སྐབས་བཅུ་གཉིས་པའི་གྲོས་ཚོགས་ཚོགས་དུས་དང་པོའི་མཇུག་བསྡོམས་གསུང་བཤད།

ད་རིང་ཚོགས་གཙོས་ཚོགས་འདུ་དང་འབྲེལ་བ་ཡོད་པའི་གསལ་བཤད་ཞུ་རྒྱུ་ཁ་ཤས་དང་སྦྲགས་ནས་ཚོགས་འདུ་མཇུག་བསྡོམས་ཀྱི་བཀའ་མོལ་དེ་ཞུ་རྒྱུ་ཡིན། སྐབས་བཅུ་གཉིས་པའི་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་དང་པོ་འདིའི་ཉིན་གཉིས་པ་ནས་རྒྱུན་ལས་སྐབས་དང་པོ་དེ་ཡང་གཏན་འཁེལ་བྱུང་ནས་རྒྱུན་ལས་ཀྱི་ལས་དོན་འགོ་འཛུགས་ཟིན་པ་ཡིན། དེ་འདྲ་སོང་ཙང་རྒྱུན་ལས་ལ་དྭོགས་གཅོད་གནང་བའི་གནས་ཚུལ་གྲོས་ཚོགས་སྤྱི་ཡོངས་ཀྱི་ནང་ལ་མཁྱེན་དགོས་པ་ཞིག་གི་དོན་གནད་ཁ་ཤས་ཤིག་ཡོད་པ་དེ་དག་ད་ལྟ་འདིར་ཚོགས་འདུ་མཇུག་བསྡོམས་ཀྱི་བཀའ་མོལ་མ་ཞུས་གོང་ལ་ཞུ་ཆོག་པ་ཞུ། གྲོས་ཚོགས་འཐུས་མི་གསར་པ་ཕེབས་མཁན་མང་པོ་ཡོད་ཙང༌། སྤྱི་ཡོངས་ཀྱི་འགྲོ་སྟངས་ཁ་ཤས་ཀྱང་ད་ལྟ་སྙན་གསན་ཞུ་དགོས་ཀྱི་ཡོད་རེད་བསམ་དྲན་གྱི་འདུག གྲོས་ཚོགས་འཐུས་མི་ཚོས་ཚོགས་འདུ་ལ་ཕེབས་པའི་སྐབས་ཀྱི་ལམ་གྲོན་དང༌། ལམ་ཁའི་འགོར་ཡུན་གྱི་ལམ་བར་ལ་བཞུགས་དགོས་བྱུང་ན། མགྲོན་ཁང་གི་ཁང་གླའི་གནས་ཚད་དེ་དག་ཚང་མ་རྒྱུན་ལས་སྔ་མས་གཏན་ལ་ཕབ་པའི་ཚད་གཞི་ཡོད་རེད། ཚད་གཞི་དེ་དག་ད་ལྟ་འགྱུར་བ་ཕྱིན་ཡོད་མ་རེད། དེ་འདྲ་སོང་ཙང་སྤྱི་འཐུས་རྣམ་པ་འགའ་ཤས་ཀྱིས་དངོས་སོང་གི་འགྲོ་སོང་རང་ཞུ་བ་གནང་དགོས་པའི་ཨུ་ཚུགས་སྐྱོན་མཁན་དེ་འདྲའང་བྱུང་མེད་དམ་བསམ་པ་འདུག དེ་འདྲ་སོང་ཙང་ང་ཚོས་ལམ་གྲོན་འབུལ་རྒྱུ་དེ་སྤྱི་མཐུན་གྱི་ཚད་གཞི་ཡོད་པ་དེ་མ་གཏོཌ། དེའི་ཐོག་ལ་འགྲོ་གྲོན་འཕར་མ་ཕྱིན་ཡོད་པ་ཡིན་ནའང༌། ཚད་གཞི་ལས་བརྒལ་ནས་འབུལ་རྒྱུ་ཞིག་ཡོད་པ་མ་རེད། མ་འོངས་པར་ཚད་གཞི་དེ་འགྲིགས་ཀྱི་མི་འདུག་ན། རྒྱུན་ལས་དང་གྲོས་ཚོགས་ཀྱི་ནང་ལ་ཚད་གཞི་འགྱུར་བ་གཏང་དགོས་ཀྱི་ཡོད་རེད། འགྱུར་བ་ཕྱིན་ན་དེ་ལུགས་ཀྱིས་འབུལ་གྱི་རེད། དེ་ཚང་མས་དགོངས་འཇགས་གནང་རོགས་གནང༌། སྤྱི་འཐུས་ཀྱི་མཚན་དོད་དང་ལས་དོད་གཉིས་ཡོད་པའི་ནང་ནས་མཚད་དོད་དེ་སྤྱིར་བཏང་ཕྱག་ལས་ཡོད་མེད་ལ་མ་ལྟོས་པར་ཟླ་དུས་རྗེས་འབྲེལ་བྱས་ཏེ་ཐོབ་པ་ཞིག་རེད། དེ་འདྲ་སོང་ཙང་མཚན་དོད་ཅེས་བཏགས་པའམ་གསོལ་ཕོགས་ཞེས་བཏགས་རུང༌། མིང་གི་ཆ་ནས་ཁྱད་པར་ཡོད་པ་ཞིག་དང༌། རྒྱལ་ཁབ་ཁ་ཤས་ཀྱི་ནང་ལ་ཁྲལ་གྱི་ཆ་ནས་ཁྱད་པར་ཡོད་སྲིད་པ་ཞིག་ལས། རྒྱལ་སྤྱིའི་འགྲོ་སྟངས་བྱས་ན་ཕོགས་ཡོད་ཀྱི་ལས་བྱེད་ཀྱི་རིགས་ལ་ཕོགས་དང་མཚན་དོད་ཉིས་བརྩེགས་ཀྱི་རིགས་དེ་ཡོང་ཤེས་ཀྱི་མ་རེད། དེ་འདྲ་ཡིན་དུས་སྤྱི་ཡོངས་ཀྱི་ཆ་ནས་ཕོགས་ཡོད་མཁན་ཞིག་ཡིན་ན་མཚན་དོད་ཀྱི་ཐོབ་ཐང་ཡོད་མ་རེད། གལ་ཏེ་ཕོགས་མ་བཞེས་པར་མཚན་དོད་བཞེས་ན་འགྲིགས་ཀྱི་ཡོད་རེད། རྒས་ཕོགས་ཡོད་མཁན་ཞིག་ཡིན་ན་རྒས་ཕོགས་ཀྱི་ཐོབ་ཐང་དེ་བཅག་ནས་དེའི་སྒང་ལ་མཚན་དོད་ཀྱི་ཐོབ་ཐང་ཡོད་རེད། འགྲོ་སྟངས་དེ་འདྲ་རེད། དེའི་སྐོར་ལ་གྲོས་ཚོགས་དང་རྒྱུན་ལས་ནང་བཀའ་མོལ་ཁ་ཤས་ཤིག་བྱུང་བ་རེད། འོན་ཀྱང་སྒྲིག་ལམ་དེ་སྤྱི་འཐུས་ཡོངས་རྫོགས་ཀྱིས་ཁྱེར་གྱི་ཡོད་མ་རེད་ཅེས་ངས་ཁ་སང་ཁེ་ཉིན་རང་ཧ་གོ་སོང༌། དེའི་སྔོན་ལ་ངས་ཧ་ཅང་ཞིབ་ཚགས་བྱ་རྒྱུ་མ་བྱུང༌། འགའ་ཤས་གསོལ་ཕོགས་ཡོད་མཁན་དེ་ཚོས་མཚན་དོད་བཞེས་པ་དང༌། ཁ་ཤས་གསོལ་ཕོགས་ཡོད་མཁན་ཚོས་མཚན་དོད་མ་བཞེས་པར་སྤྱི་འཐུས་སྒེར་སོ་སོས་འདྲ་མི་འདྲ་སྣ་ཚོགས་ཤིག་གནང་གི་ཡོད་ཚུལ་འདུག དེས་ན་སྤྱི་འཐུས་རྣམས་སོ་སོའི་བཟང་སྤྱོད་ཀྱི་ཐོག་ལ་གཞག་རྒྱུ་རེད་མ་གཏོགས། ང་ཚོ་ལས་བྱེད་པ་ལ་ཧ་ཅང་དོ་དམ་བྱས་པ་ནང་བཞིན་བྱེད་དུ་ཕྱིན་པ་ཡིན་ན་ཤིང་གི་སྟ་རེས་ཤིང་མི་ཆོད་པའི་དཔེ་ལྟར་ཆགས་ཀྱི་རེད་བསམ་དྲན་གྱི་འདུག འོན་ཀྱང་གནས་ཚུལ་དེ་གྲོས་ཚོགས་སྤྱི་ཡོངས་ལ་ངས་ཞུ་དགོས་དོན་ནི་ཚང་མས་མཁྱེན་དགོས་པར་བརྟེན་རེད། དེ་བཞིན་རྒྱུན་ལས་པ་འདིར་ཕེབས་བཞུགས་གནང་མཁན་དེ་ཚོ་ཐོག་མ་ཡར་ཕེབས་སའི་ས་གནས་ལ་མར་ལོག་དགོས་ཀྱི་ཡོད་ན། དེ་དང་རྗེས་འབྲེལ་གྱི་ལས་བྱེད་བླང་དོར་སྒྲིག་གཞིའི་ནང་གསལ་བ་ལྟར་ཐོབ་ཀྱི་ཡོད་རེད། ཡང་མར་ཕེབས་ཀྱི་མེད་ན་མར་ལོག་པའི་ལམ་གྲོན་དེ་གནང་གི་ཡོད་པ་མ་རེད། དྷ་རྨ་ཤཱ་ལཱ་ནང་ཁུལ་གང་དུ་སྤོས་ཀྱང་འོར་འདྲེན་གྱི་འགྲོ་གྲོན་རྣམས་ཚད་གཞི་གཞི་བཟུང་གིས་གནང་གི་རེད། དེ་དག་ཀྱང་སྤྱི་འཐུས་རྣམ་པ་ཚོས་ཐུགས་ལ་ཉར་ནས་དྭང་ལེན་གནང་དགོས་པ་ཞིག་རེད་མ་གཏོགས། ང་ཚོ་ཚོགས་གཙོ་རྣམ་པ་གཉིས་ཀྱི་ངོས་ནས་མཁྲེགས་པོ་བྱེད་དགོས་ཞེས་ཞུ་གི་ཡོད་རེད་དེ། བར་བར་དུ་སྐབས་རེ་ཁ་དང་ཞལ་ཐུག་པ་ནང་བཞིན་ཡོང་གི་ཡོད་ས་རེད། དེ་དག་ལ་ངེས་པར་དུ་དགོངས་བཞེས་གནང་རོགས་གནང་ཞེས་ཞུ་གི་ཡོད། དེ་ནས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཀྱིས་ཐག་གཅོད་བྱས་པ་ཞིག་ལ། ཕྱོགས་བཞུགས་སྤྱི་འཐུས་དེ་དག་ས་གནས་སོ་སོའི་ནང་རང་ཉིད་སྤྱི་འཐུས་ཡིན་པའི་མཚན་གནས་རྗེས་འབྲེལ་གྱིས་སྤྱི་ཚོགས་ཀྱི་བདེ་སྡུག་དང་འབྲེལ་བའི་ཕྱག་ལས་ཇི་འདྲ་ཞིག་གནང་རུང༌། དེ་གནང་དགོས་པ་ཞིག་དང་དགའ་བསུ་ཞུ་འོས་ཤིག་རེད། འོན་ཀྱང་དེ་དག་ཚང་མ་ཕྱོགས་བཞུགས་སྤྱི་འཐུས་སྒེར་སོ་སོའི་ངོས་ནས་གནང་དགོས་པ་ཞིག་ལས། སྤྱི་འཐུས་ལྷན་ཁང་དང་རྒྱུན་ལས་ཀྱི་མཚན་ཐོག་ནས་སྤྱི་འཐུས་ལྷན་ཁང་གི་ཚབ་བྱས་ཏེ་གནང་ཆོག་གི་ཡོད་མ་རེད། ཡིག་འབྲེལ་གནང་བ་ཡིན་ནའང་རེད། ཕྱག་ལས་ཤིག་གནང་བ་ཡིན་ནའང་རེད། སོ་སོ་སྒེར་གྱིས་འགན་འཁྱེར་ནས་གནང་དགོས་པ་ཞིག་རེད། ལས་དོན་གལ་ཆེ་སྤྱི་ལྷན་གྱི་ངོས་ནས་གནང་དགོས་རིགས་རྣམས་སྔོན་ཚུད་ནས་ཞལ་པར་དང་ཏར་འཕྲིན་བརྒྱུད་གནས་ལུགས་འདི་འདྲ་ཞིག་འདུག སྤྱི་ལྷན་གྱི་མཚན་ཐོག་ནས་བཀོད་ཁྱབ་བྱས་ན་འགྲིགས་ཀྱི་རེད་དམ་ཞེས་རྒྱུན་ལས་ནས་བཀའ་ཁྲོལ་ཞུས་རྗེས། རྒྱུན་ལས་ཀྱིས་དེ་བཞིན་གནང་རོགས་ཞེས་གསུངས་ན། དེ་རྗེས་སྤྱི་ལྷན་དང་སྤྱི་འཐུས་རྒྱུན་ལས་ཀྱི་ཚབ་གནང་སྟེ་གནང་དགོས་པ་ཞིག་རེད། དེའི་རྗེས་འབྲེལ་གྱིས་སྤྱི་འཐུས་རྒྱུན་ལས་ནས་ཕར་སྙན་གསན་ཞུས་པ་དང༌། ས་གནས་སོ་སོ་ནས་རྒྱུན་ལས་ལ་ཚུར་སྙན་གསན་གནང་རྗེས་བཀའ་ཁྲོལ་ཐོབ་པའི་ལས་དོན་གནང་སྐབས་ཀྱི་འགྲོ་གྲོན་རྣམས་སྤྱི་ལྷན་ཡང་ན་ས་གནས་སོ་སོ་ལ་ཚོགས་དངུལ་འདྲ་ཡོད་པ་ཡིན་ན། དེ་ནས་གཏང་རྒྱུ་ལས་གཞན་བྱ་ཐབས་ཡོད་མ་རེད། དཔེར་ན། སྔ་མ་ཡོ་རོབ་སྤྱི་འཐུས་ཚོ་ལ་ཕར་ཚུར་དྲིལ་བསྒྲགས་གནང་བར་ཕེབས་རོགས་ཞེས་ཞུས་ཡོད་རེད་དེ། སྐབས་དེར་ལམ་གྲོན་དེ་འདི་ནས་ཕར་ཕུལ་ཐུབ་ཡོད་མ་རེད། ལམ་གྲོན་སོ་སོ་རང་གིས་གཏང་ཐུབ་ན་གཏང་རོགས་གནང༌། མ་ཐུབ་ན་འདི་ནས་ཕུལ་ཐུབ་པ་མི་འདུག་ཅེས་ཞུས་ནས་ཕུལ་ཡོད་མ་རེད། བྱས་ཙང་ས་གནས་སོ་སོ་ནས་མགྲོན་ཤོག་བྱུང་བ་དང༌། དེ་དག་ལ་ཕེབས་པར་སྤྱི་འཐུས་རྒྱུན་ལས་ཀྱི་བཀའ་འབྲེལ་མེད་པར་སྤྱི་འཐུས་སྒེར་གྱི་ཆ་ནས་ཕེབས་པ་ལ་ངོས་འཛིན་གནང་རྒྱུ་དང༌། རྒྱུན་ལས་ཀྱི་བཀའ་འབྲེལ་ཡོད་པ་དེ་དག་སྤྱི་ལྷན་ནམ་སྤྱི་འཐུས་རྒྱུན་ལས་ཀྱི་ངོས་ནས་ཕེབས་པར་ངོས་འཛིན་གནང་རྒྱུ་རེད། དེའི་སྐོར་ཁ་སྔོན་སྤྱི་འཐུས་གཅིག་གིས་བཀའ་འདྲི་གནང་སོང༌། དེས་ན་འདིའི་སྐོར་སྤྱི་འཐུས་བྱེ་བྲག་པ་གཅིག་ཙམ་མ་ཟད་ཚང་མས་མཁྱེན་དགོས་པ་ཞིག་སོང་ཙང༌། འདིར་གསལ་བཤད་ཞུས་པ་ཡིན།
ད་རེས་གཞུང་འབྲེལ་གྲོས་འཆར་ཞིག་གི་ཐོག་ལ་བགྲོ་གླེང་བྱེད་སྐབས་ལྷ་སྲུང་བསྟེན་ཕྱོགས་སྐོར་ལ་དབུས་གཙང་ཆོལ་ཁའི་སྤྱི་ཁྱབ་རྒྱུན་ལས་ཁང་ནས་སྤང་བླང་གི་ཕྱག་བྲིས་འབྱོར་མི་འདུག་ཅེས་སྤྱི་འཐུས་ནང་ལ་བཀའ་མོལ་ཞིག་བྱུང་འདུག གལ་ཏེ་འབྱོར་མེད་ན་འདྲ་བཤུས་བསྐྱར་དུ་འབུལ་གྱི་ཡིན་ཞེས་གསུངས་སོང༌། དེ་འབྱོར་མི་འདུག་ཅེས་གསུངས་པའི་བཀའ་མོལ་དེ་ག་འདྲ་གསན་པ་ཡིན་ནམ། དེ་ངས་ཤེས་མ་སོང་སྟེ་ཕྱག་བྲིས་དེ་ཕྱི་ཟླ་ ༥ ཚེས་ ༤ ཉིན་སྤྱི་འཐུས་རྒྱུན་ལས་སྔ་མ་ལ་འབྱོར་འདུགཉིན་མོ་དེ་རང་ལ་རྒྱུན་ལས་སུ་སྙན་སྒྲོན་ཞུས་འདུག ངས་འདིར་ཞུ་རྒྱུར་རྒྱུ་མཚན་གཞན་གང་ཡང་མེད་རུང༌། འབྱོར་མི་འདུག་ཅེས་པའི་བཀའ་མོལ་དེ་ཐོས་པ་ཡིན་ཙང༌། ལན་སྐྱེལ་མཁན་དེས་ཡག་པོ་མ་འཁྱོལ་བ་རེད་བསམ་གྱི་འདུག རྗེས་མ་ནས་རྒྱུན་ལས་ལ་བཀའ་མོལ་བྱུང་བ་དེ་དག་ལམ་སེང་ལྗགས་ལན་འབུལ་མཁན་ཡོད་ན་བསྐྱར་དུ་ཞིབ་འཇུག་Counter Check ཞིག་གནང་ན་མ་གཏོགས། ལན་ཏག་ཏག་ཅིག་འཁྱོལ་གྱི་ཡོད་པའི་ངེས་པ་མེད་པ་འདྲ་པོ་ཞིག་འདུག རྒྱུན་ལས་ནང་ལ་དབུས་གཙང་རྒྱུན་ལས་ཁང་གི་ཕྱག་བྲིས་འབྱོར་མི་འདུག་ཅེས་བཀའ་མོལ་བྱུང་མ་སོང༌། གྲོས་ཚོགས་ནང་ལའང་བྱུང་མ་སོང༌། བྱས་ཙང་དཔེ་མཚོན་འདིའི་ཐོག་ནས་ཆེད་དུ་མངགས་ཏེ་ཞུ་དགོས་པ་ཞིག་ལ། མང་ཚོགས་ཀྱི་ནང་ལ་གོ་བརྡ་མ་འཕྲོད་པ་དང་འཆལ་གཏམ་གྱི་དཀའ་ངལ་དེ་རླབས་ཆེན་ཞིག་ང་རང་ཚོའི་ནང་ལ་ཡོང་གི་ཡོད་རེད། གྲོས་ཚོགས་ནང་གང་གནང་བ་དེ་དག་ཇི་མ་ཇི་བཞིན་ཡིག་ཐོག་བཀོད་དེ་བཀྲམས་སྡོད་ཀྱི་ཡོད་རེད་དེ། འོན་ཀྱང་སྤྱི་ཚོགས་ཀྱི་ནང་ལ་གྲོས་ཚོགས་ནང་བཀའ་མོལ་མ་གནང་བ་དེ་གནང་བ་རེད་ཅེས་ཤོད་མཁན་དེ་ཚོ་རླབས་ཆེན་ཞིག་འཕྲོད་ཐུབ་ཀྱི་ཡོད་རེད། དེ་ལ་གདོང་ལེན་བྱ་དགོས་པ་དེ་གནད་འགག་ཆེན་པོ་ཞིག་ཆགས་ཀྱི་ཡོད་རེད་བསམ་གྱི་འདུག མི་མང་གི་དངོས་ཡོད་གནས་ཚུལ་དེ་གྲོས་ཚོགས་དང་འཛིན་སྐྱོང་ལ་ཡར་སླེབས་ཐུབ་པ་ཞིག་དང༌། གྲོས་ཚོགས་དང་འཛིན་སྐྱོང་གི་གནས་ཚུལ་དངོས་ཡོད་དེ་མི་མང་ལ་མར་སླེབས་ཐུབ་པའི་ཐོག་ནས་དེ་གཉིས་ཀྱི་དབར་ལ་ཆད་ལྷག་མི་འགྲོ་བ་ཞིག་བྱེད་དགོས་པ་དེ་ང་ཚོའི་བརྒྱུད་ལམ་གྱི་ཐོག་ནས་ཡིན་ནའང་རེད། དེ་བཞིན་གང་ཟག་བྱེ་བྲག་པའི་ངོས་ནས་ཡིན་ནའང་རེད། ཡང་འཆར་ཅན་དེ་ལྟར་ལན་བསྐྱལ་རྒྱུར་དབྱིངས་ཆེན་པོ་ཡོད་པའི་ལན་སྐྱེལ་མཁན་དེ་ཚོ་ཡིན་ནའང་རེད། གནས་ཚུལ་གསན་རྒྱུའི་ཐོབ་ཐང་དེ་ཚང་མར་ཡོད་རེད། གསང་བའི་གནས་ཚུལ་མ་གཏོགས། ཚང་མ་ཕྱི་གསལ་ནང་གསལ་བྱེད་གལ་ཆེ་བ་རེད། དེ་བྱེད་པའི་སྐབས་ལ་མེད་པ་ལ་འདུག་ཅེས་སྒྲོ་བཏགས་དང༌། ཡོད་པ་ལ་མི་འདུག་ཅེས་སྐུར་འདེབས་བྱུང་བ་ཡིན་ན་སྤྱི་ཚོགས་ནང་བདེ་འཇགས་མི་ཡོང་བ་དང༌། མི་ཕན་ཚུན་གྱི་བསམ་བློའི་ནང་ལ་སྐྱོན་ཆ་འགྲོ་བའི་གནས་སྟངས་མང་པོ་ཞིག་ཡོང་གི་ཡོད་རེད། དེ་ལ་ང་ཚོས་དྭོགས་ཟོན་གནང་གལ་ཆེ་བ་དང༌། ལྷག་པར་དུ་མི་མང་གི་སྐུ་ཚབ་གནང་མཁན་གྱི་སྤྱི་འཐུས་རྣམ་པ་ཚོས་ཐུགས་འགན་ཆེན་པོ་བཞེས་གལ་ཆེ་བ་ཞིག་ཡོད་པ་ངའི་ཚོར་སྣང་ལ་བྱུང་སོང༌།
དེ་ནས་ཁ་སང་ང་ཚོས་གྲོས་ཆོད་ཅིག་བཞག་པ་རེད། གྲོས་ཆོད་དེ་ལ་དགག་པ་གནང་མཁན་གཅིག་ཀྱང་མ་བྱུང་བ་ཡིན་ཙང༌། སྤྱི་མོས་ཐོག་ལ་བཞག་པ་རེད། སྤྱི་མོས་ཀྱི་ཐོག་ནས་གྲོས་ཆོད་ཅིག་བཞག་ཚར་རྗེས། གྲོས་ཆོད་དེ་ཕྱིར་བསྡུ་བྱེད་པའམ། བསྐྱར་བཅོས་བྱེད་པ། ཡང་ན་གྲོས་ཆོད་དེ་རྩིས་མེད་ལ་འགྲོ་རྒྱུར་གྲོས་ཆོད་གཞན་པ་ཞིག་མ་བཞག་གི་བར་དུ་གྲོས་ཆོད་དེའི་དགོངས་དོན་དེ་ལག་ལེན་བསྟར་དགོས་པ་རེད། མ་བསྟར་ན་མི་འགྲིགས་པ་རེད། མ་བསྟར་ན་ང་ཚོའི་ཚོགས་འདུའི་འགྲོ་ལུགས་དེ་རྩ་བ་ནས་མི་བདེ་བ་ཞིག་ཆགས་འགྲོ་གི་རེད། དེ་འདྲ་ཡིན་དུས་གྲོས་ཆོད་དེའི་སྐོར་ལ་ཡང་བསྐྱར་སྟོང་པའི་དུས་ཚོད་ལ་གསལ་པོ་བཟོས་ཚར་བ་རེད། སྤྱི་འཐུས་ཤིག་ཡིན་ཕྱིན་ཆད་གྲོས་ཚོགས་ཀྱི་གྲོས་ཆོད་ཀྱི་ཐོག་ནས་དམིགས་བསལ་བཏང་བ་ཞིག་ཡིན་ན་མ་གཏོགས། འཛིན་སྐྱོང་ལ་འགན་འཁྱེར་དགོས་པའི་ལས་དོན་གྱི་ནང་སྡོད་ན་མི་འགྲིགས་ཟེར་བ་ནི་གྲོས་གཞི་དེ་རེད། དེ་འདྲ་ཡིན་ཙང་གྲོས་ཆོད་དེའི་ལག་ལེན་སྤྱི་འཐུས་རྣམ་པ་ཚོ་ཚང་མས་བསྟར་གྱི་འདུག་མི་འདུག དེ་ཚོགས་གཙོ་དང་རྒྱུན་ལས་ཀྱིས་ཞིབ་འཇུག་བྱེད་ཐུབ་པ་ཞིག་ཡོད་མ་རེད། རྒྱུ་མཚན་ནི་དེ་ཁྲིམས་ཀྱི་ཐོག་ལ་འགྲེལ་བརྗོད་བྱ་རྒྱུའི་ལས་ཀ་ཞིག་ཆགས་པ་སོང་ཙང༌། ཁྲིམས་ཁང་ནང་ལ་འགྲོ་དགོས་པའི་གནས་སྟངས་ཤིག་ཆགས་པ་རེད། འོན་ཀྱང་གྲོས་ཆོད་དེ་གསལ་པོ་བྱས་ནས་བཞག་ཚར་དུས་དེ་ལག་ལེན་ལ་བསྟར་མིན་དེ་སྤྱི་འཐུས་བྱེ་བྲག་པ་སོ་སོས་དགོངས་བཞེས་གནང་དགོས་པ་ཞིག་དང༌། ཐག་གཅོད་གནང་དགོས་པ་ཞིག་རེད། གྲོས་ཆོད་བཞག་རྗེས་དེའི་ཐོག་ལ་རྙོག་མ་གཏིང་སློང་བྱས་ནས་གྲོས་ཆོད་བཞག་པ་དེའི་རྒྱབ་ལ་ཀུན་སློང་ག་རེ་འདུག གྲོས་ཆོད་བཞག་པའི་སྐབས་ལ་དགག་བྱ་བྱས་མ་ཐུབ་པ་དེའི་རྒྱུ་རྐྱེན་ག་པར་ཐུག་པ་རེད། དེ་དག་བསྐྱར་སློང་གནང་ན་ཕན་ཐོགས་མེད་པ་དང༌། འབྲེལ་བ་མེད་པ་ཞིག་ཆགས་འགྲོ་གི་རེད། དེ་ཡིན་དུས་གྲོས་ཆོད་དེ་ནོར་ཡོད་ན་ཚོགས་དུས་རྗེས་མའི་སྐབས་ལ་དེ་དང་འགལ་ཟླར་འགྲོ་བའི་གྲོས་ཆོད་ཅིག་གྲོས་ཚོགས་ནང་བསྣམས་ཏེ་དེའི་ཐོག་བགྲོ་གླེང་བྱས་ཏེ་མང་མོས་སྤྱི་མོས་གང་བྱུང་བ་ཡིན་ནའང་ལམ་གཅིག་དེ་རེད། དེ་མིན་གྲོས་ཆོད་དེ་བཅའ་ཁྲིམས་ཀྱི་ནང་དོན་དང་འགལ་བ་ཞིག་རེད་ཅེས་ཁྲིམས་ཀྱི་ནང་ལ་ཐག་གཅོད་བྱུང་བ་ཡིན་ན། ངས་ད་ལྟ་ཧ་གོ་གི་མི་འདུག གྲོས་ཚོགས་ཀྱི་གྲོས་ཆོད་ཅིག་ཁྲིམས་ཁང་གི་ནང་ལ་ཁྱེར་ཆོག་གི་ཡོད་མེད་མི་ཤེས་ཀྱང༌། སྤྱིར་བཏང་འགྲོ་སྟངས་བྱས་པ་ཡིན་ན་བཅའ་ཁྲིམས་དང་མི་མཐུན་པ་ཞིག་ཏུ་གསལ་བསྒྲགས་བྱས་པ་ཡིན་པའམ། དེ་མིན་ན་གྲོས་ཚོགས་ནས་དེའི་འགལ་ཟླའི་གྲོས་ཆོད་ཅིག་བཞག་པ་ཞིག་མ་བྱུང་གི་བར་དུ་སྤྱི་མོས་ཀྱིས་བཞག་པ་སོང་ཙང༌། སྤྱི་མོས་ཚར་གཅིག་བྱས་ཚར་རྗེས་ཡང་བསྐྱར་བལྟ་རྒྱུ་མེད་པ་ཞིག་རེད། ཚོགས་གཙོ་གཉིས་ལ་སྤྱི་འཐུས་བྱེ་བྲག་པ་གཉིས་ཀྱིས་དེའི་སྐོར་ལ་གསལ་བཤད་དགོས་ཀྱི་འདུག་ཅེས་གསུངས་སོང༌། དེ་ལ་ཚོགས་གཙོས་རྒྱུན་ལས་ལ་བཀའ་མོལ་ཞུས་ཏེ་མར་ལྗགས་ལན་འབུལ་གྱི་ཡིན་ཞེས་ཞུས་པ་ཡིན། དེའི་གནས་ཚུལ་དེ་ང་ཚོ་རྒྱུན་ལས་ལ་བཀའ་བསྡུར་གནང་ནས་རྒྱུན་ལས་ཀྱི་དགོངས་ཚུལ་ལ་གྲོས་ཆོད་འདིའི་དགོངས་དོན་དང་མཐུན་པ་རང་བྱས་ཏེ་སྤྱི་འཐུས་བྱེ་བྲག་པ་དེ་ཕེབས་དགོས་པ་དེ་གལ་ཆེན་པོ་དང༌། གལ་ཆེན་པོ་ཙམ་དུ་མ་ཟད། ངེས་པར་དུ་ཕེབས་དགོས་ཀྱི་འདུག་ཅེས་དེ་རྒྱུན་ལས་སྤྱི་མོས་ཐོག་ནས་མོས་མཐུན་བྱུང་བ་ཞིག་རེད། སྤྱིར་ཚང་མ་མི་རྟག་པ་ཡིན་ཙང༌། རྒྱུན་ལས་ཀྱིས་ཐག་གཅོད་བྱས་པ་དེ་རྒྱུན་དུ་དེ་ལྟར་སྡོད་གྲབས་ཡོད་མེད་ང་ཚོའི་སྔ་མའི་ཉམས་མྱོང་ལ་བལྟས་ན་ངེས་མེད་ཅིག་རེད། བཀའ་མོལ་ཞུ་བའི་སྐབས་ལ་འདི་དེ་འདྲ་རེད། ཚང་མ་འདི་དང་མཐུན་པ་གནང་དགོས་ཀྱི་རེད་ཅེས་བཀའ་མོལ་དེ་བྱུང་སོང༌། དེས་ན་སྤྱི་ཡོངས་ཐོག་ལ་ད་ལྟ་ལན་ཕུལ་དགོས་པ་དེ་འདྲ་ཡིན།
ྋསྐྱབས་མགོན་རིན་པོ་ཆེས་ད་རེས་བཀའ་སློབ་གནང་བའི་གཞི་རྩའི་སྙིང་པོ་དེ་གྲོས་ཚོགས་ཀྱི་འཐུས་མི་ཚོས་སོ་སོའི་བཟང་སྤྱོད་ཀྱི་གནས་ཚད་དེ་ཚད་ལོང་བ་ཞིག་དགོས་པ་དེ་ནན་པོ་བྱས་ཏེ་གསུངས་ཡོད་རེད། དེ་འདྲ་ཡིན་ཙང་ངས་ད་ལྟ་དྲན་གསོའི་ཆེད་ཙམ་ཞིག་ཞུ་ན། ང་རང་ཚོའི་བཟང་སྤྱོད་ཀྱི་གནས་ཚད་དེའི་ཐོག་ནས་མང་ཚོགས་ལ་ྋརྒྱལ་བ་རིན་པོ་ཆེའི་བཀའ་སློབ་དང་མཐུན་པའི་མིག་དཔེ་བསྟན་ཐུབ་པ་ཞིག་ངེས་པར་དུ་ཡོང་བའི་རེ་བ་ཞུ་གི་ཡོད། རེ་བ་ཙམ་མ་ཟད་ཡིད་ཆེས་ཞུ་གི་ཡོད། འཛིན་སྐྱོང་དང་གྲོས་ཚོགས་བར་གྱི་འབྲེལ་བ་བྱེད་སྟངས་ཀྱི་སྐོར་ལ་ངས་གསལ་བཤད་ཁ་སང་ཞུས་ཟིན་པ་ཡིན། དེ་ལ་བསྐྱར་ལྡབ་ཞུ་དགོས་པ་མེད། འོན་ཀྱང་ད་ལྟ་ངས་འདི་བསྐྱར་སློང་བྱེད་རྒྱུ་དེ་གྲོས་ཚོགས་ཀྱི་ངོས་ནས་འཛིན་སྐྱོང་ལ་འབྲེལ་བ་གནང་སྟངས་དེའི་སྐོར་ལ་རྒྱུན་ལས་པ་ཡིན་ནའང་རེད། ཕྱོགས་བཞུགས་པ་ཡིན་ནའང་རེད། ཕྱོགས་སུ་མ་ལྷུང་བ་ཞིག་དང་མཐའ་ལ་མ་ལྷུང་བ་ཞིག་གནང་མཁྱེན་དགོས་པ་དེ་གལ་ཆེན་པོ་འདུག་ཅེས་བསྐྱར་ནས་ཞུ་གི་ཡོད།
རྒྱུན་ལས་ནང་བཀའ་བསྡུར་གནང་སྟེ་དོན་གནད་གལ་ཆེ་བ་སྤྱི་འཐུས་ཚོས་མཁྱེན་དགོས་པ་ཞིག་ལ། སྐབས་བཅུ་གཅིག་པའི་སྤྱི་འཐུས་ལས་རྒྱུན་རིང་ང་ཚོའི་དབྱར་ཁའི་གྲོས་ཚོགས་དེ་རྡ་རམ་ཤཱ་ལཱའི་ཆར་ཞོད་ཆེ་བ་ཞིག་དང༌། དགུན་ཁའི་གྲོས་ཚོགས་དེ་གནམ་གྲང་བ་ཞིག་ལ་འཁེལ་བ་དེ་གནམ་གཤིས་སྡུག་ཤོས་གཉིས་ལ་འཁེལ་གྱི་ཡོད་པ་སོང༌། མི་ཚང་མས་དེ་ཡང་ཡང་གསུང་གི་ཡོད་ཀྱང༌། དེ་ལ་ཚོགས་དུས་བཅུའི་རིང་ལ་འགྱུར་བ་གང་ཡང་མ་ཕྱིན་པ་རེད། ད་རེས་ང་ཚོ་དམ་འབུལ་དང་སྦྲགས་ཏེ་ཕྱི་ཟླ་ ༦ ཚེས་ ༦ གི་བར་དུ་ཚོགས་པ་དེ་དབྱར་ཁའི་གྲོས་ཚོགས་ཚོགས་དུས་ཐུང་ངུ་དེ་བྱུང་བ་ཡིན་ཙང༌། དེ་ནས་ཚོགས་དུས་དེ་འགྱུར་བ་ཞིག་གཏང་ན་ཞེས་མ་འོངས་པ་ལ་དབྱར་ཁའི་གྲོས་ཚོགས་དེ་ཕྱི་ཟླ་ ༩ པར་ཚོགས་རྒྱུ་དང༌། དགུན་ཁའི་གྲོས་ཚོགས་ཀྱི་ཚབ་ལ་དཔྱིད་ཀའི་གྲོས་ཚོགས་ཚོགས་རྒྱུ་བྱས་ཏེ་སྔོན་རྩིས་གཏན་འབེབས་དེ་ཕྱི་ཟླ་གསུམ་པའི་ནང་བཏོན་ཐུབ་ན། ཕྱི་ཟླ་ ༣ ཚེས་ ༢༥ ཚུན་ལ་སྔོན་རྩིས་གཏན་འབེབས་བྱེད་ཐུབ་ན་ཕལ་ཆེར་གཞུང་ལ་སྐུ་ངལ་ཡོང་མདོག་ཁ་པོ་མ་རེད་བསམ་གྱི་འདུག དེ་འདྲ་སོང་ཙང་ད་ལོ་ང་ཚོའི་གྲོས་ཚོགས་རྗེས་མ་དེ་ལ་དབྱར་ཁའི་གྲོས་ཚོགས་ཞེས་བཏགས་དགོས་ཀྱི་ཡོད་དམ། དཔྱིད་ཀའི་གྲོས་ཚོགས་ཞེས་བཏགས་དགོས་ཀྱི་ཡོད་ང་ཚོས་གཟིགས་རྒྱུ་རེད། དེ་ཕྱི་ཟླ་ ༩ པའི་ནང་ཚོགས་ཐུབ་ན་དེ་རྗེས་དགུ་པ་དང་གསུམ་པའི་བར་ལ་བང་བྱས་ཏེ་འགྲོ་བ་དང༌། ལྷག་པར་དུ་སྔོན་རྩིས་དེ་ཟླ་བ་གསུམ་གྱི་སྔོན་ལ་འགྲོ་ཐུབ་ན་མ་གཏོགས། ཟླ་བ་གཉིས་ཀྱི་ཚོད་མ་ཐིག་པའི་སྐུ་ངལ་ཞིག་ལས་ཁུངས་ཁག་ལ་ཡོད་པ་འདྲ་པོ་ཞིག་མཐོང་གི་འདུག དེས་ན་དེ་འདྲའི་འགྱུར་བ་གཏང་ན་ཞེས་རྒྱུན་ལས་ཀྱི་དགོངས་ཚུལ་ཐག་གཅོད་ཅིག་བྱུང་ཡོད་རེད། འོན་ཀྱང་གྲོས་ཚོགས་ཚོགས་རྒྱུ་དང་གྲོལ་རྒྱུ་དེ་རྒྱལ་ཁབ་ཀྱི་དབུ་འཛིན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་ལ་སྙན་གསན་ཞུས་ཏེ་བཀའ་ཁྲོལ་བྱུང་བ་གཞི་བཟུང་གིས་ཚོགས་དུས་ཀྱི་འགྲོ་སྟངས་དེ་འགྲོ་དགོས་ཀྱི་ཡོད་རེད། གལ་ཏེ་ྋསྐྱབས་མགོན་རིན་པོ་ཆེའི་བཀའ་ཁྲོལ་བྱུང་ན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཀྱི་ཚོགས་དུས་དེ་དགུ་པ་དང་གསུམ་པར་བཞག་ན་ཟེར་བའི་དགོངས་འཆར་དེ་ཤུགས་ཆེ་ཆུང་མཉམ་པ་འདྲ་ཞིག་བྱུང་བ་རེད། དེ་ཐུགས་ཐག་ཆོད་མ་ཐག་ལ་སྤྱི་འཐུས་རྣམ་པ་ཚོར་ང་ཚོའི་གྲོས་ཚོགས་ཀྱི་ཚོགས་བརྡ་དེ་སྔ་མ་བཞིན་སྔ་ཙམ་ནས་གཏོང་རྒྱུ་ཡིན། སྤྱི་འཐུས་རྣམ་པ་ཚོ་གྲོས་ཚོགས་ལ་ཕེབས་ཐུབ་ཆེད་ལ་ཕྲན་བུའི་ཐུགས་ཕན་གསོས་ན་བསམས་ནས། སྔོན་ཙམ་ནས་བཏང་ན་གནམ་གྲུ་དང་མེ་འཁོར་དེ་ཚོའི་ལག་འཁྱེར་མངགས་པའི་ཁྱད་པར་སོགས་ཡོད་པ་ལ་བརྟེན་ནས་རེད། བྱས་ཙང་ད་རིང་མགྱོགས་པོ་ཐག་གཅོད་ཐུབ་པ་ཡིན་ན། ཐག་གཅོད་བྱུང་མཚམས་ལ་སྙན་སྒྲོན་ཞུ་རྒྱུ་ཡིན། ད་རིང་ཚོགས་དུས་ཐུང་ངུ་འདིའི་རིང་ལ་གྲོས་ཚོགས་ཀྱི་ཚོགས་འདུ་དང་འབྲེལ་བ་ཡོད་པའི་ཕྱག་ལས་མང་པོ་ཞིག་གནང་བ་རེད། གྲོས་ཚོགས་ཀྱི་ཚོགས་འདུ་དང་འབྲེལ་བ་མེད་པ་སྤྱིར་བཏང་གྲོས་ཚོགས་ཀྱི་འཐུས་མི་ཚོས་གནང་དགོས་པའི་ཕྱག་ལས་མང་པོ་ཞིག་ཀྱང་གནང་བ་རེད། དེའི་ནང་ནས་ཚོགས་གཙོ་ཚོགས་གཞོན་འོས་འདེམས་གནང་རྒྱུ། བཀའ་ཤག་འོས་འདེམས་གནང་རྒྱུ། ཚོགས་གཙོ་ཚོགས་གཞོན་གྱི་དམ་འབུལ་མཛད་སྒོ་ལ་ཕེབས་རྒྱུ། སྤྱི་འཐུས་དམ་འབུལ་གནང་རྒྱུ་དེ་དག་ཚང་མ་ད་རེས་སྤྱི་འཐུས་བཞི་བཅུ་ཞེ་དྲུག་ཆ་ཚང་གིས་ཕྱག་བཞེས་གནང་ཐུབ་པ་རེད། དེ་ནས་བཞུགས་མོལ་ཚོགས་འདུ་ཕལ་ཆེར་ཚོུད་བཞི་ཡན་མན་ཞིག་ཚོགས་ཡོད་པ་རེད། དེ་མིན་གྲོས་ཚོགས་རང་གི་ལས་རིམ་གྱི་ནང་ལ་ྋསྐྱབས་མགོན་རིན་པོ་ཆེ་ཚོགས་ཕེབས་གནང་རྒྱུས་མཚོན་ཚོགས་ཐེངས་རིང་ཐུང་བསྡོམས་པའི་བཅུ་ང་ཚོས་ཉིན་ལྔའི་རིང་ལ་ཚོགས་པ་རེད། དེའི་ནང་ལ་དྲི་བ་དྲིས་ལན་གཅིག ཁྲིམས་བཟོའི་ལས་དོན་ཁག་གསུམ། ཁྲིམས་བཟོའི་གྲོས་འཆར་དང་བསྐྱར་བཅོས་གྲོས་འཆར་བསྡོམས་པའི་ཁག་བཞི། བཀའ་ཤག་གི་གསལ་བཤད་དང་དེའི་ཐོག་ལ་བགྲོ་གླེང༌། ཐུགས་སྣང་གཞེན་བསྐུལ་གྱི་གྲོས་འཆར་གཉིས། སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཅིག གཞུང་འབྲེལ་གྲོས་ཆོད་གྲོས་འཆར་བཞི། ཐུགས་རྗེ་ཆེ་ཞུའི་གྲོས་ཆོད་གྲོས་འཆར་གཅིག རྗེས་དྲན་གྱི་གྲོས་འཆར། སྟོང་པའི་དུས་ཚོད་ཞུ་མཁན་དྲུག་དེ་འདྲ་ཞིག་བྱུང་ཡོད་པ་རེད། གྲོས་འཆར་སྣ་ཚོགས་ཀྱི་ཐོག་ལ་གསུང་བཤད་གནང་མཁན་དྲུག་ཅུ་རེ་བཞི་ཙམ་བྱུང་བ་བཅས་ང་ཚོའི་ཉི་མ་ལྔའི་རིང་ལས་རིམ་ཚང་མའི་ནང་ནས་ཏོག་ཙམ་ཏོག་ཙམ་སླེབས་ཡོད་པ་རེད། ལས་དོན་མཚམས་འཇོག་གི་གྲོས་འཆར་ཟེར་བ་དེ་འདྲ་མ་གཏོགས། གཞན་ཁྲིམས་བཟོ་དང་ཁྲིམས་བཟོ་མ་ཡིན་པའི་ལས་དོན་སྣ་ཚོགས་ཤིག་སྦྱོང་བདར་གྱི་ཚོད་འདྲ་པོ་ཞིག་བྱས་པ་རེད། སྤྱི་འཐུས་དམ་འབུལ་གནང་བ་ནས་བཟུང་སྟེ་སྐབས་བཅུ་གཉིས་པའི་རྒྱུན་ལས་དེ་འགོ་ཚུགས་པ་ཡིན་ཙང༌། སོ་སོ་སོ་སོའི་ལོ་ལྔའི་རིང་ཆབ་སྲིད་དང་སྤྱི་ཚོགས་ནང་ལ་ཕྱག་ལས་ས་གནས་སོ་སོར་གནང་རྒྱུ་དང༌། དབུས་ལ་གནང་རྒྱུ་གང་ཡོད་པ་དེ་དག་ད་ལྟ་ནས་འཆར་གཞི་བང་བསྒྲིགས་པ་ཞིག་བྱུང་ན་ལེགས་པོ་ཡོད་རེད་བསམ་གྱི་འདུག ལྷག་པར་དུ་ཚོགས་དུས་རྗེས་མ་ནས་ཚོགས་འདུའི་འགྲོ་སྟངས་དེ་དག་ཕྲན་བུའི་དོ་དམ་དུ་གཏོང་རྒྱུའི་འབད་རྩོལ་བྱེད་ཀྱི་ཡོད། དེ་འདྲ་སོང་ཙང་གྲོས་འཆར་ག་འདྲ་ཞིག་ཡིན་རུང༌། དྲི་བ་དྲིས་ལན་གྱིས་མཚོན་པའི་ཡིག་ཆ་དེ་དག་སྒྲིག་གཞིའི་ནང་ལ་འཁོད་པའི་སྔོན་བརྡ་དགོས་པ་རྣམས་སྔོན་བརྡ་ཆ་ཚང་མ་བྱུང་ན་ཁས་ལེན་ཞུ་གི་མིན་ཞེས་ད་ལྟ་ནས་ཞུ་གི་ཡོད། གང་ལགས་ཤེ་ན། སྤྱི་འཐུས་རྣམ་པ་ཚོས་གྲོས་འཆར་དང༌། བཟོ་བཅོས་གྲོས་འཆར། དྲི་བ་ལ་སོགས་པ་དེ་དག་དུས་ཚོད་ཐུང་ཐུང་ཞིག་ལ་གནང་སྐབས་ཕྱོགས་གཅིག་ནས་སྒྲིག་གཞི་དང་མ་མཐུན་པ་ཞིག་ཆགས་ཀྱི་ཡོད་ལ། དེ་ལས་དཀའ་ངལ་ཆེ་བ་ཞིག་ནི་དེ་ལ་ཞིབ་འཇུག་བྱེད་ལོང་མ་བྱུང་བ་དང༌། གཟབ་གཟབ་ལྟ་ལོང་མ་བྱུང་བའི་དབང་གིས་སྐབས་རེ་ནོར་འཁྲུལ་འགྲོ་བ་དང༌། སྐབས་རེ་དགོས་ངེས་ཀྱི་དུས་ཚོད་མ་འདེང་བ་བྱས་པ་སོགས་ཡོང་གི་འདུག བྱས་ཙང་མ་འོངས་པར་ཚོགས་དྲུང་ལས་ཁུངས་ནང་ལ་འབྱོར་རྒྱུ་དེ་དུས་ཚོད་གང་འཚམས་ཀྱི་སྔོན་ལ་འབྱོར་དགོས་པ་དང༌། ཚོགས་དྲུང་ལས་ཁུངས་ནས་བཀའ་བློན་ལས་ཁུངས་གཞན་དག་ལ་གཏང་དགོས་པ་དེ་དག་ཀྱང་དུས་ཚོད་ཏག་ཏག་ལ་གཏང་ཐུབ་པ་ཞིག་བྱ་རྒྱུར་དམིགས་བསལ་གྱིས་འབད་རྩོལ་བྱེད་ཀྱི་ཡོད། ད་རེས་ཚོགས་དུས་ཐུང་ཐུང་སོང་ཙང༌། ཚོགས་གཙོ་ལས་ཚབ་རྣམས་ལ་དངོས་གཞིའི་ཕྱག་ལས་གནང་རྒྱུའི་དགོས་མཁོ་བྱུང་ཡོད་མ་རེད། འོན་ཀྱང་ཚོགས་གཙོ་ལས་ཚབ་ཀྱི་མཚན་བཞེས་ནས་ང་ཚོའི་ཡིག་ཆའི་ནང་འཁོད་པ་ཡིན་ཙང༌། དེ་དག་ལ་ངས་ཐུགས་རྗེ་ཆེ་ཞུ་གི་ཡོད། ལས་རིམ་ཚོགས་ཆུང་གི་ཚོགས་འདུ་གཅིག་མ་གཏོགས་ཚོགས་ཐུབ་ཡོད་མ་རེད། ཚོགས་འདུ་གཉིས་པ་ཚོགས་སྐབས་ལ་ང་ཚོར་སྔོན་བརྡ་མ་བྱུང་བ་ཡིན་ཙང༌། མི་ཚང་མ་འཛོམས་མ་སོང༌། སྤྱིར་བཏང་ནས་ལས་རིམ་ཚོགས་ཆུང་གི་དགོས་མཁོ་ལྟེ་བ་དེ། གྲོས་ཚོགས་ཀྱི་ལས་རིམ་ཧ་ཅང་མང་པོ་ཡོད་ན། དེའི་ནང་ནས་བཏང་འཛིན་མང་པོ་ཞིག་བྱ་དགོས་པ་སོང་ཙང༌། ལས་རིམ་ཚོགས་ཆུང་གལ་ཆེ་ཆགས་ཀྱང༌། ང་ཚོ་ལ་ད་ལྟ་དེ་ཙམ་ལས་རིམ་འཚང་ཁ་མེད་པ་རེད། སྤྱི་ཡོངས་ཀྱི་ཆ་ནས་བལྟས་ན་ད་ལྟའང་གྲོས་ཚོགས་ཀྱི་ནང་ལ་བཀའ་ཤག་དང་རྒྱུན་ལས་ཀྱི་གཞུང་འབྲེལ་གྱི་ལས་འཆར་དེ་དག་མ་གཏོགས། སྤྱི་འཐུས་སྒེར་སོ་སོའི་ངོས་ནས་དྭང་ལེན་བྱས་པའི་ལས་རིམ་དེ་ཧ་ཅང་ཉུང་ཉུང་ཡོང་གི་ཡོད། དེ་གྲོས་ཚོགས་ཀྱི་འཐུས་མི་ཡིན་པའི་ཆ་ནས་ལས་འགན་སྒྲུབ་ཕྱོགས་ཀྱི་ཐོག་ལ་ཏོག་ཙམ་རྗེས་ལུས་ཐེབས་ཀྱི་ཡོད་རེད་བསམ་གྱི་འདུག ང་རང་ལ་མཚོན་ན་སྔོན་རེ་བ་བྱུང་བ་ལ། སྤྱི་འཐུས་དཀྱུས་མ་བྱས་ཏེ་སྡོད་པའི་གོ་སྐབས་བྱུང་བ་ཡིན་ན། གྲོས་ཚོགས་ཀྱི་ནང་ལ་སྤྱི་འཐུས་གཅིག་གིས་ཇི་ཙམ་གྱི་འཁྲུག་ཆ་དོད་པོ་བྱ་རྒྱུ་ཡོད་པ་དེ་ལམ་སྟོན་བྱེད་རྒྱུ་ཞིག་ཡོང་གི་རེད་བསམ་པ་བྱུང་ཡང་དེའི་གོ་སྐབས་དེ་ད་ལྟ་ཐོབ་ཡོད་མ་རེད། ད་ལོའི་གྲོས་ཚོགས་ཀྱི་ནང་ལ་སྤྱི་འཐུས་དགུང་ལོ་གཞོན་པ་དང༌། རྒྱལ་ཁབ་གཞན་གྱི་གྲོས་ཚོགས་ཀྱི་ལམ་སྲོལ་མང་པོ་གཟིགས་མྱོང་མཁན་ཡོད་པ་སོང༌། ངས་རེ་བ་དང་ཡིད་ཆེས་ཞུ་རྒྱུར། ཚོགས་དུས་རྗེས་མ་དེ་ཚོའི་ནང་ལ་ཚོགས་གཙོ་གཉིས་ལ་བཏང་འཛིན་བྱེད་རེ་བྱེད་ཚད་ཅིག་ཡོང་བའི་རེ་བ་བྱེད་ཀྱི་ཡོད། སྤྱི་འཐུས་སྒེར་སོ་སོའི་ངོས་ནས་གསར་གཏོད་བྱས་པའི་ལས་འཆར་གྱི་རིགས་འཚང་ཁ་ཤིག་ཤིག་ཡོང་བ་ཞིག་དང༌། དེ་འདྲའི་ལས་འཆར་གྱི་རིགས་ལ་བརྟེན་ནས་ང་ཚོའི་གྲོས་ཚོགས་ཀྱི་སྤྱིར་བཏང་གི་ཕྱག་ལས་ཀྱི་གནས་ཚད་དེ་མཐོ་རུ་འགྲོ་རྒྱུའི་རེ་བ་བྱེད་ཀྱི་ཡོད། གྲོས་ཚོགས་ཀྱི་འཐུས་མི་ཡིན་པའི་ཆ་ནས་རྒྱལ་ཁབ་མང་པོའི་གྲོས་ཚོགས་ཀྱི་འགྲོ་སྟངས་ལ་ཐུགས་ཞིབ་གནང་རྒྱུ་དང༌། གྲོས་ཚོགས་ཀྱི་ནང་ལ་ཆབ་སྲིད་དང་སྤྱི་ཚོགས་ཀྱི་ཆེད་དུ་འཕྲལ་ཕུགས་རྒྱང་གསུམ་ལ་དངོས་སུ་ཐུགས་ཕན་གསོ་བའི་ལས་རིམ་གང་དང་གང་བརྩམ་རྒྱུ་ཡོད་མེད་དགོངས་བཞེས་གནང་རྒྱུ། གཞུང་འབྲེལ་གྱི་ལས་རིམ་ཞིག་ཡིན་ཡང་དེ་དག་གི་ཡིག་ཆ་དང་ཡིག་ཆ་དེ་ཚོ་དང་འབྲེལ་བའི་དེབ་ཐེར་གཞན་དག་ལའང་གཟིགས་ཞིབ་གནང་དགོས་པ། དེ་ཚོའི་ཐོག་ནས་གྲོས་ཚོགས་ནང་བགྲོ་གླེང་ཕུན་སུམ་ཚོགས་པ་ཡོང་ཆེད་ནང་སྦྱོང་གནང་རྒྱུ་དེ་དག་ཧ་ཅང་གི་གལ་ཆེ་རེད་བསམ་གྱི་འདུགརྒྱ་གར་གྱི་གྲོས་ཚོགས་ཀྱི་གནས་ཚད་ཧ་ཅང་ལེགས་པའི་གྲས་ལ་མ་བརྩིས་ཀྱང༌། གྲོས་ཚོགས་ནང་འཁྲུག་ཆ་དོད་པོ་བྱས་ཏེ་ཕྱག་ལས་གནང་མཁན་སྤྱི་འཐུས་དེ་དག་ཉིན་མཚན་མེད་པར་དཔེ་མཛོད་ཁང་ནང་བཞུགས་པ་དང༌། ཉམས་ཞིབ་ཀྱི་ལས་རོགས་མང་པོ་བསྟེན་ནས་ཡིག་ཆ་ཀློག་དགོས་པ། ཡིག་ཆ་ཕྱོགས་སྒྲིག་བྱེད་པ། ཉམས་ཞིབ་བྱེད་དགོས་པ་དེ་འདྲ་ཡོང་གི་ཡོད་རེད། བྱས་ཙང་ང་རང་ཚོའི་སྐབས་བཅུ་གཅིག་པའི་ཉམས་མྱོང་ལ་གཞིགས་ན་སྤྱི་འཐུས་རྣམ་པ་ཚོ་གང་ཙམ་ལྷོད་ལྷོད་རེད་བསམ་གྱི་འདུག གཞུང་འབྲེལ་གྱིས་བཀྲམས་པའི་ཡིག་ཆ་དེ་ལའང་ཆ་ཚང་གཟིགས་ལ་མ་གཟིགས་མ་གཏོགས། གྲོས་ཚོགས་ནང་ཕེབས་ཆེད་གྲ་སྒྲིག་ཕལ་ཆེར་གནང་མི་དགོས་པ་འདྲ་པོ་ཞིག་དང༌། གྲ་སྒྲིག་མ་གནང་བར་ཕེབས་པ་སོང་ཙང༌། འདིར་གནང་བའི་བཀའ་མོལ་དེ་དག་ཀྱང་སྐབས་རེ་ཚད་ལྡན་མིན་པ་དང༌། རྒྱབ་རྟེན་གྱི་ཁུངས་ལུང་གིས་མ་འདེང་བ་ཆགས་པ། གནས་ཚུལ་ཡིན་ནའང་མིས་བཤད་པ་གོ་བ་ཙམ་ལས་སྲ་བརྟན་བཟོ་བའི་དོན་གྱིས་མ་འདེང་བ་དེ་འདྲ་ཆགས་དུས། རྒྱལ་སྤྱིའི་འགྲོ་སྟངས་ཀྱི་ཆ་ནས་གྲོས་ཚོགས་ཀྱིས་ངོ་ཚ་པོ་བརྩི་དགོས་པ་ཞིག་རེད། འོན་ཀྱང་ང་ཚོ་བོད་པ་ཚོས་དེ་ལ་ཧ་ཅང་གི་འཚེར་སྣང་གནང་གི་ཡོད་མ་རེད། ངས་དེ་དག་སྤྱི་འཐུས་རྣམ་པ་ཚོ་ལ་དྲན་གསོ་ཞུས་ན་མ་འོངས་པར་ང་ཚོའི་གྲོས་ཚོགས་ཀྱི་ལས་དོན་དེ་གང་ལ་གང་འཚམས་ཀྱི་དྲག་ཏུ་འགྲོ་བ་ཞིག་དང༌། དུས་ཚོད་ཐུང་ངུའི་ནང་ལས་དོན་མང་པོ་བྱེད་ཐུབ་པའི་ལམ་ཞིག་ང་རང་ཚོས་བཟོ་ཐུབ་པ་གནང་དགོས་ཀྱི་འདུག་བསམ་དྲན་གྱི་འདུག ཚོགས་འདུའི་བར་གྱི་རིང་ལ་ཕྱོགས་ལ་ཕེབས་མཁན་གྱི་སྤྱི་འཐུས་རྣམ་པ་ཚོ་སྔར་ལས་ལྷག་པ་ཞིག་གནང་ཐུབ་རྒྱུའི་རེ་འདུན་དང་བཅས་ཏེ་ཚོགས་དུས་དང་པོའི་གྲོས་ཚོགས་འདི་དུས་ཚོད་ངེས་མེད་བར་མཚམས་བཞག་པ་ཡིན། ཞེས་གསུངས།

བོད་མི་མང་སྤྱི་འཐུས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཚོགས་དུས་དང་པོ། ༡༩༩༦/༠༦/༠༢ ་་་ ༡༩༩༦/༠༦/༠༦