སྔོན་རྩིས་གཏན་འབེབས་བྱེད་རིམ།

སྐབས་ ༡༡ སྤྱི་འཐུས་ཁྲིམས་བཟོ་གྲོས་ཚོགས་ཀྱི་ངོ་བོར་བསྒྱུར་བ་ནས་བཟུང་ཁྲིམས་དང་དཔལ་འབྱོར་གྱི་ལམ་སྲོལ་གཉིས་ཀའི་ཐོག་ཡར་ཐོན་མང་གཙོའི་རིང་ལུགས་ལྡན་པའི་རྒྱལ་སྤྱིའི་སྤྱི་སྲོལ་དང་མཐུན་པ་ཞིག་ཡོང་རྒྱུའི་འབད་བརྩོན་བྱས་པ་རེད། གང་ཡིན་ཞེ་ན་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ཐུགས་ཀྱི་དགོངས་གཞི་ལ་དེ་འདྲ་ཞིག་ཡོད་པར་བརྟེན། ང་ཚོས་འཇོན་མིན་ལ་མ་ལྟོས་པར་གནའ་བོའི་བོད་ཀྱི་གཏམ་དཔེ་ལ་སོ་མེད་ནའང་རྙིལ་འབྲད་ཟེར་བ་ལྟར། ང་ཚོའི་ཤེས་ཚད་དང༌། ལས་བྱེད་མཐུན་རྐྱེན་གཞན་དག་གིས་མ་ལྡེང་བ་ཡིན་ནའང་གང་ཡོད་པ་དེའི་ཐོག་ནས་གང་ཐུབ་ཡོང་རྒྱུའི་འབད་བརྩོན་བྱས་པ་རེད། ཡིན་ནའང་ཚོགས་གཙོ་གཉིས་ཀྱི་ཤེས་ཡོན་དང་ཉམས་མྱོང་འཇོན་ཐང་གི་ཚད་དང་གཅིག གྲོས་ཚོགས་སུ་ཡོད་པའི་སྤྱི་འཐུས་རྣམ་པ་གཞན་པ་ཚོའི་གྲོས་ཚོགས་ལམ་ལུགས་ཀྱི་གཟིགས་དགོངས་ཤེས་འཇོན་གྱི་གནས་ཚད་དང་གཉིས། འཛིན་སྐྱོང་བཀའ་ཤག་གིས་ཁྲིམས་ཀྱི་ལམ་སྲོལ་གྱི་ནང་ལ་ཕེབས་རྒྱུ་དང༌། དཔལ་འབྱོར་གྱི་ལམ་སྲོལ་ཚད་ལྡན་ཡོང་རྒྱུའི་ཆེད་དུ་སྲིད་དོན་གྱི་མངོན་འདོད་དང་ཤེས་ཡཽན་ཉམས་མྱོང་གི་གནས་ཚད་དང་གསུམ། གཞུང་གི་ཆབ་སྲིད་དངོས་སུ་ལག་ལེན་བསྟར་མཁན་གྱི་གཞུང་ཞབས་སྲི་ཞུ་བ་དེ་ཚོའི་སྲིད་དོན་གྱི་མོས་འདུན་ཐག་གཅོད་དང༌། མྱོང་གོམས་ཤེས་ཡོན་གྱི་གནས་ཚད་བཅས་དེ་ཚོ་ཚང་མ་ཕྱོགས་བསྡོམས་བརྒྱབས་པ་དེ་ལ་ལྟོས་ཏེ། ང་ཚོའི་གྲོས་ཚོགས་ཀྱི་ལམ་སྲོལ་ལས་སླ་པོ་དང་ང་ཚོས་བྱེད་ཐུབ་པ་ཞིག་མ་བཟོས་ན། སྤྱིར་སྟངས་ཁྲིམས་ཀྱི་དགོས་མཁོ་དང༌། ལྷག་པར་ཡར་ཐོན་ཅན་གྱི་རྒྱལ་ཁབ་གཞན་ལ་དཔེ་བལྟས་ན་བསྒྲུབ་མི་ཐུབ་པའི་ལས་ཀ་ཞིག་ཡིན་པ་དངོས་ཡོད་གནས་ཚུལ་རེད། སྐབས་ ༡༡ སྤྱི་འཐུས་གྲོས་ཚོགས་ཀྱི་མདུན་ལ་སྐབས་ ༡ པོ་ཕན་ཆད་ཀྱི་གྲོས་ཚོགས་ཀྱི་ལམ་སྲོལ་མིག་དཔེ་བལྟ་ས་གང་ཡང་མི་འདུག ཡིན་ནའང་ཚོགས་གཙོའི་ལས་ཁུངས་དང་ཚོགས་དྲུང་ལས་ཁུངས་ཀྱིས་གང་ཤེས་པ་དང༌། གང་ཐུབ་པ། གང་ཚོད་ཐིག་པ་ཞིག་ལག་ཏུ་ལེན་རྒྱུའི་འབད་བརྩོན་བྱས་པའི་ནང་བཙན་བྱོལ་བོད་གཞུང་གི་ལོ་འཁོར་སྔོན་རྩིས་ཀྱི་འཆར་གཞི་འབུལ་སྟངས་དང༌། དཔལ་འབྱོར་གྱི་ལས་དོན་གྱི་ཐག་གཅོད་བྱེད་སྟངས་དེ་ཧ་ཅང་སྟབས་བདེ་པོ། ལས་སླ་པོ། ང་ཚོས་བྱེད་ཐུབ་པ་ཞིག་བཟོས་ནས་ལག་ལེན་བསྟར་བཞིན་པ་ཞིག་རེད། མ་འོངས་པའི་ཚོད་བལྟའི་ཆེད་དུ། ད་རེས་ལས་དོན་ཐ་མ་དེའི་ཐོག་ཕྲན་བུའི་དོ་དམ་དུ་གཏོང་རྒྱུའི་འདུན་པ་བྱུང་ཡང་དངོས་སུ་ལག་ལེན་བསྟར་བའི་སྐབས་ལྷོད་དུ་མ་ཕྱིན་ནའང་དམ་དུ་འགྲོ་རྒྱུའི་རེ་བ་མེད་པ་ཞིག་ཆགས་ཀྱི་འདུག ད་ཕན་ང་ཚོས་ཕྱག་ལེན་གནང་བཞིན་པ་དེ་ག་འདྲ་ཞིག་གནང་གི་ཡོད་དམ་ཞེ་ན། སྤྱིར་བཏང་ལོ་བཞི་ཕྱག་ལེན་གནང་ཟིན་སྟབས་བཀའ་ཤག་དང་གྲོས་ཚོགས་གཉིས་ཀས་གསལ་པོ་མཁྱེན་གྱི་ཡོད་པ་རེད། ཡིན་ནའང་ཐུགས་དྲན་གསོ་བའི་ཆེད་དུ་དྲན་གསོ་ཞིག་ཞུ་ན། ང་ཚོས་གོམ་པ་བཞི་སྤོས་ནས་སྔོན་རྩིས་གཏན་འབེབས་བྱེད་ཀྱི་ཡོད། གོམ་པ་དང་པོ་དེ་ཚོད་དཔག་འཆར་རྩིས་དེ་སྔོན་ལ་རྒྱུན་ལས་སུ་ལེན་གྱི་ཡོད། ཚོད་དཔག་འཆར་རྩིས་ཞེས་པ་དབྱིན་སྐད་དུ་ Estimate ཞེས་པ་དེ་རེད། ལོ་གཅིག་ལ་ལས་ཁུངས་སོ་སོར་དགོས་དངུལ་ག་ཚོད་ཞུ་དགོས་མིན་གྱི་ཚོད་དཔག་འཆར་རྩིས་བྱས་ཡོད་པ་དེ་རེད། དེ་སྔོན་རྩིས་ཀྱི་ཡན་ལག་ཅིག་རེད་མ་གཏོགས་སྔོན་རྩིས་མ་རེད། ཚོད་དཔག་འཆར་རྩིས་དེ་གྲོས་ཚོགས་ལ་རྒྱུན་ལས་བརྒྱུད་ནས་ཕུལ་གྱི་ཡོད་པ་རེད། དེ་གྲོས་ཚོགས་མ་ཚོགས་གོང་དུ་ཡོང་དགོས་པ་སོང་ཙང༌། སྒྲིག་གཞི་གཞིར་བཟུང་དུས་ཚོད་ངེས་ཅན་ཞིག་ལ་ཚོད་དཔག་འཆར་རྩིས་བསྡུ་རུབ་བྱེད་ཀྱི་ཡོད། ལས་ཁུངས་སོ་སོའི་ཚོད་དཔག་འཆར་རྩིས་དེ་དཔལ་འབྱོར་ལས་ཁུངས་དང་བཀའ་ཤག་གིས་ཞིབ་འཇུག་གནང་ནས་རྒྱབ་གཉེར་གནང་འོས་པ་དང་གཅོག་ཆ་གནང་དགོས་པ་ཇི་ཡོད་ཀྱི་ཞིབ་འཇུག་དང་པོ་དེ་གནང་ནས། རྒྱུན་ལས་ནང་སླེབས་དུས་ཇེམ་ཙེ་ཚར་གཅིག་བརྒྱབས་ཟིན་པར་ཆ་འཇོག་གནང་གི་ཡོད། གོམ་པ་གཉིས་པ་རྒྱུན་ལས་ཀྱི་ནང་ཚོགས་གཙོ་གཉིས་ཀྱིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་Estimate Committeeཞིག་བཙུགས་ཀྱི་ཡོད། ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ལས་འགན་ནི་གཞུང་གི་ཚོད་དཔག་འཆར་རྩིས་དེ་ཚད་ལྡན་ཡོད་མེད་གཟིགས་རྒྱུ་དང༌། ཚོད་དཔག་འཆར་རྩིས་ནང་ཡོད་པའི་ལས་དོན་རྣམས་དགོས་གལ་ཆེ་ཆུང་དང་གཞུང་གི་སྲིད་བྱུས་དང་མཐུན་པ་ཡིན་མིན། དགོས་གལ་ཡོད་ཅིང་སྲིད་བྱུས་དང་མཐུན་པ་དེ་ཚོའི་ཚོད་དཔག་འཆར་རྩིས་དེ་ཚད་ལྡན་ཡོད་མེད། ལྷག་པར་དུ་འཕྲུལ་འཁོར་འཛུགས་སྐྲུན་དང་ཨར་ལས་སོགས་ཡིན་ན། དེ་ཚོའི་ཚོད་དཔག་དེ་ཡང་དག་ཡིན་མིན་སྒྲིག་གཞི་དང་འགལ་མིན་བཅས་ཚོད་དཔག་ཚོགས་ཆུང་གིས་ཞིབ་ཚགས་གཟིགས་ནས་ཚོགས་ཆུང་གིས་གྲོས་ཚོགས་ནང་གཅོག་ཆ་དང་སྤར་ཆའི་གྲོས་འཆར་བཏོན་རྒྱུའི་ལས་འགན་ཡོད། དེ་གོམ་པ་གཉིས་པ་རེད། གོམ་པ་གསུམ་པར་དཔལ་འབྱོར་བཀའ་བློན་གྱིས་གྲོས་ཚོགས་ནང་སྔོན་རྩིས་གསུང་བཤད་དང་ཆབས་ཅིག་ཏུ་ལོ་འཁོར་སྔོན་རྩིས་ཀྱི་ངོ་སྤྲོད་ཞུ་གི་ཡོད། འདི་སོང་འདི་ཡོང་བྱུང་སོང་ཁ་མ་འདུམས་པ་འདི་ཙམ་ཡོད་ཅེས། ལོ་གཅིག་གི་ཡོང་འབབ་དང་འགྲོ་སོང་ཡོངས་རྫོགས་སྔོན་རྩིས་ཀྱི་ངོ་བོར་བཀོད་དེ་གསུང་བཤད་གནང་ནས་འཆར་ལོ་དེའི་དཔལ་འབྱོར་གྱི་སྲིད་བྱུས་དང་ལམ་སྲོལ་ག་འདྲ་ཞིག་ལ་ཐག་བཅད་རྩིས་ཡོད་པ་གྲོས་ཚོགས་ལ་ཞུ་རྒྱུ་དང༌། གྲོས་ཚོགས་ནས་ཆོག་མཆན་རག་རྒྱུའི་ཆེད་དུ་ཡིན་ཙང་སྔོན་རྩིས་གསུང་བཤད་དེ་གལ་ཆེན་པོ་ཆགས་པའི་རྒྱུ་མཚན་དེ་རེད། སྔོན་རྩིས་གྲོས་ཚོགས་སུ་སླེབས་པ་དང་ཆབས་ཅིག་ཚོད་དཔག་འཆར་རྩིས་ཚོགས་ཆུང་གིས་སྔ་ས་ནས་ཞིབ་འཇུག་བྱས་པའི་གྲུབ་དོན་སྙན་ཞུ་ཞིག་གྲོས་ཚོགས་ནང་ལ་འབུལ་གྱི་ཡོད། སྙན་ཞུ་དེ་གྲོས་ཚོགས་ཀྱིས་སྔོན་རྩིས་ཐོག་བགྲོ་གླེང་གནང་རྒྱུའི་གཞི་རྩ་དང་ལམ་སྟོན་ལྟ་བུ་རེད། སྙན་ཐོའི་ནང་ཚོགས་ཆུང་གི་སྤྱི་ཡོངས་ཀྱི་གཟིགས་ཚུལ་རྣམས་གསལ་ཡོད་པ་རེད། དོན་ཚན་རེ་རེ་བཞིན་གཅོག་ཆ་དང་སྤར་ཆ་རྣམས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གིས་གྲོས་འཆར་གྱི་ཚུལ་དུ་གྲོས་ཚོགས་ཀྱི་མདུན་ལ་ཕུལ་གྱི་ཡོད་པ་རེད། དེའི་ཐོག་གྲོས་ཚོགས་ནས་སྤྱི་ཡོངས་ཀྱི་བགྲོ་གླེང་དང་དོན་ཚན་སོ་སོའི་ཐོག་བགྲོ་གླེང་བྱས་ནས། ཐ་མར་གྲོས་འཆར་ཡོངས་རྫོགས་གཏན་འབེབས་བྱས་པའི་རྗེས་ལ་ལོ་གཅིག་ལ་དགོས་དངུལ་བཀའ་ཁྲོལ་ག་ཚོད་གནང་དགོས་མིན་ལས་ཁུངས་རེ་རེ་བཞིན་གྲོས་ཚོགས་ནང་མོས་ཤོག་བསྡུས་ནས་སྤྱི་མོས་མང་མོས་གང་རུང་གི་ཐོག་ནས་ཐག་གཅོད་གནང་གི་ཡོད། དེ་ལྟར་གཏན་འབེབས་བྱས་པའི་སྔོན་རྩིས་བཀའ་ཁྲོལ་དེ་ཚོ་གཏོང་ལེན་གྱི་ཁྲིམས་ཡིག་ཅིག་གཏན་འབེབས་བྱེད་ཀྱི་ཡོད་པ་དེ་གོམ་པ་བཞི་པ་རེད། ཁྲིམས་ཡིག་དེ་ཁྲིམས་ཀྱི་ངོ་བོ་ལ་གཏན་འབེབས་བྱས་ནས་ྋགོང་ས་མཆོག་ལ་ཆོག་མཆན་ཞུ་རྒྱུ་དང༌། ཆོག་མཆན་ཐོབ་པ་དེ་ནས་ལོ་དེའི་གཏོང་ལེན་གྱི་ཁྲིམས་ཡིག་ཆགས་ཀྱི་ཡོད། ཁྲིམས་ཡིག་དེའི་ཐོག་ནས་ལོ་གཅིག་ལ་འཛིན་སྐྱོང་བཀའ་ཤག་ལ་བཙན་བྱོལ་བོད་གཞུང་གི་ཕྱོགས་བསྡོམས་མ་དངུལ་ནས་འགྲོ་སོང་གཏོང་རྒྱུ་དང༌། དཔྱ་ཁྲལ་སོགས་ཡོང་འབབ་བསྡུ་རྒྱུའི་དབང་ཚད་གཉིས་ཀ་ཐོབ་ཀྱི་ཡོད། ཁྲིམས་ཡིག་འདི་ནས་སྐར་མ་གཅིག་ལྷག་མ་གཏོང་བ་དང༌། ཡོང་འབབ་ནས་སྐར་མ་གཅིག་བསྡུ་མ་ཐུབ་པར་བཞག་ན་ཁྲིམས་དང་འགལ་གྱི་ཡོད་པ་རེད། གལ་ཏེ་དེ་འདྲའི་ནོར་འཁྲུལ་བྱུང་ནས་གང་ཟག་བྱེ་བྲག་པ་ཞིག་གིས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ནང་ལ་མང་ཚོགས་ཀྱི་ཁེ་ཕན་ཆེད་གཞུང་ལ་ཁ་མཆུ་བཙུག་ན། གཞུང་ལ་ཉེས་པའང་ཕོག་སྲིད་པ་རེད། ད་ཕན་ལོ་བཞིའི་རིང་འགྲོ་སྟངས་དེ་འདྲ་བྱས་པ་རེད། ད་ལོ་འདིའི་ཐོག་ལ་འགྱུར་བ་ཕྲན་བུ་ཞིག་གཏོང་གི་ཡོད། སྤྱིར་སྟངས་སྒྲིག་གཞི་ལ་འགྱུར་བ་བཏང་ཡོད་པ་མ་རེད་དེ། ལས་དོན་ལག་ལེན་བསྟར་སྟངས་ཅུང་མི་འདྲ་བ་ཞིག་བྱེད་ཀྱི་ཡོད། སྔོན་མ་ཡིན་ན་སྤྱིར་སྟངས་ཀྱི་བགྲོ་གླེང་དང་སྡེ་ཚན་སོ་སོའི་བགྲོ་གླེང་གཉིས་ཀ་ཚོགས་ཆེན་ནང་ལ་གནང་གི་ཡོད་པ་རེད། ད་རེས་སྤྱིར་སྟངས་ཀྱི་བགྲོ་གླེང་འདི་ཁ་སང་གནང་གྲུབ་པར་བྱས་ནས་སྡེ་ཚན་སོ་སོའི་བགྲོ་གླེང་ཚོགས་ཆུང་ཁག་ནང་གནང་རྒྱུ་ཡིན། དེང་སང་ཡར་ཐོན་ཅན་གྱི་རྒྱལ་ཁབ་མང་པོའི་ནང་ཚོགས་ཆེན་གྱིས་གནང་དགོས་ཀྱི་ཕྱག་ལས་རྣམས་ལོ་རེ་ནས་ལོ་རེ་ཉུང་དུ་གཏང་རྒྱུ་དང༌། ཚོགས་ཆུང་གི་ནང་ཕྱག་ལས་མང་དུ་གཏང་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད་པ་རེད། ལྷག་པར་དུ་ཚོགས་ཆུང་དེ་དག་རིམ་གྱིས་གནད་འགག་ཆེ་རུ་བཏང་ནས་ཚོགས་ཆུང་ནུས་པ་ཆེན་པོ་ཡོང་ཐབས་དང༌། ལས་དོན་གནད་སྨིན་པོ་བྱེད་ཐུབ་པའི་འབད་བརྩོན་བྱེད་ཀྱི་ཡོད་པ་རེད། དེའི་རྒྱུ་མཚན་ནི་ཚོགས་ཆེན་ནང་སྒྲིག་གཞི་མང་པོ་ཡོད་པ་ཡིན་ཙང༌། གྲོས་འཆར་ཚུད་དཀའ་པོ་ཆགས་ནས་བགྲོ་གླེང་བྱེད་པའི་སྐབས་ལའང་དུས་ཚོད་མང་པོ་ཐོབ་དཀའ་བ་བཅས་ལ་བརྟེན། ཚོགས་ཆུང་དུ་བགྲོ་གླེང་གནང་བདེ་བ་དང༌། དུས་ཚོད་མང་བ་ཐོབ་ཐུབ་པ་བཅས་ཀྱི་དགེ་མཚན་ཡོད། དེ་ཁེ་ཕན་གཅིག་རེད། ཁེ་ཕན་གཉིས་པ་ཞིག་ལ་དུས་ཚོད་ཉུང་ཉུང་ཞིག་ནང་ལས་ཀ་ཁག་བགོས་ནས་བྱེད་འགྲོ་དུས་ལས་ཀ་མང་བ་བྱེད་ཐུབ་པ་ཞིག་ཡོང་གི་ཡོད། དཔེར་ན་ཕྱོགས་གཅིག་ལ་བགྲོ་གླེང་གནང་བ་ཡིན་ན་ཉིན་མ་གསུམ་གནང་དགོས་པ་ཞིག་ཁག་གསུམ་ལ་བགོས་ནས་གནང་དུས་ཉི་མ་གཅིག་ལ་གནང་ཐུབ་པ་དེ་འདྲ་རེད། ལྷག་པར་དུ་ད་ལྟ་ཚོད་དཔག་འཆར་རྩིས་ཚོགས་ཆུང་ནས་གསུངས་པ་བཞིན། སྤྱི་འཐུས་རྣམ་པ་མང་པོ་ཞིག་གིས་སྔོན་རྩིས་ཡོངས་རྫོགས་གཟིགས་ཐུབ་ཀྱི་མི་འདུག་ཅེས་དགོངས་ཚུལ་ཡོད་སྟབས། དེ་རིང་ཚོགས་ཆུང་ལ་བགོས་ནས་བགྲོ་གླེང་གནང་རྒྱུ་ཡིན། ཅེས་གསུངས།

བོད་མི་མང་སྤྱི་འཐུས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཚོགས་དུས་བཅུ་པ། ༡༩༩༦/༠༡/༣༠ ་་་ ༡༩༩༦/༠༢/༡༠