སྔོན་རྩིས་གཏན་འབེབས་ཀྱི་དབང་ཚད་གྲོས་ཚོགས་ལ་བཞག་དགོས་པའི་རྒྱུ་མཚན།

སྔོན་རྩིས་གཏན་འབེབས་ཀྱི་དབང་ཚད་གྲོས་ཚོགས་ལ་བཞག་དགོས་པའི་རྒྱུ་མཚན་དང༌། གཏན་འབེབས་བྱེད་སྟངས་ཀྱི་ལམ་སྲོལ་མི་འདྲ་བ་ཁག བཙན་བྱོལ་གཞུང་གི་དཔལ་འབྱོར་གྱི་ལམ་སྲོལ་སྤུས་དག་ཡོང་མ་ཐུབ་པ་བཅས་ཀྱི་སྐོར།ཚང་མའི་དགོངས་པར་མངའ་གསལ་བཞིན།མང་གཙོའི་རིང་ལུགས་འཛིན་པའི་རྒྱལ་ཁབ་ག་འདྲ་ཞིག་ཡིན་རུང༌། སྲིད་གཞུང་གི་དཔལ་འབྱོར་འདུ་འགོད་དང་འགྲོ་གྲོན་གཏོང་ཕྱོགས་དེ་ཁྲིམས་བཟོའི་གྲོས་ཚོགས་ནས་བཀའ་ཁྲོལ་ཞུ་དགོས་པ་གཅིག་གྱུར་རེད། དམར་པོའི་རིང་ལུགས་དང༌། བཙན་དབང་གཅིག་སྡུད་རིང་ལུགས་ཁག་ལ་གྲོས་ཚོགས་ཚད་ལྡན་མེད་པ་ཡིན་ཙང༌། སྔོན་རྩིས་ཀྱང་བཀའ་ཁྲོལ་ཞུ་སྲོལ་ག་ནས་ཡོང༌། གྲོས་ཚོགས་ཀྱི་སྒྲིག་འཛུགས་ཡོད་ཕྱིན་ཆད་ཞུ་ཕྱོགས་ཀྱི་ཁྱད་པར་ཙམ་མ་གཏོགས་ཚང་མས་ལོ་འཁོར་སྔོན་རྩིས་བཀའ་ཁྲོལ་གྲོས་ཚོགས་ནས་ཞུ་གི་ཡོད་པ་རེད། སྲིད་དོན་ཚན་རིག་པའི་ངག་སྒྲོས་སུ་དངུལ་ཁུག་གི་དབང་ཆ་Power of purseདེ་གྲོས་ཚོགས་ལ་བཞག་དགོས་ཞེས་བཤད་ཀྱི་རེད། མང་གཙོའི་ཆབ་སྲིད་ཀྱི་ཡན་ལག་ཁྲིམས་བཟོ་དང༌། འཛིན་སྐྱོང༌། ཁྲིམས་ལུགས་དབང་འཛིན་བཅས་གསུམ་ཀར་དབང་ཚད་ཆ་བགོས་དང་འདྲ་མཉམ་དགོས་པ་ལྟར་གསུམ་ཀའི་རང་རང་གི་འགན་དབང་རྣམས་ཐད་ཀར་རྩ་ཁྲིམས་ནས་ཆ་རྐྱེན་སྤྲད་ཀྱི་ཡོད་ནའང༌། གཞུང་དངུལ་འདུ་འགོད་དང༌། འགྲོ་གྲོན་གཏོང་རྒྱུའི་དབང་ཚད་དེ་རྩ་ཁྲིམས་ཚོའི་ནང་འཛིན་སྐྱོང་ལ་མ་སྤྲད་པར་ཁྲིམས་བཟོ་ལྷན་ཚོགས་ལ་སྤྲད་ཡོད་ཅིང༌། ཁྲིམས་བཟོ་ལྷན་ཚོགས་ཀྱི་བརྒྱུད་ནས་ཁྲིམས་ལུགས་ལྟར་འཛིན་སྐྱོང་ལ་སྤྲད་དགོས་པ་ཞིག་རེད། དེའི་གནད་འགག་ནི་རྒྱལ་ཁབ་ཀྱི་སྲིད་བྱུས་དང་ལས་རིམ་ཕལ་ཆེར་དངུལ་གྲོན་གཏོང་ཕྱོགས་ཀྱི་སྒོ་ནས་ལག་བསྟར་དགོས་སྟབས། སྔོན་རྩིས་གཏན་འབེབས་བྱེད་སྟངས་ཀྱི་སྲིད་བྱུས་དང་ལས་རིམ་Policy and Programmeརྣམས་གཏན་འཁེལ་འགྲོ་བ་མ་ཟད། རྒྱལ་ཁབ་ཀྱི་དཔལ་འབྱོར་གྱི་གནས་སྟངས་དེ་ལ་རག་ལུས་ཡོད་སྟབས། དེའི་ཐོག་མང་ཚོགས་ཀྱི་བསམ་འདུན་གྱི་ཤུགས་ནུས་སླེབས་དགོས་པ་དང༌། དེར་བརྟེན་དེའི་འགན་དབང་མང་ཚོགས་ཀྱི་སྐུ་ཚབ་གྲོས་ཚོགས་ལ་བཞག་པ་རེད།
བཙན་བྱོལ་བོད་གཞུང་ལ་ཆ་མཚོན་ནའང༌། ང་ཚོའི་མང་གཙོའི་བྱུང་རིམ་ནང་ལོ་དུས་གང་ལ་འགོ་འཛུགས་བྱས་པ་ད་ལྟ་གསལ་པོ་ཞུ་རྒྱུ་མེད་ཀྱང༌།ལོ་གྲངས་མང་པོ་ཞིག་གི་སྔོན་ནས་ལོ་འཁོར་སྔོན་རྩིས་ཀྱི་ཆ་ཤས་ཙམ་ཆེས་མཐོའི་རྒྱུན་ལས་ཞེས་པའི་ཚོགས་འདུ་དེ་ནས་བཀའ་ཁྲོལ་ཞུ་གནང་བྱ་སྲོལ་བྱུང་འདུག་པ་དེ་སྐབས་བཅུ་པའི་སྤྱི་འཐུས་ཕྱིར་བསྡུ་མ་གནང་བར་གནས་ཡོད། འོན་ཀྱང་དེ་དུས་བཀའ་ཁྲོལ་ཞུ་རྒྱུའི་རྒྱུན་གྲོན་དེ་ནི་གཞུང་དངུལ་བྱུང་སོང་སྤྱི་བསྡོམས་ཀྱི་བརྒྱ་ཆ་ཉི་ཤུ་ཙམ་ཡང་ལོང་གི་མེད་ཅིང༌། དམིགས་བཀར་རོགས་དངུལ་དང་ཟུར་དངུལ། གསང་བའི་འགྲོ་གྲོན་སོགས་མིང་འདོགས་སྣ་ཚོགས་ཀྱིས་དངུལ་འབོར་ཁྱོན་ཆེ་སྔོན་རྩིས་ནང་གསལ་གྱི་མེད་པ་རེད། ཕྱོགས་གཞན་ཞིག་ནས་བལྟས་ན། ང་ཚོ་སྐྱབས་བཅོལ་དུ་འབྱོར་བ་ནས་སྐབས་བཅུ་པའི་སྤྱི་འཐུས་ཕྱིར་བསྡུ་མ་གནང་བའི་བར་རང་རེའི་སྤྱི་ཚོགས་ནང་རྒྱལ་ཁབ་ཀྱི་ངོ་ཚར་བརྩི་འོས་པའི་ལབ་གླེང་དང་རྙོག་ཁྲ་མང་པོ་ཞིག་བྱུང་ཡོད་པ་དང༌། རྙོག་ཁྲ་དེ་ཚོའི་ཐོག་ཆབ་སྲིད་ཀྱི་སྣེ་མོ་བར་གཏོགས་པ་རྣམས་ཀྱི་ནུས་ཤུགས་དང་དུས་ཚོད་མང་པོ་ཆུད་ཟོས་སུ་སོང་ཡོད་པ་མ་ཟད། བོད་མིའི་མཚན་ཤས་ཀྱང་བྱུང་ཡོད། ཞིབ་པར་བརྟགས་ན་རྙོག་ཁྲ་དེ་ཚོ་ཕལ་ཆེ་བའི་རྩ་བ་དེ་དངུལ་འབབ་ཅིག་བེད་སྤྱོད་གཏོང་སྟངས་དྲང་བདེན་དང་གཙང་མ་མ་བྱུང་བ་དང༌། གསལ་བཤད་མཐིལ་ཕྱིན་མ་བྱུང་བའི་དབང་གིས་བྱུང་ཡོད་པ་ཚང་མའི་ཐུགས་ལ་མངའ་གསལ་དེ་རེད།
དེར་བརྟེན་སྐབས་བཅུ་གཅིག་པའི་སྤྱི་འཐུས་ལྷན་ཚོགས་ཀྱིས་དམ་འབུལ་ཞུས་པ་ནས་བཟུང་རྙོག་ཁྲ་དེ་རིགས་མ་འོངས་པར་བསྐྱར་ལྡབ་མི་ཡོང་བའི་ཆེད་དུ་འབད་རྩོལ་ཤུགས་ཆེ་ཞིག་བྱས་པ་རེད། དེ་ནི་གང་ཟག་རེ་རེ་དང༌། གནས་ཚུལ་རེ་རེའི་ཐོག་ལ་ལྟ་རྟོག་བྱས་པས་འགྲུབ་ཐབས་མེད་པ་ཞིག་ཡིན་སྟབས། རྩ་བའི་གཞུང་གི་དཔལ་འབྱོར་གྱི་ལམ་སྲོལ་ཚད་ལྡན་ཞིག་དང་སྒྲིག་འཛུགས་དམ་པོ་ཞིག་བཟོ་དགོས་པ་དེ་གལ་ཆེར་བརྩིས་པ་རེད།ལམ་སྲོལ་དང་སྒྲིག་འཛུགས་ཀྱི་ཐོག་ནས་བཅུན་ཐུབ་པ་ཞིག་བྱུང་ན་གནས་ཚུལ་གང་ལའང་ཐ་མ་མནའ་བསྐྱལ་མཐོ་བཙུག་བྱེད་མ་དགོས་པར་ལམ་སྲོལ་ཁོ་རང་གིས་ཞུ་དག་གཏོང་ཡོང་གི་རེད། བྱས་ཙང་ང་ཚོས་ལམ་སྲོལ་ཡག་པོ་ཞིག་བཟོ་རྒྱུ་དང༌།དེའི་ནང་ཚང་མ་བཅུག་ཐུབ་པ་ཞིག་བྱེད་རྒྱུའི་ཆེད་ནུས་པ་གང་ཡོད་བཏོན་པ་རེད་དེ།རེ་འདུན་ཁེངས་པ་ཞིག་ཡོང་རྒྱུ་ལ་དཀའ་ངལ་མང་པོ་བྱུང་ཡོད། དཀའ་ངལ་གཙོ་བོ་ནི་ང་རང་ཚོ་སྤྱི་འཐུས་རྣམ་པའི་རྣམ་དཔྱོད་དང་མཁྱེན་ཚད་ཀྱིས་མ་ལྡེང་བ་དང༌། དེ་བཞིན་གཞུང་འཛིན་པ་རྣམ་པའི་མཁྱེན་དཔྱོད་དང་དགོངས་ཚུལ་གྱི་ཁྱད་པར་དེ་རེད། གཞི་ནས་ལམ་སྲོལ་ཞིག་འགྱུར་བ་གཏོང་རྒྱུ་ལ་ཚང་མས་འཚེར་སྣང་བྱས་པ་དང༌། སྒྲིག་གཞི་དང་ལམ་སྲོལ་ལ་གནད་འགག་ཆེན་པོ་མི་བརྩི་བ་དེ་བོད་མིའི་གཤིས་ཀ་ལ་ཡོད་པ་ཞིག་རེད། སྐབས་བཅུ་གཅིག་པའི་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་རྒྱུན་ལོ་ལྔའི་ནང་བཙན་བྱོལ་གཞུང་གི་དཔལ་འབྱོར་གྱི་ལམ་སྲོལ་དང་སྒྲིག་འཛུགས་ཆ་ཚང་གཙང་མ་སྤུས་དག་ཅིག་བཟོ་ཐུབ་རྒྱུའི་རེ་བ་དང་དམིགས་ཡུལ་བཟུང་བ་རེད་དེ། ད་བར་ལོ་གསུམ་གྱི་སྔོན་རྩིས་གཏན་འབེབས་བྱེད་སྟངས་ཀྱི་ཉམས་མྱོང་ལ་བལྟས་ན་ང་ཚོའི་དམིགས་ཡུལ་དེ་འགྲུབ་ཐུབ་པའི་གདེངས་ཚོད་རྙེད་ཀྱི་མི་འདུག འོན་ཀྱང་མུ་མཐུད་འབད་བརྩོན་བྱས་ནས་བརྒྱ་ཆ་བརྒྱ་མ་འགྲུབ་ཀྱང་བརྒྱ་ཆ་ ༣༣ ཙམ་ཨེ་འགྲུབ་ངེས་པར་དུ་བལྟ་དགོས།འདས་པའི་སྔོན་རྩིས་གཉིས་ཀའི་ནང་སྤྱི་འཐུས་ལྷན་ཚོགས་ངོ་ཚ་དགོས་པའི་ནོར་འཁྲུལ་དེ་འདྲ་བྱུང་འདུག དེ་ནི་ལས་ཁུངས་སོ་སོའི་ལས་བྱེད་ནས་བཟུང༌། དཔལ་འབྱོར་ལས་ཁུངས་དང༌། བཀའ་ཤག སྤྱི་འཐུས་བཅས་ཚང་མས་ཞིབ་ཚགས་པོ་བྱས་མ་ཐུབ་པའི་མཚོན་རྟགས་ཤིག་རེད། འོན་ཀྱང་དེ་ཚོ་ང་ཚོའི་རྣམ་དཔྱོད་ཀྱིས་མ་འདང་བ་ཞིག་རེད་མ་གཏོགས། ལྷག་བསམ་ལ་སྐྱོན་ཡོད་པ་ཞིག་མ་རེད། འདས་པའི་ནོར་འཁྲུལ་དེ་དག་ད་ལན་གྱི་གྲོས་ཚོགས་འདིའི་ཐོག་ནོར་བཅོས་བྱེད་རྒྱུ་དང༌། འགན་འཁྲི་ཡོད་པའི་འབྲེལ་ཡོད་ལས་ཁུངས་དང་ལས་བྱེད་པ་རྣམས་ལ་སྐྱོན་བརྗོད་ཙམ་བྱས་ནས་འཐུས་པ་བྱ་རྒྱུ་རྒྱུན་ལས་ཀྱིས་ཐག་བཅད་ཡོད། ང་ཚོའི་ད་ལྟའི་སྔོན་རྩིས་འབུལ་སྟངས་འདི་སྐབས་བབ་ཀྱི་ལས་བྱེད་ཚོའི་གནས་ཚད་དང་འཚམས་པའི་ཧ་ཅང་སྟབས་བདེ་པོ་ཞིག་རེད། བཅའ་ཁྲིམས་དོན་ཚན་ང་གཉིས་པའི་འོག གཞུང་དངུལ་འདུ་འགོད་དང༌། ལོ་འཁོར་སྔོན་རྩིས། དངུལ་རྩིས་སྟངས་འཛིན་བཅས་ཀྱི་སྒྲིག་གཞི་ལེའུ་བཞི་དང་དོན་ཚན་བཅུ་བཞི་ལས་མེད་པའི་ཤོག་ལྷེ་གསུམ་བཞི་ཡོད་པའི་ཡིག་ཆ་སྟབས་བདེ་ཞིག་རེད། དེ་ཡང་ཆ་ཚང་ཞིག་ད་བར་ལག་ལེན་ལ་བསྟར་མ་ཐུབ་པ་དེར་ཕྲན་བུ་བློ་འཚབ་ཡོང་གི་འདུག རྒྱལ་ཁབ་གཞན་དག་ལ་སྔོན་རྩིས་འགོད་འབུལ་གྱི་སྒྲིག་གཞི་རྐྱང་པ་ལའང་དེབ་མཐུག་པོ་མང་པོ་ཡོད་པ་རེད། འགའ་ཤས་ཀྱིས་ང་ཚོའི་སྒྲིག་གཞི་འདི་རྒྱ་གར་ནས་དཔེ་ལེན་པ་ཞིག་རེད་དགོངས་ཀྱི་ཡོད་པ་རེད་དེ། དེ་འདྲ་མ་རེད། ང་རང་ཚོའི་ད་ལྟའི་གནས་སྟངས་དང་དགོས་མཁོ་ལ་གཞིགས་ཏེ་བཟོས་པ་ཞིག་རེད། དེ་ལ་ལེགས་བཅོས་དང་འགྱུར་བ་གཏོང་རྒྱུའི་དགོངས་འཆར་ཚད་ལྡན་གནང་མཁན་བྱུང་ན་ངེས་པར་དུ་དགོངས་བཞེས་གནང་ཆོག་གི་རེད།
སྤྱི་འཐུས་རྣམ་པའི་མཁྱེན་རྟོགས་ཆེད། རྒྱ་གར་དང༌། ཨ་རི། ཁེ་ན་ཌ་བཅས་ཀྱི་ད་ཡོད་སྔོན་རྩིས་གཏན་འབེབས་བྱེད་སྟངས་ཀྱི་ལམ་སྲོལ་མི་འདྲ་བ་ཁག་མདོར་བསྡུས་རེ་གསུངས། ང་ཚོས་ཕུགས་ཐག་རིང་པོའི་དགོངས་བཞེས་དང༌། གཟིགས་རྒྱ་ཆེ་ཙམ་གནང་དགོས་གཙོ་བོ་བོད་རང་དབང་སླར་གསོ་བྱུང་བའི་སྐབས་དཔལ་འབྱོར་འདུ་འགོད་ཀྱི་ལམ་སྲོལ་བཟང་པོ་ཞིག་ཡོང་ཐབས་ལ་ད་ལྟ་ནས་དགོངས་པ་བཞེས་དགོས། ཞེས་གསུངས།

བོད་མི་མང་སྤྱི་འཐུས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཚོགས་དུས་དྲུག་པ། ༡༩༩༤/༠༡/༡༢ ་་་ ༡༩༩༤/༠༡/༢༥