སྐྱབས་བཅོལ་ལག་འཁྱེར་དང་ཕྱིར་བསྐྱོད་ལག་འཁྱེར་དང་འབྲེལ་བའི་ཐུགས་སྣང་གཞེན་བསྐུལ་ཐོག་གསལ་བཤད།

ད་ལྟའི་བཀའ་ཤག་གིས་ལས་གཞི་སྔར་ལས་གཞི་རྒྱ་ཆེ་བ་ཞིག་ཞུ་དགོས་པའི་ཐུགས་སྣང་གཞེན་བསྐུལ་གནང་འདུག ང་ཚོས་གང་ཐུབ་པ་དེ་ཞུས་ཚར་བ་ཡིན། དེ་ལས་གཞི་རྒྱ་ཆེ་བ་ཞིག་མ་འོངས་པར་ཞུ་ཐུབ་ས་མ་རེད་ཅེས་གསལ་པོ་ཞུ་རྒྱུ་ཡིན། རྒྱ་གར་དུ་སྐྱབས་བཅོལ་བ་གསར་པ་ཡོང་མཁན་ཚོ་བལ་ཡུལ་ནས་དམིགས་བསལ་འཛུལ་ཞུགས་ལག་འཁྱེར་གཏོང་རྒྱུ་དང༌། དེའི་གོང་རྒྱ་གར་དུ་འབྱོར་ཟིན་པའི་བོད་མི་རྣམས་ལ་ཐེངས་གཅིག་རྒྱ་གར་དུ་གནས་སྡོད་ལག་འཁྱེར་བཟོ་རྒྱུའི་རྒྱ་གར་གཞུང་གི་ཐག་གཅོད་དེ་དཀའ་ལས་ཁག་པོ་དང༌། དུས་ཚོད་རིང་པོ་འགོར་བ་ཞིག་མ་ཟད། ཐག་གཅོད་སྔོན་མ་ཞིག་ལ་འགྱུར་བ་བཏང་ནས་བཟོས་པ་ཞིག་རེད། ལས་གཞི་དེ་ཆུང་ཆུང་ཡིན་བསམ་གྱི་མེད། རྒྱ་གར་སྲིད་བློན་གྱི་མཚན་ཐོག་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་ད་རེས་ལན་གཅིག་བཀའ་གནང་བ་དེ་ལ་བསམ་ཞིབ་ཞུས་ཡོད། མ་འོངས་པར་བོད་མི་གསར་འབྱོར་བར་ལག་འཁྱེར་བཟོ་དགོས་པའི་རྒྱབ་གཉེར་བཀའ་ཡིག་མ་གནང་རོགས་གནང་ཞེས་ཕྱག་བྲིས་ཕུལ་ཡོད་རེད། རྒྱ་གར་གཞུང་གི་ཆབ་སྲིད་ཀྱི་གནད་དོན་དང༌། རྒྱ་དཀར་ནག་གི་འབྲེལ་བའི་གནད་དོན་ཞིག་ལ་བརྟེན་ནས་བོད་མི་སྐྱབས་བཅོལ་བ་ ༡༩༦༢ ཀྱི་སྔོན་དུ་འབྱོར་བ་ཞེས་དུས་ཚོད་མཚམས་བཟུང་བྱེད་དགོས་པའི་གནས་སྟངས་ཤིག་ཡོད་རེད། ༡༩༥༩ ནས་ ༡༩༦༢ བར་འབྱོར་བའི་བོད་མི་རྣམས་ལ་མ་གཏོགས། དེའི་རྗེས་ལ་འབྱོར་བ་རྣམས་ལ་སྐྱབས་བཅོལ་བ་ཟེར་གྱི་ཡོད་མ་རེད། ད་ལྟའི་བཀའ་ཤག་གིས་རྒྱ་གར་གཞུང་ལ་ཤུགས་ཆེན་པོའི་ཐོག་ནས་ཡང་ན་རྒྱ་གར་ལ་བོད་མི་གསར་འབྱོར་ཡོང་དུ་མ་བཅུག་པ་བཀག་དགོས་ཀྱི་རེད། དེ་ཡིན་ན་རྒྱལ་སྤྱིའི་ནང་གནས་ཚུལ་གསར་པ་ཞིག་ཆགས་ཀྱི་རེད། རྒྱ་གར་དུ་ཡོང་ཆོག་གི་ཡོད་ན། དེ་ཁྲིམས་མཐུན་བཟོ་དགོས་པ་མ་གཏོགས་ཁྲིམས་འགལ་བྱས་ནས་རྒྱ་གར་དུ་བཞག་ན་འགྲིགས་ཀྱི་མི་འདུག བཀའ་ཤག་གིས་བོད་མི་གཅིག་ཀྱང་རྒྱ་གར་ནང་ཁྲིམས་འགལ་བྱས་ནས་གཞག་རྒྱུའི་འདོད་པ་མེད། དེ་ངེས་པར་དུ་ཐག་གཅོད་གནང་དགོས་ཀྱི་འདུག་ཅེས་ཡང་ཡང་ཞུས་པ་ལ་བརྟེན་ནས་བཀའ་བསྡུར་རིམ་པ་མང་པོ་ཞིག་གནང་སྟེ་བལ་ཡུལ་ནང་དམིགས་བསལ་འཛུལ་ཞུགས་ཀྱི་ལག་འཁྱེར་ཞུ་སྤྲོད་བྱེད་རྒྱུའི་ལམ་སྲོལ་དེ་བྱུང་བ་རེད། དེའི་རྗེས་སུ་དེའི་གོང་རྒྱ་གར་དུ་འབྱོར་ཚར་བ་རྣམས་ལ་གུ་ཡངས་ཆེན་པོ་བཏང་ནས་ཐེངས་གཅིག་ལག་འཁྱེར་བཟོ་རྒྱུའི་བཀའ་ཁྲོལ་གནང་བ་རེད། རྒྱ་ཆེ་བའི་ལས་གཞི་དེ་ ༢༠༠༥ ཕྱི་ཟླ་ ༦ ཚེས་ ༣༠ ཉིན་རྒྱ་གར་གཞུང་གི་ཐག་གཅོད་ཀྱི་ཕྱག་བྲིས་ཐོན་པའི་ཉིན་མོ་དེ་ནས་ཟིན་པ་རེད། ད་རིམ་པས་ལག་ལེན་དུ་བསྟར་རྒྱུ་ཙམ་ཞིག་རེད། དེ་ལས་གཞི་རྒྱ་ཆེ་བའི་ལས་གཞི་ཡང་བསྐྱར་བརྩམ་རྒྱུ་མེད་ཅེས་ཞུ་རྒྱུ་ཡིན།
བོད་མི་དཀའ་ངལ་འཕྲད་མཁན་ཚོ་ལ་བཙན་བྱོལ་གཞུང་གིས་མི་སྤྱོད་དང་འབྲེལ་བའི་རོགས་རམ་གང་ཐུབ་མུ་མཐུད་ནས་ཞུ་བཞིན་པ་རེད། བོད་མི་ཡིན་པའི་ངོ་སྤྲོད་ངོ་སྦྱོར་དགོས་མཁན་ཕལ་ཆེ་བ་ལ་འབུལ་གྱི་ཡོད། ཡིན་ནའང་ཉེ་བའི་ཆར་གང་ཟག་བྱེ་བྲག་པ་གཅིག་ལ་ངོ་སྦྱོར་དེ་ཕུལ་ཡོད་མ་རེད། དེའི་སྐོར་བདེ་སྲུང་གིས་བཀའ་བློན་ལའང་གོ་བསྡུར་བྱུང་སོང༌། འོན་ཀྱང་ངོ་སྦྱོར་དེས་ཕན་ཐོགས་མེད་ཚུལ་ཞུས་ཡོད། མི་དེ་ལ་ངོ་སྦྱོར་ཕུལ་མ་ཐུབ་པའི་རྒྱུ་མཚན་གྲོས་ཚོགས་ནང་ཞུ་མ་དགོས་པ་བྱུང་ན་ཡག་ཤོས་རེད་བསམ་གྱི་ཡོད་ཅེས་གསལ་པོ་ཞུ་རྒྱུ་ཡིན། དིའི་སྐོར་གྲོས་ཚོགས་སུ་གླེང་སློང་ལན་གཅིག་གཉིས་ཤིག་བྱུང་སོང༌། གང་ཟག་བྱེ་བྲག་པ་གཅིག་གི་གནས་སྟངས་ཐོག་དགག་བྱ་དགོས་པ་བྱེ་བྲག་པ་ཞིག་གི་དབང་གིས་ངོ་སྦྱོར་ཕུལ་མ་ཐུབ་པ་དེ་བཙན་བྱོལ་གཞུང་གིས་བོད་མི་དཀའ་ངལ་འཕྲད་མཁན་ཡོངས་རྫོགས་ལ་རོགས་རམ་བྱེད་ཀྱི་མེད་པ་མཚོན་ཐུབ་ཀྱི་མ་རེད་ཅེས་ཞུ་རྒྱུ་ཡིན།

གྲོས་ཚོགས་ཚོགས་དུས་བཅུ་པ། ༢༠༠༥།༩།༡༤ ནས་ ༢༠༠༥།༩།༢༣