སྒྲིག་འཛུགས་དང་འཛིན་སྐྱོང་གི་ལམ་སྲོལ།
༄༅། །གནའ་རབས་ཀྱི་ཆོལ་རྒྱལ་རྣམས་ཀྱི་སྐབས་སྒྲིག་འཛུགས་དང་འཛིན་སྐྱོང་གི་ལམ་སྲོལ་ཇི་འདྲ་ཞིག་ཡོད་པ་ད་ལྟ་བརྗོད་དཀའ་ཡང༌། ཕྱི་བློན་དང་ནང་བློན། དམག་དཔོན་དང་སྡེ་དཔོན་སོགས་ཀྱི་སྡེ་ཚན་དབྱེ་ཕྱོགས་ལ་གཞིགས་ན་ཚད་མཐོའི་ལམ་སྲོལ་ཞིག་ཡོད་པ་མངོན་ཐུབ་པ་མ་ཟད། ཤར་གླིང་ནང་དམག་གི་སྟོབས་ཤུགས་ཆེ་ཤོས་སུ་གྱུར་ཏེ་འཛམ་གླིང་ས་ཡི་གསུམ་གཉིས་ལ་དབང་བར་གྲགས་པ་དེ་སྒྲིག་འཛུགས་ཚད་ལྡན་ཞིག་ཡོད་པའི་དབང་གིས་བྱུང་བ་ཡིན་པ་རང་བཞིན་གྱིས་ཚོད་དཔག་བྱེད་ཐུབ།
ས་སྐྱས་མངའ་དབང་བཟུང་བ་ནས་གཞུང་ཞབས་རྣམས་ལས་ཚན་བཅུ་གསུམ་དུ་དབྱེ་སྟེ་སྒྲིག་འཛུགས་ཀྱི་ལམ་སྲོལ་གཏོད་པ་དང༌། དེ་དང་ཕལ་ཆེར་ཕྱོགས་མཐུན་པར་དགའ་ལྡན་ཕོ་བྲང་གི་ཆབ་སྲིད་དབུ་བརྙེས་པའི་རྗེས་སུའང་དབུས་དང་ཕྱོགས་མཐའི་ལས་ཀྱི་སྣེ་མོ་བ་རྣམས་ལས་ཚན་གོ་རིམ་དུ་བགོས་ཏེ་རང་རང་སོ་སོའི་ལས་འགན་སྒྲུབ་ཕྱོགས་ཞིབ་ཕྲ་བཀོད་པའི་ལམ་སྟོན་སྒྲིག་ཡིག་སྡེ་སྲིད་སངས་རྒྱས་རྒྱ་མཚོས་རྩོམ་སྒྲིག་གནང་ཡོད་པ་དེ་དག་ཕྱི་ལོ་ ༡༩༥༩ བར་ཡག་ཉེས་ལ་མ་ལྟོས་པར་རྒྱུན་གནས་ཐུབ་པ་བྱུང་ཡོད་སྟབས། སྐབས་དེ་ལ་དཔགས་པའི་འཛིན་སྐྱོང་གི་སྒྲིག་འཛུགས་ཡག་ཐག་ཆོད་དང་དེའི་དག་གིས་སྐབས་དེར་གལ་ཆེར་བརྩི་བའི་གཞུང་གི་ལས་དོན་ཆེ་ཕྲ་ཡོངས་རྫོགས་འཐུས་ཤོར་མེད་པ་བསྒྲུབས་ཐུབ་པ་ཡོང་གི་ཡོད། འོན་ཀྱང་ང་ཚོའི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་གནས་སྟངས་གཞན་དང་མཚུངས་པར་འཛིན་སྐྱོང་གི་གནས་སྟངས་ཀྱང་དུས་དང་མཐུན་པའི་འགྱུར་བ་མ་ཕྱིན་པའི་དབང་གིས་ད་ལྟའི་དགོས་མཁོ་དང་མི་འཚམས་པ་སྔ་མོ་ནས་གྱུར་ཟིན། འོན་ཀྱང་ ༡༩༥༩ དུས་འགྱུར་ལྟུ་བ་ཞིག་ལ་བྱུང་ན་སྔར་ལམ་ལ་འགྱུར་བ་གཏོང་རྒྱུ་ལས་སླ་བ་ཞིག་མེད་ ༡༩༥༩ ལོར་ྋགོས་ས་མཆོག་སྟོན་འཁོར་བཙན་བྱོལ་དུ་ྋཞབས་སོར་འཁོད་མ་ཐག་མ་སུ་རིར་དེ་སྔོན་གྱི་བཀའ་ཤག་དང༌། ཡིག་ཚང༌། མཛོད་སྦུག རྩིས་ཁང་ལ་སོགས་པའི་ལས་ཁུངས་ཁག་གི་གནས་བབས་ཕྱིར་བསྡུ་དང༌། བཙན་བྱོལ་གཞུང་གི་ལས་དོན་རྣམས་ཆོས་དོན། ཤེས་རིག ནང་སྲིད། ཕྱི་འབྲེལ། བདེ་སྲང་ལྔར་དབྱེ་ནས་བཀའ་བློན་རྣམ་པས་ལས་ཁུངས་སོ་སོའི་དབུ་ཁྲིད་གནང་རྒྱུ་དང༌། བཀའ་ཤག་གི་ངོ་བོ་མ་ཉམས་པར་བྱས་ཏེ་བཀའ་བློན་རྣམས་དུས་ནས་དུས་སུ་བཀའ་ཤག་ཚོགས་རྒྱུའི་ལམ་སྲོལ་གསར་གཏོད་མཛད་དེ་རླབས་ཆེན་གྱི་འགྱུར་བ་ཞིག་གཏོང་གནང་མཛད་ཡོད། འོན་ ཀྱང་སྐབས་དེར་བོད་ནས་ཕེབས་པའི་གཞུང་ཞབས་ཉུང་ཤས་ལས་མེད་པ་དང༌། ལྷག་པར་ཕྱི་རྒྱལ་གྱི་སྐད་ཡིག་མཁྱེན་མཁན་ཧ་ཅང་དཀོན་པོ་ཡིན་སྟབས། ཛ་དྲག་འཕྲལ་སེལ་གྱི་ལས་བྱེད་མང་པོ་བཀོད་བསྒྲིགས་གནང་དགོས་བྱུང་བ་ནི་ལྡོག་ཏུ་མེད་པའི་གནས་ཚུལ་ཞིག་རེད། དེ་ནས་རིམ་གྱིས་ྋགོང་ས་ཆེན་པོའི་ཐུགས་རྗེ་དང་འཕྲིན་ལས་ལ་བརྟེན་ནས་བཙན་བྱོལ་གཞུང་གི་ལས་དོན་རྣམས་གཞི་རྒྱ་ཇེ་ཆེར་སོང་བའི་སྐབས་སུའང་ཐད་ཀར་ཐད་ཀར་ཛ་དྲག་འཕྲལ་སེལ་མ་གནང་མེད་ཀྱི་གནས་ཚུལ་རྣམས་རིམ་བཞིན་ལེགས་བཅོས་ཚད་ལྡན་གནང་མ་ཐུབ་པར་འཕྲལ་སེལ་གྱི་གོ་སྒྲིག་རྣམས་གཏན་འཇགས་ཀྱི་ངོ་བོར་སོང་སྟེ་ལས་དོན་གྱི་ཐོག་ནུས་པ་ཇི་བཞིན་མ་ཐོན་པ་རིམ་པས་བྱུང་ཡོད། ༡༩༥༩ ནས་ ༡༩༧༩ བར་གྱི་ལོ་ཉི་ཤུའི་གནས་སྟངས་ནི་བཙན་བྱོལ་བོད་མིའི་བྱུང་རབས་ཀྱི་ནང་ལས་དོན་མང་ཤོས་དང་གྲུབ་འབྲས་ཆེ་ཤོས་ཐོན་པའི་གོ་སྐབས་ཤིག་ཡིན་ནའང༌། དུས་སྐབས་དེའི་ལས་བྱེད་རྣམས་ཛ་དྲག་འཕྲལ་སེལ་གྱི་རྟོག་སྒྲུག་བརྒྱབས་ཏེ། བཀོད་སྒྲིགས་བྱས་པ་ཞིག་ལས་རིགས་གཅིག་རྐང་འཛིན་དང་ལས་དོན་དང་འཚམས་པའི་ཁྱད་ལས་ཀྱི་སྦྱོང་བདར་ཡོད་པ་རྙེད་ཐབས་བྱུང་མེད། འོན་ཀྱང་དུས་རབས་དེའི་ནང་ཕོགས་དང་མཐུན་རྐྱེན་ཞན་པ། ལས་ཁུངས་ཁག་གི་ནང་དགོས་མཁོ་སྐྱོ་བ་འགྲིམས་འགྲུལ་དཀ་བ་སོགས་ད་ལྟའི་གནས་སྟངས་ཀྱི་ཐོག་ནས་ཕྱི་མིག་ཅིག་བལྟས་པ་ཡིན་ན་དེ་དུས་གྲུབ་འབྲས་མང་པོ་དེ་ཙམ་ག་འདྲ་ཐོན་པ་ཡིན་ནམ་བསམ་དགོས་པ་དང༌། ཡང་ན་གནས་བབས་དེ་འདྲ་ཞིག་དེ་རིང་ཡོད་པ་ཡིན་ན་ང་ཚོས་ལས་ཀ་གང་ཡང་བྱེད་མི་ཐུབ་པའི་གནས་སྟངས་ལྟ་བུ་ཞིག་ཆགས་ཡོད། དེ་ནས་རིམ་གྱིས་ཛ་དྲག་གི་གནས་ཚུལ་ལས་གྲོལ་ནས་བཙན་བྱོལ་གཞུང་མང་གཉིས་ཀ་ཕྲན་བུའི་ལྷིང་འཇགས་དང་དཔལ་འབྱོར་གྱི་མཐུན་རྐྱེན་ཡང་ཇེ་བཟང་དུ་སོང་བ་ནས་བཟུང་ལས་ཀའི་གྲུབ་འབྲས་ལ་འཕར་ཚད་ཆེན་པོ་ཡོང་དགོས་པ་ཞིག་ཡིན་ནའང་དེ་ལས་ལྡོག་སྟེ་གྲུབ་འབྲས་ཇེ་ཉུང་ཇེ་ཞན་དུ་སོང་ཡོད། དངོས་ཡོད་ཀྱི་གནས་ཚུལ་འདི་ཚང་མས་མོས་མཐུན་གནང་གི་རེད་བསམ་གྱི་ཡོད། ཐོག་མའི་གནས་སྐབས་སུ་ཆེད་སྦྱོང་དང་ཤེས་འཇོན་གྱིས་མ་འདེང་བའི་སྟོང་ཆ་དེ་ལྷག་བསམ་དང་སེམས་ཤུགས། ཧུར་བརྩོན་བཅས་ཀྱིས་བཀང་ཡོད་སྟབས། འཐུས་ཤོར་ཕྱིན་མེད། ད་ཆ་སྒྲིག་འཛུགས་བརྟན་ལྷིང་དང་སྲི་ཞུ་བ་རྣམས་ཀྱང་ལས་དོན་དེ་དག་རང་གི་འཚོ་ཐབས་ཀྱི་ངོ་བོར་རིམ་བཞིན་འགྱུར་བ་བཅས་ལ་བརྟེན། ད་ལྟའི་གནས་སྐབས་སུ་འཛིན་སྐྱོང་རིག་པ་དང་མཐུན་པའི་ལས་བྱེད་པའི་ས་མིག་བཀོད་བསྒྲིགས་དང༌། དེའང་གོང་མ་གོང་མས་ལས་ཀ་ཆ་བགོས་དང་འགན་དཀྲི་བྱེད་ཕྱོགས། རྒྱུན་ལྡན་མཇུག་ནོན་ལྟ་རྟོག་གི་ལམ་ནས་ལས་ཀ་བླངས་མ་ཐུབ་ན་རང་འཇོན་རང་འགུལ་གྱི་གོ་སྐབས་དེ་རྫོགས་ཟིན་པ་ཞིག་རེད། གནས་ཚུལ་འདི་རིམ་བཞིན་ཇེ་གསལ་དུ་སོང་སྐབས་ལེགས་བཅོས་དང་འགྱུར་བ་གཏོང་དགོས་ཀྱི་ཙོར་སྣང་ཞི་བྱུང་སྟེ་སྐབས་གཅིག་ལས་བྱེད་ཞུ་བསྡུ་དང་སྒྲིག་འཛུགས་བསྐྱར་བཅོས་འགའ་ཤས་གནང་ཡོད་ནའང༌། འདས་པའི་ལོ་བཅོ་ལྔ་ཙམ་གྱི་རིང་ས་མིག་དང་ལས་བྱེད་ཀྱི་བཀོད་བསྒྲིགས་ཐོག་བསྐྱར་ཞིབ་དང་འགྱུར་བ་དགོས་ངེས་ཤིག་བྱུང་ཐུབ་མེད། ཡང་དེང་དུས་ཀྱི་སློབ་སྦྱོང་འཐོན་མཁན་ཚོ་ལས་བྱེད་དུ་སླེབས་སྐབས་གནམ་ས་ཁ་ལོ་བསྒྱུར་བའི་འགྱུར་བ་ཞིག་ཡོང་རྒྱུའི་རེ་བ་བྱས་ཡོད་ཀྱང༌། དེའང་བྱུང་མེད། ཕྱི་ལོ་ ༡༩༩༡ ལོར་བཅའ་ཁྲིམས་རིན་པོ་ཆེ་གཏན་ལ་བབ་པ་ནས་བཟུང་བཅའ་ཁྲིམས་ཀྱི་ཆ་རྐྱེན་འོག་ཁྲིམས་དང་སྒྲིག་གཞི་རིམ་པས་གཏན་ལ་ཕབ་ཡོད་ཀྱང༌། ལས་འབོར་ཉམས་ཞིབ་དང་ས་མིག་བསྐྱར་བཅོས་ཐད་གྲོས་ཚོགས་དང་འཛིན་སྐྱོང་གཉིས་ཀ་ནས་སྒྲིག་དོན་བཞིན་གནང་ཐུབ་མེད་ཅིང༌། དེའི་སྐོར་སྒྲིག་གཞི་དོན་ཚན་ཁག་ལག་ལེན་དུ་མ་འཁེལ་བར་ལུས་ཡོད། སྐབས་བཅུ་གཉིས་པའི་བཀའ་ཤག་གིས་ལས་འགན་བླངས་མ་ཐག་འཛིན་སྐྱོང་རིག་པ་དང་མཐུན་པའི་ལས་འབོར་ཉམས་ཞིབ་བྱེད་རྒཡུའི་ཆེད་རྒྱ་གར་ཆེད་ལས་པའི་ཚོགས་སྡེ་ཞིག་གླ་གླས་བྱས་རུང༌། ཁོ་ཚོས་ལས་འབོར་ཉམས་ཞིབ་བྱས་པའི་གྲུབ་དོན་རྒྱབ་གཉེར་ནང་ད་ཡོད་ལས་བྱེད་ཀྱི་བརྒྱ་ཆ་ལྔ་བཅུ་ཙམ་ཞིག་མ་གཏོགས་དགོས་མཁོ་མེད་པར་གསལ་བཀོད་བྱས་པ་ཡིན་ཙང༌། ཡ་ཡུད་ཆེ་བའི་རྒྱབ་གཉེར་དེ་བཀའ་ཤག་གིས་ངོས་ལེན་དང་ལག་བསྟར་བྱས་མ་ནུས། ལྷག་པར་གཞུང་ཞབས་དང་རང་ཁོངས་ལས་བྱེད་ཟེར་བའི་སྡེ་ཚན་གཉིས་འདྲ་མཉམ་དུ་ཡོད་པ་ཡིན་སྟབས་ལྟ་གྲུབ་དང་མཐུན་པའི་ལེགས་བཅོས་བྱེད་ཐབས་དཀའ་བ་ཞིག་ཆགས་འདུག བཙན་བྱོལ་གཞུང་གཅིག་གི་འོག་སྲི་ཞུ་བའི་ནང་གཞུང་ཞབས་དང་རང་ཁོངས་ལས་བྱེད་ཀྱི་དབྱེ་བ་གཉིས་དང༌། གཞུང་དངུལ་གྱི་ནང་རྒྱུན་གྲོན་དང་དམིགས་བཀར་ཞེས་པའི་དབྱེ་བ་གཉིས་ཕྱེ་སྟེ་ཟབས་བྲོ་མཉམ་དུ་བརྒྱབས་ནའང་སྐེད་གཟེར་ལོགས་ཁ་བྱེད་ས་ཡོད་པ་ཞིག་འདུག་པ་དེ་སྲོལ་རྒྱུན་དང་དེང་རབས་གཉིས་ཀ་དང་མི་མཐུན་པའི་ང་ཚོའི་ཐོུང་མ་ཡིན་པའི་གནས་སྟངས་ཤིག་འདུག གནས་སྟངས་དེ་རང་འཇགས་སུ་བཞག་ནས་ལོ་ལྔའི་དུས་ཡུན་འཁྱོལ་ཐབས་ཤིག་བྱེད་པ་ཡིན་ནའང་སྐབས་བཅུ་གཉིས་པའི་བཀའ་ཤག་ལ་གནམ་རྡིབ་ཡོང་བའི་ཉེན་ཁ་ཞིག་མ་མཐོང་ཡང༌། བཙན་བྱོལ་གཞུང་གི་ཕུགས་རྒྱང་རིང་པོའི་བརྟན་ལྷིང་རྒྱུན་གནས་ཐུབ་ཐབས་ཀྱི་ཁེ་ཕན་ལ་ཤེས་བཞིན་དུ་དོ་སྣང་མ་བྱས་ན་ལས་རྒྱུ་འབྲས་ལ་མི་གཏུགས་པར་བསམས་ཏེ་གཞི་རིམ་གྱི་གནས་ཚུལ་འདི་གཉིས་ཀ་ལ་ལེགས་བཅོས་གཏོང་རྒྱུའི་མོས་མཐུན་ཐག་གཅོད་བྱས་པ་ཡིན། རྒྱུན་གྲོན་དམིགས་བཀར་གྱི་དབྱེ་བ་མེད་པར་གཞུང་དངུལ་ཡིན་ཚད་ཕྱོགས་བསྡོམས་མ་དུངལ་དུ་ཚུད་དགོས་པ་དང༌། དེ་ལ་དབུས་དང་ས་གནས་གང་རུང་གི་གྲོས་ཚོགས་ཀྱིས་བཏང་འཛིན་དང༌། རྩིས་ཞིབ་པས་བསྐྱར་ཞིབ་བྱེད་དགོས་པའི་ལམ་སྲོལ་ད་ལྟ་ཕལ་ཆེར་ཕག་པ་གཡག་ལམ་དུ་ཆུད་པ་ཞིག་བྱུང་ཟིན་པས་འབྱུང་འགྱུར་ཡང་གནས་སྟངས་འདི་ཉམ་ཞིག་མ་ཕྱིན་པར་རིམ་པས་ཡར་རྒྱས་ཀྱི་སྲོལ་རྒྱུན་བཟང་པོ་ཞིག་ཆགས་པའི་རེ་བ་བྱེད་ཀྱི་ཡོད། གཞུང་ཞབས་དང་རང་ཁོངས་ལས་བྱེད་ཀྱི་སྒྲིག་གྲལ་གཉིས་པོ་དེ་དངུལ་ཟླ་བསྒྲིལ་བྱས་པ་ལྟ་བུའི་ཟླ་བསྒྲིལ་བྱེད་བདེ་པོ་ཞིག་མེད་པ་ཡིན་ཙང༌། ད་ལྟའང་དབུས་ལས་ཁུངས་མ་ལག་ཏུ་རང་ཁོངས་ལས་བྱེད་གསར་བསྐོ་མི་ཆོག་པབཟོས་པ་ཙམ་མ་གཏོགས། ད་ཡོད་རང་ཁོངས་ལས་བྱེད་རྣམས་གཞུང་ཞབས་སུ་ཟླ་བསྒྲིལ་བཏང་མ་ཐུབ་པར་ལུས་ཡོད། བཀའ་ཤག་གི་རེ་བར་བཙན་བྱོལ་བོད་གཞུང་ལས་ཁུངས་མ་ལག་དང་བཅས་པའི་ལས་བྱེད་ཡོངས་རྫོགས་གཞུངཞབས་ཀྱི་སྒྲིག་གྲལ་དུ་ཚུད་པ་ཞིག་དགོས་པ་དང༌། ཕྱོགས་མཐའི་ལས་བྱེད་རྣམས་རང་སྐྱོང་སྡེ་ཚན་སོ་སོའི་སྒྲིག་གྲལ་དུ་ཚུད་པ་ཞིག་མདོར་དོན་ལས་འབོར་དགོས་ངེས་དང་འཚམས་པའི་ལས་བྱེད་པའི་ས་མིག་གཏོད་རྒྱུ་དང༌། ལས་ཀའི་དགོས་མཁོ་དང་འཚམས་པའི་ཤེས་འཇོན་ཉམས་མྱོང་གི་གནས་ཚད་ཆ་ཚང་ཡོད་པའི་ལས་བྱེད་པ་ཁྲིམས་དང་སྒྲིག་གཞི་གཞིར་བཟུང་འདེམས་བསྐོའི་བརྒྱུད་ལམ་གྱི་ཐོག་ནས་བསྐོ་གཞག་བྱེད་དགོས་པ་བསྐོ་གཞག་ཟིན་པའི་ལས་བྱེད་རྣམས་ལ་ཕོགས་དང༌། སྡོད་ཤག གསོག་དངུལ། སྨན་བཅོས། ཕྲུ་གུའི་ཤེས་ཡོན། རྒས་ཡོལ་གྱི་ཐོབ་ཐང་སོགས་ཆ་ཚང་ཡོད་པ་ཞིག་བཟོ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། ཤེས་ཚད་འཇོན་ཐང་ཚད་ལྡན་མེད་པའི་དབང་གིས་སྒྲིག་འཛུགས་ཀྱི་ལས་དོན་ལ་ཕན་ཐོགས་མེད་པ། ཕོགས་དང་ཁེ་ཕན་ཆ་ཚང་མེད་པའི་དབང་གིས་ལས་བྱེད་བྱེ་བྲག་པར་ཕན་ཐོགས་མེད་པ། བཀོད་བསྒྲིགས་ཀྱི་ལམ་སྲོལ་ཆ་ཚང་མེད་པའི་དབང་གིས་སུས་སུ་བསྐོས་ཀྱང་ཆོག་པ་ལྟ་བུའི་སྒྲིག་འཛུགས་ཀྱི་རང་བཞིན་དང་མི་ལྡན་པའི་གནས་བབས་འདི་ནམ་ཕུགས་གཞུང་སྒེར་མང་གསུམ་ལ་གནོད་སྐྱོན་ཆེན་པོ་ཡོད་པ་དེ་ངོས་ཟིན་དགོས་པ་གལ་ཆེན་པོར་བརྩིས་པ་ཡིན། རྒྱབ་ལྗོངས་ཀྱི་གནས་ཚུལ་འདིའི་འོག་གི་གོང་དུ་ཚུས་པ་ལྟར་ལས་འབོར་དང་མཐུན་པའི་ས་མིག་གཏོད་ཐབས་དཀའ་བའི་གནས་སྟངས་ལ་གཞི་བཞག་ནས་ད་རེས་ངོ་ཡོད་ཀྱི་ལས་བྱེད་ལ་གཞིགས་པའི་ལས་འབོར་སྐྲུན་ཐབས་ཀྱི་ལུགས་ལྡོག་གི་ཐབས་ལམ་ལ་བརྟེན་ནས་བཙན་བྱོལ་གཞུང་གི་དབུས་ལས་ཁུངས་མ་ལག་དང་སྐུ་ཚབ་དོན་གཅོད་ཁག ས་གནས་འགོ་འཛིན་ལས་ཁུངས་ཁག་བཅས་ཀྱི་སྒྲིག་འཛུགས་བསྐྱར་བཅོས་དང༌། ས་མིག་གཏན་འབེབས། ས་མིག་ཟུར་འཇོག་བཅས་ཀྱི་རྩ་འཛིན་བཀོད་ཁྱབ་བཏོན་ཟིན་པ་ཡིན། ཉེ་སྔོན་ཕྱི་ཟླ་བདུན་པའི་ནང་གཅིག་བསྡུས་འཆར་གཞི་གསལ་བསྒྲགས་བྱེད་སྐབས་གཞུང་གི་སྒྲིག་འཛུགས་བསྐྱར་བཅོས། ༢༠༠༤ ཕྱི་ཟླ་ ༨ པའི་ནང་ཟིན་རེ་ཡོད་ཚུལ་བཤད་པ་ཡིན་ཡང༌། དངོས་སུ་ལག་ལེན་བསྟར་སྐབས་གནས་ཚུལ་མང་པོ་ཞིག་གི་དབང་གིས་ ༢༠༠༤ ཕྱི་ཟླ་ ༡༢ ཚེས་ ༢ བར་དུ་ལག་ལེན་ལ་བཀལ་མ་ཐུབ་པར་དགོངས་སེལ་ཞུ་རྒྱུ་ལས་མ་འདས།
གཞུང་ཞབས་བགྲེས་པ་མ་འདེང་བའི་དཀའ་ངལ་ཡོད་བཞིན་པའི་ཐོག་ཉེ་ཆར་ཁྲིམས་ཞིབ་པ་དང༌། རང་དབང་ལྡན་པའི་སྡེ་ཚན་ཁག་གི་འགན་འཛིན་གཞུང་ཞབས་དྲུང་ཆེ་ལས་ཐོགས་པ་རྣམས་ཀྱི་ནང་ནས་འཆར་འབུལ་གནང་བར་བརྟེན་མུ་གེའི་སྒང་གི་ཟླ་ལྷག་ཅེས་པའི་དཔེ་དང་མཚུངས་པ་ཞིག་བྱུང་སོང༌། དེའི་རྗེས་གཞུང་ཞབས་གནས་འཕར་རིམ་བྱུང་དབང་གིས་གནས་སྤོས་བཀོད་བསྒྲིགས་བྱ་དགོས་དང་དེ་བཞིན་སྒྲིག་འཛུགས་བསྐྱར་བཅོས་ཀྱིས་ས་མིག་ཏན་འབེབས་སྐབས་གནས་རིམ་དང་མི་འགྲོ་མ་མཐུན་པའི་གནས་སྤོས་བྱ་དགོས། དེ་བཞིན་སྔོན་ནས་ས་སྟོངས་ཡོད་པའི་ལས་བྱེད་བཀོད་བསྒྲིགས་བྱ་དགོས་བཅས་གནས་སྤོས་དང་བཀོད་བསྒྲིགས་ཁྱོན་ཆེ་ཙམ་ཞིག་བྱ་དགོས་ཡོད་པ་དེ་དག་ད་རེས་སྒྲིག་འཛུགས་བསྐྱར་བཅོས་དང་ཆབས་ཅིག་གནས་སྤོས་བཀོད་བསྒྲིགས་བྱས་དང་བྱེད་བཞིན་པ་ཡིན།
སྒྲིག་འཛུགས་བསྐྱར་བཅོས་བྱས་པའི་དགོས་དམིགས་གཙོ་བོ་ལས་ཁུངས་མ་ལག་དང་བཅས་པའི་ལས་དོན་གྱི་གྱོགས་ཚད་དང༌། སྤུས་ཀ། གྲུབ་འབྲས་གསུམ་གའི་ཐོག་དངོས་གསལ་དོད་པོའི་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡོང་ཐུབ་པའི་ཆེད་དུ་ཡིན། དེ་འདྲའི་འགྱུར་བ་ཞིག་ལ་བྱུང་བར་སྔར་ལམ་ད་འཇགས་སུ་ཕྱིན་པ་ཡིན་ན་སྒྲིག་འཛུགས་བསྐྱར་བཅོས་དང་ལས་བྱེད་བཀོད་བསྒྲིགས་སོགས་ཀྱི་རྙོག་འཛིངས་ཆེ་བའི་ལས་ཀ་འདིའི་ཐོག་དུས་ཚོད་མང་པོ་ཞིག་བཏང་བ་དེ་ཆུང་ཟོས་སུ་འགྲོ་རྒྱུ་རེད། དེ་ལ་བརྟེན་ནས་ད་རེས་འགན་འཛིན་དྲུང་ཆེ་རྣམ་པའི་ཚོགས་འདུ་ཆེད་བསྐོངས་ཞུ་རྒྱུ་འདི་ཧ་ཅང་གལ་གནད་ཆེ་བའི་ལས་དོན་ཞིག་ཏུ་བརྩིས་ནས་ལྷན་རྒྱས་རྣམས་ཐུགས་བྲེལ་ཡོད་མིན་ལ་མ་ལྟོས་པར་ཚོགས་འདུར་ཕེབས་རོགས་ཞུས་ཡོད། ད་རེས་བཀའ་ཤག་གི་ངོས་ནས་དམིགས་ཀྱིས་བཀར་བའི་དོན་གནད་འགའ་ཞིབ་གི་ཐོག་རེ་སྐུལ་གསལ་འདེབས་ཞུ་རྒྱུ་ཡིན།
ཉེ་ཆར་དྲུང་ཆེའི་ས་མིག་ཁ་ཤས་སྟོང་པ་ཐོན་པའི་སྐབས་བཀའ་བློན་ལས་ཁུངས་ཁག་གི་ད་ཡོད་དྲང་ཆེ་རྣམས་གནས་སྤོས་བྱེད་དགོས་པའི་རེ་འདུན་ཤུགས་ཆེ་གནང་མཁན་བྱུང་སོང་ཡང༌། བཀའ་བློན་ལས་ཁུངས་ཁག་གི་དྲུང་ཆེ་རྣམས་གནས་སྤོས་མ་དགོས་པ་གཙོ་འདོན་བྱས་པ་ཡིན། དེའི་རྒྱུ་མཚན་ནི་ད་ལྟ་འགྲོ་བཞིན་པའི་ལས་འཆར་དེ་ཚོའི་ཐོག་དུས་འགྱངས་དང་འཐུས་ཤོར་མི་འགྲོ་བའི་ཆེད་དུ་ཡིན། ད་ལྟའི་དྲུང་ཆེ་རྣམ་པས་འདས་པའི་ལོ་གཉིས་ལྷག་གི་རིང་ལས་གཞི་ཁག་ལ་མཁྱེན་རྟོགས་དང༌། རྒྱུས་མངའ། ཉམས་མྱོང་གང་འཚམས་ཡོད་པ་ཡིན་སྟབས། འབྱུང་འགྱུར་ལམ་གསུམ་གྱི་ནང་ཉེར་ཆར་གཏན་ལ་ཕབ་པའི་ལས་གཞི་ཁག་ལག་ལེན་ལ་བསྟར་ཐུབ་པའི་ལས་དོན་ནུས་ཤུགས་ལྡན་པ་ཞིག་ཡོང་རྒྱུའི་རེ་བ་བྱེད་ཀྱི་ཡོད། བཀའ་བློན་ཞིག་ལས་ཁུངས་འཕོ་འགྱུར་ཕྱིན་པ་ཡིན་ན་ལས་ཁུངས་ཀྱི་རྒྱུན་ལྡན་ལས་དོན་ལ་ཕན་གནོད་གང་ཡང་འདྲེས་ཀྱི་མ་རེད། དྲུང་ཆེ་ཞིག་གནས་སྤོས་སོང་བ་ཡིན་ན། དྲུང་ཆེ་གསར་པས་ལས་དོན་ཆ་ཚང་ཉམས་འོག་ཏུ་ཚུད་རྒྱུར་ཉུང་མཐར་ཟླ་བ་གཉིས་གསུམ་འགོར་གྱི་རེད། དེ་འདྲ་སོང་ཙང་ད་ལྟ་བཀའ་བློན་ལས་ཁུངས་ཁག་ཏུ་ཕྱག་ལས་གནང་བཞིན་པའི་དྲུང་ཆེ་རྣམས་ལྡོག་ཏུ་མེད་པའི་གནས་ཚུལ་ཞིག་བྱུང་ན་མ་གཏོགས་ ༢༠༠༦ ཕྱི་ཟླ་ ༩ པའི་བར་གནས་སྤོས་གཏོང་མི་དགོས་པའི་རེ་བ་བྱེད་ཀྱི་ཡོད། སང་ཉིན་ནས་བཟུང་སྟེ་ལས་ཁུངས་སོ་སོའི་སྒྲིག་འཛུགས་བསྐྱར་བཅོས་བྱས་པ་གཞིར་བཟུང་ལས་དོན་ཐོག་ཤུགས་སྣོན་ཅི་ཆེར་གནང་རྒྱུའི་སྙན་སྐུལ་ཞུ་རྒྱུ་ཡིན།
དོན་ཚན་དང་པོ། ལས་བྱེད་པའི་བསམ་པའི་འཁྱེར་སོ།
སྔོན་དུ་ལན་མང་ཞུས་ཟིན་པ་ལྟར་ལས་བྱེད་རྣམས་ཀྱི་བསམ་པའི་འཁྱེར་སོ་ལ་འགྱུར་བ་གཏོང་དགོས་པའི་དོན་གནད་འགའ་ཤས་བསྐྱར་ལྡན་བྱེད་ཀྱི་ཡིན།
དོན་ཚན་གཉིས་པ། ལས་བྱེད་ཕན་ཚུན་གྱི་འབྲེལ་བ།
བོད་པའི་སྤྱི་ཚོགས་ནང་སྒེར་དང་གཞུང་གི་འབྲེལ་བ་ཐ་དད་དུ་མ་ཕྱེ་བར་མཉམ་བསྲེས་བྱས་པའི་གོམས་གཤིས་ངན་པ་དེའི་དབང་གིས་ཕན་ཚུན་སྒེར་གྱི་འབྲེལ་བ་ཡག་པོ་མེད་པའི་ལས་བྱེད་རྣམས་གཞུང་གི་ལས་དོན་གྱི་ཐོག་ཏུའང་ཕན་ཚུན་འབྲེལ་བ་བྱེད་མ་ཐུབ་པའམ། ཡང་ན་སྒེར་གྱི་མཐོང་ཚུལ་གཞུང་དོན་ཐོག་སྦྱར་ཏེ་རང་གི་བློ་ལ་མི་འགྲོ་བའི་མི་ཞིག་གི་གཞུང་དོན་ལས་ཀའི་ཐོག་ཏུའང་སྐྱོན་མཐོང་བ་དང༌། སྐྱོན་འཚོལ་བ། དེ་བཞིན་སྒེར་འཁོན་ཅན་གྱི་མི་གཉིས་ལས་ཁཱུངས་གཅིག་ཏུ་ཡོད་ན་ལས་དོན་ཐོག་མཉམ་རུབ་དང་མཐུན་ལམ་བྱེད་མ་ཐུབ་པའི་དཀའ་ངལ་ཞིག་ཡོང་གི་འདུག དཀའ་ངལ་འདི་སེལ་ཐབས་ནུས་པ་ཐོན་པ་ཞིག་བྱེད་མཐུབ་ན་སྒྲིག་འཛུགས་ཀྱི་ལས་དོན་ཡར་རྒྱས་འགྲོ་རྒྱུ་ཁག་པོ་རེད།
ཁ༽ ལས་ཁུངས་ཕན་ཚུན་ལ་ལྟ་ཕྱོགས།
བཙན་བྱོལ་གཞུང་གི་ལས་ཁུངས་མ་ལག་ཡོངས་རྫོགས་གཞུང་གཅིག་གི་ཆ་ཤས་ཡིན་སྟབས། ལས་ཁུངས་གཅིག་པ་ལྟ་བུར་བརྩི་དགོས་ཀྱང༌། ལས་བྱེད་མང་པོས་བསམ་བློའི་བག་ཆགས་ཀྱི་ནང་ངའི་ལས་ཁུངས་དང་ཁོའི་ལས་ཁུངས། ཆོས་དོན་ལས་ཁུངས་དང་ཤེས་རིག་ལས་ཁུངས་སོགས་འབྲེལ་མེད་དོན་གཞན་ཐ་དད་ཅིག་ཡིན་པ་ལྟ་བུས་ལས་དོན་མང་པོའི་ཐོག་དབྱེ་མཚམས་བཟུང་བ་དང༌། ཐ་ན་དངུལ་ཡན་ཆད་ཕར་སྤྲོད་ཚུར་ལེན་བྱས་པ། ཕྱོགས་བསྐྱོད་སྐབས་ལས་ཁུངས་གཅིག་གི་ལས་བྱེད་ཀྱིས་ལས་ཁུངས་གཞན་གྱི་སྐུ་ཚབ་མཚོན་མི་ཐུབ་པའམ་ལས་ཀ་བྱེད་མི་ཐུབ་པ་ལྟ་བུའི་ཚོར་སྣང་ཞིག་འདུག་པ་དེ་བསང་ཐབས་བྱེད་དགོས། ལས་ཀའི་ངོ་བོ་དང་ལས་དོན་སྒྲུབ་ཕྱོགས་ཀྱི་ཆ་ནས་ལས་ཁུངས་ཆ་བགོས་བྱས་པ་མ་གཏོགས། དོན་དུ་དམིགས་ཡུལ་གཅིག་དང་བསྒྲུབ་བྱ་གཅིག་པའི་གཞུང་གཅིག་གི་ཡན་ལག་ཡིན་སྟབས། འདི་ཚོ་ཕན་ཚུན་ཆུ་ཚུགས་པའི་བར་བཅད་བརྒྱབ་དགོས་པ་ལྟ་བུའི་བསམ་ཚུལ་མེད་པ་བཟོ་རྒྱུ་གལ་ཆེན་པོ་འདུག
ག༽ དམིགས་ཡུལ་དང་ཐབས་ལམ་གྱི་གོ་རྟོག་གསལ་པོ་ལས་བྱེད་ཆེ་འབྲིང་ཇི་འདྲ་ཞིག་ཡིན་རུང་བོད་མི་རིགས་དང༌། བཙན་བྱོལ་གཞུང༌། རང་གི་ལས་ཁུངས་དང་སོ་སོའི་ལས་དོན་བཅས་པའི་འཕྲལ་ཕུགས་ཀྱི་དམིགས་ཡུལ་དང༌། དེའི་ཐབས་ལམ་བཅས་ཀྱི་ཐོག་ཐེ་ཚོམས་དང་མགོ་རྨོངས་མེད་པར་གོ་རྟོགས་གསལ་པོ་དང་ཞིབ་ཚགས་ཡོད་དགོས་པ་ཧ་ཅང་གལ་ཆེ། ལས་དོན་ཇི་འདྲ་ཞིག་ཡིན་རུང༌། དམིགས་ཡུལ་ཁག་དང་མཐུན་པ་དང་དེ་ལ་ཕན་པ། དེའི་ལམ་ཕྱོགས་སུ་འགྲོ་བ་ཞིག་མ་བྱུང་ན་ལས་དོན་གྱི་དགོས་མཁོ་མ་གྲུབ།
ང༽ འགན་ཁུར་གྱི་བསམ་བློ།
ལས་བྱེད་ཚང་མས་ལས་དོན་རྣམས་འགན་ཁུར་ཡོད་པའི་ཐོག་ནས་བྱེད་པ་མ་གཏོགས། ཉི་མ་གང་འཁྱོལ་དང༌། ཕར་ཁག་ཚུར་དཀྲི། བཟང་ཁ་བྱུང་ན་རང་དང༌། ངན་ཁ་བྱུང་ན་གཞན་ལ་དཀྲི་རྒྱུའི་བསམ་ཚུལ་མེད་པར་འགན་འཁྱེར་ཐུབ་པ་དང༌། རྩིས་རྒྱག་ཐུབ་པ་ཞིག་གི་ཐོག་ནས་བྱེད་རྒྱུའི་བསམ་ཚུལ་བསྐྲུན་དགོས།
ཅ༽ ཐག་གཅོད་ཀྱི་བརྒྱུད་རིམ་དང་སྒྲིག་འཛུགས་ལ་བརྩི་བཀུར་སྒྲིག་འཛུགས་གཞིར་བཟུང་ཐག་གཅོད་ཀྱི་འགན་དབང་སུ་ལ་ཡོད་པ་གསལ་པོ་ཤེས་རྟོགས་ཐུབ་པ་དང༌། ཐག་གཅོད་ཀྱི་ལས་རིམ་འགྲོ་བཞིན་པའི་སྐབས་རང་རང་སོ་སོའི་རྣམ་དཔྱོད་ཀྱི་རྩསལ་གང་ཡོད་བཏོན་ཏེ་བསམ་ཕོད་པ་དང་བཤད་ཕོད་པ་བྱེད་དགོས་པ་དང༌། མཐའ་མའི་ཐག་གཅོད་ཟིན་པའི་གནད་དོན་ཞིག་རང་གི་བསམ་ཚུལ་དང་མཐུན་མིན་ལ་མ་ལྟོས་པར་བློ་ཐག་གཙང་བཅད་ཀྱིས་ངོས་ལེན་དང་ལག་བསྟར་བྱ་རྒྱུ་མ་གཏོགས། རང་ཉིད་འདོད་པ་མེད་པའི་རྒྱུ་མཚན་གྱིས་ལས་དོན་གྱི་ཐོག་གཡོལ་ཐབས་སམ་དུས་ཚོད་སྐྱེལ་ཐབས་མ་བྱེད་པའི་བསམ་ཚུལ་ཞིག་ངེས་པར་དུ་དགོས།
དོན་ཚན་གཉིས་པ། ལས་དོན་བྱེད་ཕྱོགས།
ཀ༽ ཐག་གཅོད་ཀྱི་རིམ་པ།
ད་ལྟའི་གནས་སྐབས་སུ་གཞུང་གི་ལས་བྱེད་རིམ་པར་དཔལ་འབྱོར་གྱི་དབང་ཚད་ཇི་ཙམ་ཡོད་པ་ཡིག་ཐོག་ནས་གསལ་པོ་བཟོས་ཡོད་ཀྱང༌། ཐག་གཅོད་ཀྱི་དབང་ཚད་དེ་དང་མཚུངས་པར་གསལ་པོ་བཟོ་ཐུབ་མེད། ལས་དོན་ཐག་གཅོད་བྱེད་སྟངས་ནི་དངུལ་འབོར་ནང་བཞིན་གྲངས་བཅད་བྱེད་རྒྱུ་མེད་པ་ཡིན་སྟབས། འགན་འཛིན་དང་ལས་བྱེད་སོ་སོའི་རྣམ་དཔྱོད་ཀྱི་ཐོག་ནས་ལས་ཀའི་ངོ་བོ་ངོས་ཟིན་པར་བྱས་ཏེ་ཐག་གཅོད་ཀྱི་དབང་ཚ་གང་དུ་ཡོད་པ་གསལ་པོ་རྟོགས་དགོས་པ་དང༌། དེ་དང་མཚུངས་པར་ཐག་གཅོད་བྱེད་དགོས་པ་ཡིན། རགས་པ་ཙམ་དུ་བྱས་ན་སྲིད་བྱུས་ད་འབྲེལ་བའི་ལས་དོན་ཞིག་ཡིན་ཕྱིན་བཀའ་ཤག་ནས་དགོངས་སྐོར་བཀའ་ཁྲོལ་ཞུ་དགོས་པ་དང༌། འཛིན་སྐྱོང་དང་འབྲེལ་བ་རྣམས་འཛིན་སྐྱོང་སྒྲིག་གཞི་ཁག་དང་ལས་བྱེད་བླང་དོར་སྒྲིག་གཞི་རྣམས་སུ་གསལ་ཁ་ཡོད་པ་རྣམས་ཇི་ལྟར་གསལ་བ་ལྟར་དང༌། གསལ་ཁ་མེད་རིགས་སྐབས་འཚམས་སོ་སོར་དབྱེ་འབྱད་མཁྱེན་པ་དགོས་རྒྱུ། ལས་ཁུངས་གཅིག་ལས་མང་བའི་ནང་ཕན་ཚུན་འབྲེལ་ཡོད་རིགས་ཀྱང་ཐོུང་གི་ཐག་གཅོད་དམ། བཀའ་ཤག་ལ་ཞུ་དགོས་པ་ཅི་རིགས་ཡོང་སྲིད་པ་དེ་དག་གསལ་ཁ་དགོས་པ་དང༌། ལས་ཁུངས་སོ་སོ་ནས་ཉམས་གསོག་གིས་ལས་དོན་ཐག་གཅོད་བྱེད་སྟངས་ཀྱི་རྣམ་གྲངས་དབྱེ་བའི་ཐོངས་ཁུང་ཞིག་རིམ་འགོད་ཐུབ་པ་ཡིན་ན་རྗེས་སུ་དེ་དག་ཕྱོགས་བསྡུས་ཀྱིས་ལམ་སྟོན་ལག་དེབ་བཟོ་ཐུབ་ན་ཡག་པོ་ཡོང་རྒྱུ།
ཁ༽ སྒྲིག་གཞི་དང་མི་འགལ་བ།
འཛིན་སྐྱོང་དང༌། དཔལ་འབྱོར། ལས་བྱེད་བླང་དོར་བཅས་དང་འབྲེལ་བའི་ལས་དོན་རྣམས་ཐག་གཅོད་མ་བྱས་གོང་འབྲེལ་ཡོད་སྒྲིག་གཞི་ཡོངས་དང་འགལ་མིན་དང༌། སྒྲིག་གཞིའི་ཆ་རྐྱེན་གང་གི་འོག་ཐག་གཅོད་བྱེད་ཀྱི་ཡོད་པ་སོགས་སྒྲིག་གཞི་དང་མཚུངས་བསྡུར་བྱ་རྒྱུའི་གོམས་ཆ་ལས་བྱེད་ཚང་མར་དགོས་པ་དང༌། ད་བར་དུ་ཚན་པ་སོ་སོའི་ནང་གི་ལས་བྱེད་རྣམས་ཀྱིས་རང་རང་གི་ལས་དོན་དང་འབྲེལ་བའི་སྒྲིག་གཞི་རྣམས་རིགས་གཅིག་རྐང་འཛིན་གྱིས་སྦྱོང་བདར་བྱས་ཏེ་གོང་རིམ་ལ་སྒྲིག་གཞིའི་གནས་སྟངས་སྐབས་འཚམས་སོ་སོར་ཞུ་ཐུབ་པའི་ནུས་པ་དང་གཤིས་ཀ་འཇགས་པ་བྱེད་དགོས། ལས་ཁུངས་ཚང་མའི་ནང་སྡེ་ཚན་དང་ཚན་པ་ཡོངས་ལ་སྒྲིག་གཞིའི་ཡིག་ཆ་ལྟ་ཆོག་དགོས་པ་མ་ཟད། དུས་ནས་དུས་སུ་བསྐྱར་བཅོས་ཕྱིན་པའི་ཡིག་ཆ་རྣམས་སྐབས་འཚམས་སོ་སོར་ཐབས་འཚོལ་བྱས་ཏེ་ལས་ཁུངས་སོ་སོའི་ནང་སྟོན་ཆོག་དགོས་པ་མ་ཟད། ལས་བྱེད་གསར་པའི་རིགས་ལ་སྒྲིག་གཞིའི་སྦྱོང་བདར་ཡང་ཡང་སྤྲད་དགོས་པ་ཡིན།
ག༽ གནས་ཚུལ་ཆ་ཚང་བ་དང་ཞིབ་ཚགས་པ།
ལས་དོན་ཇི་འདྲ་ཞིག་གི་ཐོག་གོ་བསྡུར་བྱེད་སྐབས་དང༌། ཐག་གཅོད་བྱེད་སྐབས་དེ་དང་འབྲེལ་ཡོད་ཀྱི་གནས་ཚུལ་ཡོངས་སུ་རྫོགས་པ་ཆ་ཚང་བ་དང་ཞིབ་ཚགས་པོ་བསྡུ་རུབ་དང༌། གོང་རིམ་ལ་གསལ་འདེབས་ཐུབ་པ་བྱེད་དགོས། དཔེར་མཚོན་ན་ལས་ཁུངས་ཁག་ནས་བཀའ་ཤག་ཏུ་བཀའ་ཁྲོལ་ཞུ་རྒྱུའི་ཡིག་ཆུང་འབྱོར་བའི་སྐབས་ལན་ཀ་ཤས་རེ་འདྲི་བརྩད་མ་བྱས་པར་ཐག་གཅོད་མི་ཐུབ་པ་ཡོང་གི་འདུག ས་གནས་གང་ཞིག་ལ་འཕྲལ་སེལ་ལས་བྱེད་ཅིག་བསྐོ་འཐུས་བཀའ་ཁྲོལ་ཡོང་བ་ཟེར་བ་ཙམ་ལས། ལས་གཞི་གང་ཡིན་དུས་ཡུན་ཇི་ཙམ་བར་དགོས་ཀྱི་ཡོད་པ། དེ་སྔོན་ལས་བྱེད་ཡོད་དམ་མེད་ཕོགས་འབབ་ག་ནས་སྤྲོད་ཀྱི་ཡིོད། བསྐོ་དམིགས་མི་འགྲོ་ཡོད་མེད། འདེམས་བསྐོའི་བརྒྱུད་ལམ་གང་ཡིན་སོགས་གསལ་ཆ་མེད་པ་བསྐྱར་དུ་འདྲི་བརྩད་དགོས་པ་དང༌། ཐ་ན་གུང་སེང་ཞུ་མཁན་ཞིག་ཡིན་རུང༌། གུང་སེང་ཐོབ་ཐང་ལྷག་མ་ཇི་ཡོད་སོགས་ཀྱི་གནས་ཚུལ་གང་ཡང་མེད་པར་བསྐྱར་འདྲི་ཡང་འདྲི་བྱེད་དགོས་བྱུང་བ་དེ་རིགས་མི་ཡོང་བ་ཐོག་མ་ནས་དབང་ལྡན་འགན་འཛིན་གྱི་ཐག་གཅོད་བྱེད་སྟབས་བདེ་བའི་དགོས་ངེས་ཀྱི་གནས་ཚུལ་ཡོངས་རྫོགས་ཆ་ཚང་བ་དང་ནོར་འཁྲུལ་མེད་པ་འགོད་འབུལ་དགོས་པའི་གཤིས་ཀ་བཟོ་དགོས། ཡང་སྐབས་རེ་བཀའ་ཤག་གིས་གཏན་འབེབས་ཐག་ཆོད་ཟིན་པའི་གནད་དོན་ཞིག་ཡིན་རུང༌། དབུས་ལས་ཁུངས་ཀྱིས་ལན་མ་བརྒྱབས་པར་བཀའ་ཤག་ལ་འདྲི་བ་དེ་རིགས་དགོས་མེད་ཀྱི་ཡིག་འགྲུལ་ཉུང་དུ་གཏོང་དགོས་པ་དང༌། ལྷག་པར་དུ་དངུལ་གྲོན་བཀའ་ཁྲོལ་ཞུ་རྒྱུའི་རིགས་སྒྲིག་གཞི་གཞིར་བཟུང་ཡིན་མིན་དང་ཐོག་ནས་ཞིབ་འཇུག་ནན་པོ་མ་བྱུང་བའི་དབང་གིས་རྗེས་སུ་རྩིས་ཞིབ་ནས་རྙོག་ཁྲ་ཡོང་གཞི་དེ་རིགས་བསྐྱར་ལྡབ་ཡང་མི་ཡོང་བ་དགོས་གལ་ཆེ།
ང༽ དོན་མེད་ལས་འབོར་ཉུང་དུ་གཏོང་ཐབས།
གནས་ཚུལ་མང་པོ་ཞིག་ངག་ཐོག་དང་ཁ་པར་བརྒྱུད་འདྲི་བརྩད་དང་ཐག་གཅོད་ཐུབ་པའི་རིགས་ཀྱང་ཡིག་འགྲུལ་གྱི་ལམ་ནས་བྱེད་པ་དང༌། རྒྱུན་ལྡན་གྱི་སྙན་ཤོག་ལ་སོགས་པ་འགེངས་ཤོག་བཟོས་ན་ལས་འབོར་ཆུང་བ་ཡོང་རིགས་དེ་དག་ཀྱང་འགེངས་ཤོག་མེད་པར་ཆ་ཚང་འབྲི་དགོས་པ། དགོས་གལ་མེད་པའི་ངོ་བཤུས་གང་སར་གཏོང་བ་སོགས་དགོས་མེད་ཀྱི་ལས་འབོར་ཉུང་དུ་གཏོང་ཐབས་ཡང་ཡང་བསམ་གཞིག་བྱ་དགོས།
ཅ༽ ཐག་གཅོད་ཡིག་ལམ་ནས་དགོས་པ།
ཐག་གཅོད་རིགས་ཚིད་ཐོའི་བརྒྱུད་ཡིག་ལམ་ནས་བྱེད་དགོས་པ་རྒྱུ་མཚན་མང་པོའི་ཐོག་ནས་གལ་གནད་ཆེ། ད་ལྟ་ནང་སྲིད་ཙམ་མ་གཏོགས། ཡིག་སྣོད་དུ་ཚིག་ཐོ་བཀོད་པའི་ལམ་སྲོལ་བྱུང་མི་འདུག་ཅིང༌། ད་ལྟ་ལས་བྱེད་ཀྱི་གོམས་གཤིས་ལ་ལྟོས་ཏེ་བཀའ་དྲུག་ཡིག་ཚང་དུའང་ཚིག་ཐོའི་ལམ་སྲོལ་གཏོད་ཐུབ་མེད། འོན་ཀྱང་ལས་ཁུངས་སོ་སོ་ནས་རིམ་པས་ཚོད་བལྟ་དང་འབྲེལ་ཚིག་ཐོ་འགོད་པའི་ལམ་སྲོལ་གྱི་ཐོག་ནས་ཐག་ཆོད་རྣམས་ཡིག་ཐོག་ཏུ་འགོད་པ་དང༌། ཅི་སྟེ་ཚིག་ཐོ་འགོད་པའི་ལམ་སྲོལ་ཚད་ལྡན་ཞིག་མ་བྱུང་ཡང༌། གལ་གནད་ཆེ་བའི་ཐག་ཆོད་རྣམས་ཡིག་ཐོག་ཏུ་གྲོས་ཆོད་དམ་ཚིག་ཐོ་ཉར་ནས་ལས་ཁུངས་བཀོད་ཁྱབ་ཀྱི་ངོ་བོར་བཞག་ཐུབ་པའི་ཐབས་ཤེས་བྱེད་དགོས། ལས་བྱེད་ཚང་མར་ཐག་ཆོད་ནང་བསམ་འཆར་དང་གོ་སྐབས་བླང་རྒྱུའི་གོ་སྐབས་ངེས་པར་དུ་སྤྲད་དགོས།
ཆ༽ ལས་བགོས་དང་མཉམ་རུབ།
ད་ལམ་སྒྲིག་འཛུགས་བསྐྱར་བཅོས་སྐབས་སྡེ་ཚན་དང་ཚན་པ་ཞིག་ཏུ་དབྱེ་དགོས་པའི་གནད་དོན་གཙོ་བོ་ལས་བྱེད་སོ་སོར་རང་རང་གི་ལས་བགོས་གང་ཡིན་གསལ་པོ་ཡོང་ཐབས་དང༌། དེ་བཞིན་གཞན་ལ་མཉམ་རུབ་བྱེད་དགོས་འི་སྐབས་སུའང་ཕན་ཚུན་གོ་རྟོགས་བདེ་བའི་ཆེད་དུ་ཡིན་སྟབས། དབུ་བཞུགས་འགན་འཛིན་རྣམ་པས་སྡེ་ཚན་སོ་སོ་དང༌། ཚན་པ་སོ་སོ། ལས་བྱེད་བྱེ་བྲག་སོ་སོ་བཅས་ལ་ལས་དོན་གྱི་ངོ་སྤརྡ་གསལ་པོ་བཟོ་དགོས་པ་དང༌། ལས་དོན་ཚང་མའི་ཐོག་ལས་བྱེད་པ་གཉིས་རེ་ལས་མ་ཉུང་བཀོད་བསྒྲིགས་བྱས་ཏེ་ལས་བྱེད་གཅིག་གུང་སེང་སོང་སྐབས་ལས་དོན་ཆ་ཚང་འགག་མི་འགྲོ་བའི་གོ་སྒྲིག་བྱེད་དགོས།
ཇ༽ མང་ཚོགས་དང་འབྲེལ་བ།
ལས་ཁུངས་སྤྱི་དང༌། ཁྱད་པར་ནང་སྲིད་དང༌། ཤེས་རིག ཕྱི་དྲིལ་ལྟ་བུ་ཕྱོགས་མཐའི་སྒྲིག་འཛུགས་ཁག་དང༌། མང་ཚོགས་ལ་འབྲེལ་བ་བྱེད་དགོས་པའི་ལས་ཁུངས་ཁག་གི་ཕྱོགས་མཐའི་ཡིག་འགྲུལ་ལ་དོ་སྣང་ཆེན་པོ་བྱས་ཏེ་སྐབས་འཕྲལ་སོ་སོར་འདོད་བློ་ཚིམས་པའི་ལན་དུས་འགྱངས་མ་སོང་བར་གཏོང་དགོས་པ་གལ་ཆེ་བ་མ་ཟད། སྐབས་རེ་ཐག་གཅོད་འཕྲལ་དུ་མ་ཐུབ་པའི་དུས་ཡུན་འགོར་གཞི་ཡོད་རིགས་ལའང་ཡི་གེའི་འབྱོར་ལན་དང༌། ཐག་གཅོད་བྱུང་མཚམས་ལན་གསལ་འབུལ་འཐུས་འཁོད་པའི་སྔོན་འགྲོའི་ལན་རེ་ངེས་པར་དུ་གཏོང་ཐུབ་པ་དགོས། དེ་བཞིན་དྲི་བ་ཁག་ལ་ལན་འདེབས་དང༌། གསལ་བཤད་ཕུགས་ཐག་ཆོད་ངེས་བཅར་འདྲི་ཡང་འདྲི་མ་དགོས་པ་དགོས་རྒྱུ།
ཉ༽ འཛིན་སྐྱོང་ལེགས་བཅོས་ཀྱི་ཉམས་ཞིབ།
བཙན་བྱོལ་གཞུང་གིས་འཛིན་སྐྱོང་ལེགས་བཅོས་ཀྱི་ཉམས་ཞིབ་ད་བར་བྱས་ཐུབ་མེད་ཅིང༌། འབྱུང་འགྱུར་ཉམས་ཞིབ་བྱེད་རྒྱུའི་རེ་འཆར་ཡོད། ད་ལྟ་ལས་ཁུངས་སོ་སོའི་ནང་ལས་བྱེད་པ་བགྲེས་པ་གཉིས་གསུམ་ལ་དུས་ནས་དུས་སུ་འཛིན་སྐྱོང་ལེགས་བཅོས་ཀྱི་ཆེད་ཉམས་ཞིབ་དང་གོ་བསྡུར་གནང་སྟེ་དགོངས་འཆར་རིམ་བསགས་ཐུབ་པ་བྱུང་ན་ལས་ཁུངས་སོ་སོའི་ནང་སྐབས་འཕྲལ་ལག་ལེན་བསྟར་རྒྱུར་དགོས་ཕན་ཡོད་པ་མ་ཟད། རྗེས་སུ་སྤྱི་ཡོངས་ཉམས་ཞིབ་ལ་ཐུགས་ཕན་གསོས་པ་ཡོང་རྒྱུ།
ཏ༽ ལས་ཁུངས་ཀྱི་སྒྲིག་འཛུགས་དང་ལས་དོན་ངོ་སྤྲོད་ཡིག་ཆ་གཞུང་ཞབས་རྣམས་དང༌། ཕྱི་མིའི་སྐུ་མགྲོན་ཁག་སློབ་ཕྲུག་སོགས་ལ་སྤྱི་སྲོལ་ལྟར་ལས་ཁུངས་སོ་སོའི་སྒྲིག་འཛུགས་དང་ལས་དོན་ངོ་སྤྲོད་བྱེད་པའི་ཆེད་ལས་ཁུངས་སོ་སོའི་ལོ་རྒྱུས་དང༌། དགོས་དམིགས། སྒྲིག་འཛུགས། ད་ཡོད་ལས་བྱེད་ལས་རིམ། སྒྲིག་འཛུགས་ཀྱི་དཔེ་རིག་སོགས་ཡོད་པའི་ལས་ཁུངས་སོ་སོའི་ངོ་སྤྲོད་ཡིག་ཆ་རེ་བོད་ཧིན་དབྱིན་གསུམ་གར་བཟོས་ཏེ་གློག་བརྙན་ Power Point བརྒྱུད་སྐར་མ་བཅོ་ལྔ་ནས་སུམ་ཅུའི་བར་གྱི་དུས་ཡུན་ནང་ངོ་སྤྲོད་ཐུབ་པའི་ཡིག་ཆ་རེ་འཕྲལ་དུ་གྲ་སྒྲིག་གནང་དགོས། ད་ལྟའི་གནས་སྐབས་སུ་སྐུ་མགྲོན་རྣམས་ལ་ལས་ཁུངས་སོ་སོའི་ངོ་སྤྲོད་ཆ་ཚང་ཞུ་དཀའ་བ་དང༌། ཡང་ན་དུས་ཡུན་རིང་པོ་འགོར་བ། དེང་རབས་དང་མཐུན་པའི་ངོ་སྤྲོད་ཚད་ལྡན་མེད་པ་ཞིག་ཡོང་གི་འདུག་པ་འདི་མི་འབྱུང་བ་བཟོ་དགོས།
ཐ༽ ལས་ཁུངས་སོ་སོའི་མགྲིན་ཚབ་པ།
དྲིལ་བསྒྲགས་ལས་ཁུངས་ཀྱིས་གསར་ཤོག་ཁག་ལ་ལེགས་བཅོས་ཕྲན་བུ་བྱས་ཏེ་ཟླ་བ་རྗེས་མ་ནས་བོད་མིའི་རང་དབང་བཙན་བྱོལ་གཞུང་གི་ལས་ཁུངས་མ་ལག་གི་གསར་འགྱུར་ཁོ་ནའི་ཆེད་དུ་དཔར་སྐྲུན་བྱེད་རྒྱུའི་བསམ་ཞིབ་བྱེད་ཀྱི་ཡོད། དེ་ཙམ་མ་ཟད་དྲྭ་རྒྱའི་ནང་ལས་ཁུངས་སོ་སོའི་གནས་ཚུལ་དུས་ཐོག་ཏུ་བཏོན་མ་ཐུབ་པའི་དཀའ་ངལ་ཡོང་གི་འདུག་པ་བཅས་ལ་བརྟེན། འབྱུང་འགྱུར་ལས་ཁུངས་སོ་སོ་ནས་ཉིན་རེ་ཉིན་རེའི་གནས་ཚུལ་མཁོ་སྤྲོད་བྱེད་མཁན་དང༌། གནས་ཚུལ་བརྩད་གཅོད་ཞུ་ཡུལ་མགྲིན་ཚབ་པ་གཉིས་རེ་བསྐོ་གཞག་ཐོག་དྲིལ་བསྒྲགས་ལས་ཁུངས་ལ་ངོ་སྤྲོད་གནང་དགོས། དེ་བཞིན་ནང་སྲིད་དང་ཤེས་རིག་སོགས་ནས་ཀྱང་སོ་སོའི་ཁྱབ་ཁོངས་སྡེ་ཚན་རྣམས་ལ་བདུན་རེའི་གསར་འགྱུར་གློག་འཕྲིན་ནམ་ཁ་པར་བརྒྱུད་དྲིལ་བསྒྲགས་ལས་ཁུངས་སུ་ཐད་འབུལ་ཐུབ་ཐབས་ཀྱི་གོ་སྒྲིག་བྱེད་དགོས།
ད༽ ལས་འཆར་དང་དུས་ཚོད་རེའུ་མིག
ལས་ཁུངས་སོ་སོའི་ནང་འབྱུང་འགྱུར་ལོ་གསུམ་གྱི་ལས་འཆར་རོབ་ཙམ་གཏན་འབེབས་ཟིན་པ་དེ་དག་སླར་ཡང་ལོ་དང་ཟླ་བའི་དུས་ཚོད་ངེས་ཅན་དུ་བགོས་ཏེ་ལས་འཆར་རེའུ་མིག་འགོད་གནང་དགོས་པ་དང༌། ཟླ་བ་གསུམ་རེའི་མཚམས་བསྐྱར་ཞིབ་བྱས་ཏེ་ལས་དོན་ཇི་བཞིན་ལག་བསྟར་ཐུབ་པ་བྱུང་ཡོད་མེད་དང༌། མ་བྱུང་ན་འགལ་རྐྱེན་གང་དང་གང་འཕྲད། དུས་ཐོག་ལག་བསྟར་ཐུབ་ཐབས་ཀྱི་མཐུན་རྐྱེན་གང་དང་གང་བསྐྲུན་དགོས་སོགས་བསྐྱར་ཞིབ་བྱས་ཏེ་གང་ལྟར་ཉིན་འགྱངས་ཞག་ཕུལ་གྱིས་མཐའ་མ་ལས་དོན་ལག་བསྟར་མ་ཐུབ་པ་དུས་ཚོད་རྫོགས་མཚམས་ལ་གཞི་ནས་ཤེས་པ་དེ་འདྲ་གཏན་ནས་མི་ཡོང་བ་དགོས་རྒྱུ་དང༌། ཐག་ཆོད་ཟིན་པའི་ལས་འཆར་བསྒྲུབ་དཀའ་བ་བྱུང་ཚེ་དུས་ཐོག་བཀའ་ཤག་ལ་གོ་བསྡུར་གྱིས་ལས་འཆར་བརྗེ་པོ་བརྒྱབ་རྒྱུའམ། དམིགས་བསལ་ཐབས་ཤེས་བྱེད་རྒྱུ་གང་ལ་ཇི་འོས་དུས་ཐོག་སོ་སོར་གནང་ཐུབ་པ་དགོས་རྒྱུ་དང༌། རྩིས་ལོ་ ༢༠༠༥།༠༦ ནས་བཟུང་བཀའ་ཤག་གིས་ཟླ་བ་གསུམ་རེའི་མཚམས་ལས་ཁུངས་ཚང་མའི་ལས་དོན་གྲུབ་འབྲས་བསྐྱར་ཞིབ་འཆར་ཅན་ཞུ་རྒྱུ་ཡིན་པ་བཅས།