པ་ཡིན་ནའང་དྲང་བདེན་མིན་པ་བྱེད་སྟབས་མི་བདེ་བ་དང༌། བྱེད་མི་ཐུབ་པ་ཞིག་གི་ཆེད་དུ་དེ་ཚོ་བཟོ་བསྡད་ཀྱི་ཡོད་རེད། སྲིད་གཞུང་དང་རྒྱལ་ཁབ་ཟེར་བ་དེ་རྒྱུན་རིང་པོ་ཞིག་གནས་རྒྱུ་རེད་མ་གཏོགས། ལོ་དུས་ལོ་དུས་བྱས་ནས་འཁྱོལ་འགྲོ་རྒྱུ་ཞིག་མ་རེད། ས་མིག་ཅིག་གི་ཐོག་ལ་མི་ཡག་ཉེས་སྣ་ཚོགས་ཤིག་སླེབས་སྲིད་པ་ཡིན་ཙང༌། མི་སྡུག་ཅག་ཅིག་སླེབས་པའི་ཉིན་མོ་དེར་སྒྲིག་ལམ་དམ་པོ་ཞིག་དང༌། མི་ཡག་པོ་ཞིག་ཡོད་པའི་ཉིན་མོ་དེར་སྒྲིག་ལམ་ལྷུག་ལྷུག་བྱེད་ཐབས་ཡོང་གི་ཡོད་མ་རེད། སྒྲིག་གཞི་དེ་རྒྱུན་གནས་དང་སྤྱི་ཁྱབ་ཅིག་དགོས་ཀྱི་ཡོད་པ་རེད། ཁ་ཤས་ཀྱི་དགོངས་ཚུལ་ལ་ངས་དྲང་པོ་དྲང་ཤག་བྱེད་ཀྱི་ཡོད། ཁ་གང་སྐར་མ་ལྔ་ཡང་སོ་སོར་ཐིམས་མེད། དེ་འདྲ་ཡིན་ཙང་རྩིས་ཁྲ་འགྲིགས་མ་འགྲིགས་ནའང་དེ་ག་རེད། ང་མནའ་བསྐྱལ་རྒྱུ་ཡོད་བསམ་པའི་བསམ་བློ་འཁྱེར་སྟངས་དེ་འགྲིགས་ཀྱི་ཡོད་མ་རེད། མནའ་བསྐྱལ་རྒྱུ་དང་མཐོ་བཙུག་རྒྱུའི་ལམ་སྲོལ་དེ་རྫོགས་ཟིན་པ་རེད། དེང་རབས་ཁྲིམས་ཀྱི་དབང་སྒྱུར་ཅན་གྱི་ལམ་སྲོལ་གྱི་ནང་ལ་དཀོན་མཆོག་དཔང་བཙུགས་ཡིན། མནའ་བསྐྱལ་རྒྱུ་ཡོད། ང་གཙང་མ་ཡིན་ཟེར་བ་ཙམ་གྱིས་ཕན་གྱི་ཡོད་པ་མ་རེད།

དྲང་བདེན་དང་གཙང་མ་ཡིན་པ་དེ་སོ་སོས་བཤད་མི་དགོས་པར། ཡིག་ཆའི་ཐོག་ནས་ཁ་གྲག་ཐུབ་པ་ཞིག་དང༌། རྩིས་ཁྲའི་ཐོག་ནས་གསལ་ཐུབ་པ་ཞིག་མི་ཤི་ཚར་བའི་རྗེས་ལའང་རྩིས་ཁྲ་བསྐྱར་སློག་བྱས་ནས་བལྟས་པ་ཡིན་ནའང་དངོས་གནས་གཙང་མ་ཡིན་པ་ཞིག་དགོས་རྒྱུ་དེ་གལ་ཆེན་པོ་རེད། དེའི་ཆེད་དུ་མངོན་འདོད་བརྟན་པོ་ཞིག་མེད་པ་ཡིན་ན། ང་རང་ལྷག་བསམ་རྣམ་དག་བྱས་ཡོད། རྩིས་ཁྲ་བྲིས་ལོང་མི་འདུག མི་གཅིག་མ་གཏོགས་མེད། རྩིས་པ་དང་དངུལ་གཉེར་ཡང་མེད། ལས་ཀ་བྱེད་དགོས་རེད་དམ། རྩིས་ཁྲ་བྲིས་དགོས་རེད་ཅེས་ང་ལའང་དྲི་བ་གཏོང་མཁན་ཡོང་གི་འདུག དེའི་ལན་ལ་ཕྱག་ལས་གནང་དགོས་རེད་ལ། རྩིས་ཁྲའང་བྲིས་དགོས་རེད་ཅེས་ལབ་ཀྱི་ཡོད། དུས་ཚོད་ལྡེང་གི་མི་འདུག་ན་ཞོགས་པ་སྔ་པོ་བཞེངས་ནས་དང་དགོང་མོ་ཕྱིས་པོ་གཟིམས་ནས། ཞབས་བྲོ་བརྒྱབ་རྒྱུ་དང༌། གློག་བརྙན་གཟིགས་རྒྱུའི་དུས་ཚོད་ནས་གཅོག་ཆ་བྱས་ནས་གནང་དགོས་པ་ཞིག་རེད། གལ་སྲིད་གཉིས་ཆར་ལྕོགས་ཀྱི་མེད་ན་ཕྱག་ལས་ཀྱི་ནང་ནས་དུས་ཚོད་ཕྲན་བུ་རྩིས་ཁྲ་བཟོ་རྒྱུའི་ཐོག་ལ་འཐེན་དགོས་བྱུང་ནའང་འཐེན་དགོས་ཀྱི་རེད་ཅེས་ཞུས་བསྡད་ཀྱི་ཡོད། འདི་མ་བྱས་པ་ཡིན་ན་ལོ་དང་ཟླ་བ་མང་པོ་ཞིག་ཕྱིན་པའི་རྗེས་ལ་བསྐྱར་སློག་བརྒྱབས་ནས་རྩིས་ཁྲ་བཟོ་ཐུབ་རྒྱུ་ཞིག་དངོས་ཡོད་ཀྱི་གནས་ཚུལ་གྱི་ཐོག་ནས་ཁག་པོ་ཞིག་རེད། དེ་འདྲ་ཡིན་དུས་དབྱིན་ཇིའི་སྐད་ཡིག་གི་ནང་ལའང་དྲང་བདེན་ཡིན་པས་ཕན་གྱི་མ་རེད། དྲང་བདེན་ཡིན་པ་དེ་མཐོང་ཐུབ་པ་ཞིག་དགོས་རེད་ Appear to be honest ཅེས་ཟེར་གྱི་ཡོད་རེད། སྔོན་རྩིས་བཟོ་རྒྱུའི་ལས་རིམ་འདི་རིགས་པ་དང་མཐུན་པའི་ལས་ཀ་ཞིག་རེད། ལས་དོན་ག་འདྲ་ཞིག་བྱས་པ་ཡིན་ནའང་ལས་རིམ་གྱི་རྣམ་གཞག་ཡོངས་སུ་རྫོགས་པ་དམིགས་འོག་ཚུད་པ་ཞིག་མ་བྱུང་ན། ལས་ཀ་བྱེད་ཐུབ་ཀྱི་མ་རེད། གཞུང་ལུགས་ནས་བཤད་པ་ལྟར་སྟོབས་ལྡན་གྱི་བྱ་བ་ཟེར་བ་དེ་ཐོག་མར་དགོས་པ་ཡོད་མེད་བལྟས། ཡོད་པར་མཐོང་ན་སྒྲུབ་ཐུབ་ཀྱི་ཡོད་མེད་བལྟ་གི་རེད། དགོས་པ་ཡོད་པ་དང་སྒྲུབ་ཐུབ་པ་ཞིག་མཐོང་སོང་ན་དུས་ཚོད་ཀྱི་ཚད་གཞི་ཞིག་བཟོ་གི་རེད། དེའི་ཐོག་ནས་ལས་ཀ་དེ་འགོ་འཛུགས་ཀྱི་རེད། འགོ་ཚུགས་སོང་ན་མཐར་མ་འཁྱོལ་གྱི་བར་དུ་བརྩོན་པ་མི་འདོར་བ་དེ་སྟོབས་ལྡན་གྱི་བྱ་བ་བྱེད་སྟངས་རེད། བླུན་པོའི་བྱ་བ་བྱེད་སྟངས་ནི་བྱ་བ་འགོ་མ་འཛུགས་གོང་ནས་དགོས་པ་ཡོད་མེད་དང༌། སྒྲུབ་ཐུབ་ཀྱི་ཡོད་མེད་དེ་མ་བལྟས་པ་བྱས་ནས་འགོ་བཙུགས་ནས་ཕྱེད་ཀ་ཙམ་ནས་ད་ཡོང་བ་མི་འདུག་ཅེས་བཞག་གི་རེད།རྒྱལ་ཁབ་ཅིག་གི་ལས་ཀ་བྱེད་པའི་སྐབས་ལ་ལས་ཀ་ག་འདྲ་ཞིག་ཡིན་ནའང་ཐོག་མར་དགོས་པ་ཡོད་མེད་དང༌། དགོས་པ་ཡོད་ན་སྒྲུབ་ཐུབ་མིན། བསྒྲུབ་ཐུབ་ས་རེད་བསམས་ན་གཞི་ནས་འགོ་འཛུགས་དགོས་པ་དེ་འདྲ་ཞིག་ཡིན་ཙང༌། དངུལ་འབོར་འདི་ཙམ་ཞིག་དང༌། ལས་བྱེད་འདི་ཙམ་ཞིག་གིས་དུས་ཚོད་འདི་འདྲ་ཞིག་གི་ནང་ལ་ལས་ཀ་འདི་འདྲ་ཞིག་བསྒྲུབ་ཐུབ་པ་འདུག

དེ་བསྒྲུབས་ན་དགོས་པ་འདི་འདུག རྒྱུ་མཚན་འདི་འདུག ཕན་ཐོགས་འདི་འདུག་ཅེས་དེ་ཚོ་ཚང་མ་སྔོན་ཚུད་ནས་དམིགས་འོག་ཏུ་ཚུད་པ་ཡིན་ན། ལས་ཀ་དེ་བརྟན་པོ་ཞིག་ཆགས་ཀྱི་རེད། ལམ་སྒོམ་མཁན་ཞིག་ཡིན་ནའང་འགོ་བཤེས་གཉེན་བསྟེན་ཚུལ་ནས་མཇུག་མི་སློབ་པའི་ཟུང་འཇུག་གི་བར་གྱི་ལམ་གྱི་རིམ་པ་ཡོངས་སུ་རྫོགས་པ་ཐོག་མར་ཤར་སྒོམ་གྱི་ཚུལ་དུ་དམིགས་འོག་ཏུ་ཚུད་པ་ཞིག་བྱས། ཐོས་པ་དང་བསམ་པས་སྒྲོ་འདོགས་བཅད། གཞི་ནས་ཉམས་ལེན་འགོ་བཙུགས་ཀྱི་ཡོད་རེད། བྱས་ཙང་སྔོན་རྩིས་བཟོ་བའི་སྐབས་ལའང་ལས་དོན་ཡོངས་སུ་རྫོགས་པའི་ཐོག་མཐའ་བར་གསུམ་གྱི་གནས་ཚུལ་རྣམས་དམིགས་འོག་ལ་མ་ཚུད་པ་ཡིན་ན། སྔོན་རྩིས་སྡུག་ཅག་ཟེར་བ་དེ་ཆགས་འགྲོ་གི་ཡོད་རེད། ཡོངས་གྲགས་ཀྱི་བཤད་སྲོལ་ལ་སྔོན་རྩིས་བཟང་པོ་དང་སྔོན་རྩིས་སྡུག་ཅག་Good Budget, Bad Budgetཟེར་བའི་ཐ་སྙད་ཅིག་ཡོད་རེད། སྔོན་རྩིས་སྡུག་ཅག་ཟེར་བ་དེ་ག་འདྲ་ཞིག་རེད་ཅེ་ན། འགྲོ་སོང་དང་དུས་ཡུན་གྱི་ཚོད་མ་ཐིག་པ་བྱས་ནས་སྒོར་མོ་བརྒྱའི་ལས་ཀ་ཞིག་ལ་སྒོར་མོ་ལྔ་བཅུ་ཐམ་པ་འགྲོ་གི་རེད་ཅེས་སྔོན་རྩིས་བཀོད་པ་དང༌། སྒོར་མོ་བརྒྱ་ཡི་ལས་ཀ་ཞིག་ལ་སྒོར་མོ་ཉིས་བརྒྱ་དགོས་ཀྱི་རེད་ཅེས་སྔོན་རྩིས་བཀོད་པ་ཡིན་ནའང་སྔོན་རྩིས་འདི་སྡུག་ཅག་རེད། ཚོད་མ་ཐིག་པ་རེད། ག་རེ་བྱས་ནས་ཚོད་མ་ཐིག་པ་རེད་ཅེ་ན། ལས་དོན་དེའི་ཐོག་མཐའ་བར་གསུམ་ཡོངས་རྫོགས་ལ་ཞིབ་འཇུག་ངེས་གཏན་མ་བྱས་པར་ཧ་བེ་ཧོ་བེ་བྱས་པ་ཡིན་ཙང་ཚོད་མ་ཐིག་པ་རེད། ལོ་ནས་ལོ་བསྟུད་ནས་ལོ་འཁོར་སྔོན་རྩིས་འབུལ་དགོས་པའི་ལམ་སྲོལ་འདིའི་ནང་ལ་ལོ་འཁོར་སྔོན་རྩིས་འབུལ་མཁན་གྱི་ལས་བྱེད་པ་ཚོའི་བསམ་བློའི་ནང་ལ་རྣམ་རྟོག་ངན་པ་ཁ་ཤས་ཤིག་གི་རྒྱུན་འཇགས་ཡོང་བའི་ཉེན་ཁ་ཆེན་པོ་ཡོད་རེད། དེ་ང་ཚོས་དྭོགས་ཟོན་གནང་དགོས་པ་ཞིག་རེད། རྣམ་རྟོག་ངན་པ་གཅིག་ནི་སྒོར་མོ་བརྒྱ་འགྲོ་བའི་ལས་གཞི་ཞིག་གི་ཐོག་ལ་སྔོན་རྩིས་སྒོར་མོ་ཉིས་བརྒྱ་བཟོས་ན་མ་གཏོགས་རིམ་པ་མང་པོ་ཞིག་གིས་གཅག་ཡོང་གི་རེད། དཔལ་འབྱོར་ལས་ཁུངས། བཀའ་ཤག གྲོས་ཚོགས་བཅས་ནས་རིམ་པས་གཅོག་ཆ་གནང་གི་རེད། ཐ་མ་དགོས་ངེས་ཀྱི་སྒོར་མོ་བརྒྱ་དེ་རག་པ་ཞིག་བཟོ་དགོས་རེད།

དེ་འདྲ་ཡིན་དུས་དང་པོ་ནས་སྔོན་རྩིས་དེ་འབོར་ཆེ་ཙམ་ཞིག་བཀོད་ན་མ་གཏོགས་འགྲིགས་ཀྱི་མ་རེད་བསམ་པའི་བསམ་ཚུལ་དེ་རྩིས་པ་མང་པོ་ཞིག་གི་རྣམ་རྟོག་གི་ནང་ལ་འཇགས་སྲིད་པ་ཞིག་རེད། དེ་འདྲ་ཡིན་ཙང་ང་ཚོ་གཅོག་བྱ་གནང་མཁན་ཚོས་ཀྱང་རིགས་ལམ་དང་མཐུན་པའི་གཅོག་བྱ་ཞིག་མ་གནང་ན། གཅོག་བྱ་གནང་རྒྱུ་དེ་འཆར་ཅན་ཡིན་པའི་བཟོ་འདྲ་ཞིག་གིས་ཆོ་ག་ཕྱག་ལེན་ནང་བཞིན་བརྒྱ་ཆ་སྐོར་ནས་བཅགས་པ་ཡིན་ན། གནས་ཚུལ་འདི་ཡོང་སྲིད་པ་ཞིག་རེད། རྣམ་རྟོག་ངན་པ་གཞན་པ་གཅིག་ནི་སྔོན་རྩིས་གཏན་འབེབས་བྱེད་མཁན་མང་པོ་ཞིག་གིས་ལོ་སྔོན་མའི་འགྲོ་སོང་ལ་བལྟས་ནས་ལོ་རྗེས་མའི་སྔོན་རྩིས་བཀའ་ཁྲོལ་གནང་སྟངས་ཤིག་གི་སྒོ་ནས་ ༩༦་་༩༧ ལ་འབུམ་བཅུ་འགྲོ་སོང་བཏང་འདུག དེ་ཡིན་ཙང་དེའི་ཐོག་བརྒྱ་ཆ་བཅུ་ཞིག་སྤར་ནས་ ༩༧་་༩༨ ལ་འབུམ་བཅིུག་བཀའ་ཁྲོལ་གནང་འོས་ཟེར་བའི་ལམ་ནས་ཕྱིན་པ་ཡིན་ན། རྩིས་པ་ལས་བྱེད་ཚོའི་བསམ་བློ་ལ་ད་ལོ་སྔོན་རྩིས་ལ་ཡོད་པའི་དངུལ་འབབ་ཆ་ཚང་དགོས་པ་ཡོད་མིན་ལ་མ་ལྟོས་པར་འགྲོ་སོང་མ་བཏང་ན་རྗེས་ལོ་སྤར་ཆ་ཡོང་གི་མ་རེད་བསམས་ནས་རྩིས་ལོ་རྫོགས་མཚམས་ཛ་དྲག་གི་འགྲོ་སོང་བཏང་ནས་གཞན་པ་མ་བྱུང་ནའང་ཤོག་བུ་ཡན་ཆད་ཉོས་ནས་གཉེར་ཚང་གི་ནང་བཞག་རྒྱུའི་བསམ་ཚུལ་གྱི་རྣམ་རྟོག་ངན་པ་ཞིག་ཡོང་གི་ཡོད་རེད། དེ་ནི་བཀའ་ཁྲོལ་གནང་མཁན་ཚོས་ཞིབ་ཚགས་པོ་དང་རིགས་ལམ་དང་མཐུན་པ་ཞིག་མ་བྱས་པར་ཆོ་ག་ཕྱག་ལེན་འདྲ་པོ་བྱས་ནས་སྔ་ལོ་བཅུ་བཏང་བ་ཡིན་ན། ད་ལོ་བཅིུག་སྤྲོད་ཟེར་བའི་ལམ་སྲོལ་ཁོ་ནའི་ཐོག་ཕྱིན་པའི་དབང་གིས་ད་ལོ་བཅུ་བཏང་དགོས་རེད། དེ་མ་གཏོགས་ལོ་རྗེས་མ་བཅིུག་རག་གི་མ་རེད་སྙམ་པའི་བསམ་ཚུལ་འདི་སླེབས་སྲིད་པ་ཞིག་རེད།བསམ་ཚུལ་དེ་ཚོ་མི་འབྱུང་བའི་ཆེད་དུ་སྔོན་རྩིས་བཏང་འཛིན་གནང་ཕྱོགས་འདི་ཚད་ལྡན་ཞིག་དང༌། རིགས་ལམ་དང་མཐུན་པ། དངོས་ཡོད་ཀྱི་གནས་ཚུལ་དང་མཐུན་པ་ཟེར་བ་དེའང་ཕྱོགས་གཉིས་ལ་གཟིགས་དགོས་པ་ཞིག་རེད། དང་པོ་ལས་དོན་དེའི་དགོས་པ་དང༌། ཕན་ཡོན་ག་རེ་འདུག ང་ཚོས་སྒྲུབ་ཐུབ་པ་ཞིག་རེད་དམ་མ་རེད་སོགས་ལས་དོན་དེའི་ངོ་བོ་དང་ཕན་ཡོན་ཡོངས་སུ་རྫོགས་པར་གཟིགས་དགོས་པ་ཞིག་དང༌། གཉིས་པ་གཞུང་གི་འབབ་ཡོང་ག་ཚོད་འདུག་གཟིགས་རྒྱུ་དེ་རེད། སྟོད་ཐུང་ཞིག་བཟོས་པ་ཡིན་ནའང་རས་མང་ཉུང་ལ་བལྟས་ནས་དྲས་བརྒྱབ་དགོས་རེད་མ་གཏོགས། རས་མང་ཉུང་ལ་མ་བལྟས་པར་དྲས་བརྒྱབས་པ་ཡིན་ན། ཕུ་ཐུང་ཡ་གཅིག་ཡོད། ཡ་གཅིག་མེད་པ་ཞིག་ཆགས་སྲིད་པ་རེད། སྔོན་རྩིས་གཏན་འབེབས་གནང་མཁན་ཚོས་དོན་གནད་དེ་གཉིས་ངེས་པར་དུ་ཡང་ཐུགས་ལ་བཞག་ནས་དགོངས་བཞེས་གནང་དགོས།

ད་ལྟ་ཕན་ཆད་ལ་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱག་ལས་གནང་བ་དང་གནང་མ་ཐུབ་པ་མང་པོ་ཞིག་བྱུང་བསྡད་ཡོད་རེད། དེའི་འགན་གཙོ་བོ་དེ་སུ་ལ་ཡོད་རེད་ཅེ་ན། ཚོགས་གཙོ་གཉིས་ཀྱི་ཐོག་ལ་ཡོད་རེད། ཚོགས་གཙོ་གཉིས་ཀྱིས་ལས་དོན་མ་འགྲུབ་པ་མང་པོ་ཞིག་བྱུང་བ་རེད། དེ་མཉམ་དུ་སྤྱི་འཐུས་ཡོངས་རྫོགས་ཡོད་རེད། རྒྱུན་ལས་ཚོ་ཡང་ཡོད་རེད། ཚོགས་གཙོ་གཉིས་ཀྱིས་ལམ་སྟོན་བྱས་པའི་འོག་ལ་ལས་དོན་འགྲུབ་ཀྱི་རེད་བསམ་པའི་གདེང་ཚོད་དང་ཡིད་ཆེས་ཤིག་ཚོགས་གཙོ་གཉིས་ལ་རྙེད་ཡོད་པ་ཡིན་ན། ལས་དོན་མང་པོ་ཞིག་འགོ་འཛུགས་བྱས་ཡོད་སྲིད་པ་ཞིག་རེད། དེ་འདྲའི་གདེང་ཚོད་མ་བྱུང་བའི་དབང་གིས་ལས་དོན་མང་པོ་ཞིག་འགོ་འཛུགས་ཙམ་ཡང་བྱེད་མ་ནུས་པར་ལུས་བསྡད་པ་རེད། ད་ལྟ་སྔོན་རྩིས་དང་འབྲེལ་བ་ཡོད་པའི་གནས་ཚུལ་ཞིག་ཞུས་པ་ཡིན་ན། དོན་ཚན་དང་པོ། ད་ལྟ་ཕན་ཆད་ལ་སྔོན་རྩིས་གཏན་འབེབས་བྱས་པ་ཙམ་མ་གཏོགས་གཞུང་གི་སྤྱི་ཡོངས་དཔལ་འབྱོར་གྱི་ལུས་ཟུངས་Economic Healthག་འདྲ་ཞིག་ཡོད་པ་བསྐྱར་ཞིབ་བྱས་ནས་གྲོས་ཚོགས་ལ་སྙན་གསན་ཞུ་རྒྱུ་བྱུང་ཡོད་པ་མ་རེད། དངོས་གནས་བྱས་ན་དཔལ་འབྱོར་གྱི་གནས་སྟངས་བསྐྱར་ཞིབ་དེ་ལོ་རེ་བཞིན་དུ་སྔོན་རྩིས་གཏན་འབེབས་བྱེད་རྒྱུའི་སྔོན་ལ་གནང་དགོས་པ་ཞིག་རེད། འདི་ལ་ལས་ཀ་མང་པོ་ཡོད་རེད། ཉམས་ཞིབ་མང་པོ་བྱེད་དགོས་རེད། ལས་ཀ་བྱེད་སྟངས་ཤེས་པ་ཞིག་དགོས་རེད། དེ་འདྲ་ཡིན་དུས་ང་ཚོས་ཐུབ་ཀྱི་ཡོད་མ་རེད། འདི་བྱེད་ཐུབ་པ་ཡིན་ན་གཞུང་དང་གྲོས་ཚོགས་གཉིས་ཀར་ཕན་ཐོགས་ཡོད་རེད། སྤྱི་ཡོངས་དཔལ་འབྱོར་གནས་སྟངས་ཀྱི་རྔ་རྡུང་ལུགས་དེ་ཤེས་ན། དེ་ལ་བལྟས་ནས་སྔོན་རྩིས་ཀྱི་གར་འཁྲབ་སྟངས་དེ་བྱེད་བདེ་པོ་ཞིག་ཡོང་གི་རེད། ད་ལོ་དེ་འདྲ་ཞིག་ཐུབ་ན་བསམ་པའི་རེ་བ་བྱས་ནས་གནས་ཚུལ་ཆུང་ཆུང་འགའ་ཤས་ལ་ཞིབ་འཇུག་བྱེད་འགོ་ཚུགས་པ་རེད། དུས་ཚོད་ཀྱི་དབང་གིས་ད་ལྟ་ཚར་ཡོད་མ་རེད།

ཚོགས་དུས་རྗེས་མའི་ཐོག་ལ་ད་ལྟ་ང་ཚོས་འགོ་འཛུགས་བྱས་པའི་ལས་དོན་འདིའི་ཐོག་ནས་གྲོས་ཚོགས་ལ་སྙན་གསན་ཞིག་ཞུ་ཐུབ་ན་བསམ་པའི་རེ་བ་བྱེད་ཀྱི་ཡོད། དོན་ཚན་གཉིས་པ། ང་ཚོ་གྲོས་ཚོགས་ཀྱི་ཐོག་ནས་རྩིས་ཞིབ་སྙན་ཞུ་ཁག་ལ་ཞིབ་འཇུག་ཞིབ་ཚགས་པོ་དང་མཐའ་ཆོད་པོ་ཞིག་གནང་ཐུབ་པ་བྱུང་ཡོད་མ་རེད། རྩིས་ཞིབ་སྙན་ཞུའི་ནང་ལ་གནས་ཚུལ་མང་པོ་ཞིག་བཀོད་ཡོད་ནའང་དེའི་ནང་ནས་འདེམས་སྒྲུག་བརྒྱབས་ནས་རེ་གཉིས་ཙམ་གྲོས་ཚོགས་ཀྱི་ནང་ལ་གླེང་སློང་ཡོང་གི་འདུག་མ་གཏོགས། མང་པོ་ཞིག་གྲོས་ཚོགས་ཀྱི་ནང་དུ་སླེབས་ཀྱི་མི་འདུག་ཅེས་ང་ལ་ཐད་ཀར་གསུང་མཁན་དེ་འདྲ་བྱུང་སོང༌། དངོས་ཡོད་ཀྱི་གནས་ཚུལ་རེད། རྩིས་ཞིབ་སྙན་ཞུ་ཡོངས་སུ་རྫོགས་པ་གཟིགས་ཀྱི་ཡོད་རེད་དེ། དེའི་ནང་ལ་ཡོད་པའི་དོན་གནས་གལ་ཆེ་བ་ཉུང་ཤས་ཙམ་ལས་གྲོས་ཚོགས་སུ་དྲི་བ་ཡོང་མ་ཐུབ་པ་ཡིན་ཙང་འདེམས་སྒྲུག་བརྒྱབས་པའི་བཟོ་འདྲ་པོ་ཆ་ཤས་ཙམ་ཞིག་མ་གཏོགས། ཆ་ཚང་བ་ཞིག་ད་ལྟ་ཕན་ཞུས་ཐུབ་ཡོད་མ་རེད། མ་འོངས་པར་རྩིས་ཞིབ་སྙན་ཤོག་ནང་དུ་ཡོད་པའི་གནད་དོན་དེ་དག་གྲོས་ཚོགས་ཀྱི་ནང་དུ་འཁྱེར་རྒྱུར་སྤྱི་འཐུས་རྒྱུན་ལས་ནས་ཐུགས་འགན་ཆེ་ཙམ་ཞིག་བཞེས་ཐུབ་པ་ཡིན་ན། ཕན་ཐོགས་ཡོང་གི་མེད་དམ་སྙམ། དོན་ཚན་གསུམ་པ། ང་ཚོས་མ་གྲུབ་པ་གཞན་གཅིག་ནི་སྤྱི་འཐུས་ཀྱི་མང་ཚོགས་རྩིས་ཞིབ་ཚོགས་ཆུང་Public Accounts Committeeའཛུགས་རྒྱུ་སྐབས་བཅིུག་པའི་སྐབས་ལའང་བྱུང་ཡོད་པ་མ་རེད་ལ། སྐབས་བཅིུས་པའི་ནང་ལའང་ད་ལྟ་ཕན་ཆད་ལ་གླེང་སློང་ཙམ་ཡང་བྱུང་ཡོད་མ་རེད། མང་ཚོགས་རྩིས་ཞིབ་ཚོགས་ཆུང་འདི་གྲོས་ཚོགས་ཀྱི་ཚོགས་ཆུང་ཁག་གི་ནང་ནས་ཚོགས་ཆུང་གལ་ཆེ་བ་ཞིག་རེད། དེ་བཙུག་རྒྱུའི་ཆ་རྐྱེན་སྒྲིག་གཞིའི་ནང་དུ་ཡོད་རེད། ཡིན་ནའང་ད་ལྟ་ཕན་ཆད་ལ་ཚོགས་ཆུང་འདི་བཙུགས་ཐུབ་ཡོད་པ་མ་རེད། ད་ལྟའི་དངོས་ཡོད་ཀྱི་གནས་ཚུལ་མང་པོ་ཞིག་གི་ཐོག་ལ་ང་ཚོའི་ཉམས་མྱོང་གི་ཐོག་ནས་བལྟས་སྐབས། ཚོགས་ཆུང་དེ་བཙུག་རྒྱུ་དགོས་གལ་ཆེན་པོ་ཞིག་ཆགས་མེད་དམ་སྙམ།

དོན་ཚན་བཞི་པ། དེ་དང་ཆབས་ཅིག་ཏུ་རྩིས་ཞིབ་ལས་ཁང་ལ་ཕྱི་རྒྱལ་དོན་གཅོད་ཁག་གིས་མཚོན་པའི་སྡེ་ཚན་ཡོངས་རྫོགས་ལ་རྩིས་ཞིབ་གནང་ཐུབ་པའི་ཆ་རྐྱེན་དེ་གྲོས་ཚོགས་ཀྱི་ཐོག་ནས་བཟོས་ཐུབ་ཡོད་མ་རེད། མ་འོངས་པ་ལའང་གྲོས་ཚོགས་ཀྱི་ཐོག་ནས་རྩིས་ཞིབ་ལས་ཁང་ལ་ཕྱི་ནང་གི་སྡེ་ཚན་ཡོངས་སུ་རྫོགས་པར་རྩིས་ཞིབ་ཆ་ཚང་གནང་ཐུབ་པའི་ཐབས་ཤེས་མ་ཞུས་པ་ཡིན་ན། རྩིས་ཞིབ་ལས་ཁང་གི་ལས་རིམ་ཡང་གཤོག་པ་ཡ་གཅིག་གི་བཟོ་འདྲ་པོ་ཞིག་ཆགས་པ་ཡིན་ན་ང་ཚོའི་དཔལ་འབྱོར་གྱི་གནས་སྟངས་འདིའི་ཐོག་ལ་ག་འདྲ་ཞིག་ཆགས་ཡོང་བསམ་པའི་སེམས་ཁྲལ་ཡོང་གི་འདུག དེ་ཚོ་ཚང་མ་ཕྱོགས་བསྡོམས་རྒྱག་སྐབས་ངས་གོང་དུ་ཞུས་ཟིན་པ་བཞིན། ང་རང་ཚོའི་སྔོན་རྩིས་གཏན་འབེབས་ཀྱི་ལས་རིམ་འདི་ཚོ་ལ་དགོས་པ་རྒྱུ་མཚན་གང་གང་ཡོད་རེད། ཡོད་མ་རེད། འཆར་ཅན་ཆོ་ག་ཕྱག་ལེན་གྱི་བཟོ་འདྲ་པོ་ཞིག་ལ་འགྲོ་གི་རེད་དམ། སྤྱི་འཐུས་ཚང་མས་ཐུགས་འགན་འདྲ་བཞེས་ཀྱི་རེད་དམ་བཞེས་ཀྱི་མ་རེད། བཀའ་ཤག་དང་སྤྱི་འཐུས་གཉིས་ཀྱི་བར་ལ་ཁ་རྩོད་དང་སྐྱོན་བརྗོད་བྱེད་རྒྱུའི་ཆ་རྐྱེན་ཙམ་མ་གཏོགས་དེ་ལས་ལྷག་པའི་གྲུབ་འབྲས་ཐོན་རྒྱུ་མེད་པ་ཡིན་ན། གྲོས་ཚོགས་འདི་མཛད་སྒོའི་བཟོ་འདྲ་པོ་བྱས་ནས་ཚོགས་ནས་གྲོལ་བཞག་པ་ཡིན་ནའང་གནད་འགག་མེད་པའི་བཟོ་འདྲ་པོ་ཞིག་རེད། ཉི་མ་གཅིག་སྤྱི་འཐུས་ཚོགས་ནས་གསོལ་ཇ་བཞེས་འབྲས་ཤིག་འབུལ་རྗེས་སྔོན་རྩིས་བཀའ་ཁྲོལ་བ་ཡིན་ཏོ་ཞེས་ལབ་བཞག་པ་ཡིན་ནའང་མི་འགྲིགས་པ་མེད་པའི་བཟོ་འདྲ་པོ་ཞིག་ཡོད་རེད། དེ་འདྲ་བྱས་པ་ཡིན་ན། མ་འོངས་པར་ལོ་རྒྱུས་ཀྱི་ནང་ལ་ང་རང་ཚོ་ལ་དག་གི་རེད་དམ་མ་རེད། འདི་དགོངས་པ་བཞེས་དགོས་རེད་བསམ་གྱི་འདུག བྱས་ཙང་དེ་རིང་ང་ཚོས་འདས་པའི་ལོ་ལྔའི་ནང་གི་ཉམས་མྱོང་དང་མ་འོངས་པའི་ལོ་བཞིའི་ལས་འཆར་གྱི་ནང་ལ་སྤྱི་འཐུས་མི་རེ་ངོ་རེ་ཐོག་ལ་དངུལ་སྩིས་བཏང་འཛིན་བྱེད་ཕྱོགས་ལ་འགན་ཁུར་ག་རེ་བབས་ཀྱི་འདུག འགན་ཁུར་དེ་ང་ཚོས་སྒྲུབ་དགོས་པ་ཞིག་རེད་དམ་མ་རེད། བསྒྲུབ་ན་འགྲུབ་རྒྱུ་ཡོད་པ་ཞིག་རེད་དམ་མ་རེད། འདི་ཡིན་ཅིག་མིན་ཅིག་དགོངས་པ་བཞེས་དགོས་ཀྱི་མེད་དམ་སྙམ། འདས་པའི་ཚོད་དཔག་འཆར་རྩིས་ཚོགས་ཆུང་རིམ་པའི་སྙན་ཤོག་དེ་ཚོ་ལག་ལེན་ལ་འཁྱེར་མི་འདུག་གསུངས་པ་རེད། དངོས་ཡོད་ཀྱི་གནས་ཚུལ་རེད། བློ་ཕམ་གྱི་གནས་ཚུལ་ཞིག་རེད། དེ་འདྲ་ཡིན་ཙང་ད་ང་ཚོས་སྙན་ཤོག་ཕུལ་དང་མ་ཕུལ་མི་འདུག་དགོངས་ཀྱི་ཡོད་རེད། འོན་ཀྱང་དགོངས་པ་དེ་འདྲ་བཞེས་ན་འགྲིགས་ཀྱི་མ་རེད་བསམ་གྱི་འདུག

ཚོད་དཔག་འཆར་རྩིས་ཚོགས་ཆུང་སྔ་ཕྱིའི་སྙན་ཤོག་དེ་ཚོ་ལག་ལེན་ལ་མ་བཀལ་བ་དེ་འཛིན་སྐྱོང་གི་ནོར་འཁྲུལ་རེད། འཛིན་སྐྱོང་ལ་དུས་ནས་དུས་སུ་སྙན་ལྕག་དང༌། མཇུག་ནོན་མ་ཞུས་པ་འདི་སྤྱི་འཐུས་ཀྱི་ནོར་འཁྲུལ་རེད། ལྷག་པར་དུ་ཡང་རྒྱུན་ལས་ཀྱི་ནོར་འཁྲུལ་རེད། ཡིན་ཙང་མ་འོངས་པར་རྒྱུན་ལས་ཀྱི་ངོས་ནས་སྙན་བསྐུལ་དང་མཇུག་ནོན་ཞུ་རྒྱུ་འདི་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་འདི་གྲོས་ཚོགས་ཀྱིས་མཁྱེན་པ་གནང་དགོས་པ་ཞིག་དང༌། རྒྱུན་ལས་ཀྱིས་མཁྱེན་པ་གནང་དགོས་པའི་གནས་སྟངས་ཤིག་རེད། འཛིན་སྐྱོང་གིས་ལག་ལེན་དུ་མ་བསྟར་བ་ཡིན་ནའང་ང་ཚོ་སེམས་ཤུགས་ཆག་དགོས་མི་འདུག ང་ཚོའི་ངོས་ནས་སོ་སོའི་ལས་འགན་དེ་བསྒྲུབས་པ་རེད། ལོ་བརྒྱ་ཕྲག་ཁ་ཤས་ཀྱི་རྗེས་ལ་མཁས་པ་ཚོས་ཉམས་ཞིབ་བྱས་དུས་ཁོང་ཚོས་འདི་འདྲ་ཞུས་འདུག་སྟེ་བཀའ་ཤག་གིས་ཐུགས་སྣང་གནང་མི་འདུག་ཅེས་ར་འཕྲོད་ཀྱི་རེད། དེ་འདྲ་ཡིན་དུས་ལོ་རྒྱུས་ཀྱི་ནང་དུ་ང་རང་ཚོའི་ལས་འགན་དེ་མ་བསྒྲུབ་པ་མིན་པ་ཞིག་གསལ་བའི་ཆེད་དུ་ང་རང་ཚོའི་ངོས་ནས་བྱེད་དགོས་པ་དེ་ཚོ་སེམས་ཤུགས་ཆག་གིན་ཆག་གིན་ལའང་བྱེད་དགོས་ཀྱི་ཡོད་པ་དེ་གལ་ཆེན་པོ་ཡིན་པ་ང་རང་གི་ལྟ་ཚུལ་འདི་འདྲ་ཞིག་ཡོད། འཛིན་སྐྱོང་ལ་སྐུ་ངལ་ཡོད་པ་དེ་ང་ཚོས་ཤེས་ཀྱི་འདུག འཛིན་སྐྱོང་དང་གྲོས་ཚོགས་ཟེར་བ་དེ་སྟབས་འཁེལ་སྟངས་ཀྱི་ཁྱད་པར་ཞིག་རེད། མཚམས་རེ་གྲོས་ཚོགས་ཀྱི་ནང་ནས་ཕར་ཞལ་གཟིགས་མཁན་དེ་ཚོ་སྐབས་རེ་འཛིན་སྐྱོང་ནང་ནས་ཚུར་ཞལ་གཟིགས་ཀྱི་ཡོད་རེད། རྐུབ་བཀྱག་བསྡད་སྟངས་ཀྱི་ཁྱད་པར་ཙམ་ཞིག་རེད་མ་གཏོགས། ལས་དོན་ཚང་མ་མཉམ་དུ་བྱེད་དགོས་པ་ཞིག་རེད། སྐུ་ངལ་འདུག་གསུངས་པ་དེ་ལས་དོན་མ་འགྲུབ་པའི་རྒྱུ་མཚན་ཡང་དག་ཏུ་ཁས་བླང་རྒྱུ་མི་འདུག སྐུ་ངལ་ལ་གདོང་ལེན་བྱས་ནས་འབད་བརྩོན་མུ་མཐུད་ནས་གནང་དགོས་པ་ཞིག་དང༌། གནང་ཐུབ་ཀྱི་མེད་པ་ཡིན་ན་འབད་རྩོལ་འདི་འདྲ་བྱས་པ་ཡིན། ཐུབ་མ་སོང་ཞེས་གྲོས་ཚོགས་ལ་ཞུ་རྒྱུ་དེ་འཛིན་སྐྱོང་གི་ལས་འགན་རེད། དཔེ་མཚོན་ཙམ་ཞིག་ཞུས་ན། ཕོགས་རིམ་ཚོགས་ཆུང་བཙུགས་ནས་གཞུང་གི་སྲི་ཞུ་བ་ཡོངས་རྫོགས་ཀྱི་ཕོགས་རིམ་གཏན་འབེབས་གནང་ནས་ད་ལྟ་ལོ་གྲངས་གང་ལ་གང་འཚམས་ཤིག་ཕྱིན་པ་རེད། དེ་སྐབས་ལ་ཕྱི་རྒྱལ་དོན་གཅོད་ཁག་གི་ཕོགས་རིམ་གཏན་འབེབས་གནང་ཐུབ་ཡོད་མ་རེད། གནང་རོགས་གནང༌། གནང་རོགས་གནང་ཞེས་ཚར་མང་པོ་ཞུས་པ་རེད། འོན་ཀྱང་ཉི་མ་དེ་རིང་གི་བར་དུ་ཕྱི་རྒྱལ་དོན་གཅོད་ཁག་གི་ཕོགས་རིམ་གཏན་འབེབས་གནང་ཐུབ་ཡོད་མ་རེད། ད་ཆ་དེ་སྐུ་ངལ་ཕྲད་ནས་འགྱངས་པ་མ་ཡིན་པར། དགོས་པ་ཞིག་གི་ཐོག་ནས་ཆེད་མངགས་འགྱངས་པ་ཡིན་འགྲོ་བསམ་པའི་དྭོགས་པ་ཟ་དགོས་པ་ཞིག་རེད། དེ་བཞིན་ཕྱི་རྒྱལ་དོན་གཅོད་ཁག་གི་གཞུང་ཁྲལ་སྤྲོད་ཕྱོགས་ཀྱི་སྐོར་ལ་ལས་བྱེད་པས་སྤྲད་དགོས་དང༌། གཞུང་གིས་སྤྲད་དགོས་གཉིས་པོ་དེ་དབྱེ་བ་ཕྱེ་རོགས་གནང་ཞུས་པ་རེད། དེའི་དབྱེ་འབྱེད་ད་ལྟ་བར་དུ་མ་བྱུང་བ་ཡིན་ཙང༌། དེ་རིང་ཚོད་དཔག་འཆར་རྩིས་ཚོགས་ཆུང་གིས་རྒྱུག་པ་ལེབ་བརྡུང་གིས་ཆ་ཚང་བཅག་བཞག་པ་འདི་ཐབས་ལམ་ཡག་པོ་ཞིག་རེད། ཡིན་ནའང་ཐབས་ལམ་འདིའི་ཐོག་ལ་ཕེབས་ནས་ཁུངས་འཁྱོལ་བ་ཞིག་ཐུབ་གྲབས་ཡོད་མེད་འདི་ང་རང་ཚོས་དགོངས་པ་བཞེས་དགོས་རྒྱུ་ཞིག་རེད།

སྔོན་རྩིས་བཀའ་ཁྲོལ་དང་སྔོན་རྩིས་བསྐྱར་བཅོས་གཉིས་ཀྱི་བར་ལ་བརྒྱ་ཆ་མང་པོའི་ཁྱད་པར་ཕྱིན་པ་ཚོད་དཔག་འཆར་རྩིས་ཚོགས་ཆུང་གིས་མཛུབ་སྟོན་གནང་བ་འདི་དངོས་ཡོད་ཀྱི་གནས་ཚུལ་རང་རེད། ད་ལྟ་ངས་གོང་དུ་ཞུས་པ་ལྟར་སྔོན་རྩིས་དང་བསྐྱར་བཅོས་སྔོན་རྩིས་ཀྱི་བར་ལ་འཕར་ཆ་ཆེན་པོ་ཡོང་བསྡད་པ་འདི་སྔོན་རྩིས་སྡུག་ཅག་ཡིན་པའི་རྟགས་མཚན་དེ་འདི་ནས་བསྟན་གྱི་ཡོད་རེད་ལ། གཞུང་གི་འགན་འཛིན་རྣམ་པ་ཚོས་དཔལ་འབྱོར་གཏོང་ཡོང་གི་ཐོག་ཐུགས་འགན་མ་བཞེས་པའི་རྣམ་འགྱུར་གསལ་པོ་ཞིག་བསྟན་གྱི་ཡོད་རེད། ལོ་གཅིག་གི་འགྲོ་སོང་སྒོར་མོ་ཆིག་སྟོང་ཉིས་བརྒྱ་བཀའ་ཁྲོལ་ཡོད་ན་ཟླ་བ་རེ་རེ་ལ་སྒོར་མོ་བརྒྱ་བརྒྱ་ཐོབ་ཀྱི་རེད། བྱས་ཙང་ཟླ་བ་རེ་རེ་ལ་སྒོར་མོ་བརྒྱ་བརྒྱ་ལས་མ་བརྒལ་བ་བྱས་ནས་འགྲོ་སོང་གཏང་རྒྱུ་དང༌། ཟླ་བ་བཅིུས་ལ་ལྡེང་བ་ཞིག་བཟོ་རྒྱུ་གཏོང་ཡོང་གི་དབང་ཚད་ཡོད་པའི་འགན་འཛིན་དེས་ཟླ་རེ་ཟླ་རེ་ལ་བལྟས་ནས་ཟླ་བ་དང་པོ་དེ་ལ་སྒོར་མོ་ ༡༢༠།༠༠ ཕྱིན་འདུག་ན། ཟླ་བ་གཉིས་པ་དེ་ལ་སྒོར་མོ་ ༨༠།༠༠ མ་གཏོགས་གཏང་རྒྱུ་མི་འདུག་ཅེས་བཏང་འཛིན་བྱེད་དགོས་རེད། དེ་འདྲ་མ་བྱས་པར་སྒོར་མོ་ ༡༢༠༠།༠༠ འདི་ཟླ་བ་གསུམ་གྱི་ནང་ལ་རྫོགས་ནས་དེ་རྗེས་བཀའ་ཁྲོལ་མེད་པར་འགྲོ་སོང་གཏོང་རྐྱང་གིས་སྔོན་རྩིས་བསྐྱར་བཅོས་སྐབས་མང་ཆེ་བ་འགྲོ་སོང་བཏང་ཟིན་ནས་བཀའ་ཁྲོལ་ཞུ་རྒྱུར་སླེབས་ཡོང་བ་རེད། དེ་ནི་སྔོན་རྩིས་དང་དཔལ་འབྱོར་གྱི་ལམ་སྲོལ་གཉིས་ཀ་དང་འགལ་ཚབས་ཆེ་བ་ཞིག་རེད་ལ། དགོས་དངུལ་འཕར་ཆའི་བརྒྱ་ཆ་ལ་བལྟས་ན་སྔོན་རྩིས་བཀའ་ཁྲོལ་གནང་དང་མ་གནང་གི་ཐ་སྙད་མེད་པ་ཆགས་ཀྱི་འདུག བསྐྱར་བཅོས་སྔོན་རྩིས་ཟེར་བ་ཡོང་དགོས་པའི་རྒྱུ་མཚན་ནི་སྔོན་རྩིས་གཏན་འབེབས་གནང་བའི་སྐབས་ལ་ཆུ་གློག་དང་ཁ་པར་ཏར་འཕྲིན་ལྟ་བུའི་གོང་ཚད་གང་ལ་བརྟེན་ནས་སྔོན་རྩིས་བཟོས་པའི་གོང་ཚད་རྣམས་རྩིས་ལོ་དེའི་ནང་འཕར་བ་ཡིན་ན་དེའི་དབང་གིས་ཐོག་མ་རྩིས་བསྐོར་བཞག་པ་དེ་ཚོའི་གོང་ཐང་ལ་འགྱུར་བ་ཕྱིན་པའི་སྐབས་ལ་རང་བཞིན་གྱིས་འགྱུར་བ་འགྲོ་དགོས་པ་ཡིན་དུས། དེ་འདྲའི་འགྱུར་བ་ཕྱིན་པ་དེ་ཚོ་བརྒྱ་ཆ་བརྒྱ་ཐམ་པ་འགྱུར་བ་ཕྱིན་པ་ཡིན་ནའང་རིགས་ལམ་དང་མཐུན་པ་ཞིག་རེད། བཀའ་ཁྲོལ་མ་གནང་ཐབས་མེད་རེད། དཔེར་ན་སྦྲག་གི་ཌི་ཀ་སི་སྒོར་མོ་གཅིག་གི་རྩིས་བརྒྱབས་ནས་ཡོད་པ་དེ་དེའི་བར་ལ་སྦྲག་གླ་དེ་སྒོར་མོ་གཉིས་ཆགས་སོང་ན། ཟླ་བ་ག་ཚོད་ཀྱི་རིང་ལ་སྒོར་མོ་གཉིས་ཆགས་པའི་སྤར་ཆ་དེ་གནང་དགོས་ཀྱི་རེད། དེ་འདྲ་མ་ཡིན་པར་སྔོན་རྩིས་བཟོ་མཁན་གྱིས་ཚོད་མ་ཐིག་པར་སྔོན་རྩིས་ཚད་ལྡན་མ་བཟོས་པ་དང༌། འགྲོ་སོང་གཏོང་མཁན་གྱིས་བཏང་འཛིན་མེད་པར་ཟླ་བ་བཅུ་གཉིས་ཀྱི་དགོས་དངུལ་ཟླ་བ་གཉིས་ལ་རྫོགས་པར་བཏང་རྗེས་བསྐྱར་བཅོས་སུ་གནང་དགོས་ཀྱི་འདུག་གསུངས་པ་དེ་རིགས་ལམ་མེད་པ་དང༌། རྒྱུ་མཚན་མེད་པ་ཞིག་ཆགས་ཀྱི་ཡོད་རེད། མདོ་དོན་བཀའ་ཤག་གིས་སྔ་ལོའི་སྔོན་རྩིས་ནས་བརྒྱ་ཆ་ལྔ་ནས་བཅུ་ཡི་བར་དུ་སྤར་བ་ཡིན་ཞེས་ཁ་སང་སྔོན་རྩིས་གསུང་བཤད་ཀྱི་ནང་དུ་ཡོད་རེད།

ཧོབ་དེ་ཁ་ལ་གཟིགས་ན་དེ་དག་ཡག་པོ་གནང་འདུག་བསམ་པ་ཞིག་ཡོད་རེད། ཡིན་ནའང་བརྒྱ་ཆ་ལྔ་ནས་བཅུའི་བར་དུ་སྤར་བ་ཡིན་གསུངས་པ་དེ་དོན་དུ་སྔ་ལོའི་སྔོན་རྩིས་བཀའ་ཁྲོལ་བྱས་པ་དེ་ནས་བརྒྱ་ཆ་སུམ་ཅུ་བཞི་བཅུ་ཞིག་འཕར་བསྡད་ཡོད་རེད། གང་ཡིན་བྱས་ན་སྔོན་རྩིས་དང་བསྐྱར་བཅོས་ཀྱི་བར་ལ་བརྒྱ་ཆ་སུམ་ཅུ་སོ་གཅིག་ཁྱད་པར་ཕྱིན་པ་ཡིན་ཙང༌། བརྒྱ་ཆ་སུམ་ཅུ་སོ་གཅིག་གི་ཐོག་ལ་བརྒྱ་ཆ་ལྔ་བརྒྱབ་པ་ཡིན་ན་བརྒྱ་ཆ་སུམ་ཅུ་སོ་དྲུག་རེད། བརྒྱ་ཆ་བཅུ་བརྒྱབ་པ་ཡིན་ན་བརྒྱ་ཆ་བཞི་བཅུ་ཞེ་གཅིག་རེད། བྱས་ཙང་སྤར་ཆ་བརྒྱ་ཆ་བཞི་བཅུ་ཞེ་གཅིག་ནས་བརྒྱ་ཆ་སུམ་ཅུ་སོ་ལྔའི་བར་ཞིག་རེད་མ་གཏོགས། བརྒྱ་ཆ་ལྔ་ནས་བཅུ་ཞིག་གི་བར་ལ་སྤར་ཡོད་མ་རེད། དེ་འདྲའི་བརྒྱ་ཆ་འབབ་ཡོང་གི་ཐོག་ལ་འཕར་ཡོད་རེད་དམ་མ་རེད། དེ་མཁྱེན་དགོས་པ་ཞིག་རེད། རྒྱུ་མཚན་དེ་ཚོ་དགོངས་པའི་རྒྱབ་ལྗོངས་ལ་བཞག་ནས་ད་རིང་སྔོན་རྩིས་གཏན་འབེབས་གནང་ཕྱོགས་ཀྱི་ཐོག་ལ་གྲོས་ཚོགས་ཀྱི་ཕྱག་ལས་གནང་སྟངས་ག་འདྲས་མཉེས་པ་འདུག སྤྱི་ཡོངས་ཀྱི་དགོངས་པ་བཞེས་དགོས་པ་ཞིག་དང༌། བཀའ་ཤག་གི་བཀའ་བློན་མི་རེ་ངོ་རེ་དང༌། གྲོས་ཚོགས་ཀྱི་སྤྱི་འཐུས་མི་རེ་ངོ་རེའི་ཐོག་ནས་ག་ཚོད་ཐུབ་ཐུབ་ཀྱིས་འབད་བརྩོན་གནང་ནས་འདིའི་ཐོག་ལ་ཕྱག་ལས་གནང་དགོས་ཀྱི་འདུག་ཅེས་ངས་ནན་ཏན་བྱས་ནས་ཞུ་རྒྱུ་ཡིན། ཞེས་གསུངས།

བོད་མི་མང་སྤྱི་འཐུས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཚོགས་དུས་གསུམ་པ། ༡༩༩༧/༠༣/༡༧ ་་་ ༡༩༩༧/༠༣/༢༧