སྐབས་བཅུ་གཉིས་པའི་གྲོས་ཚོགས་ཚོགས་དུས་གཉིས་པའི་མཇུག་བསྡོམས་གསུང་བཤད།

ཚོགས་དུས་འདིའི་མཇུག་བསྡོམས་ཀྱི་གསལ་བཤད་ཞུ་རྒྱུའི་སྔོན་ལ་ད་རང་གི་ལས་རིམ་ནས་ལུས་བསྡད་པའི་གསལ་པོ་བཟོ་དགོས་པའི་སྐད་ཆ་འགའ་ཤས་ཤིག་ཡོད། ༡། བཀའ་ཤག་གིས་ྋསྐྱབས་མགོན་རིན་པོ་ཆེ་ལ་སྙན་གསན་ཞུས་པ་རེད་དམ་མ་རེད། གསལ་བཤད་གནང་དགོས་ཀྱི་འདུག་ཅེས་གྲོས་ཚོགས་ཀྱི་ནང་བཀའ་མོལ་ཞིག་གནང་སོང༌། དེ་གྲོས་ཚོགས་ཀྱི་ཡིག་ཆའི་ནང་བསྡད་ན་འགྲིགས་ཀྱི་ཡོད་མ་རེད། བཀའ་ཤག་དང་ྋརྒྱལ་བ་རིན་པོ་ཆེའི་དབར་ལ་བཀའ་མོལ་ག་རེ་བྱུང་དང་མ་བྱུང༌། ག་རེ་ཞུས་དང་མ་ཞུས་དེ་དག་ཚང་མ་གྲོས་ཚོགས་ཀྱི་ནང་བགྲོ་གླེང་བྱེད་མི་ཆོག་པ་ཁྲིམས་དང་སྒྲིག་གཞིའི་ནང་གསལ་བ་ཞིག་རེད། དེས་ན་དེ་དག་གྲོས་ཚོགས་ཀྱི་ཡིག་ཆ་ནས་ཕྱིར་འཐེན་ཞུ་རྒྱུ་ཡིན། ༢། བཀུར་འོས་སྤྱི་འཐུས་གཅིག་གིས་ངས་ལག་པ་བརྐྱངས་པ་དེ་ཚོགས་གཙོས་མཐོང་མ་སོང་ཞེས་གསུངས་སོང༌། དེ་ནི་དོན་གནད་ཚབས་ཆེ་ཞིག་རེད། ཚོགས་གཙོའི་ཐོག་ལ་དེ་ལས་ལྷག་པའི་སྐྱོན་བརྗོད་བྱེད་རྒྱུ་མེད་པ་འདྲ་པོ་ཞིག་རེད། ཚོགས་གཙོའི་ལས་འགན་ཧ་ཅང་ཆེན་པོ་ཞིག་མ་གྲུབ་པ་ཆགས་ཀྱི་ཡོད་རེད། ཡིན་ནའང་བཀའ་མོལ་གསུང་མཁན་དེས་གནས་ཚུལ་དེ་དག་ཆ་ཚང་བ་མཁྱེན་ནས་དེ་འདྲ་ཞིག་ལབ་ན་འགལ་ཟླ་ཆེན་པོ་འགྲོ་གི་རེད་བསམ་པ་དེ་དམིགས་ཡུལ་ལ་བཞག་སྟེ་གསུངས་ཡོད་ཀྱི་མ་རེད་བསམ་གྱི་འདུག ཕྱག་བརྐྱངས་ཏེ་ཚོགས་གཙོས་མ་མཐོང་བ་ཡིན་ན། ཚོགས་གཙོས་མཐོང་ཐུབ་པ་ཞིག་དང་ཚོགས་གཙོའི་དོ་སྣང་དྲང་ཐུབ་པ་ཞིག་ཡར་བཞེངས་ནས་གནང་དགོས་ཀྱི་འདུག་གམ། གསུང་བསྐྱོན་ཏེ་གནང་དགོས་ཀྱི་འདུག་གམ། གསུང་དཔར་ཐོག་ལ་ཕྱག་བརྡབས་ཏེ་གནང་དགོས་ཀྱི་འདུག་གམ། ག་རེ་གནང་དགོས་བྱུང་ནའང་གནང་དགོས་ཀྱི་རེད། སོ་སོའི་ཕྱག་རྐྱོང་དུས་ཚོགས་གཙོའི་དོ་སྣང་དྲང་ཐུབ་པ་བྱ་རྒྱུ་དེ་ཕྱག་རྐྱོང་མཁན་དེའི་ལས་འགན་རེད། ཚོགས་གཙོ་ལ་མིག་གཉིས་དང་ཨ་ཅོག་གཉིས་མ་གཏོགས་ཡོད་མ་རེད། དེས་གཡས་ལ་ལྟ་སྐབས་གཡོན་མི་མཐོང་ལ། གཡོན་ལ་ལྟ་སྐབས་གཡས་མི་མཐོང་བ་ཆོས་ཉིད་རེད། ཁ་སང་ཞུས་པ་ནང་བཞིན་རེད། འགའ་ཞིག་གིས་ནི་ཕྱག་དེ་སྙན་ཅོག་འགྲམ་འདིར་སྦྱར་ནས་རྐྱོང་སྐབས་མཐོང་གི་མི་འདུག མཚམས་རེ་ནི་ཁ་ཤས་ཀྱིས་བྱ་རྨྱང་བྱེད་སྐབས་ཕྱག་རྐྱོང་གི་ཡོད་མིན་ནམ་བསམ་པ་ཡོང་གི་འདུག དེ་འདྲ་ཡིན་ཙང་ཁ་ཤས་ཀྱིས་ཕྱག་བརྐྱངས་ནས་ཚོགས་གཙོས་མ་མཐོང་བ་བྱུང་ཡོད་ན་དེ་ལ་བློ་ཕམ་ཡོད། ཚོགས་གཙོས་མ་མཐོང་བ་རང་རེད། དེ་ལ་བཟོ་རྒྱུ་གང་ཡང་ཡོད་མ་རེད། ཚོགས་གཙོས་ཕྱག་གྲངས་ཀ་བརྒྱབས་ནས་གསལ་བསྒྲགས་བྱས་ཚར་བ་དེ་ལ་བཟོ་བཅོས་གཏོང་བའི་ཐབས་ལམ་ང་ཚོར་ད་ལྟ་ཡོད་པའི་སྒྲིག་གཞིའི་ནང་ལ་ཡོད་མ་རེད། དེའི་ཐབས་ལམ་གཅིག་རང་ཡོད་པ་ནི་གནས་ཚུལ་དེ་འདྲ་ཞིག་བྱུང་སྐབས་ཚོགས་གཙོ་གནས་དབྱུང་གཏང་རྒྱུའི་གྲོས་འཆར་བཏོན་ནས་ཚོགས་གཙོ་ཕྱིར་འཐེན་ཐུབ་ན། དེ་སྔ་ཚོགས་གཙོས་གསལ་བསྒྲགས་ཟིན་པའི་དོན་གནད་དེ་བསྐྱར་དུ་མོས་ཤོག་བསྡུ་རྒྱུའི་གོ་སྐབས་བཟོ་རྒྱུ་དེ་རེད། དེ་མིན་ཚོགས་གཙོས་དགག་བྱ་འདི་ཙམ་བྱུང་སོང༌། རྒྱབ་སྐྱོར་འདི་ཙམ་བྱུང་སོང་ཞེས་ལན་གཅིག་ཐག་གཅོད་བྱས་ཚར་བ་དེ་མཐའ་མ་དེ་རེད། གལ་ཏེ་སྤྱི་འཐུས་ཤིག་གིས་ཕྱག་བརྐྱངས་ཏེ་ཚོགས་གཙོས་མ་མཐོང་བ་ཡིན་ན། ཚོགས་གཙོའི་ངོས་ནས་ནོར་འཁྲུལ་ཕྲན་བུ་བྱུང་བ་རེད་ལ། ཕྱག་རྐྱོང་མཁན་དེའི་ངོས་ནས་དེ་ལས་ལྷག་པའི་ནོར་འཁྲུལ་བྱུང་བ་རེད། ཕྱག་རྐྱོང་བའི་སྐབས་ལ་ཚོགས་གཙོས་མ་མཐོང་བ་ཡིན་ན། ཡིན་གཅིག་མིན་གཉིས་མཐོང་བ་ཞིག་བཟོ་དགོས་ཀྱི་ཡོད་རེད་མ་གཏོགས། མ་བཟོས་པ་ཡིན་ན་འགྲིགས་ཀྱི་ཡོད་མ་རེད། ངས་ནན་ཏན་ཆེན་པོའི་ཐོག་ནས་ཞུ་རྒྱུར། མ་འོངས་པར་རྐུབ་སྟེགས་འདིའི་སྒང་ལ་ད་ལྟ་བཀའ་མོལ་ཞུ་མཁན་གྱི་གང་ཟག་དེ་སྡོད་ཡོད་ནའང་འདྲ། ཚོགས་གཙོ་གཞོན་པ་བཞུགས་ཡོད་ནའང་འདྲ། ཚོགས་གཙོའི་ལས་ཚབ་ཅིག་བཞུགས་ཡོད་པ་ཡིན་ནའང་འདྲ། གང་ཟག་གང་ཡང་རུང་བ་ཞིག་གིས་ཕྱག་བརྐྱངས་ནས་གཟིགས་མ་སོང་ན། གཟིགས་པའི་ཐབས་ཤེས་དེ་གང་ཟག་དེས་ངེས་པར་དུ་གནང་དགོས་ཀྱི་རེད། ཡར་སྐུ་བཞེངས་གནང་དགོས་སམ། གསུང་རྒྱག་དགོས་སམ། ཅོག་རྩེའི་སྒང་ལ་རྡིག་རྡིག་གཏང་དགོས་སམ། གང་ལྟར་ཐབས་ལམ་གང་ཡོད་ཀྱང་གནང་དགོས་པ་ཞིག་རེད། དེ་ངོས་ལེན་བྱེད་དང་མ་བྱེད་དེ་ཚོགས་གཙོའི་འགན་དབང་ཞིག་རེད། ཚོགས་གཙོས་མ་མཐོང་བར་བཞག་ནས་འགན་བཀལ་རྒྱུ་ཡོད་མ་རེད། དེ་ངེས་པར་དུ་ཐུགས་ལ་འཇགས་རོགས་གནང་ཞེས་ཞུ་རྒྱུ་ཡིན། ༣། ང་ཚོའི་སྒྲིག་གཞིའི་ནང་ལ་གང་ཟག་གང་ཡང་རུང་བ་ཞིག་ཚོགས་གཙོ་བྱས་ཏེ་རྐུབ་སྟེགས་འདིའི་སྒང་ལ་སྡོད་སྐབས་དེ་དང་མཉམ་དུ་སྐད་ཆ་བཤད་དགོས་བྱུང་ན་ཡིག་ཐོག་བྲིས་ཏེ་ཚོགས་དྲུང་ལ་སྤྲོད་ཅེས་བྲིས་ཡོད་རེད། གནད་འགག་ཆེན་པོ་གང་ཡང་མ་རེད། ཚོགས་དྲུང་ལ་ཡིག་ཐོག་ལ་སྤྲད་པ་དང་འདིར་ཡོང་ནས་ལབ་པ་གཉིས་མ་གཞི་ལྟ་གཅིག་པ་རེད་དེ། འོན་ཀྱང་གྲོས་ཚོགས་ཀྱི་འགྲོ་སྟངས་ཤིག་གི་ཆ་ནས་གང་ཟག་གང་ཡང་རུང་བ་ཞིག་འདིར་སྡོད་སྐབས། ནེཧ་རུའི་སྐད་ཆ་ལྟར་ན། དབུར་ཏི་བརྒྱབས་པའི་གླེང་ཙེའི་ནང་ཡོད་པའི་ཤ་རྡོག་རྡོག་ཅིག་སྡོད་ཡོད་རེད་མ་གཏོགས། དེ་ལས་སྤྲོས་པའི་གཞན་པ་གང་ཡང་ཡོད་མ་རེད། གཟན་ཤམ་ནང་བསྒྲིལ་བཞག་པའི་ཚོགས་གཙོ་ཞིག་སྡོད་ཡོད་རེད་མ་གཏོགས། འདིར་གང་ཟག་སྒེར་ཞིག་ཡོད་མ་རེད། ཟམ་གདོང་བླ་མ་ཟེར་མཁན་དེ་འདིར་སྡོད་ཡོད་མ་རེད། འདིར་སྡོད་སྐབས་གཟན་ཤམ་ནང་བསྒྲིལ་བའི་ཤ་རུས་ཀྱི་གོང་བུ་དེ་ཚོགས་གཙོ་རང་རེད། དེ་དང་མཉམ་དུ་འབྲེལ་བ་བྱེད་དུས་བྱེད་སྟངས་ཀྱི་ལམ་སྲོལ་ཞིག་སྒྲིག་གཞིའི་ནང་ལ་གསལ་ཡོད་རེད། ལམ་སྲོལ་དེ་ལེགས་པོ་མི་འདུག་དགོངས་པ་ཡིན་ན་དེ་འགྱུར་བ་གཏང་དགོས་རེད། དེ་ལ་འགྱུར་བ་མ་གཏང་གི་བར་དུ་འདིར་ཕེབས་ཏེ་བཀའ་མོལ་གནང་བ་དེ་འགྲིགས་ཀྱི་ཡོད་མ་རེད། ངས་ད་ལྟའི་བར་དུ་དམིགས་བསལ་བཏང་ནས་ཐད་ཀར་གང་ཡང་ཞུས་མེད། ཚར་གཅིག་གཉིས་ཤིག་ལ་ལག་པ་བརྐྱངས་ནས་ཚོགས་གཙོས་ངོ་མ་ཕྲོད་པར་ལུས་བསྡད་པ་དེ་འདྲ་ཡོད་ན། དེ་དྲན་གསོ་གཏང་དགོས་བྱུང་ཚེ་ཤོག་འཛར་ཞིག་གི་སྒང་ལ་བྲིས་ཏེ་ཚོགས་དྲུང་ལ་གནང་ན་འགྲིག་གི་རེད། དཀྱིལ་འཁོར་འདིའི་ནང་ལ་ཚོགས་གཙོར་ཐད་ཀར་སྐད་ཆ་བཤད་ཆོག་མཁན་ཚོགས་དྲུང་མ་གཏོགས་མེད་པར་ཆ་བཞག་གི་ཡོད་རེད།
ངས་སྐད་ཆ་ཞུས་སྐབས་ཚིག་གང་བེད་སྤྱོད་བཏང་བ་དེ། རྗེས་མ་གང་དུ་གསུང་དགོས་བྱུང་བ་ཡིན་ནའང༌། ཚིག་དེ་རང་བེད་སྤྱོད་གཏང་རོགས་གནང་མ་གཏོགས། ཚིག་གཞན་ཞིག་བེད་སྤྱོད་བཏང་ན་འཁྲུག་འགྲོ་གི་རེད། དཔེར་ན་ངས་ད་རང་ཡིག་ཆ་འདི་ཐབས་ཆག་རེད་ཅེས་ཞུ་རྒྱུ་མ་བྱུང༌། ཡིག་ཆ་མདོག་ངན་པ་རེད་ཅེས་ཞུས་ཡིན། ཡིག་ཆ་མདོག་ངན་པ་དེའི་ཁ་རིས་བཟོ་བལྟ་དེས་མི་ཚོའི་དོ་སྣང་ལེགས་པོ་ཞིག་དྲངས་མ་ཐུབ་པ་རེད་ཅེས་ཞུས་པ་མ་གཏོགས། ཡིག་ཆ་འདི་ཐབས་ཆག་རེད་ཅེས་ཞུས་མེད། ཡིག་ཆ་འདི་ཐབས་ཆག་རྩ་བ་ནས་མ་རེད། ཡིག་ཆ་ཚད་ལྡན་རེད། ཁོ་དཔར་རྒྱག་སྟངས་དེ་མདོག་ངན་པ་ཞིག་བརྒྱབས་ཡོད་རེད། དེབ་གཟུགས་ཆུང་ཆུང་དེའི་སྒང་ལ་གཞུང་གི་ལས་རྟགས་སོགས་གང་ཡང་མེད་པ། ཚོས་གཞི་དེ་ཡང་ཐབས་སྐྱོ་མདོག་ཁ་པོ། ཤོག་བུ་དེ་ཡང་སྐྱོ་མདོག་ཁ་པོ། བཙན་བྱོལ་གཞུང་གི་བསྲི་ཚགས་ཆ་ཚང་དེ་དེབ་འདིའི་སྒང་ལ་བྱས་པ་འདྲ་པོ་ཞིག་ཡོད་པ་སོང་ཙང༌། དེབ་མདོག་ངན་པ་ཞེས་ཞུས་པ་ཡིན། བྱས་ཙང་དེབ་མདོག་ངན་པ་དང༌། དེབ་ཐབས་ཆག་གཉིས་ལ་ཁྱད་པར་ཡོད་རེད། ཁ་རིས་བཟོ་བལྟ་མདོག་ངན་པར་ཕྱིན་པ་རེད་མ་གཏོགས། ནང་ལ་བརྗོད་དོན་ཚད་ལྡན་ཞིག་ཡོད་རེད། སྐད་ཆ་ག་འདྲ་ཞིག་ལ་དགག་བྱ་དང་རྒྱབ་སྐྱོར་གང་གནང་བ་ཡིན་ནའང༌། ཚིག་དེར་ཕྲན་བུ་ཙམ་ཡང་འགྱུར་བ་འགྲོ་སྐབས་ཆབ་སྲིད་ཀྱི་ནང་ལ་ཚིག་ཆུང་ཆུང་ཞིག་གིས་ཁྱད་པར་ཆེན་པོ་ཞིག་འགྲོ་གི་ཡོད་རེད། ད་དེ་ཡན་ཆད་ངས་ཙག་ཙིག་ཞུ་དགོས་པའི་རིམ་པ་དེ་དག་ཟིན་པ་ཡིན།
ད་རེས་ཚོགས་དུས་གཉིས་པ་འདིའི་ཐོག་ལ་སྤྱི་འཐུས་རྣམ་པ་ཚང་མས་ཡག་པོ་བྱས་ཏེ་ཆ་ཤས་བླངས་པ་ལ་ངས་རྗེས་སུ་ཡི་རངས་ཞུ་གི་ཡོད། ཕྱི་ཚེས་བཅུ་དྲུག་གི་ཉིན་མོ་ང་ཚོ་ཡར་ཚོགས་དུས་སྐབས་ལའང་རྒྱལ་སྤྱིའི་ཁོར་ཡུག་སྲུང་སྐྱོབ་ཀྱི་དུས་ཆེན་ཁྱད་པར་ཅན་ཞིག་གི་ཉིན་འགོ་ཚུགས་པ་རེད། ད་རེས་ཕྱི་ཚེས་ ༢༦ གི་ཉིན་མོ་འདི་ཚོགས་འདུ་དུས་ཚོད་ངེས་མེད་བར་མཚམས་བཞག་པའི་སྐབས་འདི་ཡང་ང་རང་ཚོ་ལ་ལྟོས་པའི་ཆབ་སྲིད་ཀྱི་གནས་སྟངས་མང་པོ་ཞིག་གི་ཐོག་ནས་དགེ་མཚན་ཡོད་པའི་ཉིན་མོ་ཞིག་འཁེལ་གྱི་ཡོད། ཨོ་སེ་ཊེ་ལེ་ཡར་རྒྱ་མིས་ཇི་ཙམ་དགག་བྱ་བྱེད་མིན་ལ་མི་ལྟོས་པར་སྲིད་བློན་གྱིས་ཤུགས་ཆེན་པོའི་ཐོག་ནས་གདོན་ལེན་གནང་སྟེ་ད་རིང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཇལ་འཕྲད་ཞུ་བ་གནང་གི་ཡོད་རེད། དེ་དང་ཕྱོགས་མཚུངས་རྒྱ་གར་ཕྱི་སྲིད་བློན་ཆེན་གྱིས་རྒྱ་ནག་ཕྱི་སྲིད་བློན་ཆེན་དང་མཉམ་དུ་མདང་དགོང་ནིའུ་ཡོག་ལ་བཀའ་མོལ་གནང་བའི་སྐབས་ལ་བོད་ཀྱི་སྐོར་འཆར་ཅན་རྒྱ་གར་གཞུང་གིས་སྐྱོར་རྒྱུའི་ཁ་ཏོན་དེའི་ཚིག་ལ་འགྱུར་བ་ཞིག་ཕྱིན་འདུག རྒྱ་མིའི་འགོ་ཁྲིད་སུ་འདྲ་ཞིག་ཐུག་རུང་རྒྱ་གར་གཞུང་གིས་རྒྱུན་དུ་བོད་དེ་རྒྱ་ནག་གི་རང་སྐྱོང་ལྗོངས་ཤིག་ཡིན་པར་ངོས་ལེན་བྱེད་ཀྱི་ཡོད་ཅེས་པའི་ཚིག་དེ་སྐྱོར་དགོས་ཀྱི་ཡོད་རེད། ད་རེས་ཚིག་དེ་ལ་རྒྱ་གར་གཞུང་གིས་བོད་དང་ཐེ་ཝན་གཉིས་ཐད་རྒྱ་ནག་དུམ་བུ་གཅིག་ཡིན་པ་དེ་ཁས་ལེན་བྱེད་ཀྱི་ཡོད་ཅེས་ལབ་པ་དེ། ནམ་རྒྱུན་འཆར་ཅན་ལབ་རྒྱུའི་ཚིག་དེ་དང་མི་འདྲ་བ་ཞིག་ཆགས་པ་ཡིན་ཙང༌། ང་ཚོས་དོ་སྣང་བྱེད་དགོས་པའི་གནས་སྟངས་ཤིག་རེད་བསམ་གྱི་འདུག ཡང་ད་ནང་རྒྱ་ནག་གཞུང་གིས་འཇར་མན་གཞུང་ལ་ཁ་སང་ང་ཚོ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཚུགས་པ་ནས་བཟུང་སྟེ་ཧ་ཅང་ཁྲོས་བསྡད་པ་རེད། ད་ཁྲོས་དེ་སངས་ཏེ་འཇར་མན་གྱི་ཕྱི་འབྲེལ་བློན་ཆེན་རྒྱ་ནག་ལ་ཕེབས་རོགས་གནང༌། ད་ང་ཚོ་སྔ་མ་ནང་བཞིན་གྲོགས་པོ་བྱེད་ཀྱི་ཡིན་ཞེས་ལབ་འདུག དེ་ཡང་འཇར་མན་གཞུང་གིས་ཕར་སྤྲེལ་ལད་འཁྲབ་མ་དགོས་པར་རྒྱ་ནག་གིས་ཚུར་ལབ་པ་ཞིག་རེད། དེ་ལ་བརྟེན་ནས་རྒྱ་ནག་གཞུང་གིས་རྣམ་ཀུན་རྒྱལ་ཁབ་གཞན་ཚོར་སྡིགས་ར་དང་འཇིགས་སྣང་བསྐུལ་བསྡད་པ་དེ་ཚོར་ནུས་པ་དང་བདེན་པ་ག་ཚོད་ཡོད་པ་དེ་གསལ་པོ་ཆགས་ཀྱི་ཡོད་རེད། ང་ཚོ་འདིར་གྲོས་ཚོགས་ཚོགས་པ་དང་ཆབས་ཅིག་ཏུ་བི་ཇིང་དུ་གྲོས་ཚོགས་ཕན་ཚུན་ཆིག་སྒྲིལ་ཚོགས་པའི་ཚོགས་འདུ་ཐེངས་ ༩༦ པ་དེ་ཚོགས་པ་རེད། དེའི་ནང་སྔར་དང་མི་འདྲ་བར་ང་ཚོ་བཙན་བྱོལ་བོད་གཞུང་གི་སྐོར་ལ་བགྲོ་གླེང་ནུས་པ་ཐོན་པ་ཞིག་གནང་ཐུབ་ཙང༌། དེ་ཡང་རྒྱུ་རྐྱེན་རྟེན་འབྲེལ་མང་པོ་ཞིག་གི་ཐོག་ནས་ཡག་པོ་ཞིག་བརྩི་ཆོག་པ་ཞིག་རེད། ལྷག་པར་དུའང་ད་ལྟའི་གནས་སྐབས་འདིར་རྒྱ་གར་གྱིས་ CTBT ལ་མཚན་རྟགས་མ་བཀོད་པ་དེས་འཛམ་གླིང་གི་ནང་རྒྱ་གར་གྱི་སྲིད་བྱུས་དེ་ལ་འགྱུར་བ་ཞིག་ཕྱིན་ཡོད་རེད། སྡུག་པའི་ཕྱོགས་ནས་འགྲེལ་བཤད་རྒྱག་མཁན་ཚོས་རྒྱ་གར་གྲོགས་མེད་གཅིག་པཽར་ལུས་པ་རེད་ཟེར་རྒྱུ་ཞིག་དང༌། ལེགས་པའི་ཕྱོགས་ནས་འགྲེལ་བཤད་རྒྱག་མཁན་ཚོས་རྒྱ་གར་གྱིས་ད་རེས་སུ་གང་གི་གནོན་ཤུགས་ཀྱི་འོག་ལ་མ་ཕྱིན་པར་རང་གི་ནུས་པ་བསྟན་ཐུབ་པ་དེ་གཟི་བརྗིད་རེད་ཅེས་བཤད་སྡོད་པའི་སྐབས་ཤིག་ལ་སླེབས་ཡོད་རེད། འདི་ངའི་ངོས་ནས་གནད་འགག་ཆེན་པོ་ཞིག་ལ་རྩིས་ཀྱི་ཡོད། ང་རང་ཚོ་བོད་ཀྱི་ཆབ་སྲིད་ཀྱི་ལས་དོན་བྱེད་མཁན་ཡོངས་སུ་རྫོགས་པས་རྒྱ་གར་གྱིས་ CTBT ལ་མིང་རྟགས་མ་བཀོད་པ་དེ་གནད་འགག་ཆེན་པོ་ཞིག་ལ་བརྩིས་ཏེ་རྒྱབ་སྐྱོར་བྱ་དགོས་པ་ཞིག་རེད་བསམ་དྲན་གྱི་འདུག ྋསྐྱབས་མགོན་རིན་པོ་ཆེས་དེ་ཧ་ཅང་ཡག་པོ་རེད་ཅེས་གསར་འགོད་པ་ཚོར་བཀའ་གནང་གྲུབ་པ་ཞིག་རེད། དེ་འདྲ་སོང་ཙང་ང་རང་ཚོས་ཀྱང་ཡང་ནས་ཡང་དུ་དེ་ལ་རྒྱབ་སྐྱོར་བྱེད་དགོས་པ་ཞིག་ཆགས་ཀྱི་འདུག་བསམ་དྲན་གྱི་འདུག རྒྱ་གར་གྱིས་མིང་རྟགས་བཀོད་མ་ཐུབ་པ་དེ་རྒྱུ་མཚན་གཞན་པ་གང་ཡང་ཡོད་མ་རེད། བོད་ཀྱི་སའི་ཐོག་རྒྱ་མིའི་དབང་སྒྱུར་དང་རྡུལ་ཕྲན་གྱི་ནུས་ཤུགས་ཡོད་པ་དེ་རང་ལ་ཐུག་ཡོད་རེད། གལ་སྲིད་དེ་ལ་ཐུག་མེད་ན། རྒྱ་གར་འཛམ་གླིང་གི་ནང་ལ་གྲོགས་མེད་གཅིག་པུར་འགྲོ་རྒྱུ་དང༌། ཕྱོགས་མང་པོ་ཞིག་ནས་གནོན་ཤུགས་སྤྲོད་ཡོང་སྐབས་ནུས་པ་ཆེན་པོའི་ཐོག་ནས་གདོང་ལེན་བྱ་རྒྱུའི་མངོན་འདོད་དང་བློ་ཁོག་དེ་མི་ཡོང་བ་སྲིད་པ་ཞིག་རེད། རྒྱུ་མཚན་དེ་འདྲ་ལ་བལྟས་ཏེ་ད་རེས་མཚན་རྟགས་མ་བཀོད་པ་འདིའི་རྗེས་འབྲེལ་གྱིས་རྒྱ་གར་གྱིས་རྒྱལ་སྤྱིའི་ནང་འབྲེལ་བ་བྱེད་པའི་སྐབས་ལ་འདོད་ཀྱང་རུང༌། མི་འདོད་ཀྱང་རུང༌།རྒྱ་མིས་བོད་ནང་རྡུལ་ཕྲན་མཚོན་ཆའི་འཛུགས་སྐྲུན་དང༌། རྟེན་གཞི་བཙུགས་པའི་སྐོར་ལ་སྐད་ཆ་མ་བཤད་པ་ཐབས་མེད་པ་ཞིག་དང༌། རྒྱ་མིས་པ་ཀི་སི་ཐན་ལ་རྡུལ་ཕྲན་གྱི་ནུས་ཤུགས་འཛུགས་སྐྲུན་ཆེད་རོགས་པ་བྱེད་པའི་སྐོར་ལ་སྐད་ཆ་མ་བཤད་ཐབས་མེད་པ་ཞིག རྒྱ་མིས་བྷར་མའི་ནང་མཚོ་དམག་གི་གྲ་སྒྲིག་བྱེད་བཞིན་པ་དེ་ཚོའི་སྐོར་ལ་སྐད་ཆ་མ་བཤད་པར་ཐབས་མེད་པ་ཞིག་སླེབས་ཀྱི་ཡོད་ཙང༌། ད་ལྟའི་གནས་སྐབས་ལ་གྲོས་ཆོད་འདི་ལ་མོས་མཐུན་མ་བྱས་པའི་དབང་གིས་རྒྱ་མི་ལ་ངོ་སྲུང་བྱེད་འདོད་ཇི་ཙམ་ཞིག་ཡོད་ནའང་དངོས་ཡོད་ཀྱི་གནས་ཚུལ་དེ་དག་ཁས་མ་ལེན་ཐབས་མེད་དང་སྐད་ཆ་མ་བཤད་ཐབས་མེད་པ་ཞིག་གི་གནས་ཚུལ་ལ་སླེབས་ཡོད་སྟབས། གོ་སྐབས་འདི་ང་ཚོས་མ་བརླགས་པར་བྱས་ཏེ། འདིའི་ཐོག་རྒྱ་གར་གཞུང་གི་སྤྱི་ཡོངས་སྲིད་བྱུས་འཛིན་སྟངས་དེ་ལ་འགྱུར་བ་འགྲོ་རྒྱུའི་ཆེད་དུ་ད་རེས་ཀྱི་གོ་སྐབས་འདི་བེད་སྤྱོད་གཏོང་ཤེས་པ་ཞིག་དང༌། གཏོང་ཐུབ་པ་ཞིག་གནང་རྒྱུ་གལ་ཆེན་པོ་མཐོང་གི་ཡོད། བཙན་བྱོལ་གཞུང་གི་མིང་ཞིག་ཁྱེར་ནས་ཕྱོགས་ཚང་མར་བཙན་བྱོལ་གཞུང་ངོས་ལེན་བྱ་དགོས་ཞེས་ང་ཚོའི་གནས་ཚང་རྒྱ་གར་ཚུན་ཆད་ལ་ཡང་ཡང་ལབ་སྡོད་ཀྱི་ཡོད་རེད། ལབ་པ་ནང་བཞིན་ང་ཚོས་ཀྱང་རྒྱལ་སྤྱིའི་ནང་ལ་སྲིད་གཞུང་འགྱུར་འགྲོས་ཀྱི་ཐོག་ལ་མིས་ཆ་བཞག་མིན་དང་དོན་དངོས་པོ་ལ་ཕན་གནོད་འདྲེས་མིན་ལ་མ་ལྟོས་པར། ང་རང་ཚོའི་ངོས་ནས་རྒྱལ་ཁབ་ཅིག་དང་སྲིད་གཞུང་ཞིག་ཡོད་པའི་རྣམ་པ་བསྟན་ནས་ཆ་ཤས་བླང་དགོས་པ་དེ་གལ་ཆེན་པོ་རེད། རྒྱལ་ཁབ་ག་འདྲ་ཞིག་ཏུ་ལེགས་ཉེས་ག་འདྲ་ཞིག་བྱུང་ཡང༌།དེའི་ཐོག་ང་ཚོའི་ལྟ་སྟངས་ཤིག་དང་ལངས་ཕྱོགས་ཤིག་གསལ་པོ་བཟོ་དགོས་པ་ཞིག་དང༌། ཡིག་ཆའི་ནང་གཞག་དགོས་པ་ཞིག མི་ལ་གོ་བར་བྱ་དགོས་པ་ཞིག་གལ་ཆེན་པོ་རེད་བསམ་གྱི་འདུག དེ་ཚོའི་ནང་ནས་ད་རེས་ CTBT དང་འབྲེལ་བའི་རྒྱལ་སྤྱིའི་གནས་སྟངས་འདིའི་ཐོག་ང་རང་ཚོས་ཕན་གནོད་འདྲེས་མིན་ལ་མ་ལྟོས་པར་ལངས་ཕྱོགས་ཤིག་བཟུང་ནས་རྒྱལ་སྤྱིའི་ནང་གོ་སྐབས་བླང་དགོས་པ་དེ་གལ་ཆེན་པོ་ཡིན། དེ་ནི་སྲིད་དོན་གྱི་ཐབས་བྱུས་སམ་གཡོ་སྒྱུ་ཞིག་མ་རེད། དངོས་ཡོད་བདེན་དོན་ཞིག་ལ་ཐུག་པ་སོང་ཙང༌། དེ་འདྲའི་བདེན་དོན་གྱི་གནས་སྟངས་དེ་ང་ཚོས་གསལ་པོ་བཟོ་དགོས་པ་ཤིན་ཏུ་ནས་གལ་ཆེན་པོ་རེད།
གནས་ཚུལ་གཞན་པ་ཞིག་ལ། བཀའ་ཤག་གི་མདུན་ལ་ཡིན་ནའང་རེད། གྲོས་ཚོགས་ཀྱི་མདུན་ལ་ཡིན་ནའང་རེད། ཚོགས་གཙོས་ནམ་རྒྱུན་ལས་འགན་ཆེ་ཤོས་དེ་ག་རེ་འཁྱེར་གྱི་ཡོད་དམ་ཞེ་ན། ང་ཚོ་མ་འགྲིགས་པ་དང་མ་འཐུས་པ་དེ་དག་གྲངས་ཀ་གཙོ་བོ་རྒྱག་རྒྱུའི་འགན་དེ་འཁྱེར་གྱི་ཡོད་རེད། དེས་ན་སྐབས་རེས་འགའ་ཤས་ཀྱིས་ང་རང་ཚོ་ལ་སྐྱོན་ཤ་སྟག་ཅིག་མ་གཏོགས་ལེགས་པའི་ཕྱོགས་རྩ་བ་ནས་མེད་པ་འདྲ་པོ་ཞིག་དགོངས་ཀྱི་མེད་དམ་སྙམ། ལེགས་པའི་ཕྱོགས་དེ་དག་ལེགས་པའི་ཕྱོགས་རང་རེད། དེ་ང་རང་ཚོས་རང་གིས་རང་བསྐྱགས། རྣ་བས་རལ་པ་བསྐྱགས་ཞེས་པ་ལྟར། སོ་སོས་སོ་སོ་ལ་བསྟོད་ར་གཏང་དགོས་དོན་ཡོད་མ་རེད། ཡག་པོ་བྱུང་བ་དེ་དག་ཡག་པོ་བྱུང་བ་རེད། ཕྱི་ནས་མིས་རིན་ཐང་བརྒྱབ་ཡོང་གི་རེད། དེ་ཡིན་དུས་ང་རང་ཚོ་གཅིག་གིས་གཅིག་ལ་བསྟོད་ར་བཏང་ནས་སྡོད་ན་དེ་བྱབ་ཆུང་ཆུང་ཞིག་རེད། དེས་ན་རྣམ་ཀུན་སྐྱོན་ཤ་སྟག་བཤད་སྡོད་པ་དེས་ཁྱེད་རང་ཚོའི་དགོངས་ཚུལ་ལ་ངས་བཙན་བྱོལ་བོད་མིའི་སྤྱི་ཚོགས་དང༌། བཙན་བྱོལ་བོད་གཞུང་དང་གྲོས་ཚོགས་ཀྱི་ནང་ལེགས་པའི་ཆ་ཤས་གཅིག་ཀྱང་མཐོང་གི་མེད་པར་དགོངས་རྒྱུ་ཡོད་མ་རེད་ཅེས་ཞུ་དགོས་བསམ་བྱུང༌། གང་ལགས་ཤེ་ན། ཁ་སང་མི་འགའ་ཤས་ཀྱི་བཀའ་མོལ་གསུང་འགྲོས་ཤིག་ནས་ངས་དེ་གསལ་པོ་ཞིག་བཟོ་དགོས་པའི་གནད་འགག་ཅིག་མཐོང་སོང༌། ཁྱེད་ཚོ་ལ་དངོས་ཡོད་ཀྱི་རིན་ཐང་རྒྱག་སྟངས་ཇི་འདྲ་ཡིན་མིན་ངས་ཕྱི་ལོགས་སུ་བཤད་པའི་སྐད་ཆ་དེ་ཚོ་ལས་མང་བ་གཟིགས་དགོས་པ་ཞིག་རེད། ང་འདིར་ཁྱེད་རང་ཚོ་ལ་བསྟོད་ར་གཏོང་མཁན་ཞིག་ལ་བདམས་ཡོད་མ་རེད། སྐྱོན་ཞིག་མཐོང་སྐབས་དེ་ངེས་པར་དུ་བསྟན་དགོས་པ་དང༌། མ་འོངས་པར་སྐྱོན་དེ་སེལ་རྒྱུའི་ཐབས་ཤེས་བྱ་དགོས་པ་དེ་གལ་ཆེན་པོ་ཡིན་ཙང༌། དེ་ངའི་ལས་འགན་ཞིག་ཆགས་ཀྱི་ཡོད་རེད། སྐབས་ ༡༢ པའི་སྤྱི་འཐུས་དང༌། སྐབས་ ༡༢ པའི་སྤྱི་འཐུས་ཀྱི་ཚོགས་དུས་དང་པོའི་སྐབས་ལ་འོས་འདེམས་བྱུང་བའི་བཀའ་ཤག་གཉིས་པོ་དེ་ལས་དུས་གཅིག་པ་བྱས་ཏེ་ད་ལོ་ལྔའི་རིང་ལ་མཉམ་དུ་ཕྱག་ལས་གནང་དགོས་པ་ཞིག་རེད། དེ་འདྲ་སོང་ཙང་བཀའ་ཤག་གི་ངོས་ནས་གྲོས་ཚོགས་ལ་འགན་འཁུར་དགོས་རྒྱུ་དང༌། དྲི་བར་ལན་འདེབས་བྱ་རྒྱུས་མཚོན་པའི་ལས་དོན་དེ་དག་ལ་ཧ་ཅང་གི་གལ་ཆེན་པོ་བརྩི་དགོས་པ་ཞིག་དང༌། ཚོགས་དུས་རེ་རེ་བཞིན་ནས་ཡར་རྒྱས་གཏང་རྒྱུའི་འབད་རྩོལ་གནང་རྒྱུ་ནི་ཧ་ཅང་གི་གལ་ཆེར་རྩིས་ཀྱི་ཡོད། དུས་ཚོད་མི་འགོར་བའི་ཆེད་དུ་ངས་མདོར་བསྡུས་ཏེ་ཞུས་ན། དོན་གནད་གཉིས་ཤིག་རྩ་བ་ནས་ལ་དག་རྒྱུ་ཡོད་པ་མ་རེད། དོན་གནད་དང་པོ་རྒྱུན་ལས་ཡིན་ནའང་རེད། གྲོས་ཚོགས་ཡིན་ནའང་རེད། བཀའ་ཤག་གིས་དེར་གདོང་ལེན་བྱེད་མི་དགོས་པ་གཙོ་བོར་འཛིན་ཏེ། ཕར་གཡོལ་ནས་ཁ་ཐུག་ལ་གདོང་ཐུག་མ་བརྒྱབ་ན་ལེགས་པ་འདུག་དགོངས་ཏེ། བཀའ་སྤྱི་ལྷན་ཚོགས་ཡིན་ནའང་ཚོགས་མི་དགོས་པ་གཙོ་འདོན། གྲོས་ཚོགས་ཀྱི་ནང་ལའང་གདོང་ལེན་བྱེད་མི་དགོས་པ་གཙོ་འདོན་བྱས་ནས་ལ་དག་གི་མ་རེད། མང་གཙོའི་ནང་ལ་དེ་འདྲ་བྱེད་མཁན་ཇི་སྙེད་ཅིག་བྱུང་བ་རེད། དཔེར་ན་ད་ལྟའི་རྒྱ་གར་གྱི་གྲོས་ཚོགས་ཀྱི་སྒྲིག་གཞིའི་ནང་གྲོས་ཚོགས་ཉུང་དུ་བཏང༌། ཚོགས་ཆུང་མང་དུ་བཏང་བ་དེ་གཞུང་གི་སྲིད་བྱུས་རེད་ཟེར་གྱི་ཡོད་རེད། ཚོགས་ཆུང་དེ་མང་དུ་མང་དུ་བཏང་ནས་གྲོས་ཚོགས་ཀྱི་དུས་ཚོད་ཉུང་དུ་འགྲོ་སྐབས། འཛིན་སྐྱོང་གིས་གྲོས་ཚོགས་ལ་གདོང་ལེན་བྱེད་མི་དགོས་པ་ཆགས་ཀྱི་ཡོད་རེད། ཚོགས་ཆུང་ནང་ལ་དྲི་བ་དྲིས་ལན་བྱེད་དགོས་ཀྱི་ཡོད་མ་རེད། འཛིན་སྐྱོང་འགྲོ་དགོས་ཀྱི་ཡོད་མ་རེད། ཚོགས་འཐུས་ཁོ་རང་ཚོ་བཤད་སྡོད་རྒྱུ་རེད་མ་གཏོགས། དྲི་བ་དྲིས་ལན་བྱེད་ས་ཡོད་མ་རེད། གྲོས་ཚོགས་ལས་གཡོལ་རྒྱུའི་ཐབས་ཤེས་གནང་ནས་འཛིན་སྐྱོང་ལ་ཕན་ཐོགས་རྒྱུ་ཡོད་མ་རེད། དོན་གནད་གཉིས་པ་གཡོལ་བ་ཡིན་ནའང་གྲོས་ཚོགས་སླུ་བྲིད་བྱས་ནས་མགོ་སྐོར་བཏང་ཞེས་ལབ་ན་ཚིག་ཅུང་ཟད་སྡུག་དྲགས་ཀྱི་འདུག ད་ལྟ་འདི་འདྲ་ཞིག་ལབ་བཞག་ན་རྗེས་སུ་གྲོས་ཚོགས་གྲོལ་རྗེས་ལྟ་གིན་ལྟ་གིན་བྱེད་ཆོག་གི་རེད། ད་ལྟའི་ཚོགས་ཐེངས་གཉིས་པ་འདི་ཚར་ན་ཚོགས་ཐེངས་གསུམ་པ་དེ་ཡང་དེ་བཞིན་འབུད་ཐབས་བྱ་བསམ་པ་ཞིག་གིས་ག་རེ་ཡིན་རུང་མཐར་བསྐྱལ་མི་དགོས་པར་སྤམས་པོ་ཞིག་གི་ལམ་ནས་གྲོས་ཚོགས་ནས་ཐར་ཐབས་བྱེད་ནའང་ཕན་ཐོགས་རྒྱུ་ཡོད་མ་རེད། གནས་སྟངས་ཇི་འདྲ་ཞིག་ཡིན་རུང་གྲོས་ཚོགས་ཀྱི་ནང་ངེས་པར་དོ་སྣང་བླངས་ཏེ་ཉིན་མ་གང་ཁྱོལ་དང༌། འཕྲལ་སེལ་རིང་ལུགས་ཀྱི་གོམས་གཤིས་ནང་མ་ཞུགས་པར་གྲོས་ཚོགས་ཀྱི་ནང་གླེང་སློང་བྱུང་བ་དེ་དག་སྐྲའི་ལྤགས་པ་བཤུ་དགོས་བྱུང་ཡང་བཤུས་ཏེ། ཞིབ་ཚགས་པོ་ཞིག་བྱས་ཏེ་མཐའ་ལ་སླེབས་པ་ཞིག་བྱེད་དགོས། དེ་འདྲ་བྱེད་ན་འཛིན་སྐྱོང་ལའང་ཐུགས་ཕན་གསོས་ཀྱི་རེད། གྲོས་ཚོགས་ལའང་ཐུགས་ཕན་གསོས་ཀྱི་རེད། ང་ཚོའི་མང་གཙོའི་འཕེལ་རིམ་དེ་ལའང་ཐུགས་ཕན་གསོས་ཀྱི་རེད།
གྲོས་ཚོགས་ཚོགས་དུས་རྗེས་མ་ནས་གྲོས་ཚོགས་ཀྱི་ལས་རིམ་དང་ཡིག་ཆ་དེ་དག་ལ་ཕྲན་བུའི་ཡར་རྒྱས་གཏང་རྒྱུའི་འབད་རྩོལ་བྱ་རྒྱུར་ཐག་གཅོད་བྱེད་ཀྱི་ཡོད། དེ་ལ་འཛིན་སྐྱོང་དང༌། ལྷག་པར་སྤྱི་འཐུས་རྣམ་པ་ཚོས་མཐུན་འགྱུར་མ་གནང་བ་ཡིན་ན། བྱེད་མི་ཐུབ་པ་ཞིག་རེད། དེ་འདྲའི་རྒྱུ་མཚན་གྱིས་གྲོས་ཚོགས་ཀྱི་འཐུས་མི་རྣམ་པ་ཚོས་མ་འོངས་པར་ཡིག་ཆ་དེ་དག་ཚད་ལྡན་ཡོང་ཆེད་དུས་ཐོག་ལ་ཡིག་ཆ་གནང་ཐུབ་པ་དང༌། ཡིག་ཆ་དེ་དག་ཚད་ལྡན་བཟོ་ཐུབ་པ་བཅས་ཀྱི་ཐོག་ལ་ང་ཚོའི་ངོས་ནས་ཀྱང་འབད་བརྩོན་ཞུ་གི་ཡིན་ལ། ཚོགས་མི་ཁྱེད་རྣམ་པས་ངེས་པར་དུ་མཐུན་འགྱུར་གནང་རོགས་གནང་ཞེས་ ངས་དམིགས་སུ་བཀར་ཏེ་ད་རིང་ཞུ་དགོས་བསམ་བྱུང༌། དེ་མ་ཞུས་པ་ཡིན་ན་སྔོན་མ་དེ་འདྲ་འགྲོ་གི་ཡོད་རེད་ཅེས་རྗེས་མ་ཚོགས་དུས་གསུམ་པ་ལའང་གཤིས་ཀ་དེ་རང་བསྣམ་ཕེབས་ན། སྤྱི་འཐུས་སྐབས་བཅུ་གཉིས་པའི་ལས་རྒྱུན་དེའི་རིང་ལ་ཡར་རྒྱས་འགྲོ་གི་མ་རེད། སྔོན་མའི་མཐུན་དཔེ་དེ་བཟུང་ནས་དེ་རང་བསྐྱར་ལྡབ་བྱས་ཏེ། དོ་དམ་དུ་གཏང་རྒྱུ་དང་ལེགས་སུ་གཏང་རྒྱུའི་འབད་བརྩོན་མ་བྱས་པ་ཡིན་ན་ཡར་རྒྱས་འགྲོ་གི་མ་རེད། ཡང་དོན་གནད་གཞན་ཞིག་ལ། ང་ཚོས་སྐྱོན་དང་ཡོན་ཏན་མང་པོ་ཞིག་བཤད་ཀྱི་ཡོད་རེད། ཚང་མ་ལ་དགོངས་འཆར་གནང་གི་ཡོད་རེད། མཐུན་འབྲེལ་ཡིན་ནའང་རེད། ལྷག་བསམ་ཡིན་ནའང་རེད། མི་གཞན་པ་བཟོ་བཅོས་གཏང་རྒྱུ་དེ་དཀའ་ཚེགས་ཆེན་པོ་རེད། དགོངས་འཆར་ཡག་པོ་ག་འདྲ་ཞིག་ཡོད་རུང༌། ཐོག་མར་སོ་སོས་ཉམས་ལེན་གནང་ནས་སོ་སོ་ཡར་རྒྱས་གཏང་རྒྱུ་དེ་གལ་ཆེན་པོ་རེད། སོ་སོ་ཡར་རྒྱས་ཕྱིན་རྗེས་དགོངས་འཆར་དེ་འདྲ་གནང་ན་མི་གཞན་དག་ལ་ཐུགས་ཕན་གསོས་ཆེ་བ་ཡོང་མདོག་ཁ་པོ་རེད་བསམ་དྲན་གྱི་འདུག དེ་འདྲ་ཡིན་ཙང་འབྱུང་འགྱུར་སྤྱི་འཐུས་རྣམ་པ་ཚོས་གནས་ཚུལ་ཇི་འདྲ་ཞིག་ཕྱི་ལ་ཕར་གཟིགས་སྐབས་སྐྱོན་དུ་གཟིགས་པ་ཞིག་ཡིན་ན། ཐོག་མ་སོ་སོའི་ངོས་ནས་སྤང་དགོས་པ་ཞིག་དང༌། ཡག་པོ་འདུག་དགོངས་པ་ཞིག་ཡིན་ན་ཐོག་མ་སོ་སོའི་ངོས་ནས་ཉམས་སུ་བླང་དགོས་པ་ཞིག་རེད། དེ་འདྲ་བྱས་ན་མི་གཅིག་ཡར་རྒྱས་འགྲོ་གི་རེད། མི་གཅིག་ཡར་རྒྱས་འགྲོ་ན་མི་གཞན་ཡང་ཡར་རྒྱས་གཏང་ཐུབ་ཀྱི་རེད་བསམ་གྱི་འདུག
ད་རིང་གྲོས་ཚོགས་ཀྱི་ཚོགས་དུས་གཉིས་པ་འདི་ཉི་མ་དགུ་དང༌། ཚོགས་ཐེངས་བཅུ་དྲུག ཚོུད་བཞི་བཅུ་ཞེ་ལྔ་ཙམ་ཞིག་ཚོགས་འདུག ཉིན་རེའི་གྲངས་ཀ་མ་བརྒྱབ་པར་སྤྱི་ཡོངས་ཀྱི་ཆ་ནས་ཚོགས་མིའི་གྲངས་ཀ་ཡས་སོ་མས་འགེལ་གྱིས་སྤྱི་འཐུས་སུམ་ཅུ་སོ་དགུ། བཀའ་བློན་རྣམ་པ་བདུན། ཚོགས་དྲུང་གཉིས། གསར་འགོད་པ་གསུམ། སྒྲ་འཛིན་འཁོར་ལོའི་ལས་ཀ་བྱེད་མཁན་གཅིག་བཅས་གཞུང་འབྲེལ་གྱི་ཐོག་ནས་ཚོགས་ཁང་འདིའི་ནང་ཆ་ཤས་བླངས་ནས་ལས་ཀ་བྱེད་མཁན་མི་གྲངས་ལྔ་བཅུ་ང་གཉིས་འདུག མི་གྲངས་ལྔ་བཅུ་ང་གཉིས་ལ་ཚོུད་བཞི་བཅུ་ཞེ་བཞིའམ་ཞེ་ལྔ་དེ་དག་གིས་བསྒྱུར་སྐབས་ཚོུད་ཉིས་སྟོང་ཉིས་བརྒྱ་བརྒྱད་ཅུ་གྱ་བརྒྱད་ཙམ་ཞིག་ཕྱག་ལས་གནང་འདུག ཚོུད་ ༢༢༨༨ དེ་ཉི་མ་རེ་ལ་ཚོུད་བདུན་རེ་ལས་ཀ་བྱེད་ཀྱི་ཡོད་པའི་དབང་དུ་བཏང་ནས་མི་གཅིག་གི་ལས་ཉིན་ལ་བགོས་ན། ལས་ཉིན་ ༣༢༦ ཐོབ་ཀྱི་འདུག བྱས་ཙང་ད་རེས་ང་ཚོས་མི་གཅིག་གིས་ཉི་མ་ ༣༢༦ ལས་ཀ་བྱས་པའི་ཚོུད་ཙམ་ཞིག་ཉི་མ་དགུ་པོ་དེའི་རིང་ལ་གནང་ཡོད་རེད། ༣༢༦ དེ་ཕལ་ཆེར་ལོ་གཅིག་གི་ནང་ལས་བྱེད་སུ་འདྲ་ཞིག་ཡིན་རུང༌། ལས་ཉིན་དེ་ཙམ་ལོང་གི་མ་རེད། བྱས་ཙང་ལས་བྱེད་པ་གཅིག་གི་ལོ་གཅིག་ལས་ཡུན་ལས་ལྷག་པ་ཞིག་ད་རེས་ང་ཚོས་གྲོས་ཚོགས་ཀྱི་ནང་ལ་ཕྱག་ལས་གནང་ཡོད་རེད། དྲི་བ་ ༢༤ བྱུང་འདུག དྲི་བ་གཅིག་ཕྱིར་འཐེན་བྱས་ཏེ་དྲི་བ་ ༢༣ གྲོས་ཚོགས་ཀྱི་ནང་ལ་བཀོད་འདུག དྲི་བ་ ༢༣ དེ་དག་ཡོངས་རྫོགས་སྐར་རྟགས་ཅན་གྱི་དྲི་བ་རེད། སྐར་རྟགས་མེད་པའི་དྲི་བ་གཅིག་ཀྱང་མི་འདུག སྤྱི་འཐུས་རྣམ་པ་ཚོས་དྲི་བའི་ལན་ལས་གལ་གནད་ཆེ་ཙམ་ཞིག་སྐར་རྟགས་རྒྱག་རྒྱུ་དེ་ལ་རྩིས་པའི་བཟོ་འདྲ་ཞིག་མཐོང་སོང༌། དྲི་བ་ ༢༣ གྱི་ཐོག་ལ་འཕྲོས་དོན་དྲི་བ་ ༦༣ བྱུང་སོང༌། དེས་ན་སྤྱི་ཡོངས་ཀྱི་ཆ་ནས་དྲི་བ་རེ་ལ་ཧ་ལམ་འཕྲོས་དོན་དྲི་བ་གསུམ་ཙམ་ཐོབ་ཀྱི་འདུག ཐུགས་སྣང་གཞེན་སྐུལ་གྱི་གྲོས་འཆར་བཅུ་གཉིས་བཏོན་འདུག འདས་པའི་ཚོགས་དུས་ཚང་མའི་ནང་ནས་ཐུགས་སྣང་གཞེན་སྐུལ་གྱི་གྲངས་ཚད་ད་རེས་མཐོ་ཤོས་ཡིན་གྱི་རེད་བསམ་གྱི་འདུག སྤྱི་འཐུས་སྒེར་གྱི་གྲོས་འཆར་ཡང་ད་རེས་ཚོགས་དུས་འདིའི་ཐོག་མང་ཤོས་བྱུང་འདུག སྤྱི་འཐུས་སྒེར་གྱི་གྲོས་འཆར་ ༡༦ བཏོན་འདུག དེའི་ནང་ནས་ཕྱིར་འཐེན་གནང་བ་གཅིག་དང༌། བར་ལྡིང་ལ་ལུས་པ་གཉིས། གྲོས་འཆར་ཐོན་པ་ ༡༢ མ་ཐོན་པ་ ༡ བཅས་བྱུང་འདུག གཞུང་འབྲེལ་གྱི་གྲོས་འཆར་གཉིས་བཏོན་པ་གཉིས་ཀ་ཐོན་འདུག གཞུང་འབྲེལ་གྱི་ཁྲིམས་འཆར་ལྔ་བཏོན་འདུག དེ་ནས་ཐོན་པ་བཞི་དང་མ་ཐོན་པ་གཅིག་བྱུང་སོང༌། དེ་དག་ལ་བཟོ་བཅོས་གྲོས་འཆར་བཞི་བཏོན་པ་ནས་གཅིག་ཐོན་འདུག བཅའ་ཁྲིམས་བསྐྱར་བཅོས་དགུ་པ་གཞུང་འབྲེལ་གྱིས་བཏོན་པ་དེ་ཐོན་སོང༌། གཞུང་འབྲེལ་གསལ་བཤད་གསུམ་དང༌། ཡིག་ཆ་གསོལ་ཅོག་ཐོག་འབུལ་རྒྱུ་གཉིས་བཅས་བྱུང་སོང༌། གསུང་བཤད་གནང་མཁན་བརྒྱ་དང་སུམ་ཅུ་སོ་གསུམ་བྱུང་སོང༌། ཚོགས་གཙོས་ད་ལྟ་མཇུག་བསྡོམས་ཀྱི་གཏམ་བཤད་འདི་བརྩིས་ཏེ་སྐད་ཆ་ལན་བདུན་བཤད་འདུག དྲི་བ་དྲིས་ལན་བརྩིས་ཏེ་ཡིག་ཆ་ཁག་ ༧༣ ལ་ཤོག་གྲངས་བསྡོམས་ ༡༣༦ ཡོད་པ་བཀྲམས་འདུག ཤོག་གྲངས་ ༡༣༦ མི་ ༥༢ གྱིས་བསྒྱུར་བས་ཤོག་གྲངས་ ༧༠༧༢ ཙམ་བེད་སྤྱོད་བྱས་འདུག དེ་དག་ཚོགས་དུས་འདིའི་ལས་རིམ་ཇི་བྱུང་གི་བསྐྱར་ཞིབ་ཙམ་ཡིན། མཐའ་དོན་ཚང་མར་ཐུགས་རྗེ་ཆེ་ཞུ་དང་བཅས། སྤྱི་འཐུས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཚོགས་དུས་གཉིས་པ་དུས་ཚོད་ངེས་མེད་རིང་བར་མཚམས་གཞག་རྒྱུ་ཡིན། ཞེས་གསུངས།

བོད་མི་མང་སྤྱི་འཐུས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཚོགས་དུས་གཉིས་པ། ༡༩༩༦/༠༩/༡༦ ་་་ ༡༩༩༦/༠༩/༢༦