སྐབས་བཅུ་གཉིས་པའི་གྲོས་ཚོགས་ཚོགས་དུས་དྲུག་པའི་མཇུག་བསྡོམས་གསུང་བཤད།

ད་རིང་གི་ལས་འཆར་ནང་འཁོད་ལས་རིམ་བརྒྱད་པ་ཚོགས་གཙོའི་མཇུག་བསྡོམས་གསུང་བཤད་དེ་རེད། གྲོས་ཚོགས་ཀྱི་ཚོགས་དུས་ཚང་མར་ཚོགས་འདུ་འགོ་འཛུགས་དང་མཇུག་བསྡོམས་ཀྱི་གསུང་བཤད་དེ་ཚོགས་གཙོའི་ཐུན་མོང་མ་ཡིན་པའི་ཁེ་ཕན་ཞིག་རེད། འདྲ་མིན་གང་ཞུ་རྒྱུའི་འདོད་པ་བྱུང་བ་ཡིན་ནའང་ཞུ་རྒྱུའི་གོ་སྐབས་བཟང་ཤོས་ཤིག་རེད། སྐབས་བཅུ་གཅིག་པའི་ཚོགས་དུས་བཅུའི་རིང་ལ་ངས་དུས་ཚོད་མང་པོ་ཞིག་བླངས་ནས་ཞུས་པ་ཡིན། སྐབས་བཅུ་གཉིས་པའི་ཚོགས་དུས་དང་གཉིས་སུའང་གང་ལ་གང་འཚམས་ཞུས་པ་ཡིན། དེ་ནས་བཤད་རྒྱུ་ཕྲན་བུ་ཉུང་དུ་བཏང་བ་ཡིན། དེས་དུས་ཚོད་ལ་ཕན་པ་དང་ཚོགས་གཙོ་ལའང་ལས་ཟུར་ཡང་བ་ཡོང་གི་འདུག དེང་སང་གྲོས་ཚོགས་ནང་བཀའ་མོལ་མང་པོ་ཞིག་ཞུས་པའི་སྐབས་སུ་བཀའ་མོལ་ཞུས་ཟིན་དུས་ལས་ཀ་རྫོགས་ཀྱི་མི་འདུག གསར་འགོད་པ་ཚོས་ཟིན་བྲིས་བརྒྱབས་པ་དེར་ཆ་ཚང་ཞུ་དག་བཏང་ནས་མིང་རྟགས་བཀོད་དགོས་དུས། སྐར་མ་བཅུ་སྐད་ཆ་བཤད་ན་ཆུ་ཚོད་གཉིས་ཙམ་དེར་ཞུ་དག་གཏང་རྒྱུར་འགོར་གྱི་འདུག དེའི་ཆ་ནས་སྐད་ཆ་གང་ཉུང་ཉུང་བཤད་རྒྱུའི་ཐབས་ཤེས་བྱེད་ཀྱི་ཡོད། ད་རིང་ཚོགས་དུས་དྲུག་པའི་མཇུག་བསྡོམས་ཀྱི་བཀའ་མོལ་ཞུ་རྒྱུ་འདིའི་ནང་སྐབས་བཅུ་གཅིག་པ་དང་སྐབས་བཅུ་གཉིས་ཀྱི་ཚོགས་དུས་ལྔའི་རིང་ལ། ད་ལྟ་འདིར་བཀའ་མོལ་ཞུ་མཁན་གྱི་གང་ཟག་བྱེ་བྲག་པ་འདིས་ཚོགས་གཙོའི་ལས་ཁུར་འཁྱེར་ནས་ལས་དོན་མང་པོ་ཞིག་གི་ཐོག་ལས་འགན་མ་གྲུབ་པའི་སྐོར་གྲོས་ཚོགས་དང་གྲོས་ཚོགས་བརྒྱུད་ནས་མང་ཚོགས་ལ་དགོངས་སེལ་ཞུ་རྒྱུའི་འདོད་པ་བྱུང་ཞིང༌། གྲ་སྒྲིག་ཀྱང་བྱས་པ་ཡིན། ཡིན་ནའང་དམིགས་བསལ་གྱི་གནས་ཚུལ་འགྱུར་བ་ཞིག་གིས་རྒྱུ་མཚན་དང༌། ལྷག་པར་དུ་བཀུར་འོས་སྤྱི་འཐུས་ཤིག་གིས་དེ་ཞུ་ཆོག་གི་མ་རེད་ཅེས་བཀའ་གནང་བ་བཞིན་ད་རིང་ངས་དགོངས་སེལ་བཟོད་གསོལ་ཞུ་རྒྱུ་གནས་སྐབས་ཕྱིར་འཐེན་བྱས་པ་ཡིན། ཡིན་ནའང་ནམ་ཞིག་སྐབས་དང་དུས་ལ་བབ་པ་ཞིག་ལ་ཞུ་རྒྱུའི་འདུན་པ་ད་ལྟའང་བཅངས་ཡོད། དེ་ཞུ་དགོས་རྒྱུའི་བསམ་ཚུལ་གང་ནས་བྱུང་ཞེ་ན། སུ་ཁ་ར་ཏིའི་Socratesབཟོད་གསོལ་ནས་བྱུང་བ་རེད། སུ་ཁ་ར་ཏི་ཞེས་པ་ནི་ལྟ་གྲུབ་སྨྲ་བ་ཞིག་གི་མཚན་རེད། ཁོང་ལ་ངས་ནུབ་ཕྱོགས་སུ་བྱུང་བའི་བདེན་པའི་ཨུ་ཚུགས་བྱེད་མཁན་དང་པོ་ཞིག་ཏུ་བརྩི་གི་ཡོད། ཁོང་གི་བཟོད་གསོལ་Apology གྱི་གླེང་མོལ་དང་འདྲ་བ་ཞིག་ཞུ་དགོས་བསམ་བྱུང༌། སུ་ཁ་ར་ཏི་དང་ང་གཉིས་བསྡུར་བ་ཡིན་ན། ཉི་མ་དང་མེ་འཁྱེར། རྒྱ་མཚོ་དང་ཆུ་ཐིགས་ལྟ་བུ་རེད། མཚུངས་བསྡུར་བྱེད་རྒྱུ་གང་ཡང་ཡོད་མ་རེད། འོན་ཀྱང་སྐབས་རེ་མི་ལོ་ ༡༣༠༠ སྔོན་ལ་བྱུང་བའི་སུ་ཁ་ར་ཏི་དང༌། ད་ལྟའི་གནས་སྐབས་ཀྱི་ང་ཚོའི་སྤྱི་ཚོགས་དབར་མཚུངས་བསྡུར་འོས་པ་འགའ་ཤས་ཡོང་གི་འདུག བསམ་བློ་གཏོང་མཁན་ཞིག་དང༌། ལྷག་པར་དུ་འབྲི་རྩོམ་བྱེད་མཁན་ཞིག་གི་བསམ་བློའི་ནང་ལ་རྣམ་རྟོག་གི་འགྱུར་བ་སྣ་ཚོགས་ཤིག་སུ་ཁ་ར་ཏིའི་གླེང་མོལ་ལ་བརྟེན་ནས་ཡོང་སྲིད་པ་ཞིག་རེད། སུ་ཁ་ར་ཏི་ལ་སྐྱོན་བརྗོད་བྱེད་མཁན་རྣམས་ཀྱིས་གང་བརྗོད་ཀྱི་ཡོད་རེད་ཅེ་ན། ཁོ་ཁ་བདེ་པོ་ཞིག་ཡིན་པས་གཟབ་གཟབ་མ་བྱས་ན་ཁོའི་མགོ་སྐོར་འོག་ཚུད་རྒྱུའི་ཉེན་ཁ་ཡོད་རེད་ཅེས་སྐྱོན་འཛུགས་བྱས་པ་རེད། དེའི་ལན་དུ་སུ་ཁ་ར་ཏིའི་བཟོད་གསོལ་ནང་དུ། ང་ཁ་བདེ་པོ་ཡིན་མིན་ནི་ངའི་མཆུ་ཏོ་གཡོ་འགུལ་གཏོང་སྟངས་མཐོང་བ་ཙམ་གྱིས་ཤེས་ཐུབ་རྒྱུ་ཞིག་རེད། ཡིན་ནའང་གལ་སྲིད་ཁ་བདེ་པོ་ཟེར་བའི་གོ་དོན་བདེན་པའི་གནས་ལུགས་བཤད་ཀྱི་ཡོད་པའི་རྒྱུ་མཚན་གྱིས་གསུངས་པ་ཡིན་ན། དེ་ནི་དངོས་ཡོད་གནས་ཚུལ་ཞིག་ཡིན་སྟབས། ངོས་ལེན་ཞུ་དགོས་རྒྱུ་ཞིག་རེད་ཅེས་གསུངས་ཡོད། ངས་ཀྱང་འདས་པའི་ལོ་བདུན་ཙམ་གྱི་རིང་ལ་རང་གི་བསམ་ངོ་ལ་ལྟོས་ཏེ་བདེན་པའི་གནས་ལུགས་ལ་བརྟེན་པའི་གནས་ཚུལ་མི་ཉུང་བ་ཞིག་གྲོས་ཚོགས་དང་མང་ཚོགས་ལ་ཞུས་ཡོད་ཀྱང༌། དེ་ལ་བརྟེན་ནས་གང་ཟག་སུ་གང་གི་ཐུགས་ལ་གཡོ་འགུལ་ཐེབས་པ་དང་འགྱུར་བ་འགྲོ་བ་ཞིག་བྱུང་མ་སོང་སྙམ་པ་བྱུང༌། དེ་ནི་ལས་འགན་མ་གྲུབ་པ་ཞིག་དང་བཟོད་གསོལ་ཞུ་དགོས་རྒྱུ་ཞིག་རེད། ད་དུང་མཚུངས་ཆོས་གཞན་པ་ཞིག་གང་བྱུང་ཡོད་ཅེ་ན། སུ་ཁ་ར་ཏི་ཁོ་རང་གི་བཀའ་མོལ་ཞུ་ཡུལ་གྱི་མི་ཚོར་གོ་བརྡ་མ་འཕྲོད་པས། མཐའ་མར་ཁྱེད་ཚོས་མཁྱེན་ཐུབ་པའི་སྐད་ངས་རྒྱག་ཤེས་ཀྱི་མི་འདུག་ཅེས་ཞུས་པ་རེད། དེ་དང་མཚུངས་པར་ང་རང་ལའང་གནས་ཚུལ་དཀའ་ངལ་ཆེ་ཤོས་ཤིག་གང་ཡོང་གི་འདུག་ཅེ་ན། གང་ཞུས་པ་ཡིན་ནའང་གོ་བརྡ་མ་འཕྲོད་པར་གསན་མཁན་ཚོས་གོ་བ་གཞན་དང་གཞན་དུ་བླངས་འགྲོ་རྒྱུ་ཞིག་གི་ཉམས་མྱོང་བྱུང་བས། དེ་ནི་སུ་ཁ་ར་ཏི་ལ་བྱུང་བ་དང་མཚུངས་པ་ཞིག་རེད། ཡིན་ནའང་ད་རིང་བཟོད་གསོལ་གྱི་འབྲི་རྩོམ་དེ་གྲོས་ཚོགས་འདིའི་ཐོག་ལ་འབུལ་རྒྱུའི་གོ་སྐབས་མ་བྱུང་བ་ཡིན་པས། ངས་གནས་ཚུལ་གཞན་པའི་ཐོག་ནས་ཚིག་འགའ་ཤས་ཞུས་ན། ངས་ག་དུས་ཡིན་ནའང་སྐྱོན་གྱི་ཆ་ནས་གཙོ་འདོན་བྱས་ཏེ་ཞུས་ཀྱི་ཡོད་སྟབས། འགའ་ཤས་ཀྱི་ཐུགས་ལ་བབས་པོ་ཡོང་གི་ཡོད་ས་མ་རེད། མང་པོ་ཞིག་གི་དགོངས་ཚུལ་ལ། ང་རང་ཚོའི་གནས་ཚུལ་ཁ་ཆག་སྣ་རལ་རྣམས་དུས་རྟག་ཏུ་ཐེར་བཏོན་བྱས་ནས་བཤད་ན་ཁ་གཏད་ཚོའི་ལག་ཆ་རུ་འགྲོ་རྒྱུ་ཞིག་དང༌། ཁ་གཏད་ཚོས་བེད་སྤྱོད་གཏང་རྒྱུ་ཆགས་ཀྱི་རེད་ཅེས་དགོངས་ཚུལ་ཡང་ཡང་ཡོང་གི་འདུག དེ་ལྟ་བུའི་དགོངས་ཚུལ་ཡོང་སྲིད་པ་ཞིག་ཡིན་པས་ཐུགས་ཁག་མེད། དེ་བས་ད་རིང་ངས་གནས་ཚུལ་གཞན་ཞིག་ཞུ་རྒྱུ་ཡིན། གནས་ཚུལ་གཞན་ཞིག་ཞུ་གི་ཡིན་ཟེར་སྐབས། ངས་ཁྱེད་རང་ཚོའི་ཡོན་ཏན་བརྗོད་ནས་བསྟོད་བསྔགས་གཏོང་གི་ཡིན་ཞེས་བརྗོད་ཀྱི་མེད། ང་ཚོ་ད་ལྟའི་གྲོས་ཚོགས་དང་འཛིན་སྐྱོང་གི་བརྒྱུད་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་དང་ཆབ་སྲིད་ཀྱི་ལས་ཀ་བྱེད་སྟངས་འདི་ངོམ་འོས་པ་ཞིག་དང༌། གཟི་བརྗིད་ཡོད་པ་ཞིག སྟོབས་ཤུགས་ཡོད་པ་ཞིག་ཡིན་བསམ་དྲན་གྱི་ཡོད། དེ་འདྲའི་སྟོབས་ཤུགས་ཡོད་པའི་རྒྱུ་མཚན་གང་རེད་ཅེ་ན། ད་ལྟ་ང་རང་ཚོའི་ཁ་སྟབས་ཡོད་མེད་ལ་མ་ལྟོས་པར་ག་ཚོད་ཐབས་སྡུག་ཀྱང་གནས་ཚུལ་མང་པོ་ཞིག་ཕྱི་གསལ་ནང་གསལ་ཆགས་ཀྱི་ཡོད། བཀའ་ཤག་གི་ཐོག་ཁ་རུ་ཁབ་ཅིག་ཟག་པ་ཡིན་ནའང་གྲོས་ཚོགས་ཀྱིས་གོ་བ་དང༌། གྲོས་ཚོགས་འདིའི་ནང་དུ་གློ་ཞིག་བརྒྱབ་ནའང་མི་མང་གིས་ཤེས་ཐུབ་ཀྱི་ཡོད། དེ་ང་ཚོའི་སྟོབས་ཤུགས་རེད། དེ་ང་ཚོའི་ཡོན་ཏན་རེད། དེ་ང་ཚོའི་དཔལ་ཡོན་རེད། རྒྱལ་སྤྱིའི་ནང་དུ་མཚན་མཐོང་བཟོ་རྒྱུ་ཡིན་ནའང་རེད། ང་ཚོའི་འགལ་ཟླའི་ཕྱོགས་ལ་འཐབ་རྩོད་ཅིག་བྱེད་རྒྱུ་ཡིན་ནའང་རུང༌། དེ་གཉིས་ཀ་འདི་འདྲའི་ལམ་སྲོལ་ཞིག་གི་ནང་དུ་ང་ཚོས་ལས་ཀ་བྱེད་ཐུབ་པ་དང༌། ལས་ཀ་བྱེད་དགོས་པ་དེ་ང་ཚོའི་གཟི་བརྗིད་ཡིན་པ་མཁྱེན་དགོས་སྙམ། མང་གཙོའི་ལམ་སྲོལ་ཟེར་ནས་རྟག་ཏུ་བཤད་བསྡད་རྒྱུ་དེ་གང་རེད་ཅེ་ན། ཡུལ་མི་ཚང་མས་རང་གི་སྲིད་གཞུང་དང་རང་གི་འགོ་ཁྲིད་ལ་སྐྱོན་བརྗོད་བྱེད་པའི་སྐབས་ལ་འཇིགས་སྣང་མེད་པའི་ཐོག་སྐྱོན་བརྗོད་བྱེད་ཆོག་གི་ཡོད་པ་དང་བྱེད་ས་ཡོད་བསམ་པ་དང༌།དགོས་འདུན་ཞིག་བཏོན་པ་ཡིན་ནའང་ཡིད་ཆེས་དང་སྤོབས་པའི་ངང་ནས་བཏོན་ནུས་པ་ཞིག་སྲིད་གཞུང་གི་དབང་འཛིན་པ་ཚོས་བཟོ་ཐུབ་པ་ཞིག་དང༌། མང་ཚོགས་ཀྱི་ངོས་ནས་མཐོང་ཐུབ་པ་ཞིག་བྱུང་བའི་ཉིན་མོ་དེར་དངོས་ཡོད་ཀྱི་མང་གཙོ་ཞེས་པ་དེ་བྱུང་བ་རེད། དེ་མ་གཏོགས་མང་གཙོ་བྱུང་བའི་སྐབས་སུ་མི་མང་ཡོངས་རྫོགས་ཀྱིས་སྲིད་གཞུང་ལ་བསྟོད་བསྔགས་བྱེད་པ་ཞིག་དང༌། སྲིད་གཞུང་བསྟོད་བསྔགས་དེ་ཡིས་ཁེངས་ནས་ལྒང་ཕུག་ནང་བཞིན་ཙོག་ཙོག་བྱས་ནས་བསྡད་རྒྱུ་དེ་མང་གཙོའི་གནས་སྟངས་མ་རེད། མང་གཙོའི་གནས་སྟངས་ཞེས་པ་དེ་ག་དུས་ཡིན་ནའང་འགོ་ལ་སྡོད་མཁན་ཚོས་མི་མང་སྐྱོ་ཤོས་ཤིག་ལའང་འགན་ཁུར་ཐུབ་པ་ཞིག་དང༌། དེའི་དྲི་བར་ལན་རྒྱག་ཐུབ་པ་ཞིག་བྱུང་བའི་ཉིན་མོ་དེ་སྤྱི་ཚོགས་ནང་མང་གཙོའི་གནས་སྟངས་ཡང་དག་པ་ཞིག་ཆགས་པ་རེད། ཨིནདིརཱགཱནདིས་ ཛ་དྲག་གི་དུས་རབས་བཟོས་པའི་རྗེས་སུ་ མོརཱརཇཱིབྷཱཨཱི་ སྲིད་བློན་དུ་འཁོད་པ་རེད། ཁོང་གིས་ལས་འགན་དང་པོ་དང་གཙོ་ཆེ་ཤོས་ནི་མི་མང་གི་བསམ་བློའི་ནང་ནས་གཞུང་ལ་དམིགས་པའི་འཇིགས་སྣང་དང་འཚེར་སྣང་མེད་པ་བཟོ་རྒྱུ་དེ་ཡིན་ཞེས་གསུངས་ཡོད། ད་ལྟའང་ང་ཚོའི་སྤྱི་ཚོགས་ནང་གི་མི་སྐྱོ་ཤོས་དེ་ཚོས་བཀའ་བློན་ཞིག་དང༌། ཚོགས་གཙོ་ཞིག་དང༌། ཡང་ན་གྲོས་ཚོགས་ཀྱི་འཐུས་མི་ཞིག་གི་སྣ་ཁུང་ལ་མཛུབ་མོ་བཙུགས་ནས་སྐྱོན་བཏོན་ཞིག་བྱེད་དགོས་བྱུང་ན་འཇིགས་སྣང་འཚེར་སྣང་མེད་པ་ཞིག་ཆགས་ཡོད་དམ་མེད། དེ་འདྲ་བྱེད་མཁན་ཞིག་བྱུང་ན་ང་ཚོའི་བསམ་བློའི་ནང་ལ་ཚོར་བ་ག་འདྲ་ཞིག་ཡོང་ས་རེད་དམ། ཞལ་འཛུམ་མུལ་མུལ་གྱི་ངང་ནས་གདོང་ལེན་གནང་ཐུབ་བམ། ཡང་ན་ང་བོད་མི་མང་གི་སྤྱི་འཐུས་ཐབས་ཆག་ཅིག་ལ་མ་གཞུས་ཙམ་བྱས་བྱུང་ཞེས་ཐུགས་ལ་འཁོན་འཛིན་གནག་པོ་འཇགས་པ་ཞིག་ཡོང་ས་རེད་དམ། དེ་ཚོར་ང་ཚོས་ཞུ་དག་གནང་དགོས་རྒྱུ་ཞིག་རེད། རྟག་ཏུ་བཀའ་བཀྱོན་གནང་ན་ཁག་པོ་འདུག་ཅེས་གསུང་རྒྱུ་དེ། མི་མང་དང་གཞུང་འཛིན་གྱི་འབྲེལ་བ། གྲོས་ཚོགས་དང་འཛིན་སྐྱོང་གི་འབྲེལ་བ། འགན་འཁྱེར་ས་དང་འགན་འཁྱེར་མཁན་གྱི་འབྲེལ་བའི་དབར་བསམ་བློ་བག་ཆགས་དེ་འདྲ་ཞིག་ལས་མེད་ན། མང་གཙོའི་ལེགས་བྱང་དང་གོམས་གཤིས་ཀྱི་ཐོག་ལ་འགྲོ་རྒྱུར་དཀའ་ངལ་ཡོང་གི་ཡོད་པ་རེད། ནང་གཅིག་གི་སྤུན་མཆེད་གཉིས་དབར་དགེ་སྐྱོན་འདྲ་ཞིག་གླེང་མོལ་བྱེད་རྒྱུ་ཡོད་ཀྱང༌། ཕན་ཚུན་སྐད་ཤུགས་ཆེན་པོས་བཤད་པ་ཡིན་རུང༌། ཆུང་ཆུང་བྱས་ནས་བཤད་པ་ཡིན་རུང༌། ཡིད་ཆེས་དང་བློ་ཐག་ཉེ་བའི་ཚོར་བ་མ་ཉམས་པའི་ཐོག་ནས་གོ་རྟོགས་ཐུབ་པ་བྱུང་བའི་ཉིན་མོ་དེ་ཁོང་ཚོའི་ནང་གི་འབྲེལ་ལམ་ཡག་པོ་ཡོད་པའི་རྟགས་མཚན་རེད། དེ་དང་མཚུངས་པའི་མང་ཚོགས་དང་སྲིད་གཞུང་གི་བར་འབྲེལ་བ་དེ་འདྲ་ཞིག་བྱུང་བ་ཡིན་ན། དངོས་ཡོད་མང་གཙོའི་རིག་གཞུང་དང་ལེགས་བྱང་དེ་མི་མང་གི་ནང་ལ་བསྐྲུན་ཐུབ་པ་ཞིག་ཡོང་གི་ཡོད། དེའི་དོན་ལ་ཕྱི་གསལ་ནང་གསལ་བཟོ་རྒྱུ་དེ་ང་ཚོའི་བསྒྲུབ་བྱའི་གཙོ་བོ་ཞིག་རེད་ལ། ལས་འགན་ཞིག་ཀྱང་ཆགས་ཀྱི་ཡོད། དེ་ངས་བསྐྱར་དུ་ཁྱེད་རང་ཚོ་ལ་ནན་ཏན་ཐོག་ཞུ་འདོད་བྱུང༌།
དགོངས་ཚུལ་གཞན་ཞིག་ཡང་ཡང་ཡོད་བཞིན་པ་དེའི་ཐོག་བགྲོ་གླེང་ཡང་བྱུང་མྱོང་བ་དེ་ངས་ད་རིང་བསྐྱར་དུ་དྲན་གསོ་ཞུ་འདོད་བྱུང༌། དེ་གང་རེད་ཅེ་ན། ད་ལྟའི་གནས་སྐབས་འདི་ང་ཚོས་བོད་རང་དབང་གི་འཐབ་རྩོད་བྱེད་རྒྱུུའི་གནས་སྐབས་ཤིག་རེད་མ་གཏོགས། ཁྲིམས་དང་སྒྲིག་གཞི་མང་པོ་བཟོས་ཏེ་རྙོག་དྲའི་ནང་སྡོད་པའི་གནས་སྐབས་ཤིག་མ་རེད་ཅེས་གསུངས་ཀྱི་ཡོད། ཧོབ་སྟེ་བལྟས་ན་བདེན་པ་འདྲ་པོ་ཞིག་ཀྱང་འདུག ང་ཚོས་བློ་གཟུ་བོར་གནས་ཏེ་དེའི་ཐོག་ལ་དགོངས་པ་བཞེས་ནས་བརྟག་དཔྱད་གནང་དགོས། ངས་གུས་ཞབས་ཆེན་པོའི་ཐོག་ནས་བཀའ་འདྲི་ཞུ་རྒྱུ་ཞིག་ལ། དེ་རིང་ང་ཚོས་བཅའ་ཁྲིམས་མེད་པ་བཟོས། སྒྲིག་གཞི་ཡོངས་སུ་རྫོགས་པ་མེད་པ་བཟོས། བཀའ་ཤག་དང་གྲོས་ཚོགས་ཚང་མ་མེད་པ་བཟོས་པ་ཡིན་ན་བཟོ་ཐུབ་རྒྱུ་ཞིག་རེད། དེ་བཟོས་ནས་ཁྲིམས་དང་སྒྲིག་གཞི་མི་དགོས་མཁན། བཅའ་ཁྲིམས་ཀྱང་མི་དགོས་མཁན། བང་རིམ་ཡང་མི་དགོས་མཁན། གང་ཡང་མི་དགོས་པ་ཞིག་གི་ཐོག་ནས་ང་ཚོའི་རང་དབང་བསྐྱར་གསོ་བྱེད་རྒྱུའི་ཐོག་ལས་འགུལ་ནུས་པ་ཐོན་པ་ག་འདྲ་ཞིག་བྱེད་རྒྱུ་ཡོད་དམ། འདི་འདྲ་ཞིག་བྱེད་རྒྱུ་འདུག་ཅེས་བཀའ་གནང་མཁན་བྱུང་ན། དངོས་ཡོད་ང་ཚོས་བསམ་བློ་གཏིང་ཟབ་བཏང་ནས་དེའི་ཐོག་ལ་བྱེད་ཨེ་ཐུབ་བལྟ་ཆོག་གི་རེད། དེ་མིན་ཁྲིམས་དང་སྒྲིག་གཞི་ཆ་ཚང་མེད་པ་བཟོས་ཟིན་ནས་བོད་རང་དབང་བསྐྱར་གསོའི་ལས་དོན་འདི་འདྲ་ཞིག་བྱེད་རྒྱུ་ཡོད་ཅེས་གསུང་རྒྱུ་མེད་ན། ང་ཚོས་དགོངས་ཚུལ་དེར་ལམ་སེང་ཆ་བཞག་བདེ་པོ་མི་འདུག དེ་འདྲའི་དགོངས་ཚུལ་ཡོད་མཁན་ཚོ་ལ་ངས་བསྐྱར་དུ་ནན་པོ་དང་གུས་ཞབས་ཆེན་པོའི་ཐོག་ནས་བཀའ་འདྲི་ཞུ་རྒྱུ་ཞིག་ལ། བཅའ་ཁྲིམས་དང་སྒྲིག་གཞི་ཡོད་པ་དེས་བོད་དོན་རང་དབང་འཐབ་རྩོད་ལ་ག་པ་གནོད་ཡོད་དམ། ལོ་ཟླ་ཚེས་གྲངས་འདི་འདྲ་ཞིག་ལ་ལས་དོན་འདི་འདྲ་ཞིག་གི་ཐོག་ལ་སྒྲིག་གཞི་འདི་འདྲ་ཞིག་གིས་བོད་དོན་རང་དབང་བསྐྱར་གསོའི་ལས་དོན་ལ་འདི་འདྲ་ཞིག་གནོད་སོང་ཞེས་ར་སྤྲད་ནས་གསུང་རྒྱུ་ཡོད་ན། མ་འོངས་པར་དེ་འདྲ་མི་གནོད་པ་བཟོ་དགོས་རྒྱུ་ཞིག་རེད་མ་གཏོགས། ངའི་སྤུན་མཆེད་ལས་བྱེད་པར་བསྐོ་བཞག་བྱེད་རྒྱུ་རག་མ་སོང༌། ང་ཚོར་འགྲོ་གྲོན་གཏོང་རྒྱུའི་དངུལ་དེ་འདྲ་ཞིག་རག་མ་སོང༌། ཁྲིམས་དང་སྒྲིག་གཞིས་རྐང་ལག་བསྡམས་བཞག་པའི་བཟོ་འདྲ་འདུག་གསུངས་པ་ཡིན་ན། དེ་འདྲ་རང་ཨེ་ཡིན། བསྐྱར་དུ་དགོངས་པ་བཞེས་དང་ཞེས་མ་ཞུ་ཐབས་མེད་ཆགས་ཀྱི་མེད་དམ་སྙམ། བྱས་ཙང་མདོར་བསྡུས་ཏེ་ཞུས་ན། ཁྲིམས་དང་སྒྲིག་གཞིས་བོད་ཀྱི་རྩ་དོན་བསྒྲུབ་རྒྱུར་ཆ་ཤས་ཕྲ་མོ་ཞིག་གིས་ཀྱང་གནོད་ཀྱི་ཡོད་ན། གནོད་ཀྱི་འདུག་ཅེས་དངོས་བདེན་ར་སྤྲོད་གནང་དགོས་ཀྱི་རེད་ལ། ང་ཚོའི་ངོས་ནས་ཀྱང་དེ་ངོ་ཤེས་པ་བྱས་ཏེ། ཉིན་མོ་དེ་ནས་འགྱུར་བ་གཏང་དགོས་ཀྱི་རེད། ཁྲིམས་དང་སྒྲིག་གཞི་རྩ་དོན་བསྒྲུབ་རྒྱུ་ལ་ཕན་པའི་ཆེད་དུ་བཟོ་གི་ཡོད་རེད་མ་གཏོགས། རྩ་དོན་བསྒྲུབ་རྒྱུར་གནོད་པའི་ཆེད་བཟོ་གི་ཡོད་པ་མ་རེད་བསམ་གྱི་ཡོད། ངས་སྔོན་མ་གྲོས་ཚོགས་འདིའི་ནང་ཚར་གཅིག་འཛིན་སྐྱོང་ལ་བཀའ་འདྲི་ཞུས་མྱོང༌། ང་ཚོས་ག་རེ་གནང་གི་ཡིན་ནའང་བསྐྱར་དུ་ཐག་གཅོད་གནང་ན་གནང་ཆོག་གི་རེད་ཅེས་ཞུ་དུས། འཛིན་སྐྱོང་ནས་ཁྲིམས་དང་སྒྲིག་གཞི་དགོས་ཀྱི་ཡོད་ཅེས་བཀའ་གནང་བ་རེད། ཁྲིམས་དང་སྒྲིག་གཞི་མེད་པ་བཟོ་དགོས་ཟེར་ན་ཧ་ལས་དགོས་རྒྱུ་གང་ཡང་ཡོད་པ་མ་རེད། ཁྲིམས་དང་སྒྲིག་གཞི་མེད་པའི་ཆབ་སྲིད་ཀྱི་ལྟ་གྲུབ་དང་ལམ་སྲོལ་The Philosophy of Anarchyཡོད་རེད། བར་ལམ་ཞིག་ལ་ལྟ་གྲུབ་དེ་རིགས་ཤུགས་ཆེན་པོ་དར་བ་རེད། སྒྲིག་འཛུགས་དང་ཁྲིམས་ག་འདྲ་ཞིག་བཟོས་ནའང་འཚེ་བ་ཆགས་ཀྱི་རེད། རྣམ་པ་ཐམས་ཅད་དུ་འཚེ་བ་མེད་པ་བྱེད་དགོས་ཀྱི་ཡོད་ན་ཁྲིམས་དང་སྒྲིག་གཞི་གང་ཡང་མེད་པ་ཞིག་དགོས་ཀྱི་རེད་ཅེས་གསུང་མཁན་ཡོད་རེད་ལ། ཀོ་རལ་མརྐ་སིའི་མཐའ་མའི་སྤྱི་ཚོགས་རིང་ལུགས་ཟེར་བ་དེ་ཡང་སྲིད་གཞུང་མེད་པ། ཁྲིམས་ཁང་མེད་པ། སྐོར་རྒྱག་པ་མེད་པ། སྒྲིག་ལམ་མེད་པ་དེ་འདྲའི་རྣམ་གཞག་ཅིག་བཤད་ཡོད། དེ་ཚོ་ཡང་ལྟ་གྲུབ་ཅིག་ཡིན་པས་བོད་པས་དེ་ལ་དགའ་པོ་གནང་མདོག་ཁ་པོ་མ་རེད། ང་ཚོའི་ཁྲིམས་དང་སྒྲིག་གཞི་འདི་རྣམས་རྒྱན་དུ་མ་སོང་བར་ཁུར་དུ་སོང་བ་ཞིག་ཆགས་པ་ཡིན་ན། ཕན་ཐོགས་གང་ཡང་མཐོང་གི་མི་འདུག དེ་སོ་སོའི་རང་འདོད་ཐོག་ནས་མེད་པ་བཟོ་ན་འགྲིག་རྒྱུ་ཞིག་རེད། དེ་དག་ཁྱེད་ཚོའི་དགོངས་པའི་དཔྱད་གཞིར་ཞུས་པ་ཡིན། ང་རང་ཚོར་ཁྲིམས་དང་སྒྲིག་གཞི་དགོས་ཀྱི་མི་འདུག་ན། དགོས་ཀྱི་མི་འདུག་དགོངས་པ་འདི་དགོངས་ནུས་པ་ཞིག་དང༌། དགོངས་པ་བཞིན་ཞལ་ནས་གསུང་ནུས་པ་ཞིག་དགོས་ཀྱི་རེད། ད་ལྟའི་མང་གཙོའི་སྤྱི་ཚོགས་ནང་དུ་སྡོད་མཁན་གྱི་མི་ཞིག་ཡིན་ན་གཞི་རིམ་གྱི་འོས་ཆོས་བསམ་ནུས་པ་དང་བརྗོད་ནུས་པ་ཞིག་དགོས་ཀྱི་རེད། གལ་ཏེ་བསམ་བློའི་ནང་དུ་དགོས་ཀྱི་མི་འདུག་དགོངས་པ་ཞིག་ལ། ཞལ་ནས་གསུང་རྒྱུར་འཚེར་སྣང་གིས་དགོས་ཀྱི་རེད་ཅེས་གསུངས་པ་ཡིན་ན་དེ་འགལ་ཟླ་རེད། རང་གི་བསམ་བློའི་ནང་དུ་འགལ་ཟླ་གཉིས་འཐབ་བསྡད་པ་ཡིན་ན་ལས་དོན་རླབས་ཆེན་ཞིག་བྱེད་ཐུབ་ཀྱི་མ་རེད། གལ་སྲིད་ཁྲིམས་སྒྲིག་འདི་རྣམས་དགོས་གལ་མི་འདུག་དགོངས་པ་ཡིན་ན། དགོས་གལ་མེད་པ་དེ་རྒྱུ་མཚན་དང་བཅས་ཏེ་གསུང་ནུས་པ་ཞིག་དང༌། དེ་དང་མཐུན་པའི་ཕྱག་ལས་གནང་ནུས་པ་ཞིག་བྱུང་བ་ཡིན་ན་དེ་ལའང་བལྟ་རྒྱུ་ཞིག་ཡོད། དགོས་གལ་འདུག་དགོངས་པ་ན་ཁ་ཞེ་གཉིས་མེད་ཀྱིས་ཕྱི་ནང་གཉིས་ཀ་མཐུན་པ་ཞིག་གི་ཐོག་ནས་ཁས་ལེན་གནང་ཐུབ་ན་ལེགས། ཁྲིམས་དང་སྒྲིག་གཞི་ལས་དོན་ལག་ལེན་བསྟར་རྒྱུ་སྟབས་བདེ་རུ་འགྲོ་རྒྱུའི་ཆ་རྐྱེན་ཞིག་རེད་མ་གཏོགས། ལས་ཀ་བྱེད་ཁག་ཏུ་འགྲོ་རྒྱུ་ཞིག་དང༌། ལས་དོན་ཐོག་འཐུས་ཤོར་དང་དུས་འགྱངས་ཡོང་རྒྱུའི་ཆེད་དུ་བཟོས་པ་ཞིག་རྩ་བ་ཉིད་ནས་མ་རེད། འདི་ངས་ནན་པོ་བྱས་ཏེ་ཞུ་འདོད་བྱུང༌། ད་ལྟའི་གནས་སྐབས་འདིར་བཙན་བྱོལ་བོད་གཞུང་གི་སྒྲིག་འཛུགས་འདི་ཆེ་ཆུང་དང་ལེགས་ཉེས་ལ་མ་ལྟོས་པར་གཏན་ལ་ཕབ་པའི་བཅའ་ཁྲིམས་ཤིག་གི་འོག་ནས་ལས་ཀ་བྱེད་ཀྱི་ཡོད། བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ལས་ཀ་ད་ལྟ་ལམ་སེང་ད་རིང་ནས་བཟུང་སྟེ་བྱེད་ཆོག་ཡོད་པ་གང་ཡིན་དང༌། རྒྱལ་སྤྱིའི་འགྱུར་བ་དང་རྒྱ་ནག་ནང་གི་ཆབ་སྲིད་ཀྱི་འགྱུར་བ་མང་པོ་ཞིག་ལ་ལྟོས་དགོས་པ་གང་ཡིན་པ་གཉིས་ཀྱི་དབྱེ་བ་འབྱེད་དགོས་པ་ཞིག་རེད། ལྟོས་ནས་བསྡད་དགོས་རྒྱུའི་ལས་ཀ་ཞིག་སྒུག་བསྡད་པའི་རིང་ལ་ད་ལྟ་ང་ཚོས་ལམ་སེང་བྱེད་ཐུབ་རྒྱུའི་ལས་ཀ་རྣམས་མ་བྱས་པར་འཐུས་ཤོར་བཏང་བ་ཡིན་ན་འགྲིག་གི་ཨེ་ཡོད་སྙམ། རྒྱ་བོད་ཀྱི་ཞི་མོལ་ཡོང་རྒྱུ་འདི་ད་ལྟ་ང་ཚོའི་བསྒྲུབ་བྱའི་གཙོ་བོ་དེ་རེད། ཞི་མོལ་ཡོང་ཐུབ་མིན་ཡང་བཤད་རྒྱུ་དཀའ། གལ་ཏེ་ཞི་མོལ་བྱུང་བ་ཡིན་ནའང་དེའི་གྲུབ་འབྲས་ག་འདྲ་བྱུང་མིན་ཡང་ཚོད་དཔག་ཐུབ་དཀའ། ཡིན་ནའང་བོད་དོན་གྱི་དཀའ་རྙོག་བསང་ཐབས་ཞི་མོལ་དེ་ལས་གཞན་པའི་ཐབས་ལམ་གཞན་མེད་སྟབས། ང་ཚོས་རྒྱ་བོད་ཞི་མོལ་ཡོང་རྒྱུའི་ཆེད་ཉིན་མཚན་བསྟུད་མར་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་གནང་གི་ཡོད།
རྡ་ས་དང་རྡ་སའི་ཁྱབ་ཁོངས་ལ་ཡོད་པའི་འཛམ་གླིང་ནང་དུ་བཙན་བྱོལ་བོད་གཞུང་གི་སྒྲིག་འཛུགས་ཀྱི་རྣམ་གྲངས་མང་པོ་ཞིག་ཡོད་པ་རྣམས་སྲ་བརྟན་བཟོ་རྒྱུ་དང༌། གཙང་མ་བཟོ་རྒྱུ། ཕྱི་གསལ་ནང་གསལ་བཟོ་རྒྱུ་འདི་སུ་གང་ལ་ལྟོས་དགོས་རྒྱུ་ཞིག་མ་རེད། ང་རང་ཚོ་རང་གིས་ད་ལྟ་ནས་གནང་ཐུབ་རྒྱུ་ཞིག་རེད། ད་རིང་ནས་གནང་ཐུབ་རྒྱུ་ཞིག་རེད། འདིར་ཡོད་པའི་མི་རྣམས་ཀྱིས་གནང་ཐུབ་རྒྱུ་ཞིག་རེད། སུ་གང་ལ་ལྟོས་དགོས་མེད། ང་རང་ཚོའི་བཅའ་ཁྲིམས་ཀྱི་འོག་ང་རང་ཚོས་ཐག་གཅོད་བྱས་ནས་འགྲོ་རྒྱུའི་གནས་སྟངས་ཤིག་རེད། དེ་བྱུང་བ་ཡིན་ན་རྒྱ་བོད་ཞི་མོལ་བྱུང་བའི་སྐབས་སུའང་ནུས་ཤུགས་ཤིག་འཐོན་གྱི་རེད། ད་ལྟ་ང་ཚོ་རེ་སྒུག་གི་ངང་ལ་བསྡད་པའི་སྐབས་འདིར་ང་ཚོར་དགོས་རྒྱུའི་སྒྲིག་འཛུགས་འདི་སྲ་བརྟན་མེད་ཚེ་དེ་བོད་ཀྱི་འཐབ་རྩོད་མུ་མཐུད་དེ་བྱེད་རྒྱུའི་དམ་བཅའ་དེ་བརླག་འགྲོ་གི་རེད་ལ། ཞི་མོལ་གནང་རྒྱུའི་གོ་སྐབས་བྱུང་བ་ཡིན་ནའང༌། ང་ཚོས་ཞི་མོལ་འཐུས་ཚང་བ་ཞིག་བྱེད་མ་ཐུབ་པའི་ཉེན་ཁ་ཡོད་པ་ཞིག་རེད། དེ་འདྲ་ཡིན་ཙང་གྲོས་ཚོགས་དང་བཀའ་ཤག་གཉིས་ཀའི་ཐོག་ནས་བཙན་བྱོལ་བོད་གཞུང་གི་སྒྲིག་འཛུགས་རྣམས་འཐུས་ཤོར་མེད་པར་སྲ་བརྟན་ཡོང་རྒྱུ་ཞིག་དང༌། བོད་ཀྱི་ཡུལ་མི་ཡོངས་སུ་རྫོགས་པས་སྒྲིག་འཛུགས་དེ་གཙང་མ་ཞིག་དང་ཚད་ལྡན་ཞིག་ཡོད་བསམ་པའི་ཡིད་ཆེས་ཡང་དག་ཅིག་རྙེད་ཐུབ་རྒྱུ་ཞིག་དང༌། གལ་སྲིད་འདིའི་ནང་དུ་སྐྱོན་ཞིག་བྱུང་ན་སུ་འདྲ་ཞིག་ཡིན་ནའང་ལབ་ས་ཡོད་བསམ་པའི་སྤོབས་པ་སྐྱེ་ཐུབ་རྒྱུའི་གནས་ཚུལ་ཞིག་བསྐྲུན་དགོས་ཀྱི་འདུག དེའི་ཆེད་དུ་གྲོས་ཚོགས་དང་བཀའ་ཤག་གཉིས་ཀ་ནས་ཐུགས་འགན་བཞེས་དགོས་འདུག ང་ཚོའི་གྲོས་ཚོགས་ནང་དུ་བགྲོ་གླེང་དང་གྲོས་ཚོགས་ཀྱི་ལས་རིམ་དེ་རྣམས་ཚང་མ་ཚད་དང་ལྡན་པ་ཞིག་དང་ཕུན་སུམ་ཚོགས་པ་ཞིག་ཡོང་གི་མི་འདུག འབྲེལ་ཡོད་རྣམས་ཀྱིས་ཐུགས་འགན་ཆ་ཚང་བ་ཞིག་བཞེས་ཀྱི་མི་འདུག གྲོས་ཚོགས་ཀྱི་འཐུས་མི་ཞིག་གིས་ལོ་གཅིག་གི་ནང་ལ་ཉི་མ་སུམ་བརྒྱ་དྲུག་ཅུ་རེ་ལྔ་ལ་ཕྱག་ལས་གནང་རྒྱུ་ཡོད་དགོས། ཉི་མ་ཁ་ཤས་ཤིག་གི་གྲོས་ཚོགས་ནང་ལ་ཕྱག་ལས་གནང་རྒྱུའི་ཆེད་དུ་ཟླ་བ་ཁ་ཤས་ཤིག་གི་རིང་ལ་གྲ་སྒྲིག་གནང་དགོས་རྒྱུ་ཞིག་དང༌། དགོངས་པ་བཞེས་དགོས་རྒྱུ་ཞིག་རེད་མ་གཏོགས། འདིར་ཕྱག་ལས་རྩ་བ་ནས་གནང་མི་དགོས་པའི་ཐོག་གསུང་བཤད་འགྲན་བསྡུར་ཙམ་གནང་བ་ཡིན་ན། ང་ཚོའི་མཚན་དོད་ལས་དོད་ཀྱི་རིན་ཐང་གསབ་ཐུབ་ཀྱི་ཡོད་དམ་མེད་དགོངས་པ་བཞེས་དགོས་པ་ཆགས་ཀྱི་རེད། སྔོན་མ་ཡིན་ན་གྲོས་ཚོགས་ཉི་མ་བཅུ་གཅིག་རིང་ཚོགས་ཀྱང་ལས་རིམ་ཚར་ཡོང་གི་ཡོད་རེད། བར་ལམ་ཞིག་ནས་ཉི་མ་བཅུ་གཅིག་དེ་ཉི་མ་བཅུ་ལ་ཕྱིན་པ་རེད། ད་རེས་ཉི་མ་བརྒྱད་ཚོགས་པ་རེད། དེའི་རིང་ལའང་ལས་རིམ་ཧ་ཅང་ཉུང་ཉུང་རེད། གྲོས་ཚོགས་ཀྱི་ནང་དུ་བཀའ་བསྡུར་གནང་རྒྱུའི་ལས་རིམ་འཛིན་སྐྱོང་བཀའ་ཤག་དང་གྲོས་ཚོགས་འཐུས་མི་རྣམ་པའི་ངོས་ནས་ཡོང་དགོས། ང་ལ་དྲི་བ་དང༌། གྲོས་འཆར། ཡིག་ཆ། དྭོགས་གཅོད་འདི་དང་འདི་ཡོད་ཅེས་འཚང་ཁ་ཤིག་ཤིག་འོག་ཚོགས་གཙོ་གཉིས་ཀྱི་མདུན་རྒྱན་རྒྱག་དགོས་པ་དང༌། ལས་རིམ་ཚོགས་ཆུང་ཉིན་ལྟར་ཚོགས་དགོས་པ་ཞིག་ཡོང་དགོས་ཀྱང༌། ད་རིང་གྲོས་ཚོགས་འདིར་ལས་རིམ་ཧ་ཅང་ཉུང་བས་ལས་རིམ་ཚོགས་ཆུང་ཚོགས་འདུ་ཚོགས་དགོས་མ་བྱུང་བ་རེད། མི་གཅིག་རྐྱང་རྐྱང་གིས་ལས་རིམ་བཏོན་པར་མི་བཞི་བཅུ་ཞེ་དྲུག་གིས་གྲོས་ཚོགས་ཚོགས་དགོས་བྱུང་ན། ཕན་ཐོགས་གང་ཡང་མི་འདུག སྔོན་མ་ཡིན་ན་ཚོགས་གཙོ་གཉིས་ཀྱིས་གྲོས་ཚོགས་ནང་འདང་ངེས་ཤེས་པའི་ལས་རིམ་བཏོན་གྱི་ཡོད། དེ་ལྟར་རྟག་ཏུ་བྱས་ཚེ་སྲོལ་ངན་རྒྱུན་འབྱམས་ཆགས་རྒྱུའི་ཉེན་ཁ་འདུག གང་འཚམས་ནས་སྤྱི་འཐུས་རྣམས་གྲོས་ཚོགས་ནང་ལྷོད་ཕེབས་ཐོག་ཡིག་ཆ་ཞིག་མདུན་དུ་སླེབས་ན་ཁ་བདེ་པོ་བཤད། དེ་ནས་ལམ་སེང་མར་ཐོན་ཏེ་གསོལ་ཇ་བཞེས་ནས་ལོག་ཕྱིན་པ་ཡིན་ན་འགྲིག་པ་དེ་འདྲའི་ལེགས་བྱང་ང་ཚོར་འཇགས་ཚེ། ཚོགས་གཙོའི་ལས་ཁུངས་ནས་ལས་རིམ་མ་བཟོས་ན་ཕྱི་ནས་ལས་རིམ་ཡོང་རྒྱུ་མེད་པས། གྲོས་ཚོགས་ཉི་མ་གཉིས་ཙམ་ཚོགས་ནས་གྲོལ་རྒྱུ་ཞིག་ཡོང་ས་རེད། དཔེར་ན་ད་རེས་བྱུང་བའི་ལས་རིམ་རྣམས་ལ་ཁྱེད་རང་ཚོས་ཞུ་དག་ཅིག་གནང་དང༌། སྤྱི་འཐུས་སྒེར་དང༌། འཛིན་སྐྱོང་བཀའ་ཤག་དང༌། ཁྲིམས་བཟོ་ལྷན་ཁང་ནས་བཟོས་པའི་ཡིག་ཆ་ཇི་ཙམ་འདུག ང་ཚོའི་ལས་རིམ་དྲག་ཤོས་ཐུགས་སྣང་གཞེན་སྐུལ་དང་གྲོས་ཆོད་གྲོས་འཆར་ཙམ་ཞིག་རེད། དྲི་བ་དྲིས་ལན་ལྟ་བུ་ཞིག་ལ་མཚོན་ན། ཚད་དང་ལྡན་པའི་དྲི་བ་ཡོང་རྒྱུ་ཁག་པོ་མ་ཟད། ཚད་དང་ལྡན་པའི་ལན་རྒྱག་མཁན་གྱིས་ཆ་ཚང་རྒྱག་ཐུབ་རྒྱུའི་ཆེད་དུ་ག་རེ་བྱེད་དགོས་ང་ཚོའི་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་ནང་ཧ་ཅང་གསལ་པོ་ཡོད་རེད་དེ། དྲི་བ་དང་འཕྲོ་དོན་དྲི་བ་འཁྲུགས་པོ་ཡོང་བའི་ཆེད་དུ་གནས་ཚུལ་ཕྱེད་ཀ་ཙམ་བཤད་ཕྱེད་ཀ་ཙམ་སྦས་ནས་དྲི་བསྡད་མཁན་འདྲ་པོ་ཞིག་དང༌། ལན་རྒྱག་མཁན་ཚོས་ཀྱང་ད་རིང་གྲོས་ཚོགས་དེ་ནས་ཕར་འབུད་རྒྱག་ཐེབས་ཙམ་བྱུང་ན། དེའི་མཇུག་ཏུ་ང་ཚོས་གང་བྱེད་རེད་དགོངས་པ་འདྲ་པོ་དེ་འདྲ་ཞིག་གིས་དྲི་བ་དང་ལན་གཉིས་ཀ་ཐུགས་ཕན་གསོས་པ་ཞིག་ཡོང་གི་མི་འདུག ལྷག་པར་དུ་སྐབས་རེ་ཡིད་ཐང་ཆད་དགོས་རྒྱུའི་གནས་ཚུལ་ཞིག་ལ། ཡི་གེ་དག་ཆ་དང་བརྗོད་བྱའི་ཐོག་ནས་ཀྱང་དྲི་བ་དྲིས་ལན་དང་ཐུགས་སྣང་གཞེན་བསྐུལ་གྱི་གྲོས་འཆར་འདི་རྣམས་ཚད་ལྡན་ཞིག་ཡོང་མིན་ནི་ང་ཚོས་རྟག་ཏུ་གཟིགས་བསྡད་པ་དེ་རེད། བར་ལམ་དོ་སྣང་བྱུང་བ་ཞིག་ལ། བཀུར་འོས་ཀྱི་སྤྱི་འཐུས་ཆུང་དུས་ནས་ཕྱི་རྒྱལ་གྱི་སློབ་གྲྭར་ཕེབས་ཏེ་བོད་ཡིག་སྦྱངས་མྱོང་མེད་པ་རྣམས་ཀྱིས་གཟབ་གཟབ་བྱས་ཏེ་གྲོས་ཆོད་གྲོས་འཆར་རམ་ཐུགས་སྣང་གཞེན་བསྐུལ་གང་ཡིན་རུང༌། གཙང་མ་ཡག་པོ་ཞིག་བྲིས་ནས་ཁོང་ཚོས་ཀློག་གནང་དུས་སྐུ་ངལ་ཡོང་གི་ཡོད་ཀྱང༌། ཡིག་ཆ་དེ་ཡག་པོ་ཕུལ་ཡོང་གི་འདུག བོད་ཡིག་ཐོག་ལ་མཁྱེན་པ་རྒྱས་པོ་ཡོད་མཁན་ཚོས་ལས་སླ་ཆོས་གནང་སྟེ་གྲོས་ཆོད་གྲོས་འཆར་དེ་ཚོ་བྲིས་མ་ཆད་ལྷག་ནག་སུབ་ཅན་སོགས་གང་བྱུང་མང་བྱུང་གྲོས་ཚོགས་ལ་གུས་ཞབས་མེད་པ་འདྲ་པོ་དེ་འདྲ་གནང་ཡོང་གི་འདུག དེ་འདྲ་ལས་སླ་ཆོས་གནང་བ་ཡིན་ན། དེས་གྲོས་ཚོགས་ཀྱི་མཚན་མཐོང་ལ་གནོད་རྒྱུ་མ་ཟད། སྤྱི་འཐུས་བྱེ་བྲག་པའི་མཚན་ལའང་གནོད་སྲིད་པ་ཞིག་རེད། མ་འོངས་པར་གྲོས་ཚོགས་ཀྱི་འཐུས་མི་ཚོས་གྲོས་ཚོགས་ཀྱི་ནང་དུ་ཕྱག་ལས་གནང་སྟངས་དེ་ཡར་རྒྱས་ཤིག་གཏང་ཐུབ་ན། བོད་བསྟན་པ་ཆབ་སྲིད་དང་བོད་ཀྱི་རྩ་དོན་ལ་ངེས་པར་དུ་ཕན་གྱི་རེད་བསམ་གྱི་འདུག
དེ་བཞིན་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་ཀྱང་དགོངས་པ་བཞེས་དགོས་པ་ཞིག་ལ། ད་ལྟ་བཅའ་ཁྲིམས་འདི་ལ་བཀའ་ཤག་གིས་གྲོས་ཚོགས་ལ་ཐད་ཀར་འགན་བསྣམས་དགོས་ཀྱི་ཡོད་པས། ལོ་གཅིག་ལ་གྲོས་ཚོགས་ཚོགས་དུས་གཉིས་པོ་དེར་ཐུགས་གལ་ཆེན་པོ་ཞིག་ལ་ཆ་འཇོག་གནང་དགོས། བཀའ་བློན་རྣམ་པ་ཚོའི་ཕྱོགས་ཕེབས་མཛད་འཆར་ཁག་གལ་ཆེན་པོ་མ་རེད་ཅེས་ངས་ཞུ་གི་མེད། ཕྱོགས་ཕེབས་མཛད་འཆར་ག་ཚོད་ཀྱི་གལ་ཆེ་ཡིན་ནའང༌། ལོ་གཅིག་གི་ཚོགས་དུས་ཐེངས་གཉིས་ཡོད་པ་དེ་ཟླ་བ་ལྔ་དྲུག་གི་སྔོན་དུ་དུས་ཚོད་གཏན་འཁེལ་ཞིང༌། ཕྱི་ཟླ་ ༩ དང་ ༣ པའི་ནང་གྲོས་ཚོགས་ཡོད་པ་ཚང་མའི་དགོངས་པར་ཡོད་པ་ཞིག་རེད། དེས་ན་གྲོས་ཚོགས་ཚོགས་སྐབས་གྲོས་ཚོགས་ལ་འགན་འཁྲི་ཡོད་དོ་ཅོག་གྲོས་ཚོགས་ནང་ལྷན་འཛོམས་བྱུང་ན། གྲོས་ཚོགས་ཡི་རངས་པོ་ཡོང་ངེས་རེད། དེ་ལས་སྤྲོས་ཏེ་ཞུ་རྒྱུ་གང་ཡང་མེད། རྒྱུན་ལས་དང་གྲོས་ཚོགས་ཀྱི་ཐོག་ནས་འཛིན་སྐྱོང་གི་ཕྱག་ལས་གནང་ཕྱོགས་ལ་རམ་འདེགས་དང་བཏང་འཛིན་ཞུ་རྒྱུའི་ཐོག་ལ་འཐུས་ཤོར་མང་པོ་བྱུང་ཡོད་པས་བློ་ཕམ་ཡོད། མ་འོངས་པར་འཐུས་ཤོར་མི་ཡོང་སླད་སེམས་ཤུགས་གསར་པ་ཞིག་དང་ཤུགས་ནུས་གསར་པ་ཞིག་རྒྱག་རྒྱུའི་བསམ་ཚུལ་ད་ལྟ་ནས་འཁྱེར་གྱི་ཡོད། གང་ལགས་ཤེ་ན།སྒྲིག་འཛུགས་སྲ་བརྟན་ཞིག་ཡོང་དགོས་རྒྱུ་དང༌། དེའི་ཆེད་དུ་གྲོས་ཚོགས་དང་རྒྱུན་ལས་ཀྱི་ངོས་ནས་རྟོག་ཞིབ་བྱེད་དགོས་ཀྱི་ཡོད་པ་ནི་བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་རེད་ལ། སྐབས་ ༡༡ དང་ ༡༢ པ་གཉིས་ཀའི་དམ་འབུལ་སྐབས་ྋསྐྱབས་མགོན་རིན་པོ་ཆེའི་བཀའ་སློབ་ཀྱི་དགོངས་དོན་ཡང་རེད། མ་ཟད་ད་ལྟའི་གནས་སྐབས་འདིར་ྋསྐྱབས་མགོན་རིན་པོ་ཆེའི་དགོངས་པར་སྒྲིག་འཛུགས་གཙང་མ་དགོས་རྒྱུ་དང༌། མིས་སྐྱོན་འཛུགས་བྱ་རྒྱུ་མེད་པ་ཞིག་དགོས་རྒྱུ། དེའི་ཆེད་འཛིན་སྐྱོང་དང་གྲོས་ཚོགས་གཉིས་ཀས་ཤུགས་བརྒྱབས་ནས་ཕྱག་ལས་གནང་དགོས་ཀྱི་ཡོད་པ་ཧ་ཅང་གསལ་པོ་ཡིན་བསམ་གྱི་འདུག འཛིན་སྐྱོང་གིས་མཁྱེན་གྱི་ཡོད་རེད། གྲོས་ཚོགས་ཀྱིས་མཁྱེན་གྱི་ཡོད་རེད། ྋརྒྱལ་བ་རིན་པོ་ཆེའི་དགོངས་པ་བསྒྲུབ་རྒྱུ་ལ་ཁ་ཞེ་གཉིས་མེད་ཀྱི་འདུན་པ་ཡོད་པ་ཞིག་ཡིན་ན། ང་རང་ཚོས་འཛེམས་ཟོན་སྤངས་པའི་ཐོག་ནས་སྒྲིག་འཛུགས་ཕྱི་གསལ་ནང་གསལ་བཟོ་རྒྱུར་ངེས་པར་དུ་དགོངས་པ་བཞེས་དགོས་ཀྱི་འདུག ཤུགས་བསྐྱོན་དགོས་ཀྱི་འདུག འཛིན་སྐྱོང་གི་ངོས་ནས་ངེས་པར་དུ་དགོངས་པ་རྒྱ་ཆེན་པོ་ཞིག་བཞེས་དགོས་རྒྱུ་ཞིག་ག་རེ་འདུག་ཅེ་ན།བསུན་སྣང་གནང་སྟེ་ཚང་མས་ང་ཚོའི་ཐོག་གནོན་ཤུགས་སྤྲད་ཡོང་གི་འདུག་མ་དགོངས་པ་ཞིག་དང༌། འབུད་རྒྱག་རྒྱག་ཐུབ་ཙམ་ཞིག་དགོངས་བཞེས་མེད་པ་ཞིག་དགོས་ཀྱི་འདུག ཉིན་གཅིག་བཀུར་འོས་སྤྱི་འཐུས་གཅིག་གིས། བཀའ་བློན་རྣམ་པ་ཚོའི་སྒྲིག་གཞི་དང་འགལ་བའི་ལས་དོན་མང་པོའི་ཐོག སྤྱི་འཐུས་དང་རྒྱུན་ལས་ཀྱིས་ཚོགས་གཏམ་གཏང་གི་རེད་དེ། དེ་མུར་བཞག་ན་འགྲིག་འགྲོ་གི་རེད་ཅེས་གསུངས་ནས་གནང་གི་ཡོད་པ་རེད་གསུངས་སོང༌། དེ་ཡང་བདེན་པ་མིན་ནམ་བསམ་པ་ཞིག་འདུག དཔེ་མཚོན་ཙམ་ཞུ་བ་ཡིན་ན། ལས་བྱེད་བྱེ་བྲག་པ་གཅིག་གི་སྐོར་ལ་རྒྱུན་ལས་ཀྱིས་གསལ་པོ་བྱས་ནས་གནས་ཚུལ་འདི་དང་འདི་ཞེས་བྱ་བ་ཞིབ་འཇུག་ཐོག་ནས་གསལ་པོ་བཟོ་དགོས་པ་དང༌། དེ་གསལ་པོ་མ་བྱུང་བར་དུ་ཁོང་ལ་ལས་དོན་བཀོད་བསྒྲིགས་མ་གནང་རོགས་ཞེས་ཡིག་ཐོག་ནས་ཕྱག་བྲིས་ཕུལ་ནས་ཟླ་ཤས་ཕྱིན་ཟིན་པ་རེད། ཨ་ལན་ཨོཾའ་ལན་གང་ཡང་མ་གནང་བར་ལས་བྱེད་པ་དེ་ལ་ལས་དོན་བཀོད་བསྒྲིགས་གནང་རྐྱང་གནང་བ་རེད། རྒྱུན་ལས་ཀྱིས་ག་རེ་བཤད་ཀྱང་རུང༌། མ་བཤད་ཀྱང་རུང༌། གླང་པོ་ཆེ་འགྲོ་གི་རེད། ཁྱི་ཟུག་ནའང་ཟུག་དགོངས་པ་ཡིན་ན། ཉིན་གཅིག་ཁྱི་ལའང་འུ་ཐུག་རྒྱུ་ཡོད་རེད། ཁྱི་དང་གླང་ཆེན་གཉིས་ཀ་འུ་ཐུག་སྟེ་མཆོང་རྒྱག་གྱེན་ལ་བརྒྱབ་པ་ཡིན་ན་ག་པར་འབབ་ས་རེད། མཆོང་རྒྱག་གྱེན་ལ་རྒྱག་དུས་འབབ་ས་དེ་ཕོ་བྲང་དུ་ྋརྒྱལ་བ་རིན་པོ་ཆེའི་སྐུ་མདུན་དུ་འབབ་ཀྱི་རེད། དེ་ནས་ག་འདྲ་ཡོང་བ་འདུག དགོངས་པ་བཞེས་དགོས། གང་ཟག་བྱེ་བྲག་པ་ཞིག་ལ་སྲུང་སྐྱོབ་གནང་རྒྱུའི་དགོངས་བཞེད་ཡོད་ན་རྩིས་ཞིབ་སྙན་ཐོའི་ནང་དུ་དོན་དག་གང་ཡོད་པ་རྣམས་དག་སེལ་བཏང་སྟེ་གསལ་པོ་བཟོས་པ་ཡིན་ན། གང་ཟག་བྱེ་བྲག་པ་ཁོ་རང་རང་བཞིན་གྱིས་དག་པ་འཐོན་གྱི་རེད། དཔེར་ན། གསེར་ས་འོག་ཏུ་ཡོད་ནའང་འོད་ནམ་མཁའ་ཟེར་བ་ལྟ་བུ་རེད། དོན་ཚན་བཅུ་དྲུག་བཅུ་བདུན་ཙམ་བཀའ་འདྲི་ཞུས་པ་ཡིན་ནའང་དེའི་ནང་ནས་གཅིག་གཉིས་ཙམ་ལ་མ་གཏོགས་བཀའ་ལན་མ་གནང་དུས། ཚོར་སྣང་དང་མཐོང་སྣང་ག་འདྲ་ཞིག་ཡོང་གི་ཡོད་རེད་ཅེ་ན། ད་ལྟ་བཀབ་ནས་དུས་འགྱངས་བྱས་ནས་བཞག་ན་ཡོང་འཚམས་ཤིག་ལ་ཡལ་འགྲོ་རྒྱུའི་དགོངས་པ་བཞེས་ཀྱི་མེད་དམ་སྙམ་པའི་དྭོགས་པ་ཡོང་གི་ཡོད་རེད།
ཕྱི་རྒྱལ་དོན་གཅོད་ཁང་གི་རྩིས་དང་འབྲེལ་བ་ཡོད་པའི་དོན་དག་དེ་རྣམས་ཀྱང་དེ་འདྲ་རེད། རྩིས་དེ་གཙང་མ་ཆགས་པའི་ཉིན་མོ་དེ་ནས་ལམ་སེང་བཀའ་སྤྱི་ལྷན་ཚོགས་ཚོགས་ཏེ་ཡིན་པ་དང་མིན་པ། གཙང་མ་ཆགས་ལུགས་ཆགས་སྟངས་ཡིག་ཆ་དང་བཅས་པ་གསལ་པོ་གསུངས་བཞག་པ་ཡིན་ན། གྲོས་ཚོགས་ནང་ལ་རྒྱུན་ལས་ཀྱིས་དེ་ང་ཚོ་ཚང་མས་བལྟས་པ་ཡིན། པད་ཤག་དམར་པོ་གཅིག་གི་ཧེ་བག་མི་འདུག ཧེ་བག་མེད་པའི་རྒྱུ་མཚན་དེ་ཡིག་ཆ་དང་བྱུང་འཛིན་གྱི་ཐོག་ནས་ར་འཕྲོད་ཀྱི་འདུག་ཅེས་ཞུ་གི་རེད། དེ་ནས་གསལ་པོ་ཆགས་ཟིན་པ་རེད། དངོས་འབྲེལ་བྱས་ན་རྩིས་ཀྱི་རྙོག་དྲ་དེ་ཆབ་སྲིད་ཀྱི་གནས་སྟངས་དང་མི་འདྲ་བར་ཁ་གསལ་བཟོ་བདེ་པོ་རེད། དཔེར་ན། གཉིས་དང་གཉིས་བསྡོམས་ན་བཞི་དང༌། བཞི་ནས་གསུམ་འཐེན་ན་གཅིག་ལྷག་པ་དེ་རང་རེད། དེ་ལ་ཕར་འགྱངས་ཚུར་འགྱངས་བྱས་ནས་བཞག་དགོས་པ་ཞིག་ང་ཚོས་གང་ཡང་མ་མཐོང༌། གལ་ཏེ་དེ་འདྲ་བྱས་ནས་བཞག་ན་མིའི་མཐོང་སྟངས་དང་ཡིད་ཆེས་བརླག་པའི་གནས་སྟངས་ཤིག་ཆགས་ཀྱི་རེད། དེར་བརྟེན་མ་འོངས་པར་བཙན་བྱོལ་བོད་གཞུང་གི་སྲི་ཞུ་བ་བརྒྱ་ཆ་ ༩༩ དེ་དག་ནི་ལྷག་བསམ་དང་བཟང་སྤྱོད་ལ་སྐྱོན་མེད་པ་དེ་མནའ་སྐྱེལ་མི་དགོས་པ་དང་མཐོ་བཙུག་མི་དགོས་པར། ཡིག་ཆ་དང་རྩིས་ཀྱི་ཐོག་ནས་ར་སྤྲོད་ཐུབ་པ་ཞིག་དང༌། གང་ཡོད་པ་དེ་ཕྱི་གསལ་ནང་གསལ་བྱུང་བ་ཡིན་ན། གྲོས་ཚོགས་ལ་དེ་ལས་ལྷག་པའི་དགའ་ཚོར་ཡོད་མ་རེད། བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་དེ་ལས་ལྷག་པའི་ཞབས་འདེགས་ཡོད་མ་རེད། གཙང་མ་ཡོད་པ་དེ་གཙང་མ་ཡོད་པ་བསྟན་ཐུབ་པ་དགོས།
སྤྱི་འཐུས་རྒྱུན་ལས་ཀྱི་ལས་དོན་མང་པོ་ཞིག་བར་ལམ་ཚགས་ཚུད་བྱུང་ཡོད་པ་མ་རེད། སྤྱི་འཐུས་རྒྱུན་ལས་ཀྱི་སྐོར་ལ་ད་རིང་འདིར་གྲོས་ཚོགས་ཀྱི་བཞུགས་མོལ་ནང་བགྲོ་གླེང་མཐིལ་ཕྱིན་བྱུང་སོང༌། ད་ལྟ་ཡོད་པའི་སྤྱི་འཐུས་རྒྱུན་ལས་སྐབས་ ༡༡ ནས་ཡོད་པ་ནང་བཞིན་གྱི་སྤྱི་འཐུས་རྒྱུན་ལས་ཀྱི་གྲུབ་ཆ་དེ་ག་རང་འགྱུར་བ་མེད་པའི་ཐོག་སྐབས་ ༡༢ ཀྱི་གྲོས་ཚོགས་ཀྱི་དུས་ཡུན་མ་རྫོགས་ཀྱི་བར་རང་འཇགས་གནས་རྒྱུ་ང་ཚོས་གསལ་པོ་བྱས་ནས་ཐག་བཅད་པ་ཡིན། དེ་ཐོག་གསལ་པོ་ཞིག་མ་ཞུས་ན་ཁ་སང་འགྱུར་བ་བཏང་དང་མ་བཏང་སྐོར་དགོངས་ཚུལ་མང་པོ་ཞིག་བྱུང་བ་རེད། དགོངས་ཚུལ་དེ་དག་རྣམས་མཐའ་བསྡོམས་བརྒྱབ་སྐབས་རྒྱུན་ལས་དེ་སྔར་རྒྱུན་བཞིན་རང་འཇགས་བསྡད་རྒྱུ་གཏན་ཆ་ཚང་འཁེལ་བ་ཡིན། རང་འཇགས་གནས་པ་མ་ཟད། རྡོག་ལ་བསྒྲིལ་ནས་སྡིག་པ་མིག་འཛུམས་བྱས་ནས་འཛིན་སྐྱོང་ལ་ཞུ་དག་གཏང་རྒྱུ་ཞིག་དང༌། བཏང་འཛིན་བྱེད་དགོས་རྒྱུ་ཞིག་སེམས་ཐག་གསར་དུ་བཅད་པ་ཡིན། འཛིན་སྐྱོང་དང༌། མང་ཚོགས། གཞུང་འབྲེལ་མིན་པའི་ཚོགས་པ་སོགས་སུ་དང་སུ་ཡིན་ཡང༌། སྤྱི་འཐུས་རྒྱུན་ལས་ཀྱི་ངོས་ནས་ཡིན་པ་ཡིན་པ་དང་མིན་པ་མིན་པ་ལབ་དགོས་རྒྱུ་དང༌། ཞིབ་འཇུག་དང་བཏང་འཛིན་བྱེད་དགོས་རྒྱུ་རྣམས་ང་ཚོས་ཐག་གཅོད་གསར་པ་ཞིག་བྱེད་ཀྱི་ཡོད། ཐག་གཅོད་གསར་པ་ཞིག་བྱེད་དགོས་དོན་ང་ཚོར་ད་རིང་སྤྱི་འཐུས་གྲོས་ཚོགས་འདིའི་ཐོག་ནས་བཀས་བཅད་གསལ་པོ་རག་ཡོད། དེ་རག་ནས་ལས་ཀ་མ་བྱེད་པ་ཡིན་ན་ང་རང་ཚོའི་རྒྱུན་ལས་པ་རྣམས་རྒྱུན་ལས་སུ་བཞུགས་རྒྱུའི་འོས་ཆོས་མ་ཚང་བའི་རྟགས་མཚན་གསལ་པོ་ཆགས་ཀྱི་ཡོད། དེའི་སྐོར་ལ་ངས་གསལ་པོ་ཞིག་ཞུས་ན་བསམ་བྱུང༌། མཐའ་བསྡོམས་ལ། བོད་མིའི་ཆབ་སྲིད་ཀྱི་གནས་སྟངས་འཛམ་གླིང་གི་སའི་གོང་བུ་འདིའི་སྒང་སྲ་བརྟན་ཞིག་དང་གཡོ་འགུལ་མེད་པ་ཞིག་བསྡད་ཡོད་བསམ་གྱི་འདུག་མ་གཏོགས། ཉམ་ཐག་ཟུངས་ཟད་དུ་གྱུར་ཡོད་བསམ་གྱི་མེད། གང་ལགས་ཟེར་ན། བོད་ཀྱི་གནས་དོན་འདི་བདེན་པ་ལ་བརྟེན་པ། ལས་རྒྱུ་འབྲས་དང་མཐུན་པ། རང་འདོད་མ་ཡིན་པ་ཞིག་གི་གནས་ཚུལ་ཡིན་པས། རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་ཡག་ཏུ་འགྲོ་གི་ཡོད་ཀྱང་རུང༌། སྡུག་ཏུ་འགྲོ་གི་ཡོད་ཀྱང་རུང༌། བོད་མིའི་གནས་ཚུལ་ཟེར་བ་འདི་སུ་གང་གིས་སུབ་མི་ཐུབ་པ་ཞིག་དང༌། སྣང་མེད་དུ་བཞག་མི་ཐུབ་པ་ཞིག་འཛམ་གླིང་ཡོངས་རྫོགས་ཀྱིས་མཐོང་བསྡད་ཀྱི་ཡོད། དེར་ངོ་སྤྲོད་བྱེད་དགོས་དོན་གང་ཡང་མི་འདུག མི་རིགས་དང་རྒྱལ་ཁབ་ཀྱི་འཐབ་རྩོད་ཅིག་ལ་མི་རབས་གསུམ་བཞི་ཟེར་བ་འདི་དུས་ཚོད་ཧ་ཅང་ཉུང་ཉུང་རེད། ཨིསིརལ་ལྟ་བུས་མི་ལོ་སྟོང་ཕྲག་ཁ་ཤས་རྗེས་ལ་རང་གི་མི་རིགས་དང་རྒྱལ་ཁབ་བསྐྱར་བསྐྲུན་བྱེད་ཐུབ་ཀྱི་ཡོད་ན། ང་ཚོ་བོད་པས་ལོ་སྟོང་ཕྲག་ཁ་ཤས་སྒུག་མི་ཐུབ་པའི་རྒྱུ་མཚན་གང་ཡང་མེད་སྟབས། མུ་མཐུད་སྒྲུབ་ཐུབ་པའི་ཡིད་ཆེས་ལྡོག་ཏུ་མེད་པ་བརྟན་པོ་ཞིག་ང་རང་ལ་ཡོད། མི་གཞན་ཚང་མ་ལའང་དེ་ཡོད་པའི་ངས་རེ་བ་དང་ཡིད་ཆེས་བྱེད་ཀྱི་ཡོད། གནས་ཚུལ་འདི་འདྲ་ཞིག་གི་འོག་ནས་ད་ལྟའི་གནས་སྐབས་འདི་ལ་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ཐོག་ནས་རྒྱ་མི་དང་མཉམ་དུ་ཞི་མོལ་ཞིག་བྱ་རྒྱུར་འབད་རྩོལ་བྱེད་རྒྱུ་འདི་ྋསྐྱབས་མགོན་རིན་པོ་ཆེའི་དབུ་ཁྲིད་འོག་ཡོད་པའི་བཙན་བྱོལ་བོད་གཞུང་གིས་གཏན་ལ་ཕབ་པའི་ལངས་ཕྱོགས་ཤིག་དང་སྲིད་བྱུས་ཤིག་ཡིན། དེའི་དོན་ལ་ང་ཚོས་འབད་རྩོལ་བྱེད་ཀྱི་ཡོད་པ་ནི་ཚང་མས་མཁྱེན་གསལ་རེད། ངས་བསྐྱར་ཟློས་བྱ་དགོས་ཀྱི་མི་འདུག འབད་རྩོལ་བྱེད་རྒྱུའི་ལས་རིམ་འདིའི་ནང་ལ་ང་རང་ཚོའི་ངོས་ནས་མར་འབབ་ས་མེད་ན་མ་གཏོགས་རྡོ་སྐས་རྩ་བའི་བར་བབས་ཟིན་པ་ཡིན། ད་དུང་མར་འབབ་ས་ཡོད་པ་ཡིན་ན་འབབ་རྒྱུ་ལ་ཡ་ང་བ་དང་བག་ཚ་གང་ཡང་མི་འདུག ཞི་མོལ་གྱི་ཐོག་ནས་འགྲིག་ཐབས་ཤིག་དང༌། རྒྱ་བོད་གཉིས་ཕན་གྱི་ལམ་ཞིག་རྙེད་ན་རྒྱ་མི་བཞིན་གཏམ་དང་གདོང་སྲུང་དགོས་རྒྱུ་མི་འདུག ད་དུང་ང་ཚོར་མར་འབབ་དགོས་རེད་ཅེས་ཆ་རྐྱེན་ཞིག་བྱུང་བ་ཡིན་ན། འབབ་ས་ཡོད་ན་བབ་དགོས་རེད། མར་འབབ་རྒྱུ་འདི་ང་ཚོའི་ནུས་པ་རྫོགས་པ། ང་ཚོའི་ཡིད་ཆེས་བརླགས་པ། ང་ཚོར་སྟོབས་ཤུགས་མེད་ནས་བབ་པ་ཞིག་རྩ་བ་ནས་མ་རེད། ཞི་མོལ་གྱི་ཐབས་ལམ་འདི་ང་ཚོས་བདམས་པ་ཡིན་པས། དེ་བསྒྲུབ་རྒྱུའི་ཆེད་དུ་དེར་ལ་ཉག་མཛོ་སངས་ཀྱིས་གུ་བཤང་བྱེད་ཀྱི་ཡོད་པ་རེད། ཁོ་རང་ཚོར་རྣ་ཆོག་བརྩི་རྒྱུ་དང་གདོང་པ་བསྲུང་རྒྱུའི་ཆེད་ཚིག་ཁ་མཐོ་དམན་ཁ་ཤས་ཤིག་གིས་ཕན་གྱི་ཡོད་ན། ཁྱད་པར་མི་འདུག་བསམས་ནས་བབ་ཀྱི་ཡོད་རེད། ཡིན་ནའང་ཚང་མས་མཁྱེན་དགོས་པ་ཞིག་ལ། ང་ཚོས་འདི་འདྲ་ཞིག་ལ་མར་བབས་ནས་ད་དུང་དུས་ཚོད་ངེས་ཅན་ཞིག་གི་ནང་བོད་རྒྱ་ཞི་མོལ་གྱི་སྒོ་ནས་ང་ཚོའི་བདེན་མཐའ་གསལ་ཐབས་ཤིག་དང༌། བོད་ནང་ལ་ཡོད་པའི་མི་དེ་ཚོའི་དཀའ་ངལ་སེལ་རྒྱུའི་ཐབས་ལམ་ངེས་བརྟན་རྙེད་པ་ཞིག་མ་བྱུང་བ་ཡིན་ན། སྐབས་དེ་དུས་ང་ཚོའི་ལངས་ཕྱོགས་གསར་པ་ག་འདྲ་ཞིག་བྱེད་དགོས་ཀྱི་རེད། དེའི་ཆེད་དུ་ཚང་མ་གྲ་སྒྲིག་ཡོད་པའི་ཡིད་ཆེས་ཞུ་གི་ཡོད། ད་ལྟ་ང་ཚོས་མར་བབ་པའི་སྐབས་སུ། བབ་ཐུབ་པ་ཞིག་དང༌། གལ་སྲིད་བབས་པ་ཡིན་ནའང་དོན་མ་འགྲུབ་ན། ཉི་མ་གཅིག་ང་ཚོའི་ལངས་ཕྱོགས་འདིར་འགྱུར་བ་གཏོང་དགོས་བྱུང་ན་འགྱུར་བ་གཏོང་བའི་ཉིན་མོ་དེར་འཛམ་གླིང་གི་མི་ཚང་མ་ཧ་ལས་དགོས་རྒྱུ་ཞིག་དང༌། ང་ཚོའི་ཁ་གཏད་ཀྱི་ངོས་ནས་ཧང་སང་དགོས་པའི་གོམ་འགྲོས་ཆེན་པོ་ཞིག་བསྐྱོད་ཐུབ་རྒྱུའི་འཆར་གཞི་དང་བསམ་ཚུལ་ད་ལྟ་ནས་ང་ཚོར་ཡོད་དགོས་ཀྱི་རེད་ལ། ཡོད་པའི་ཡིད་ཆེས་ཞུ་གི་ཡོད། གལ་ཏེ་མེད་ན་ཚང་མས་ཡོད་པ་བཟོ་དགོས་ཀྱི་རེད། ང་རང་ལ་ཆ་བཞག་ན་ཡོད་ཞུ་རྒྱུ་ཡིན། ངེས་པར་དུ་ཡོད། གཞིས་ལུས་བོད་མི་ཡོངས་རྫོགས་གྲ་སྒྲིག་རེད། བཙན་བྱོལ་ལ་ཡོད་པའི་བོད་མི་ཡོངས་རྫོགས་གྲ་སྒྲིག་དགོས་ཀྱི་རེད། གྲ་སྒྲིག་མེད་པ་ཡིན་ན་ངོ་ཚ་དགོས་པའི་གནས་སྟངས་ཤིག་རེད། བཙན་བྱོལ་བོད་མིའི་འགོ་ཁྲིད་ཀྱི་མཚན་བཞེས་མཁན་གྲོས་ཚོགས་དང་འཛིན་སྐྱོང་ལ་དེ་ལས་ཀྱང་གནས་ཚུལ་དེ་ཚོའི་ཐོག་ལ་གདེང་ཚོད་རྙེད་པའི་གྲ་སྒྲིག་ཅིག་ངེས་པར་དུ་ཡོད་དགོས་ཀྱི་རེད། དེ་འདྲའི་སྟོབས་ཤུགས་ཤིག་དང་སྙིང་སྟོབས་ཤིག་གི་ཐོག་ནས་ང་ཚོའི་སྒྲིག་འཛུགས་དང་ཆབ་སྲིད་གཉིས་ཀའི་ཐོག་དཔུང་པ་མཉམ་སྒྲིག་གིས་ཕྱག་ལས་མུ་མཐུད་གནང་དགོས་རྒྱུ་ཞིག་དང༌། གནང་ཐུབ་པ་དེ་ང་ཚོའི་མཐའ་མའི་མཐའ་ཚིག་ཡིན་པ་ལ་ངོས་འཛིན་གནང་དགོས་ཀྱི་འདུག་ཅེས་ཞུ་རྒྱུ་ཡིན། ཚང་མས་ཚོགས་དུས་འདིའི་རིང་ལ་ཆ་ཤས་བླངས་པ་དང་མཐུན་འགྱུར་གནང་བ་ལ་ངས་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་དང་ཆབས་ཅིག་གྲོས་ཚོགས་ཚོགས་དུས་དྲུག་པ་དུས་ཚོད་ངེས་མེད་ཀྱི་བར་དུ་བར་མཚམས་བཞག་གི་ཡིན། ཞེས་གསུངས།

བོད་མི་མང་སྤྱི་འཐུས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཚོགས་དུས་དྲུག་པ། ༡༩༩༨/༠༩/༡༦ ་་་ ༡༩༩༨/༠༩/༢༥