སྐྱབས་བཅོལ་ལག་འཁྱེར་དང་འབྲེལ་བའི་ཐོག་གསལ་བཤད།

བཀུར་འོས་སྤྱི་འཐུས་མཆོག་གིས་ཐུགས་སྣང་གཞེན་བསྐུལ་གྱི་གྲོས་འཆར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དོན་གནད་དེའི་ཐོག་སྔ་མོ་ནས་དོ་སྣང་ཆེན་པོའི་ཐོག་ནས་ནུས་ཤུགས་གང་ཡོད་བཏོན་ཡོད་པ་མ་ཟད། ད་དུང་ཡང་མུ་མཐུད་ནས་འབད་རྩོལ་ཞུ་རྒྱུ་ཡིན། གྲོས་འཆར་རྒྱབ་སྐྱོར་གནང་མཁན་བཀུར་འོས་སྤྱི་འཐུས་མཆོག་གི་གསུང་བབ་ལ་གཞིགས་ན་གནས་ཚུལ་ཁ་ཤས་ད་དུང་ཡང་གསལ་པོ་ཆགས་ཨེ་ཡོད་སྙམ་པ་འདུག ལར་ནས་ང་ཚོའི་གྲོས་ཚོགས་ཀྱི་ནང་དཀའ་ངལ་ཆེ་ཤོས་གཅིག་ནི་སྐད་ཆ་གོ་བརྡ་མ་འཕྲོད་པ་དང༌། ཡང་གོ་བརྡ་འཕྲོད་ཀྱང་མ་འཕྲོད་པའི་ཚུལ་བཞེས་པའི་གནས་སྟངས་ཤིག་ཡོང་བསྡད་པ་དེ་རེད། བོད་མི་གསར་འབྱོར་བ་རྣམས་ལ་སྐྱབས་བཅོལ་ལག་འཁྱེར་ R.C. མ་ཐོབ་པའི་རྒྱུ་རྐྱེན་དང༌། སྐབས་བཅིུས་པའི་བཀའ་ཤག་གི་ལྟ་གྲུབ་བདེན་པ་དང་འཚེ་བ་མེད་པ་ཡང་དག་པའི་མང་གཙོའི་ལམ་སྲོལ་བཅས་ཀྱི་དབར་འབྲེལ་བ་གང་ཡང་ཡོད་མ་རེད། ངས་གོ་ནོར་ཐེབས་མེད་པ་ཡིན་ན། ལྟ་གྲུབ་དེ་ཚོ་ལ་བརྟེན་ནས་ལག་འཁྱེར་འཐོབ་དཀའ་བ་ཆགས་པ་རེད་གསུངས་པ་ལྟ་བུ་ཞིག་གོ་སོང༌། དེ་འདྲ་རྩ་བ་ནས་མ་རེད། བཀའ་ཤག་སྐབས་བཅིུག་པའི་དུས་སུ་བོད་མི་གསར་འབྱོར་བ་ཚོ་ལ་སྐྱབས་བཅོལ་ལག་འཁྱེར་འཐོབ་ཐབས་བྱ་རྒྱུའི་བཀའ་མོལ་ཙམ་ཡང་བྱུང་མི་འདུག སྐབས་དེར་སྐྱབས་བཅོལ་ལག་འཁྱེར་ཞུ་མཁན་ཚང་མ་རྒྱ་གར་དུ་སྐྱེས་པའི་གནས་ལུགས་ཞུས་ནས་ཐོབ་པ་ཞིག་མ་གཏོགས། བོད་མི་གསར་འབྱོར་བའི་མིང་ཐོག་ནས་ཐོབ་པ་གཅིག་ཀྱང་བྱུང་མི་འདུག བཀའ་ཤག་སྐབས་བཅིུས་པས་རྒྱ་གར་ནང་གནས་སྡོད་བྱེད་མཁན་གྱི་བོད་མི་ཡིན་ཕྱིན་ཆད་སྐྱབས་བཅོལ་ལག་འཁྱེར་མེད་ན་འགྲིགས་ཀྱི་མི་འདུག་ཅེས་རྒྱ་གར་གཞུང་ལ་ནན་ཞུས་བྱས་པའི་ཉེར་ལེན་ལ་བརྟེན་ནས་དེ་སྔོན་འབྱོར་ཟིན་པའི་གསར་འབྱོར་བ་རྣམས་ལ་ཐེངས་གཅིག་གུ་ཡངས་བཏང་ནས་སྐྱབས་བཅོལ་ལག་འཁྱེར་བཟོ་རྒྱུ་དང༌། དེང་སང་ཡོང་མཁན་དེ་ཚོ་བལ་ཡུལ་ནས་འཛུལ་ཞུགས་ལག་འཁྱེར་བཟོ་རྒྱུ་གཏན་འཁེལ་ཏེ་དེང་སང་ལག་བསྟར་བྱེད་བཞིན་པ་རེད། སྤྱིར་བཏང་སྐྱབས་བཅོལ་ལག་འཁྱེར་ཐོབ་དཀའ་རུ་ཕྱིན་པའི་རྒྱུ་མཚན་ནི་རྒྱ་གར་ནང་སྲིད་ལས་ཁུངས་ནས་ས་གནས་འགོ་འཛིན་གྱིས་སྤྲད་པའི་སྐྱེས་ཚེས་ལག་འཁྱེར་ངོས་ལེན་བྱེད་མི་ཆོག་པའི་བཀའ་བཏང་བ་དེ་ལ་བརྟེན་ནས་བྱུང་བ་ཞིག་རེད། རྒྱ་གར་གཞུང་གི་བཀའ་དེ་གྲོས་ཚོགས་ཚོགས་དུས་སྔ་མ་ཞིག་ལ་ཡིག་ཆ་སྤྱན་འབུལ་ཞུས་པ་དང་ཆབས་ཅིག་སྙན་གསན་ཞུས་ཟིན་པ་ཡིན་པས་དེ་རིང་བསྐྱར་ཟློས་ཞུ་འདོད་མེད། དེ་བཞིན་ཆབ་སྲིད་བཙོན་ཟུར་དང༌། ཆབ་སྲིད་འབྲེལ་ཆགས་མ་ཡིན་པའི་བོད་མི་གསར་འབྱོར་བ་རྣམས་སློབ་སྦྱོང་བྱས་རྗེས་བོད་ལ་ལོག་དགོས་པའི་སྲིད་བྱུས་བཟུང་བའི་རྐྱེན་གྱིས་སྐྱབས་བཅོལ་ལག་འཁྱེར་ཐོབ་ཀྱི་ཡོད་མ་རེད་ཅེས་གསུངས་པ་དེའང་བདེན་པ་མ་རེད། མཐར་ཐུག་བོད་དུ་ལོག་དགོས་པའི་སྲིད་བྱུས་ཤིག་ཡོད་ནའང་རྒྱ་གར་དུ་འཛུལ་ཞུགས་བྱེད་རྒྱུ་དང༌། ཉིན་མ་གཅིག་བསྡད་པ་ཡིན་ནའང་ཡོང་ཆོག་པ་དང་བསྡད་ཆོག་པའི་ལག་འཁྱེར་ཞིག་ངེས་པར་དུ་དགོས་ཀྱི་རེད། དེ་མེད་ན་ཁྲིམས་འགལ་ཡིན་པས་ཕྱིར་ཕུད་བྱེད་པའམ་བཙོན་ཁང་དུ་བཅུག་རྒྱུའི་གནས་སྟངས་ཤིག་ཆགས་ཀྱི་ཡོད་རེད། གསར་འབྱོར་བ་རྣམས་ལ་སྐྱབས་བཅོལ་ལག་འཁྱེར་མ་ཐོབ་པའི་དཀའ་ངལ་དེ་དངོས་ཡོད་ཀྱི་དཀའ་ངལ་ཞིག་ཡིན་ཡང༌། དེའི་རྒྱུ་རྐྱེན་ནི་རྒྱ་གར་གཞུང་གི་ཁྲིམས་ལུགས་དང༌། ས་གནས་ལས་བྱེད་པའི་བྱེད་བབ་ཀྱི་ཐོག་ནས་བྱུང་བ་མ་གཏོགས། བཙན་བྱོལ་གཞུང་གི་སྲིད་བྱུས་དང་འབྲེལ་བ་གང་ཡང་ཡོད་མ་རེད་ཅེས་ངས་བསྐྱར་ནན་གྱིས་ཞུ་རྒྱུ་ཡིན།
གྲོས་ཚོགས་ཚོགས་དུས་དགུ་པ། ༢༠༠༥།༣།༡༥ ནས་ ༢༠༠༥།༣།༢༨