སྐབས་བཅུ་གཅིག་པའི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་དབུ་འཛུགས་གསུང་བཤད།

སྐབས་བཅིུག་པའི་སྤྱི་འཐུས་ལྷན་ཚོགས་ཀྱི་འདས་པའི་ཚོགས་དུས་རིམ་པ་བདུན་གྱི་ནང་ལ་ཚོགས་འདུའི་དབུ་འཛུགས་དང་མཇུག་བསྡོམས། དེ་བཞིན་བར་དུ་གོ་སྐབས་མང་པོ་བླངས་ནས་ཚོགས་གཙོའི་ངོས་ནས་གྲོས་ཚོགས་ཀྱི་རིང་ལུགས་དང་ལྟ་བའི་རྣམ་གཞག སྤྱིར་བཏང་མང་གཙོའི་ལྟ་གྲུབ་དང་འབྲེལ་བའི་གནས་ཚུལ། ཁྲིམས་བཟོ་དང་འཛིན་སྐྱོང་ཁྲིམས་གཅོད་པ་བཅས་ཀྱི་ལས་དོན་བྱེད་ཕྱོགས། སྐབས་བབ་ཁྲིམས་བཟོའི་ལས་དོན་དང་གྲོས་ཚོགས་ཀྱི་ལས་རིམ་ཐོག་ལ་བཏང་འཛིན་བྱེད་སྟངས་སོགས་ཀྱིས་མཚོན་པའི་གནས་ཚུལ་མི་ཉུང་བ་ཞིག་རིམ་པས་སྙན་སྒྲོན་ཞུ་རྒྱུ་བྱུང༌། ཡིན་ནའང་ཉམས་མྱོང་ཡོང་རྒྱུ་ལ། ང་རང་ངོས་ནས་བསམ་བློ་བཏང་བ་ཡིན་ན་ྋསྐྱབས་མགོན་རིན་པོ་ཆེས་སྐབས་བཅུ་པའི་སྤྱི་འཐུས་ཕྱིར་བསྡུ་གནང་ནས་སྐབས་བཅིུག་པའི་སྤྱི་འཐུས་རྒྱ་བསྐྱེད་དང༌། བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་གནང་བ་ནས་བཟུང་སྟེ། བཙན་བྱོལ་བོད་མི་མང་ཚོགས་དེ་མང་གཙོའི་རིང་ལུགས་ཀྱི་ལམ་དུ་མགྱོགས་པོ་དང་ཡག་པོ་འགྲོ་ཐུབ་པ་ཞིག་དང༌། དེ་འདྲའི་མང་གཙོའི་ལམ་ལུགས་ལག་ལེན་བསྟར་བ་དེ་ང་ཚོའི་ཕུགས་ཀྱི་དམིགས་ཡུལ་བོད་རང་དབང་བསྐྱར་གསོ་ཡོང་རྒྱུ་དང༌། བོད་རང་དབང་བསྐྱར་གསོ་བྱུང་བའི་རྗེས་ལ་བོད་ཀྱི་ནང་བོད་མིའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་མཐུན་པའི་རྒྱལ་ཁབ་གསར་པ་ཞིག་འཛུགས་སྐྲུན་བྱ་རྒྱུའི་ཆེད་དུ་ང་ཚོ་བཙན་བྱོལ་གྱི་སྐབས་སུ་སློབ་སྦྱོང་དང་ཉམས་མྱོང་བསགས་པའི་མང་གཙོའི་ལྟ་བས་མཚོན་པའི་ཆབ་སྲིད་དང༌། སྤྱི་ཚོགས། དཔལ་འབྱོར་གྱི་ལྟ་གྲུབ་ཀྱི་རྣམ་གཞག་གི་ཆ་ནས་མ་འོངས་པར་བོད་ལ་ཕན་ཐོགས་ཡོང་རྒྱུ་ཞིག་གི་དམིགས་ཡུལ་དུ་དགོངས་བཞེས་གནང་བ་རེད། དགོངས་གཞི་དེ་དང་བསྟུན་ནས་བོད་མིའི་སྤྱི་ཚོགས་ཀྱི་ནང་མང་གཙོའི་གོ་རྟོགས་དང་ལྟ་གྲུབ་ཡར་རྒྱས་འགྲོ་རྒྱུར་ཕན་པའི་རེ་བས་ང་རང་གི་ནུས་པས་གང་འདེང་བ་དང༌། ཕུང་ལྔར་གང་ཤར་ཐོག་ནས་གནས་ཚུལ་མང་པོ་ཞིག་གི་ཐོག་བཀའ་མོལ་ཞུ་རྒྱུའི་གོ་སྐབས་བླངས་པ་དེ་འདྲ་རེད། ཡིན་ནའང་བཤད་པ་དེ་དག་ཆ་ཚང་ཆུའི་ནང་རྡོ་གཡུགས་པའི་བཟོ་འདྲ་ཞིག་མ་གཏོགས།སྤྱི་ཚོགས་ནང་མང་གཙོའི་ལྟ་གྲུབ་སྤེལ་ཐུབ་པའི་ཡིད་འགུལ་ཐེབས་པ་ཞིག་དང༌། གྲོས་ཚོགས་ནང་ཡོད་པའི་འཐུས་མི་རྣམ་པ་ཚོ་དང༌། གྲོས་ཚོགས་ཀྱི་འཐུས་མི་ཚོའི་བརྒྱུད་ནས་གཞི་རིམ་མང་ཚོགས་ནང་མིའི་བསམ་བློ་འགུལ་བསྐྱོད་གཏོང་ཐུབ་པ་དང༌། སེམས་འགུལ་ཐེབས་ཐུབ་པ། དེ་ལ་བརྟེན་ནས་རྒྱ་ཁྱབ་རྒྱལ་ཡོངས་ལ་ཆབ་སྲིད་ཀྱི་གནས་སྟངས་ཐོག་བགྲོ་གླེང་དང༌། རྩོད་པ། བསམ་བློའི་འགྲན་བསྡུར་ལ་སོགས་པ་ཡོང་རྒྱུའི་ཆེད་དུ་ཕན་ཐོགས་གང་ཡང་བྱུང་མ་སོང་བསམ་པའི་ཚོར་སྣང་དེ་འདྲ་བྱུང༌། ཁྲིམས་བཟོ་དང་འཛིན་སྐྱོང་གང་གི་ནང་དུའང་ལས་ཀྱི་སྣེ་ལ་ཡོད་པ་ཚང་མས་ལྟ་བ་དང་གྲུབ་མཐའི་རྣམ་གཞག་མི་དགོས་པ་གཙོ་འདོན་ཞིག་གི་ཐོག་ནས་འཕྲལ་རྐང་སྟབས་གང་བདེ་ཞིག་གནང་རྒྱུ་དེ་ཐུགས་འདོད་ཆེ་བ་དང༌། དེ་ཙམ་འགྲིགས་པ་ཡིན་ན་དེ་ལས་སྤྲོས་ཏེ་དགོངས་པ་བཞེས་དགོས་པའི་རྒྱུ་མཚན་མེད་པ་ལྟ་བུའི་དགོངས་ཚུལ་མེད་དམ་སྙམ་པའི་ཚོར་བ་བྱུང་སོང༌། བྱས་ཙང་ཡང་ཡང་གནས་ཚུལ་མང་པོ་ཞིག་གི་ཐོག་ལ་བསམ་ཚུལ་འགྲེལ་བཤད་རྒྱག་གིན་བསྡད་པ་ཡིན་ན་ཐུགས་ཕན་གསོས་པ་ཡོང་གི་ཨེ་ཡོད་སྙམ། ཁྱེད་རང་གིས་ལབ་པ་དེ་འགྲིག་གི་མི་འདུག མི་འགྲིག་པའི་རྒྱུ་མཚན་དེ་འདྲ་རེད་ཅེས་ལྟ་བའི་རྣམ་གཞག་ཐོག་ལ་དགག་པ་རྒྱག་མཁན་ཧ་ཅང་དཀོན་པོ་རེད། ཁྱེད་རང་གིས་ལབ་པ་དེ་མ་གཞི་དེ་འདྲ་རེད་དེ། ཡིན་ནའང་དེའི་ཐོག་ལ་ད་དུང་ལྷན་ཐབས་དང་སྣོན་པ་དེ་འདྲ་ཞིག་རྒྱག་དགོས་ཀྱི་འདུག་ཅེས་དེ་འདྲའི་རོགས་རམ་གནང་མཁན་ཡང་ཧ་ཅང་དཀོན་པོ་རེད། ཡང་མིན་ན་ཁྱེད་རང་གིས་ལབ་པ་དེ་དངོས་གནས་རང་རེད་འདུག དེ་འདྲ་སོང་ཙང་ང་ཚོ་དེར་མོས་མཐུན་ཡོད་ཅེས་དེའི་ཐོག་ལ་ང་ཚོའི་ལྟ་གྲུབ་ཀྱི་རྣམ་གཞག་ཡར་རྒྱས་གཏོང་རྒྱུའི་འབད་པ་གནང་མཁན་ཡང་མེད་པའི་བཟོ་འདྲ་པོ་ཞིག་རེད། གང་ལྟར་རྒྱབ་སྐྱོར་དང༌། བཏང་སྙོམས། འགལ་ཟླ་གང་ཡང་མེད་པ་གོང་ཞུས་ལྟར་ཆུའི་ནང་རྡོ་གཡུགས་པ་བཞིན་ཚུར་ལན་རྩ་བ་ནས་མེད་པ་ཞིག་གི་གནས་སྟངས་ཆགས་ཀྱི་འདུག་བསམ་པའི་དོ་སྣང་བྱུང༌། དེ་འདྲ་ཡིན་དུས་གཅིག་བྱས་ན་ལས་དོན་རང་གི་ཐོག་ལ་ག་ཚོད་ཐུབ་ཐུབ་ཀྱིས་འབད་བརྩོན་ཞུ་རྒྱུ་ཞིག་མ་གཏོགས། སྨྲ་བ་བཤམས་ནས་དགོས་པ་བསྒྲུབ་རྒྱུ་དེ་ཁག་པོ་མིན་འགྲོ་བསམ་པ་བྱུང༌། དེ་འདྲ་ཡིན་ཙང་ད་རེས་ཚོགས་འདུའི་དབུ་འཛུགས་འདིའི་ཐོག་ལ་གསུང་བཤད་མདོར་བསྡུས་སུ་དོན་དག་འདི་འདྲ་ཞིག་ཞུ་ན་བསམ་པའི་གནས་ཚུལ་དམིགས་བསལ་གང་ཡང་བྱུང་མ་སོང༌། དེ་འདྲ་ཡིན་ཙང་ཞུ་རྒྱུ་གང་ཡང་མེད། ལྷག་པར་དུ་ཐོག་མར་སྐབས་བཅིུག་པའི་སྤྱི་འཐུས་ཀྱི་ནང་ྋསྐྱབས་མགོན་རིན་པོ་ཆེའི་ཐད་བསྐོས་ཀྱི་གྲངས་ལ་སླེབས་པ་རེད། སླེབས་རྗེས་ཚོགས་གཙོ་འོས་འདེམས་ཀྱི་འོས་ཤོག་འགྲན་བསྡུར་མ་དགོས་པ་བྱས་ནས་ཚང་མས་སྤྱི་མོས་ཀྱི་ཐོག་ནས་ཚོགས་གཙོ་བྱེད་གསུངས་པ་རེད། དེ་ནས་ཚོགས་གཙོའི་ལས་ཁུར་ཞུས་པ་དེ་ཕྱོགས་གཅིག་ནས་དགའ་བ་སྒོམ་དགོས་པ་དང༌། སྤོབས་པ་བྱེད་དགོས་པའི་གནས་ཚུལ་ཞིག་ངེས་པར་དུ་ཆགས་ཀྱི་ཡོད་རེད། བོད་པའི་སྤྱི་ཚོགས་ནང་ཆབ་སྲིད་ཀྱི་འགྱུར་བ་འགྲོ་བའི་ལོ་རྒྱུས་ཀྱི་འགག་མཚམས་ཤིག་གི་ཐོག་ལ་གྲོས་ཚོགས་ཀྱི་ཚོགས་གཙོ་བྱེད་རྒྱུ་བྱུང་བ་དེ་གཅིག་བྱས་ན་གཟི་བརྗིད་ལྡན་པ་དང་སྤོབས་པ་བྱེད་དགོས་པའི་གནས་ཚུལ་ཞིག་ངེས་པར་དུ་ཡོད་རེད་དེ། ཡིན་ནའང་ང་རང་ཚོ་ད་ལྟའི་གནས་སྟངས་དངོས་ཡོད་ལ་བསམ་བློ་གཏོང་དུས་སྤོབས་པ་སྐྱེ་རྒྱུའི་ཚབ་ལ་ངོ་ཚ་དགོས་པའི་གནས་ཚུལ་ཡང་ཡང་ཡོང་བསྡད་ཀྱི་ཡོད་པ་དེ་ངས་འགྲེལ་བཤད་ཞུ་མ་དགོས་པར་ཚང་མས་མཁྱེན་གསལ་རེད། ལྷག་པར་དུ་ང་ཚོ་ཚོགས་དུས་བརྒྱད་པའི་ཚོགས་འདུ་དབུ་འཛུགས་བྱེད་པའི་ད་ལྟའི་གནས་སྐབས་འདི་ལ་ཕྱོགས་གཅིག་ནས་བསམ་བློ་བཏང་ན་ཚོགས་འདུ་དབུ་འཛུགས་ཐོག་ྋསྐྱབས་མགོན་རིན་པོ་ཆེ་ཚོགས་ཕེབས་གནང་བ་ད་རེས་དང་པོ་རེད། དེ་སྔ་ྋསྐྱབས་མགོན་རིན་པོ་ཆེའི་དགོངས་ཚུལ་ག་རེ་འདུག་ཅེ་ན། ཚོགས་འདུ་དབུ་འཛུགས་ལ་ཆིབས་བསྒྱུར་གནང་རྒྱུ་དེ་མཛད་སྒོའི་བཟོ་འདྲ་ཞིག་དང༌། ཆོ་ག་ཕྱག་ལེན་གྱི་བཟོ་འདྲ་ཆགས་འགྲོ་གི་འདུག དེ་ལས་ཚོགས་འདུའི་དཀྱིལ་ལ་བགྲོ་གླེང་གནད་དུ་སྨིན་པོ་ཡོད་པའི་སྐབས་དེར་ཕེབས་པ་ཡིན་ན་དེ་དགོས་པ་རྒྱུ་མཚན་ཆེ་བ་འདུག་ཅེས་ད་ལྟའི་བར་ཚོགས་འདུའི་དབུ་འཛུགས་ལ་ཆིབས་བསྒྱུར་གནང་ཐུབ་ཡོད་མ་རེད། ད་རེས་ཚོགས་འདུའི་དབུ་འཛུགས་ལ་ཆིབས་བསྒྱུར་གནང་བ་རེད། ཁ་སང་སྔོན་མ་ནས་ད་རེས་ཚོགས་དུས་འདིའི་ཐོག་ངེས་པར་དུ་ྋཞབས་སོར་འཁོད་ཀྱི་ཡིན་ཞེས་བཀའ་བཟང་ཐོབ་ཡོད་རེད། ཚེས་གྲངས་དེ་རྗེས་ལ་མར་ཞལ་གསལ་གནང་གི་ཡིན་ཞེས་ཚར་ཁ་ཤས་བཀའ་ཕེབས་པ་རེད། མཐའ་མར་ད་རེས་ཚོགས་འདུའི་དབུ་འཛུགས་ལ་ཕེབས་ཀྱི་ཡིན་ཞེས་དེ་འདྲ་བཀའ་གནང་སོང༌། ཁ་སང་དགོང་མོ་ཕྱིས་པོ་བར་དུ་ཚོགས་གཙོ་གཉིས་ཀྱི་ཐོག་ནས་ཆིབས་བསྒྱུར་དང་ཚོགས་འདུའི་དབུ་འབྱེད་གནང་རོགས་ཞེས་ཐག་བཅད་ནས་ཡར་ཞུ་བ་ཕུལ་མ་ཐུབ་པར་ལུས་སོང༌། མཐའ་མའི་མདུད་ལ་ད་རེས་ྋསྐྱབས་མགོན་རིན་པོ་ཆེ་ཚོགས་འདུའི་དབུ་འཛུགས་ལ་ྋཞབས་སོར་མ་འཁོད་པ་ཡིན་ན་སྐུའི་བཅད་རྒྱར་བཞུགས་རྒྱུ་ཡིན་ཙང༌། ཚོགས་འདུའི་དཀྱིལ་ལ་ྋཞབས་སོར་འཁོད་རྒྱུའི་གོ་སྐབས་མེད་པ་ཞིག་ཆགས་རྒྱུ་ཡིན་སྟབས། ང་ཚོའི་ཚོགས་འདུའི་སྒྲིག་གཞི་ཁ་ཤས་གནས་སྐབས་ཕྱིར་འགྱངས་བྱས་ནས་ད་རང་ཞོགས་པ་ཚོུད་ ༩།༠༠ ལ་གྲོས་ཚོགས་ཚོགས་ཆེན་བརྒྱད་པ་དབུ་འཛུགས་ཞུ་རྒྱུ་དང༌། ྋསྐྱབས་མགོན་རིན་པོ་ཆེ་ཚོགས་ཕེབས་གནང་རྒྱུ་དེ་དག་ཐག་གཅོད་མ་བྱས་ཐབས་མེད་ཀྱི་གནས་ཚུལ་དེ་འདྲ་བྱུང་སོང༌།དེ་མ་གཏོགས་དངོས་ཡོད་ཀྱི་གནས་སྟངས་བྱས་ན་ད་རེས་ཚོགས་འདུ་ཚོགས་ཐུབ་རྒྱུའི་སྤྱི་འཐུས་ཀྱི་གྲངས་ཚད་ལོངས་ཀྱི་ཡོད་མ་རེད། སྤྱི་འཐུས་ཀྱི་གྲངས་ཚད་མ་ལོངས་པ་ཡིན་ནའང་ཚོགས་འདུ་དབུ་འབྱེད་བྱས་ནས་ྋསྐྱབས་མགོན་རིན་པོ་ཆེ་གདན་ཞུ་བྱེད་རྒྱུ་དང༌། ད་ལྟ་ཚོགས་འདུའི་སྔོན་འགྲོའི་ཆོ་ག་ཕྱག་ལེན་དེ་དག་བྱས་བཞག་ན་གནད་འགག་མི་འདུག་བསམ་དྲན་ནས་ད་རང་ང་ཚོ་ཚོགས་པ་དེ་འདྲ་རེད། ཡིན་ནའང་ང་ཚོ་ཚོགས་མིའི་གྲངས་ཚད་མ་ལོངས་པ་ཡིན་ན་ཐག་གཅོད་གསར་པ་བྱེད་རྒྱུའི་ལས་དོན་གང་ཡང་ཚོགས་དུས་འདིའི་ཐོག་གནང་ཐུབ་ཀྱི་ཡོད་མ་རེད། དེ་འདྲ་ཡིན་དུས་སྐབས་བཅིུག་པའི་ཚོགས་གཙོ་ཡིན་པའི་ཆ་ནས་མང་ཚོགས་ཀྱི་མདུན་ལ་ལན་རྒྱག་རྒྱུ་མེད་པའི་གནས་ཚུལ་ཞིག་གི་འོག་ལ་སླེབས་དུས་ངོ་ཚ་གི་ཡོད་རེད་དེ། ངོ་ཚ་བ་ཡིན་ནའང་གདོང་པ་སྦ་སའི་འབག་འདྲ་པོ་ཞིག་ཀྱང་རྙེད་ཀྱི་ཡོད་མ་རེད། གང་བྱས་གདོང་བསྟན་ནས་འགྲོ་རྒྱུ་རེད། སྐབས་བཅིུག་པའི་སྤྱི་འཐུས་འོས་འདེམས་བྱེད་སྐབས་ཚང་མའི་དགོངས་ཚུལ་ལ་ག་རེ་ཡོད་རེད་ཅེ་ན། སྔོན་མ་ནང་བཞིན་སྤྱི་འཐུས་ལྷན་ཚོགས་དེ་རྒྱུན་དུ་རྡ་རམ་ས་ལར་བཞུགས་རྒྱུའི་གནས་སྟངས་ཤིག་མ་གཏོགས། ལོ་གཅིག་ལ་ཚོགས་དུས་གཉིས་ཚོགས་ནས་དེ་མིན་གྱི་དུས་ཚོད་ཚང་མ་སོ་སོའི་སྒེར་གྱི་ལས་དོན་ཐོག་གཏང་རྒྱུའི་གོ་སྐབས་ཡོད་པ་ཞིག་ཕལ་ཆེར་དགོངས་པར་འཁོར་ཡོད་མ་རེད་བསམ་གྱི་འདུག སྤྱི་འཐུས་ཀྱི་འོས་གཞི་ལ་ཞུགས་རྒྱུའི་ཐག་གཅོད་གནང་དུས་སྐབས་ལ་ལོ་ལྔའི་དུས་ཚོད་གཏོང་རྒྱུ་དེ་ངེས་པར་དུ་ཐག་གཅོད་གནང་ཚར་དགོས་པའི་བཟོ་འདྲ་ཞིག་རེད། ཡིན་ནའང་ང་ཚོའི་སྒྲིག་གཞི་གསར་པའི་ལམ་སྲོལ་གྱི་འོག་ལ་རྒྱུན་ལས་མ་གཏོགས་སྤྱི་འཐུས་ཡོངས་རྫོགས་རྡ་རམ་ས་ལར་བཞུགས་མ་དགོས་པ་དང༌། རྡ་རམ་ས་ལར་ལོ་གཅིག་ལ་ཚོགས་དུས་གཉིས་ཚོགས་རྒྱུ་དེ་ཕྱོགས་ཕེབས་སྤྱི་འཐུས་རྣམ་པ་ཚོར་ཐུགས་སྟབས་བདེ་བའི་ཆེད་དུས་ཚོད་ཧ་ཅང་གི་ཉུང་ཉུང་ཞིག་བཞག་པ་རེད། སྤྱིར་བཏང་བོད་པའི་ཚོགས་འདུ་ཚོགས་སྟངས་བྱེད་ཀྱི་ཡིན་ན། ང་ཚོའི་དབྱར་དགུན་གྲོས་ཚོགས་ཀྱི་ནང་ལ་ཕྱག་ལས་གནང་རྒྱུའི་ལས་འབོར་དེ་ཙམ་གྱིས་ཟླ་བ་གཅིག་ཙམ་ཚོགས་འདུ་ཚོགས་པ་ཡིན་ནའང་མ་འདེང་བ་མེད་པའི་བཟོ་འདྲ་ཞིག་རེད་དེ། ཚོགས་གཙོ་སྦྲེལ་པོའི་ཐོག་ནས་ལས་རིམ་བཏང་འཛིན་བྱེད་སྟངས་དེ་དོ་དམ་པོ་ཞིག་གི་ཐོག་ནས་ཉི་མ་ཉུང་ཉུང་ཞིག་ནང་ཁྲིམས་བཟོ་དང༌། དཔལ་འབྱོར། སྤྱི་འཐུས་སྒེར་གྱི་ལས་རིམ་ལ་སོགས་པ་ཆ་ཚང་འགྲོ་ཐུབ་པའི་འབད་བརྩོན་བྱས་ནས་བདུན་ཕྲག་གཉིས་ལས་ལྷག་པ་ཚོགས་ཀྱི་ཡོད་མ་རེད། ལོ་གཅིག་གི་ནང་བདུན་ཕྲག་བཞིའི་དུས་ཚོད་དེ་ངེས་པར་དུ་གཏོང་ཐུབ་པ་ཞིག་དང༌། གཏོང་ཐུབ་དགོས་པ་ཞིག་ཡིན་པ་དེ་ང་རང་བསམ་ཚུལ་ལ་དེ་འདྲ་ཞིག་ཡོང་གི་འདུག དེ་ཡང་ངས་ཚོད་དཔག་བྱས་ནས་ཞུ་གི་མེད། ང་རང་སྒེར་གྱི་ཉམས་མྱོང་ཐོག་ནས་ཞུས་པ་ཡིན་ནའང་ཕྱག་ལས་མཛད་བྲེལ་ག་འདྲ་ཞིག་ཡོད་པ་ཡིན་ནའང༌། དུས་ཚོད་དེ་ཙམ་བཏང་མ་ཐུབ་པ་གང་ཡང་མེད་པ་རེད་བསམ་གྱི་འདུག སྤྱི་འཐུས་རྣམ་པ་ཚོ་ཚོགས་འདུར་ཕེབས་རྒྱུའི་དུས་ཚོད་བཟོ་རྒྱུར་སྐུ་ངལ་ཡོང་གི་རེད་བསམས་ནས་ཟླ་བ་མང་པོའི་སྔོན་ནས་ཚོགས་འདུའི་དུས་ཚོད་དེ་གཏན་ལ་བཀལ་ནས་སྤྱི་འཐུས་མི་རེ་ངོ་རེ་ལ་གནས་ཡིག་འབུལ་གྱི་ཡོད་རེད། གསར་ཤོག་ཁག་གི་ནང་དུའང་འགྲེམས་སྤེལ་བྱེད་ཀྱི་ཡོད། ད་རེས་ཚོགས་དུས་བརྒྱད་པ་འདི་ལ་ཆ་བཞག་པ་ཡིན་ན། ༡༩༩༤ ཟླ་ ༩ ཚེས་ ༢ ནས་ཐག་གཅོད་བྱས་ནས་ཞུས་ཚར་བ་དེ་འདྲ་ཡིན། ཟླ་བ་ལྔ་ཙམ་གྱི་སྔོན་ལ་ཞུ་རྒྱུ་དེའང་ཚོགས་འདུའི་སྐབས་སུ་ཕེབས་ཐུབ་པའི་ཆེད་དུ་སོ་སོའི་ཕྱག་ལས་ཀྱི་མཛད་རིམ་དེ་དག་ཕར་ཚུར་བསྒྲིག་རྒྱུ་ལ་ཐུགས་ཕན་གསོས་ཀྱི་རེད་བསམ་པ་ཡིན། སྐབས་མཚམས་དེ་ལ་ཞུས་པ་ཡིན་ན་དུས་ཚོད་ལྕོགས་དང་མི་ལྕོགས་ཡོང་སྲིད་ཀྱི་རེད། ཟླ་བ་བཞི་ལྔའི་སྔོན་ལ་ཞུས་བཞག་པ་ཡིན་དུས་ངེས་པར་དུ་ཟླ་བ་བཞི་ལྔའི་རྗེས་ཀྱི་དུས་ཚོད་དེ་བང་བསྒྲིག་རྒྱུར་སྐུ་ངལ་ཆགས་ཀྱི་མ་རེད་བསམ་དྲན་ནས་ང་ཚོས་སྔ་པོ་ནས་ཞུ་དགོས་པ་དེ་འདྲ་རེད་མ་གཏོགས། གཞན་ཚོགས་འདུའི་དུས་ཚོད་དེ་ཙམ་སྔོན་ཚུད་ནས་ཐག་བཅད་དེ་གསལ་བསྒྲགས་བྱེད་དགོས་པ་བཅའ་ཁྲིམས་དང་སྒྲིག་གཞི་གང་གི་ནང་དུའང་གསལ་གྱི་ཡོད་མ་རེད། ང་ཚོས་དུས་ཚོད་དེ་ཙམ་རིང་པོའི་སྔོན་ནས་གསལ་བསྒྲགས་ཞུས་པ་ཡིན་ནའང་སྤྱི་འཐུས་རྣམ་པ་ཚོ་སྐུ་སྒེར་གྱི་ངོས་ནས་ཚོགས་འདུ་དུས་ཐོག་ལ་ཕེབས་རྒྱུའི་མཛད་རིམ་བཟོས་མ་ཐུབ་པའམ། བཟོ་གནང་རྒྱུ་ལ་ཐུགས་གལ་ཆེན་པོ་བརྩི་མ་གནང་བ་ཡིན་ནའང་རེད། གང་ལྟར་འཛམ་བུ་གླིང་གི་གྲོས་ཚོགས་ག་འདྲ་ཞིག་ཡིན་རུང༌། བར་བར་ལ་ཚོགས་མི་མ་ཚང་བའི་གནས་ཚུལ་ཞིག་ཡོང་སྲིད་པ་རེད་མ་གཏོགས། ཚོགས་འདུ་འགོ་འཛུགས་པའི་ཉི་མ་དེ་ལ་ཚོགས་མི་མ་ཚང་བ་རེད་ཟེར་རྒྱུ་ཞིག་གྲོས་ཚོགས་གཞན་དག་གི་ལོ་རྒྱུས་ནང་དཀོན་པོ་ཡིན་གྱི་རེད་བསམ་གྱི་འདུག གཅིག་བྱས་ན་ང་ཚོ་ད་རེས་གཞན་པའི་ལོ་རྒྱུས་ནང་མེད་པའི་བྱུང་བ་གསར་པ་ཞིག་བཞག་པ་ཡིན་ཙང་ Guiness Book of World Record ནང་ལ་གཏོང་རྒྱུའི་ཆ་རྐྱེན་ཞིག་ཡོང་སྲིད་མདོག་ཁ་པོ་རེད་བསམ་གྱི་འདུག གནས་སྟངས་དེ་འདྲ་ཞིག་གི་འོག་ལ་བཙན་བྱོལ་བོད་མིའི་ཆབ་སྲིད་འགན་འཛིན་གྱི་སྒྲིག་འཛུགས་མཐོ་ཤོས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཞེས་རྒྱུན་དུ་སྤྱི་འཐུས་བྱེ་བྲག་པ་སོ་སོའི་ངོས་ནས་ཀྱང་སྤྱི་འཐུས་ཀྱི་མཚན་མཐོང་དང་དབང་ཚད་ཅེས་གཅིག་འགའ་གསུང་བསྡད་པ་དེ་འདྲ་བའི་སྤྱི་འཐུས་ལྷན་ཚོགས་དེ། ད་རེས་ཚོགས་དུས་བརྒྱད་པ་ཟླ་བ་ལྔའི་སྔོན་ལ་སྔོན་བརྡ་བཏང་ནའང་ཚོགས་འདུའི་དབུ་འཛུགས་ཉིན་མོ་དེར་ཚོགས་མི་མ་ཚང་བར་བསྡད་པའི་གནས་ཚུལ་ཞིག་ཆགས་པ་དེ་ངས་འགྲེལ་བཤད་ཞུ་རྒྱུ་གང་ཡང་མི་འདུག མང་ཚོགས་ལ་ཚོགས་གཙོའི་ངོས་ནས་འགྲེལ་བཤད་རྒྱག་རྒྱུ་དང༌། འགན་ལེན་རྒྱུའི་རྒྱུ་མཚན་གང་ཡང་མ་བསྡད་པ་རེད། དེང་སང་ལས་སླ་པོའི་ཐོག་ནས་དགོངས་དག་ཞུ་རྒྱུའི་ལུགས་སྲོལ་ཞིག་ཡོད་རེད་དེ། ང་རང་གི་བསམ་པ་བྱས་ན་དོན་གནད་འདི་དགོངས་དག་ཞུས་པ་ཡིན་ནའང་དགོངས་དག་འོས་པའི་གནས་སྟངས་ཤིག་ཆགས་ཀྱི་ཡོད་རེད་བསམ་དྲན་གྱི་མི་འདུག
དགོངས་ཞུས་དང་ཕྱིར་བུད་དབང་གིས་སྤྱི་འཐུས་གསུམ་གྱི་ས་མིག་སྟོང་པ་རེད། སྤྱི་འཐུས་ ༤༣ ཡོད་པའི་ནང་ནས་སྤྱི་འཐུས་རྣམ་པ་བཞི་ཚོགས་དུས་ཆ་ཚང་དགོངས་ཞུས་གནང་འདུག སྤྱི་འཐུས་རྣམ་པ་བརྒྱད་ཀྱི་ནང་ནས་ཁ་ཤས་ཕྱི་ཟླ་ ༢ ཚེས་ ༨ བར་དང༌། ཁ་ཤས་ཚེས་ ༦ བར། ཁ་ཤས་ཚེས་ ༤ བར། ཁ་ཤས་ཚེས་ ༢ བར། ཁ་ཤས་ཚེས་གྲངས་ངེས་གཏན་མེད་པའི་ཉིན་མ་ཁ་ཤས་རིང་ཟེར་ནས་དེ་འདྲ་དགོངས་ཞུས་གནང་འདུག སྤྱི་འཐུས་རྣམ་པ་གཉིས་ནི་ཕེབས་ཀྱི་ཡོད་པ་དང་མེད་པ། དགོངས་ཞུས་བཅས་ཀྱི་ལན་གང་ཡང་མི་འདུག གང་ལྟར་ཁྱོན་བསྡོམས་སྤྱི་འཐུས་ ༡༧ ད་རིང་ཚོགས་འདུ་འདིར་ཕེབས་མེད་པ་རེད། ང་ཚོ་ ༤༦ གི་གསུམ་ཆ་གཉིས་ཚང་དགོས་པ་དེ་བཅའ་ཁྲིམས་ཀྱི་དགོངས་དོན་ཡིན་དུས། ཉུང་མཐར་མི་ ༣༠ ཚང་དགོས་ཀྱི་ཡོད་པ་རེད། དངོས་གནས་བྱས་ན་མི་ ༣༡ ཚང་དགོས་ཀྱི་ཡོད་རེད། འོན་ཀྱང་གྲངས་ཆུང་བརྩི་མ་དགོས་པའི་དབང་དུ་བཏང་ནས་མི་ ༣༠ ཐམ་པ་ཚང་དགོས་ཀྱི་ཡོད་རེད། ད་རེས་འདིར་ཕེབས་མཁན་མི་ ༢༩ མ་གཏོགས་མེད་པ་རེད། ངས་ལམ་སྟོན་འགྲེལ་བཤད་ཞུ་རྒྱུ་གང་ཡང་མེད་པ་དེ་འདྲ་རེད། ཅེས་གསུངས།

བོད་མི་མང་སྤྱི་འཐུས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཚོགས་དུས་བརྒྱད་པ། ༡༩༩༥/༠༢/༠༡ ་་་ ༡༩༩༥/༠༢/༡༤