སྔོན་རྩིས་ཀྱི་ལས་རིམ་དོ་དམ་པོ་ཞིག་གནང་ཐུབ་ཀྱི་མེད་ཚུལ།

བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་ལ་ཕབ་པ་ནས་བཟུང༌། བཙན་བྱོལ་གཞུང་གི་ཡོང་འབབ་དང་འགྲོ་སོང་ཆེད་ལོ་འཁོར་སྔོན་རྩིས་སྤྱི་འཐུས་གྲོས་ཚོགས་ནས་གཏན་ལ་ཕབ་པའི་ལམ་སྲོལ་ཞིག་བྱུང་བ་རེད། དེ་དཔལ་འབྱོར་གྱི་ཆ་ནས་གནད་འགག་ཡོད་པ་བཤད་མ་དགོས་པའི་ཐོག་དེ་ལས་གནད་འགག་ཆེ་བ་ཞིག་ཆབ་སྲིད་དང་བཟང་སྤྱོད་ཆ་ནས་ཡིན་པར་དགོངས་བཞེས་ཀྱིས་ཁྲིམས་ཀྱི་འགྲོ་ལུགས་དང་མཐུན་པའི་སྔོན་རྩིས་གཏན་འབེབས་བྱེད་རྒྱུ་དང༌། གཏོང་ལེན་གྱི་ཁྲིམས་ཡིག་ཐོག་ནས་ཐག་གཅོད་བྱེད་པའི་ལམ་དེ་ང་ཚོས་ལག་ལེན་བསྟར་ཁ་བྱེད་པ་རེད། ལོ་དང་པོ་དང་གཉིས་པར་ལམ་སྲོལ་རྙིང་པ་ཞིག་ནས་གསར་པར་འགྲོ་རྒྱུར་དཀའ་ལས་ཡོད་པ་གཞི་བཞག་གིས་ཕྲན་བུའི་གུ་ཡངས་པོ་བྱས་ཡོད་རེད། དེ་ནས་ལོ་རེ་ནས་ལོ་རེར་དམ་དུ་གཏོང་རྒྱུའི་དམིགས་ཡུལ་ཞིག་སྤྱི་འཐུས་ལྷན་ཚོགས་ཀྱིས་བཟུང་བ་རེད། ཡིན་ནའང་ལོ་དང་གཉིས་ལ་གུ་ཡངས་པོ་གནང་རྒྱུ་དེ་ཕན་ཐོགས་རྒྱུའི་ཚབ་ཏུ་ལོ་དང་པོ་དང་གཉིས་པར་དེ་འདྲ་ཕྱིན་འདུག་ཅེས་དཔེ་ངན་བལྟ་ས་ཞིག་ལ་ཆགས་མེད་འགྲོ་བསམ་པ་འདུག ད་ལྟ་ནས་ལོ་རེ་ནས་ལོ་རེར་ལྟ་བའི་རྣམ་བཞག་དང་འབྲེལ་བའི་རིགས་དེ་དག་དོ་དམ་དུ་གཏང་དགོས་རྒྱུ་དེ་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད། ཡིན་ནའང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཐུགས་ཕན་གསོས་པའི་དོ་དམ་པོ་ཞིག་གནང་ཐུབ་ཀྱི་ཡོད་མ་རེད། ཚོགས་གཙོ་ནས་བརྩིས་པའི་ཚང་མ་དངོས་ཡོད་ཀྱི་ལས་དོན་ཐོག་སླེབས་སྐབས་ཤེས་ཚད་དང༌། ཉམས་མྱོང༌། དུས་ཚོད་གསུམ་ཀས་མ་ལྡེང་བར་སྐོར་བ་གཡས་བསྐོར་གཡོན་བསྐོར་ག་འདྲ་ཞིག་བརྒྱབས་ཀྱང༌། ཡོངས་སུ་རྫོགས་པ་ཞིག་ཡང་དག་པ་བཟོ་རྒྱུར་ང་ཚོས་ལས་འགན་འཁྱེར་ཐུབ་ཀྱི་ཡོད་མ་རེད་ཅེས་ངས་གསལ་པོ་ལབ་ཐུབ་ཀྱི་རེད་བསམ་གྱི་འདུག སྔོན་རྩིས་བཟོ་རྒྱུའི་དམིགས་ཡུལ་གཙོ་བོ་ཞིག་གང་ཡིན་ཟེར་ན། ལས་དོན་དང་འགྲོ་སོང་གཉིས་ཀ་ལས་ཀ་བྱེད་མཁན་གྱི་ཉམས་འོག་ཏུ་ཚུད་དེ་མ་འོངས་པར་དེ་རྩིས་རྒྱག་སྐབས་རྩིས་བརྒྱབ་རྒྱུ་ཡོད་པ་ཞིག་གི་ཆེད་བཟོ་གི་ཡོད། དེ་འདྲ་ཡིན་དུས་སྔོན་རྩིས་ཡག་ཤོས་དེ་ག་འདྲ་ཞིག་ཡོང་དགོས་ཀྱི་རེད་ཅེ་ན། འགྲོ་སོང་གི་སྔོན་རྩིས། དུས་ཚོད་ཀྱི་སྔོན་རྩིས། སྤུས་ཀའི་སྔོན་རྩིས་བཅས་ཡོད་པ་ཆ་ཚང་ལས་ཀ་ཚར་དུས་ཏག་ཏག་སྔོན་རྩིས་ནང་བཞིན་བསྡད་པ་ཞིག་བྱུང་ན། སྔོན་རྩིས་དེ་ཡག་པོ་ཞིག་བྱུང་བ་རེད། དེ་མིན་འབུམ་བཅུའི་སྔོན་རྩིས་ཕུལ་ཏེ་འབུམ་ལྔས་ལས་ཀ་ཆ་ཚང་གྲུབ་ན་དེ་སྔོན་རྩིས་ཚད་ལྡན་མ་བྱུང་བ་རེད། དངུལ་ལྷག་དེ་གཞན་པར་ག་བསྒྱུར་བྱེད་ཀྱི་ཡིན་ཞེས་ཞུས་པ་ཡིན་ཏེ། བཀའ་ཁྲོལ་མ་སོང་ཟེར་རྒྱུ་དེ་གྲོས་ཚོགས་ནང་ལ་བཤད་རྒྱུ་ཕར་བཞག སྤྱིར་བཏང་ནས་ཚོགས་པར་དབྱུང་དུ་མི་རུང་བའི་གཏམ་ཞིག་རེད། ང་ཚོས་ཐོག་མ་སྔོན་རྩིས་ཕུལ་ཏེ་འབུམ་ ༡༡།༡༢ བཀའ་ཁྲོལ་བྱུང་སོང༌། ལས་ཀ་བྱེད་དུས་དངུལ་མང་པོ་ཞིག་ལྷག་སོང༌། ལྷག་པ་དེ་ལས་དོན་གཞན་ལ་ག་བསྒྱུར་བྱེད་ཆེད་སྙན་གསན་ཞུས་པ་ཡིན། དེ་བཀའ་ཁྲོལ་ཐོབ་མ་སོང༌། བྱས་ཙང་སློག་དགོས་བྱུང་སོང་ཟེར་རྒྱུ་དེ་ནས་སྔོན་རྩིས་ག་འདྲ་ཞིག་བཟོས་ཡོད་མེད་དེའི་འབྲས་རྟགས་ཆ་ཚང་བསྟན་གྱི་ཡོད། ལས་དོན་དང༌། དུས་ཚོད། འགྲོ་སོང༌། སྤུས་ཀ། མིའི་མཐུན་རྐྱེན་དེ་དག་ཆ་ཚང་སྔོན་རྩིས་རྒྱག་སྐབས་ཉམས་འོག་ཏུ་མ་ཚུད་པའི་ཐོག་ནས་སྔོན་རྩིས་བཞག་ན་སྔོན་རྩིས་དེ་སྡུག་ཅག་ཅིག་ཆགས་འགྲོ་གི་ཡོད་རེད། དེ་བཞིན་སྔོན་རྩིས་ནང་མང་ཙམ་མ་བཞག་ན་གཅོག་བྱ་ཡོང་གི་རེད་བསམས་པའི་བསམ་བློས་སྔོན་རྩིས་བཟོས་པ་ཡིན་ན། དེ་གཡོ་སྒྱུ་ཅན་གྱི་སྔོན་རྩིས་ཤིག་ཆགས་འགྲོ་གི་ཡོད་རེད། དེ་ནི་དེ་བས་ཀྱང་སྔོན་རྩིས་སྡུག་ཅག་ཅིག་ཆགས་འགྲོ་བ་རེད། སྔོན་རྩིས་བཀའ་ཁྲོལ་མ་ཞུས་གོང་ནས་ལས་དོན་འགོ་འཛུགས་བྱས་ཚར་བ་དང༌། འཆར་གཞི་བསྒྲིགས་ཚར་བ་ཡིན་ཟེར་རྒྱུ་དེ་སྔོན་རྩིས་བཀའ་ཁྲོལ་ཞུ་སྐབས་རྒྱུ་མཚན་བཤད་རྒྱུ་ཞིག་རྩ་བ་ནས་ཡོང་གི་མ་རེད། སྔོན་རྩིས་བཀའ་ཁྲོལ་བྱུང་ན་ལས་དོན་འགོ་འཛུགས་བྱ་རྒྱུ་ཞིག་རེད་མ་གཏོགས། དེའི་སྔོན་ལ་ལས་ཀ་དེ་ཆ་ཚང་གཏན་ལ་ཕབ་ནས་འགོ་བཙུགས་རྗེས་སྔོན་རྩིས་བཀའ་ཁྲོལ་ཞུ་རྒྱུ་དེ་ཚོ་ཕྱག་ལེན་ལྟ་བུ་ཞིག་ཏུ་དགོངས་པ་བཞེས་ན། གྲོས་ཚོགས་ལ་གནས་དུས་ཚོད་རྩིས་གནང་བ་རེད་ཅེས་ཞུས་ནའང་མ་འགྲིགས་པ་མེད་པ་ཞིག་ཆགས་ཀྱི་ཡོད་རེད། དེ་འདྲའི་སྐབས་ལ་ལས་ཀ་དེ་མ་བྱེད་གསུང་གི་རེད་དམ་ཅེས་བཀའ་འདྲི་གནང་བ་ཡིན་ན། གྲོས་ཚོགས་ནས་དེ་མ་བྱེད་ཅེས་གསུང་ནུས་པ་ཞིག་དགོས་ཀྱི་རེད་བསམ་གྱི་འདུག སྔོན་རྩིས་ནང་དངུལ་ལྡེང་གི་མེད་ན་ལས་ཀ་དེ་མ་བྱེད་ཅེས་གསུང་མ་ཆོག་པ་མེད་པ་ཞིག་རེད། ལས་དོན་ག་འདྲ་ཞིག་ཡིན་རུང་མ་བྱེད་མི་ཆོག་པ་ཞིག་ཡོད་མ་རེད། ཐོག་མར་ལས་ཀ་དེ་འཆར་གཞི་བཏིང༌། དེ་ནས་དངུལ་གྱི་མཐུན་རྐྱེན་བཙལ། དེ་འགྲིགས་སོང་ན་ལས་ཀ་བྱེད་ཆོག་པའི་བཀའ་ཁྲོལ་གཏོང་བའི་རིམ་པ་དེ་ལུགས་མཐུན་གྱི་ལས་རིམ་ཞིག་རེད། དེ་འདྲ་ཡིན་དུས་གཅོག་ཆ་ཞུས་སྐབས་འོ་ན་ལས་ཀ་དེ་མ་བྱེད་ཅེས་གསུངས་ཀྱི་ཡོད་པ་རེད་དམ་ཞེ་ན། སྤྱི་འཐུས་ཀྱིས་འཚེར་སྣང་མེད་པར་ལས་ཀ་དེ་མ་བྱེད་ཅེས་ལབ་ཀྱི་ཡོད་ཅེས་གསུང་དགོས་ཆགས་ཀྱི་འདུག ལས་ཀ་མ་བྱེད་ཅེས་གསུང་དགོས་པའི་རྒྱུ་མཚན་གང་རེད་ཅེ་ན། སྔོན་རྩིས་ཁ་མ་འདུམས་པ་ཡིན་ཙང་རེད། འཛིན་སྐྱོང་ངོས་ནས་ཡོང་འབབ་ཀྱི་འཆར་རྩིས་གྲོས་ཚོགས་མདུན་དུ་བཞག་པ་དེའི་ནང་ནས་འགྲོ་སོང་ལྡེང་གི་མེད་དུས། ལས་ཀའི་ནང་ནས་གལ་ཆེ་ཆུང་དབྱེ་བ་ཕྱེ་ནས་གལ་ཆེ་བ་རྣམས་བདམས་ནས་གལ་ཆུང་བ་རྣམས་མ་བྱེད་ཅེས་ཞུ་དགོས་པའི་གནས་ཚུལ་དེ་ཤུགས་མ་ཐུབ་ཀྱིས་ཆགས་ཡོང་གི་ཡོད་རེད་བསམ་གྱི་འདུག
འཛིན་སྐྱོང་ངོས་ནས་གྲོས་ཚོགས་ནང་འཆར་གཞི་གཏན་འབེབས་བྱེད་སྐབས་འཛིན་སྐྱོང་རང་གི་དགོངས་ཚུལ་གསལ་པོ་དང༌། བརྟན་པོ། རྒྱུ་མཚན་ཡོད་པ་ཞིག་གི་ཐོག་ནས་རྩལ་འདོན་གནང་རྒྱུ་དང༌། བགྲོ་གླེང་ཤུགས་ཆེན་པོ་གནང་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། ཤུགས་ཆེན་པོ་གནང་ཐུབ་པ་དེ་དག་ང་ཚོས་བསྔགས་བརྗོད་དང་དགའ་བསུ་ཞུ་རྒྱུ་རེད་མ་གཏོགས། དེ་ཤུགས་ཆེན་པོ་གནང་གི་འདུག་ཅེས་མགོ་ལྕག་གཞུ་རྒྱུ་རྩ་བ་ནས་མ་རེད། ཚང་མས་དེ་ཤུགས་ཆེ་རུ་གཏང་རྒྱུའི་འབད་རྩོལ་བྱེད་དགོས་པ་ཞིག་རེད། ཡིན་ནའང་དེ་དང་ཆབས་ཅིག་ཏུ་གཞི་རྩ་ཡོད་པའི་རྒྱུ་མཚན་ཞིག་གསུང་དགོས་ཀྱི་རེད་མ་གཏོགས། གཞི་རྩ་མེད་པའི་རྒྱུ་མཚན་དང༌། ལྷག་པར་དུ་ང་ཚོས་ལས་ཀ་དེ་འགོ་བཙུགས་ཚར་སོང་ཞེས་པ་དེ་འདྲ་བྱེད་ན་དེ་རྒྱུ་མཚན་ཡང་དག་ཅིག་ལ་འགྲོ་གི་ཡོད་མ་རེད།
སྤྱི་ཡོངས་ཆ་ནས་འདས་པའི་ལོ་བརྒྱད་དགུ་ཞིག་གི་རིང་ལ་བཙན་བྱོལ་གཞུང་གི་གཞུང་འཛིན་དང་ལས་བྱེད་གཉིས་རྒྱས་སྤྲོས་བྱེད་རྒྱུར་འཚེར་སྣང་མེད་པའི་གཤིས་ཀ་ཞིག་སླེབས་ཀྱི་འདུག་སྙམ་པའི་ཚོར་སྣང་ཡོང་གི་འདུག རྒྱས་སྤྲོས་བྱེད་རྒྱུར་འཚེར་སྣང་ཡོད་པ་ཞིག་ཡིན་ན། ལས་དོན་ག་འདྲ་ཞིག་བྱས་ཀྱང་དེའི་ནང་བསྲི་ཚགས་ཀྱི་རྣམ་པ་གསལ་པོ་ཞིག་ཐོན་པ་ཆགས་ཀྱི་རེད། རྒྱས་སྤྲོས་བྱེད་རྒྱུར་འཚེར་སྣང་མེད་པ་ཆགས་པའི་ཉིན་མོ་དེར་ལས་དོན་ག་འདྲ་ཞིག་བྱས་ཀྱང་དེའི་ནང་བསྲི་ཚགས་ཀྱི་རྣམ་པ་དེ་མ་ཐོན་པར་ཕྱིའི་མི་ལྟ་མཁན་ཚོར་མ་ལྡེང་བ་མེད་པ་དང༌། མ་ལྕོགས་པ་མེད་པ། རི་རབ་ནས་བཅད་པ་ལྟ་བུ། རྒྱ་མཚོ་ནས་བཅུས་པ་ལྟ་བུ་ཟེར་བའི་དཔེ་ལྟར་འབེལ་ལྷུག་གི་རྣམ་པ་ཞིག་འཐོན་གྱི་ཡོད་པ་རེད། ཆུང་ཆུང་ཞིག་ཡིན་ནའང༌། དེ་ལ་བསྲི་ཚགས་བྱེད་འདོད་མེད་པ་ཆགས་དུས་རྒྱས་སྤྲོས་ཀྱི་རྣམ་པ་ཞིག་ཐོན་ཡོང་གི་ཡོད་རེད། དེ་ཐོན་སྐབས་སྲིད་གཞུང་ཞིག་དང་རྒྱལ་ཁབ་ཅིག་གི་དཔལ་འབྱོར་གྱི་འདུ་འགོད་བྱེད་སྟངས་ལ་སྐྱོན་ཞིག་ལྷག་ཡོང་གི་ཡོད་རེད། ྋསྐྱབས་མགོན་རིན་པོ་ཆེའི་ཐུགས་རྗེ་བཀྲིན་གྱིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་རོགས་པ་བྱེད་མཁན་མང་པོ་ཞིག་ཡོད་རེད། དེར་བརྟེན་སྐབས་མང་པོ་ཞིག་ལ་རོགས་རམ་བྱུང་བ་ལ་བརྟེན་ནས་གཞི་ནས་ལས་ཀའི་འཆར་གཞི་བསྒྲིག་རྒྱུའི་གཤིས་ཀ་དེ་བོད་པའི་སྤྱི་ཚོགས་ནང་སླེབས་བསྡད་པ་ལྟ་བུ་ཞིག་འདུག སྔོན་ལ་ལས་འཆར་བསྒྲིགས་ནས་དེ་རྗེས་དེའི་མཐུན་རྐྱེན་དངུལ་འབབ་བཙལ་དགོས་པ་ཞིག་རེད། དེ་མགོ་མཇུག་ལོག་པ་དེ་ཉེན་ཁ་ཆེན་པོ་ཞིག་མཐོང་གི་འདུག
མཐུན་རྐྱེན་མང་པོ་ལྡབ་སྐྱོར་བྱས་ནས་བེད་སྤྱོད་གཏོང་རྒྱུ་དེ་སྤྱིར་བཏང་བོད་པའི་སྤྱི་ཚོགས་དང༌། ལྷག་པར་གངས་ཅན་སྐྱིད་གཤོངས་ཀྱི་སྤྱི་ཚོགས་ཀྱི་ནང་ལ་གཤིས་ཀ་ཞིག་ཆགས་འདུག མཐུན་རྐྱེན་ག་འདྲ་ཞིག་ཡིན་ནའང་ལས་ཁུངས་བྱེ་བྲག་པ་གཅིག་དང༌། དེའི་ནང་ནས་ཁང་མིག་བྱེ་བྲག་པ་ཞིག་གི་ནང་ལ་ཆ་ཚང་བ་ཞིག་མེད་པ་ཡིན་ན། སྤྱི་པའི་མཐུན་རྐྱེན་རྣམས་བེད་སྤྱོད་ཆེ་ཤོས་དང་མང་ཤོས་བཏང་ནས་ཚང་མར་ཕན་ཐོགས་པ་བྱེད་རྒྱུའི་ལེགས་བྱང་གཏན་ནས་མེད་པ་དེ་ལ་བརྟེན་ནས་དཔེར་ན་མགྱོགས་འཕྲིན་འཕྲུལ་འཁོར་ལྟ་བུའང་ཁང་མིག་ཚང་མའི་ནང་ལ་ཡོད་དགོས་པ་དང༌། མོ་ཊ་གང་ཟག་རེ་རེ་ལ་དགོས་པ་དང༌། ཁ་པར་ཁང་མིག་རེ་ལ་ཡོད་དགོས་པའི་བསམ་ཚུལ་དེ་ཕྱི་ལོ་དྲུག་ཅུ་རེ་གྲངས་དང་བདུན་ཅུ་དོན་གྲངས་ནང་ཡོད་པ་མ་རེད། དེ་ཕལ་ཆེར་སྐབས་ ༡༡ སྤྱི་འཐུས་སླེབས་ནས་ཡར་རྒྱས་ཕྱིན་པའི་གཤིས་ཀ་དང་ལེགས་བྱང་ཞིག་རེད། དེ་ང་ཚོས་བཀག་མ་ཐུབ་པ་ཡིན་ན། མཐའ་མེད་པ་ཆགས་ཀྱི་རེད།
སྔོན་རྩིས་དང་དཔལ་འབྱོར་གྱི་ལམ་ལུགས་གཏན་འབེབས་བྱེད་པའི་སྐབས་ང་ཚོས་འབད་བརྩོན་ཆེ་ཤོས་ནི་ལས་ཁུངས་ཁག་ལ་སྒེར་དངུལ་པད་ཤག་གཅིག་ཀྱང་མེད་པ་བཟོ་དགོས་པའི་དམིགས་ཡུལ་བཞག་ཡོད་པ་ཐོག་མ་ནས་གྲོས་ཚོགས་ཀྱིས་འཛིན་སྐྱོང་ལ་གསལ་པོ་ཞུས་ཡོད་ཅིང༌། སྒྲིག་གཞིའི་ནང་དུའང་གསལ་པོ་རེད། པད་ཤག་སྐར་མ་ལྔ་ལས་མེད་ནའང་ཕྱོགས་བསྡོམས་མ་དངུལ་ནང་ཡོད་དགོས་རྒྱུ་དང༌། ཕྱོགས་བསྡོམས་མ་དངུལ་ནས་གྲོས་ཚོགས་ཀྱི་ཁྲིམས་ཡིག་བརྒྱུད་བཀའ་ཁྲོལ་ཐོག་ནས་འགྲོ་སོང་བཏང་དགོས་པ་དེ་རྩ་བའི་དམ་བཅའ་རེད། ད་ལྟ་ཡང་སྒེར་དངུལ་ཉར་རྒྱུའི་གོམས་གཤིས་དེ་འགྱུར་བ་བཏང་མ་ཐུབ་པར། སོ་སོའི་ནང་ནས་འདུ་འགོད་དང་སྐོར་བ་རྒྱག་ཆོག་པ་ཞིག་སྔོན་རྩིས་ཐོག་འགྲོ་ཐབས་བྱེད་རྒྱུའི་གཤིས་ཀ་དེ་མ་ཉམས་པར་བསྡད་འདུག ༡༩༩༦་་༩༧ སྔོན་རྩིས་ཐོག་ཚོགས་གཙོས་ཐག་གཅོད་བྱས་ཏེ་ལམ་སྟོན་བྱ་རྒྱུ་ལ། ལས་ཁུངས་སོ་སོའི་ནང་གི་འབབ་ཡོང་རྣམས་དཔལ་འབྱོར་ལས་ཁུངས་ལ་ཕུལ་དགོས་པ་དང༌། དེའི་ཁོངས་ནས་འགྲོ་སོང་གཏོང་རྒྱུ་རྣམས་རྒྱུན་གྲོན་དང་དམིགས་བསལ་གྱི་ནང་ནས་དགོས་དངུལ་ཞུ་དགོས་པ་རེད་མ་གཏོགས། སྒྲིག་གཞིའི་ནང་མེད་པའི་དམིགས་བཀར་གསར་པ་ཞིག་བཟོས་ན་འགྲིག་གི་མི་འདུག་ཅེས་ཞུ་གི་ཡོད། ད་ལྟ་བཀའ་ཤག་གི་གསལ་བཤད་ནང་དེ་རང་འཇགས་བཞག་རོགས་ཞེས་གསུངས་སོང༌། བློ་ཕམ་གྱི་ཐོག་ནས་ཞུ་རྒྱུ་ལ། དེ་རང་འཇགས་བཞག་ཐུབ་ཀྱི་མི་འདུག ཐོག་མ་སྒྲིག་གཞི་བཟོ་སྐབས་བཀའ་ཤག་ནས་དེ་འགྲིག་གི་མི་འདུག་གསུངས་ཡོད་ན་གནས་ཚུལ་ཐ་དད་རེད། དང་པོ་སྒྲིག་གཞི་བཟོ་དུས་ནས་རྒྱུན་གྲོན། དམིགས་བསལ། དམིགས་བཀར་བཅས་སྡེ་ཚན་གསུམ་དུ་དབྱེ་རྒྱུ་བཀའ་ཤག་ལ་གོ་བསྡུར་ཞུས་པའི་རྗེས་ལ་ཐག་བཅད་པ་ཞིག་རེད། རྒྱུན་གྲོན་ནི་རྒྱུན་གྲོན་རང་རེད། དེ་ལ་དྲི་བ་མེད། དམིགས་བསལ་ནི་ལོ་ལྟར་འགྲོ་སོང་གཏོང་མི་དགོས་པར་ལོ་སོ་སོའི་ནང་དགོས་གལ་དང་དཔལ་འབྱོར་གྱི་མཐུན་རྐྱེན་ལ་གཟིགས་ནས་གནང་ཐུབ་ན་གནང་རྒྱུ་དང་གནང་མ་ཐུབ་ན་བཞག་རྒྱུ་རེད། ཡིན་ནའང་གནང་མ་ཐུབ་པར་ལུས་པ་ད་ལྟ་བར་བྱུང་མེད། དམིགས་བཀར་ཞེས་པ་དངུལ་འབབ་ཡོང་ས་རོགས་རམ་བྱེད་མཁན་སྡེ་ཚན་ཞིག་གི་བརྒྱུད་ནས་ལས་དོན་བྱེ་བྲག་པ་ཞིག་ལ་དམིགས་ནས་དངུལ་འབབ་བྱུང་བ་དེ་དམིགས་བཀར་རེད། དེ་བྱུང་ན་ལོ་འཁོར་སྔོན་རྩིས་ནང་བཀའ་ཁྲོལ་ཞུ་དགོས། དེ་མ་བྱུང་ནའང་སྤྱི་འཐུས་རྒྱུན་ལས་ལ་ཐད་ཀར་བཀའ་ཁྲོལ་ཞུས་ན་ཉིན་བཅུའི་ནང་བཀའ་ཁྲོལ་ཕུལ་གྱི་ཡོད། དེའི་ནང་རོགས་རམ་འབུལ་མཁན་སུ་ཡིན་དང༌། གང་གི་ཆེད་དུ་ཕུལ་གྱི་ཡོད། ལེན་མཁན་སུ་ཡིན་བཅས་སྤྱི་འཐུས་ཀྱིས་མཁྱེན་དགོས་པ་རེད། དེ་མ་གཏོགས་གང་ཡང་ཞུ་གི་མེད། འབུལ་མཁན་དེ་ང་ཚོའི་ཆབ་སྲིད་ཀྱི་ཐོག་ནས་ལེན་མི་འོས་པ་ཞིག་ཡིན་མིན་དང༌། ལེན་མཁན་དེ་གཞུང་གི་སྒྲིག་འཛུགས་སྡེ་ཚན་ཚད་ལྡན་ཞིག་ཡིན་མིན། ལས་གཞི་དེ་གཞུང་གི་ཆབ་སྲིད་ཀྱི་གནས་སྟངས་དང་འགལ་བ་ཞིག་ཡིན་མིན་བཅས་དེ་ཙམ་ཞིག་བལྟ་རྒྱུ་རྒྱུན་ལས་ཀྱི་ལས་འགན་རེད་མ་གཏོགས་དེ་ལས་སྤྲོས་ཏེ་གང་ཡང་ལྟ་གི་མེད།ཉིན་བཅུའི་ནང་རྒྱུན་ལས་ནས་ལན་མ་བྱུང་ན་བཀའ་འཁྲོལ་བྱུང་བ་ལ་ཆ་འཇོག་དགོས་ཞེས་གསལ་ཡོད་པ་རེད། དེར་བརྟེན་བཀའ་ཁྲོལ་ཞུ་མཁན་ལ་དཀའ་ངལ་གཏན་ནས་མེད། བཀའ་ཁྲོལ་གནང་མཁན་ལ་དཀའ་ངལ་ཡོད་པ་རེད། ཉིན་བཅུའི་ནང་བརྟག་དཔྱད་ཆ་ཚང་བྱེད་ཐུབ་མིན་ཧ་མི་གོ་བ་ཞིག་རེད། ཞལ་འདེབས་འབུལ་མཁན་གྱི་མིང་སྤྱི་འཐུས་རྒྱུན་ལས་ལ་བཤད་མི་དགོས་པ་གཙོ་འདོན་བྱེད་མཁན་མང་པོ་འདུག དེ་ཡ་མཚན་གྱི་གནས་ཚུལ་ཞིག་རེད། སྲིད་གཞུང་ཞིག་གིས་ཕྱི་མི་ཞིག་ས་ནས་དངུལ་ལེན་གྱི་ཡོད་རེད། སྤྲོད་མཁན་གྱི་མི་དེ་རྒྱུན་ལས་ལ་ལབ་འོས་པ་དང་བསྟན་འོས་པ་ཞིག་དགོས་ཀྱི་རེད། དེ་མེད་ན་ངེས་པར་དུ་དགག་བྱ་ཡོང་སྲིད་ཀྱི་རེད། དོན་གཅོད་ཁག་དང་ལས་ཁུངས་ཁག་འགའ་ཤས་ནས་སོ་སོས་འདུ་འགོད་བྱས་པའི་དངུལ་ཐོག་ནས་འགྲོ་སོང་བཏང་བ་དེ་ལེགས་པ་དང༌། གཞུང་ནས་དགོས་དངུལ་ཞུས་ནས་འགྲོ་སོང་བཏང་བ་དེ་སྡུག་པའི་སྣང་བ་ཡོད་པ་དེ་རྒྱུ་མཚན་གང་ཡིན་ཤེས་ཀྱི་མི་འདུག དཔེར་ན་དམིགས་བཀར་ནང་གནམ་གྲུའི་བརྒྱ་ཆ་ནས་བྱུང་བའི་དངུལ་དེས་གྲང་གློག་བཙུག་གི་ཡིན་ཞེས་རྒྱུ་མཚན་བཤད་ཀྱི་ཡོད་པ་རེད། གོང་གསལ་དངུལ་འབབ་དེ་སྤྱིར་སྟངས་ཡོང་ཁུངས་ལ་བཞག་སྟེ་གྲང་གློག་བཙུག་རྒྱུའི་དགོས་དངུལ་དམིགས་བསལ་ནང་བཀའ་ཁྲོལ་ཞུས་ན་ག་རེ་མི་འགྲིག་པ་ཡོད་དམ། སོ་སོས་འདུ་འགོད་བྱས་པའི་དངུལ་དེ་དཔལ་འབྱོར་ལས་ཁུངས་ལ་ཡར་ཕུལ། དགོས་དངུལ་མར་ཞུས་ནས་བཙུགས་པའི་གྲང་གློག་དེས་ཁང་པ་གྲང་མོ་ཆགས་ཀྱི་མི་འདུག་ཅེས་གསུང་རྒྱུ་ཡོད་ན་ནི་རྒྱུ་མཚན་ཡོད་པ་ཞིག་རེད། དེ་མིན་དངུལ་འབོར་དེ་ཡར་ཕུལ་ནས་དགོས་དངུལ་དེ་དམིགས་བསལ་ནང་ཞུས་ན་མི་འགྲིག་པའི་རྒྱུ་མཚན་མཐོང་གི་མི་འདུག ཡིན་ནའང་བསམ་ཚུལ་དེ་ཇི་ལྟར་སླེབས་པ་རེད་ཟེར་ན། ངས་སྔོན་དུ་ཞུས་མྱོང་བ་བཞིན། ང་ཚོའི་ལས་ཁུངས་དང་ངའི་ལས་ཁུངས་ཀྱི་དངུལ་འབབ་ཅེས་ང་ཡི་བའི་འཇིག་ལྟ་ཤུགས་ཆེ་བ་དང༌། དཔལ་འབྱོར་ལས་ཁུངས་ནས་གནང་བའི་དངུལ་འབབ་དེ་གཞུང་ནས་ཡིན་སྟབས། ང་ཡི་བའི་འཇིག་ལྟ་ཤུགས་ཆུང་བ་ཡོད་ཙང༌། དེས་གྲང་གློག་ཉོས་ནའང་གྲང་མོ་ཆགས་ཨེ་ཡོང་བསམ་པའི་དྭོགས་པ་ཡོད་ན་མ་གཏོགས། དེ་མིན་རྩིས་འགོ་བཞག་སྟངས་མི་འདྲ་བ་ཙམ་ལས་དངོས་ཡོད་གནས་ཚུལ་ལ་ཁྱད་པར་ཡོད་བཞིན་དུ་ད་དུང་ཨུ་ཚུགས་གནང་བ་དེ་སྤྱང་པོའི་ཨུ་ཚུགས་མ་རེད་བསམ་གྱི་འདུག དེ་འདྲ་སོང་ཙང་འགྲོ་སོང་གི་ཐོག་ལ་གཅོག་ཆ་གནང་གི་མེད་ཀྱང་འགྲོ་སོང་དེ་ཚོ་དམིགས་བསལ་ནང་བཞག་པ་མ་གཏོགས་དམིགས་བཀར་ནང་བཞག་ན་འགྲིག་གི་མ་རེད་ཅེས་ཐག་བཅད་ནས་ལམ་སྟོན་བྱེད་ཀྱི་ཡོད། འདས་པའི་ལོ་ཤས་རིང་ལྷོད་ཡངས་ཕྱིན་ནས་དམིགས་བཀར་དང་དམིགས་བསལ་གཉིས་དབྱེ་བ་མ་ཕྱེ་བར་ལུགས་མཐུན་གྱི་དམིགས་བཀར་དང་ལས་ཁུངས་སོ་སོས་འདུ་འགོད་བྱས་པའི་དམིགས་བཀར་གཉིས་ཡོང་དུས། སྡེ་ཚན་གསུམ་ཕྱེ་བའི་དགོས་པ་མེད་པ་ཆགས་ཀྱི་འདུག ཡང་ན་སྒྲིག་གཞི་འགྱུར་བ་གཏོང་དགོས། གལ་སྲིད་འགྱུར་བ་བཏང་ན་སྔར་བཞིན་ལས་ཁུངས་སོ་སོས་ཐད་ཀར་འདུ་འགོད་བྱ་རྒྱུའི་དངུལ་ཧ་ཅང་ཕོན་ཆེན་ཆགས་རྒྱུ་དང༌། ད་ལྟའི་དཔལ་འབྱོར་གྱི་ལམ་ལུགས་ཆ་ཚང་ལ་འགྱུར་བ་ཆེན་པོ་འགྲོ་ངེས་རེད། དེ་འདྲའི་དམིགས་ཡུལ་ཞིག་ཡོད་ན། བཀའ་ཤག་ནས་སྒྲིག་གཞི་བཅའ་ཁྲིམས་བསྐྱར་བཅོས་ཆེད་དུ་གྲོས་འཆར་འདོན་ནུས་པ་ཞིག་དགོས། སྒྲིག་གཞི་ཡོད་བཞིན་དུ་སྤྱང་གྲུང་གི་ལམ་ནས་འདྲ་མིན་སྣ་ཚོགས་ཤིག་འགྲོ་གང་ཐུབ་གནང་བ་དེ་དངོས་རྭ་འཕྲོད་པའི་རྒྱུ་མཚན་ཡོད་ན་མ་གཏོགས། རྒྱུ་མཚན་མེད་པའི་ཨུ་ཚུགས་གནང་ན་མཁས་པའི་ཨུ་ཚུགས་མ་རེད། ཚོད་དཔག་འཆར་རྩིས་ཚོགས་ཆུང་ལ་ཕྱག་ལས་གནང་རྒྱུའི་དུས་ཚོད་ལྡེང་ངེས་བྱུང་མེད། ཡིན་ནའང་གང་འཚམས་ཞིབ་ཚགས་བྱུང་འདུག ཞིབ་ཚགས་མ་བྱུང་བ་ཡང་ཇི་སྙེད་ཅིག་ལུས་འདུག ལྷག་པར་དུ་ཚོགས་ཆུང་ཁག་བགོས་ནས་བགྲོ་གླེང་གནང་སྐབས་ཚོད་དཔག་ཚོགས་ཆུང་གི་གཅོག་ཆ་ཡོད་ས་ལ་མ་གཏོགས་གཞན་ལ་དམིགས་བསལ་ཐུགས་ཞིབ་གནང་མེད་ཚོད་འདུག ང་ཚོ་སྤྱི་འཐུས་བཞི་བཅུ་ཞེ་དྲུག་གི་ནུས་པ་བསྡོམས་བརྒྱབས་ནའང༌། དཔལ་འབྱོར་ལས་དོན་གྱི་ཐོག་ཞིབ་ཚགས་བྱ་རྒྱུ་དང༌། དོན་ཕན་ཡོད་པའི་མཛུབ་སྟོན་དང་བཏང་འཛིན་བྱ་རྒྱུའི་ནུས་པས་ལྡེང་གི་མི་འདུག ཁ་སང་ཞུས་པ་ནང་བཞིན་ང་ཚོའི་ལོ་འཁོར་སྔོན་རྩིས་དེ་འགོ་མཇུག་བར་གསུམ་རིམ་པ་ཚང་མར་ཁྱད་མཁས་ཀྱི་མི་སྣས་མ་བལྟས་པར་རང་བཞིན་ཕལ་པས་བལྟས་ནས་འགྲོ་བཞིན་ཆགས་ཀྱི་ཡོད། ལས་ཁུངས་སོ་སོའི་ནང་འཆར་རྩིས་བཟོ་བའི་སྐབས་ལའང་དཔལ་འབྱོར་དང་སྔོན་རྩིས་ཀྱི་རྣམ་བཞག་ལ་ཁྱད་མཁས་ཚོས་བལྟ་རྒྱུའི་གོ་སྐབས་མེད། དེ་ནས་བཀའ་ཤག་དང༌། ཚོད་དཔག་ཚོགས་ཆུང༌། གྲོས་ཚོགས་སྤྱི་ཡོངས་བཅས་པར་མི་ཕལ་པ་ཤ་སྟག་གིས་ཞིབ་འཇུག་བྱས་ནས་ཕྱིན་པ་དེ་ཇི་ཙམ་ཚད་ལྡན་ཡོང་གི་ཡོད་མེད་ཚོད་ཐིག་ཁག་པོ་ཡོད། ང་ཚོ་འོས་འདེམས་བྱུང་རྗེས་རང་བཞིན་གྱིས་ཁྱད་མཁས་ཆགས་ཀྱི་མེད་ཀྱང༌། ངེས་པར་དུ་དོ་སྣང་དང་ཤེས་འདོད་བྱས་ཏེ་དཀའ་ལས་བརྒྱབས་ནས་ཞིབ་ཚགས་བྱེད་དགོས། ལས་དོན་རེ་རེ་བཞིན་ནག་པོ་འབྲུ་བཤེར་གྱིས་ཞུ་དག་ཞིབ་ཚགས་བཏང་ཆེད་ཅོག་ཙེའི་སྒང་ལ་དུས་ཚོད་བཏང་ནས་དཀའ་ལས་བརྒྱབ་རྒྱུའི་འདུན་པ་དང་སེམས་ཤུགས་གཤིས་ཀ་བཅས་མེད་པ་དེ་འགྲིག་གི་མི་འདུག གཅིག་བྱས་ན་ངས་ཞུས་པ་དེ་དུས་ཚོད་ཡོལ་བའི་སྐད་ཆ་ཞིག་ཡིན་གྱི་རེད་དེ། ཡིན་ནའང་མི་རིགས་གཅིག་ཡིན་པའི་ཆ་ནས་བཙན་བྱོལ་སྲིད་གཞུང་ཞིག་འཛིན་སྐྱོང་བྱེད་དགོས་པའི་ཆ་ནས་ང་ཚོ་ཚང་མས་ངེས་པར་དུ་དགོངས་པ་བཞེས་དགོས་པའི་གནས་ཚུལ་ཞིག་ཆགས་ཡོད། དེ་ཚོ་གཞི་རྩར་བཞག་པའི་ཐོག་ནས་སྔོན་རྩིས་ཀྱི་དངུལ་འབབ་རིམ་བཞིན་གཏན་འབེབས་ཞུ་རྒྱུ་ཡིན། ཞེས་གསུངས།
བོད་མི་མང་སྤྱི་འཐུས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཚོགས་དུས་བཅུ་པ། ༡༩༩༦/༠༡/༣༠ ་་་ ༡༩༩༦/༠༢/༡༠